Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 13 / 20 (50.000 ký tự/trang)
་པའི་དུས་ཀྱི་ཚད་

དང་། བསྙེན་བཀུར་བྱས་པའི་དེ་བཞིན་གཤེགས་པའི་ཚད་དང་། ཕ་རོལ་ཏུ་ཕྱིན་པ་སྤྱད་པའི་དུས་ཀྱི་ཚད་དོ། །སྐབས་དེ་ཉིད་དུ་དམ་པའི་ཆོས་སྤོང་བའི་གཏམ་གྱི་སྐབས་དབྱེའོ། །དེ་ནས་ཡང་སྐབས་དེ་ཉིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མོས་
པར་དཀའ་བའི་སྐབས་ཕྱེའོ། །དེ་ནས་ཡང་མོས་པར་དཀའ་བ་དེ་བསྟན་པའི་ཕྱིར་བཅོམ་ལྡན་འདས་གང་དེ་ལྟར་མོས་པར་དཀའ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཇི་ཙམ་དུ་ཟབ་པ་ལགས་ཞེས་བྱ་བས་ཟབ་པའི་ཞུ་བ་ཞུས་ནས། བཅོམ་ལྡན་འདས་ཀྱིས་མ་བཅིངས་མ་
གྲོལ་བར་བཤད་པ་དང་། རྣམ་པར་དག་པ་བཤད་པ་དང་། ཀུན་དུ་མཐའ་ཡས་པ་བཤད་པ་དང་། ཆགས་པ་དང་མ་ཆགས་པ་བཤད་པ་སྟེ། བཤད་པ་རྣམ་པ་བཞིའི་སྐབས་ཕྱེའོ། །དེ་ལ་རབ་འབྱོར་གཟུགས་མ་བཅིངས་མ་གྲོལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་
པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གནས་སྐབས་གང་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་སུ་སྣང་བ་དེ་འཁོར་བའི་གནས་སྐབས་ན། དུས་དེ་སྲིད་དུ་ལས་དང་ཉོན་མོངས་པ་དང་། རྣམ་པར་སྨིན་པའི་བཅིང་བ་ཐམས་ཅད་ཀྱིས་མ་བཅིངས་པས་མ་བཅིངས་ཞེས་བྱའོ། །
ཕྱིས་ཀྱང་ཡོངས་སུ་གྲུབ་པའི་གནས་སྐབས་ན་གྲོལ་བ་མེད་པའི་ཕྱིར་མ་གྲོལ་བ་ཞེས་བྱའོ། །ཀུན་བརྟགས་པ་ཉིད་ལ་ནི་བཅིངས་པ་དང་གྲོལ་བ་ཞེས་བརྗོད་ཀྱི་ནམ་མཁའ་བཞིན་དུ་ཅིས་ཀྱང་མ་གོས་པ་འགྱུར་བ་མེད་པའི་ཆོས་ཉིད་ཀྱི་གཟུགས་ལ་ནི་མ་ཡིན་ནོ། །དེ་བས་ན་
གཟུགས་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་སོ་ཞེས་བྱ་བ་གསུངས་ཏེ། ཀུན་བརྟགས་པའི་གཟུགས་དངོས་པོ་མེད་པའི་ངོ་བོ་ཉིད་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་གྱི་ཆོས་ཐམས་ཅད་ལ་ཡང་སྦྱར་
བར་བྱའོ། །ཡང་མ་བཅིངས་མ་གྲོལ་བ་འདི་ཉིད་གསལ་བར་བྱ་བའི་ཕྱིར་དུས་གསུམ་དང་སྦྱར་ཏེ་བསྟན་པ། རབ་འབྱོར་གཟུགས་ཀྱི་སྔོན་གྱི་མཐའ་མ་བཅིངས་མ་གྲོལ་བ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་འཁོར་བ་ན་དྲི་མ་དང་བཅས་པ་མ་དག་པའི་གནས་སྐབས་ལ་སྔོན་གྱི་

མཐའ་ཞེས་བྱའོ། །ད་ལྟར་དག་པ་དང་མ་དག་པའི་གནས་སྐབས་ལ་ད་ལྟར་བྱུང་བ་ཞེས་བྱའོ། །ཕྱིས་དག་པའི་གནས་སྐབས་ལ་ཕྱི་མའི་མཐའ་ཞེས་བྱའོ། །སྔོན་གྱི་མཐའ་དངོས་པོ་མེད་པའི་རང་བཞིན་ནི་གཟུགས་སོ་ཞེས་བྱ་བས་ནི་དུས་གསུམ་ཆར་དུ་ཡང་མི་འགྱུར་བར་
གནས་པའི་མཚན་ཉིད་ནི་དེ་བཞིན་ཉིད་ཡིན་ནོ་ཞེས་སྟོན་ཏེ། ཆོས་ཉིད་ནི་དུས་ལས་རྣམ་པར་གྲོལ་བའི་མཚན་ཉིད་མ་ཡིན་པར་བསྟན་ཏོ། །དེ་ལྟར་མ་བཅིངས་མ་གྲོལ་བར་བཤད་པས་འཁོར་བ་དང་མྱ་ངན་ལས་འདས་པ་དངོས་པོ་མེད་པར་བསྟན་ནས་ཡང་ཀུན་ནས་ཉོན་མོངས་པ་
དང་། རྣམ་པར་བྱང་བ་མེད་པར་བསྟན་པའི་ཕྱིར་རྣམ་པར་དག་པ་བཤད་པར་བརྩམས་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བ་ནི། དེ་ལ་གཟུགས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་
ཆོས་རྣམས་ལ་བཅིངས་པ་མེད་པས་ཀུན་ནས་ཉོན་མོངས་པ་མེད་དོ། །ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའོ། །ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་རྣམ་པར་བྱང་བའི་ཆོས་རྣམས་ཀྱང་མེད་དེ། རང་བཞིན་གྱིས་རྣམ་པར་དག་པ་ལ་ནི་དོན་དམ་
པར་རྣམ་པར་བྱང་བའི་ཆོས་རྣམས་ཅི་ཡང་མི་བྱེད་དོ། །དེ་བས་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་རྣམ་པར་མི་རྟོག་པ་ཡང་བྱིས་པ་རྣམས་ཀྱིས་བརྟགས་པ་ཉིད་དེ་ཡོངས་སུ་གྲུབ་པ་མ་ཡིན་ནོ། །དེ་ལྟར་རྣམ་པ་གཅིག་གིས་མོས་པར་དཀའ་བ་བསྟན་ནས། ཡང་རྣམ་
པར་དག་པའི་ཕྱིར་མོས་པར་དཀའ་བ་བསྟན་པ། དེ་ལ་གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་རྣམ་པར་བྱང་བའི་ཆོས་རྣམས་ཀྱི་འབྲས་བུར་གྱུར་པ་རྣམ་པར་དག་པ་
ཞེས་བྱ་བ་གུད་ན་གང་ཡང་མེད་ཀྱི་གང་ཆོས་ཉིད་ཀྱི་གཟུགས་ཡོངས་སུ་གྲུབ་པ་ངོ་བོ་ཉིད་དུ་གྱུར་པ་རྟག་ཏུ་གནས་པ་རྣམ་པར་དག་པ་དེ་ཉིད་འབྲས་བུར་གྱུར་པའི་རྣམ་པར་དག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཆོས་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་

རྣམ་པར་དག་པའི་ངོ་བོ་ཉིད་བསྟན་ནས། དེའི་འོག་ཏུ་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་ཡང་གཅིག་པའི་བདག་ཉིད་དེ་ཐ་དད་པ་མ་ཡིན་པར་བསྟན་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ཉིད་འབྲས་བུ་རྣམ་པར་དག་པའོ། །འབྲས་བུ་རྣམ་པར་
དག་པ་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པའོ་ཞེས་བྱ་བ་སྟེ། དེ་ལ་གཟུགས་ཀྱི་ཆོས་ཉིད་ཀྱི་གནས་སྐབས་ལ་ནི་གཟུགས་རྣམ་པར་དག་པ་ཞེས་བྱའོ། །
མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་དག་པའི་གནས་སྐབས་ལ་ནི་འབྲས་བུ་རྣམ་པར་དག་པ་ཞེས་བྱའོ། །ཆོས་ཀྱི་སྐུའི་གནས་སྐབས་ལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ཞེས་བྱའོ། །དེ་ལ་གཟུགས་རྣམ་པར་དག་པའི་དེ་བཞིན་ཉིད་གང་ཡིན་པ་དེ་འབྲས་
བུ་རྣམ་པར་དག་པ་སྟེ། རྣམ་པར་གྲོལ་བའོ། །རྣམ་པར་གྲོལ་བ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་གང་ཡིན་པ་དེ་ཉིད་གཟུགས་རྣམ་པར་དག་པ་སྟེ། དེ་བཞིན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་དེ་
བཞིན་ཉིད་དང་། རྣམ་པར་གྲོལ་བ་དང་ཆོས་ཀྱི་སྐུ་ནི་དོན་དམ་པར་ཐ་དད་པ་མེད་དེ་གཅིག་གོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའི་བར་དུ་ཡང་སྦྱར་བར་བྱའོ། །དེ་ལྟར་ཆོས་ཐམས་ཅད་ཀྱི་རྣམ་པར་དག་པ་གཅིག་གོ་ཞེས་མཇུག་བསྡུས་ཏེ་
བསྟན་པ། དེ་ལྟར་ན་གཟུགས་རྣམ་པར་དག་པ་དང་། འབྲས་བུ་རྣམ་པར་དག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་རྣམ་པར་དག་པ་འདི་དག་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་
ཞེས་བྱ་བ་སྟེ། གཅིག་པའི་ཕྱིར་གཉིས་སུ་མེད་པའོ། །ཐ་དད་དུ་དབྱེ་མི་ནུས་པའི་ཕྱིར་གཉིས་སུ་བྱར་མེད་པའོ། །བྱེ་བྲག་མེད་པའི་ཕྱིར་སོ་སོ་མ་ཡིན་པའོ། །བར་ཆད་མེད་པའི་ཕྱིར་རམ་རྟག་པའི་ཕྱིར་ཐ་མི་དད་པའོ། །དེ་ལྟར་ཉན་ཐོས་དང་རང་སངས་རྒྱས་རྣམས་དང་

ཐུན་མོང་བའི་འབྲས་བུ་རྣམ་པར་དག་པ་བསྟན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་དག་པ་ཐུན་མོང་མ་ཡིན་པ་བསྟན་པའི་ཕྱིར། འབྲས་བུ་རྣམ་པར་དག་པ་བོར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འགའ་ཞིག་བཟུང་ནས་བསྟན་ཏེ། དེ་ལྟར་
འགྲེས་འདི་གཉིས་ཀྱིས་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་རྣམ་པར་དག་པ་དང་། དེ་བཞིན་གཤེགས་པའི་རྣམ་པར་དག་པ་གཅིག་གོ་ཞེས་བསྟན་པ་ཡིན་ནོ། །ད་ནི་རྣམ་པར་དག་པ་དེ་གང་ཟག་ལ་བདག་མེད་པའི་རྣམ་པར་དག་པ་དང་། ཉེ་བའི་ཉོན་མོངས་
པ་དངོས་པོ་མེད་པའི་རྣམ་པར་དག་པ་དང་། ཆོས་ལ་བདག་མེད་པའི་རྣམ་པར་དག་པ་གསུམ་གྱིས་དེ་དག་རིམ་བཞིན་དུ་བསྟན་ཏེ། བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ཞེས་བྱ་བ་ནི་བདག་དངོས་པོ་མེད་པར་ཤེས་པ་ཉིད་བདག་རྣམ་པར་དག་པའོ། །དེ་ལ་
འགྲེས་ཀྱི་རིམ་པ་བཞིན་དུ་བསྟན་པར་བྱ་སྟེ། བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་གཟུགས་རྣམ་པར་དག་པས་བདག་རྣམ་པར་དག་པ་སྟེ། དེ་ལྟར་ན་བདག་རྣམ་པར་དག་པ་དང་གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ། གཉིས་སུ་བྱར་མེད་སོ་སོ་མ་
ཡིན་ཐ་མི་དད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམ་པར་དག་པ་དང་བདག་རྣམ་པར་དག་པས་རྣམ་པར་ཤེས་པ་དག་པ། རྣམ་པར་ཤེས་པ་རྣམ་པར་དག་པས་བདག་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པས་བདག་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་ཡང་གཉིས་སུ་མེད་པར་བསྟན་ཏོ། །དེའི་འོག་ཏུ་ཉོན་མོངས་པ་དངོས་པོ་མེད་པ་རྣམ་པར་དག་པའི་འགྲེས་ལ་ཡང་འདོད་ཆགས་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་
པས་འདོད་ཆགས་རྣམ་པར་དག་པ་སྟེ། དེ་ལྟར་ན་འདོད་ཆགས་རྣམ་པར་དག་པ་དང་གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅིང་ཞེས་བྱ་བ་ལ་སོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་དང་། འདོད་ཆགས་

རྣམ་པར་དག་པ་གཉིས་སུ་མེད་པར་བཤད་དོ། །དེ་བཞིན་དུ་ཞེ་སྡང་དང་གཏི་མུག་དག་ལ་ཡང་སྦྱར་རོ། །དེའི་འོག་ཏུ་ཆོས་བདག་མེད་པ་རྣམ་པར་དག་པའི་འགྲེས་ལ། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་
ཀྱི་མཐར་ཐུག་པའི་ཆོས་རྣམས་ཀྱི་རྣམ་པར་དག་པ་བཟུང་ནས་ཆོས་གཉིས་ཀྱི་རྣམ་པར་དག་པ་གཉིས་སུ་མེད་པ་བཤད་པའི་འགྲེས་ནི། ཇི་ལྟར་མ་རིག་པ་རྣམ་པར་དག་པས་འདུ་བྱེད་རྣམ་པར་དག་པ། འདུ་བྱེད་རྣམ་པར་དག་པས་མ་རིག་པ་རྣམ་པར་དག་པ་སྟེ་དེ་ལྟར་ན་མ་
རིག་པ་རྣམ་པར་དག་པ་དང་། འདུ་བྱེད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བ་ལ་སོགས་པ་འབྱུང་བ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ། ཚུལ་ཁྲིམས་
ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་སྟེ། དེ་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བ་དང་དེ་བཞིན་དུ་ཐམས་ཅད་ལའང་སྦྱར་
སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་
པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བར་སྦྱར་བར་བྱའོ། །དེ་ནས་ཡང་ཆོས་ཐམས་ཅད་རྣམ་པར་དག་པ་བསྡུས་པའི་འགྲེས་ལ་ཡང་ཐོག་མར་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་།
ཕུང་པོ་ལ་སོགས་པ་ཚོར་བའི་ཚོགས་དྲུག་པོ་རྣམས་ཀྱི་མཐར་ཐུག་པའི་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་དག་པ་བཟུང་ནས་དེ་དག་གཉིས་སུ་མེད་པར་བསྟན་པའི་འགྲེས་ཏེ། ཇི་ལྟར་རབ་འབྱོར་གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་

པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ་ཞེས་བྱ་བ་དེ་བཞིན་དུ་ཚོར་བ་རྣམས་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དུ་རྣམ་པར་དག་པ་གང་ཡིན་པ་དེ།
ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་ཡིད་ཀྱི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་སྟེ། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། ཡིད་ཀྱི་འདུས་ཏེ་
རེག་པའི་རྐྱེན་གྱིས་ཚོར་བ་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་ཅེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་ནས་ཡང་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་ནས། ཕུང་པོ་ལ་སོགས་པ་ཚོར་
བའི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྣམ་པར་དག་པ་བཟུང་ནས་དེ་དག་གཉིས་སུ་མེད་པ་བསྟན་པ་དང་། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་རྣམ་པར་དག་པ་དང་། ཚོར་
བའི་མཐར་ཐུག་པའི་བར་གྱི་ཆོས་རྣམས་ཀྱི་རྣམ་པར་དག་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་པར་བསྟན་པ་དང་། དེ་བཞིན་དུ་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཐར་ཐུག་པའི་ཆོས་རྣམས་
དང་གཟུགས་ལ་སོགས་པ་ཚོར་བའི་ཚོགས་དྲུག་གི་མཐར་ཐུག་པའི་ཆོས་རྣམས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ་དེ་དག་གཅིག་ཏུ་བཤད་པར་སྦྱར་བར་བྱའོ། །དེ་ནས་ཡང་འདུས་བྱས་དང་། འདུས་མ་བྱས་རྣམ་པར་དག་པའི་འགྲེས་དང་། དུས་གསུམ་

རྣམ་པར་དག་པའི་འགྲེས་བསྟན་ཏེ། འདི་མན་ཆད་གནས་བརྟན་ཤཱ་རིའི་བུས་རྣམ་པར་དག་པ་བཤད་པ་ཐོས་ནས་སྤོབས་པ་སྐྱེས་ཏེ་འཁོར་བསྡུ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་དག་པ་འདི་ནི་ཟབ་པོ་ཞེས་བྱ་བ་ལ་སོགས་པས་རྣམ་པར་དག་
པའི་ཚིག་བཅུ་གསུམ་རིམ་གྱིས་བསྟན་པར་བརྩམས་སོ། །ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་པོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་རྣམ་པར་རྟོག་པ་དུ་མའི་དྲི་མས་བརྩམས་པ་འཁོར་བའི་ཆོས་དེ་དག་དང་ཐ་དད་པར་མ་གྱུར་པའི་ཆོས་ཉིད་ནི་དྲི་མ་
དེ་དག་གིས་དྲི་མ་ཅན་དུ་མ་གྱུར་པ་སྟེ། དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པ་ཡིན་པར་བྱིས་པ་རྣམས་ཀྱི་ཡིད་ཆེས་པར་དཀའ་བས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཟབ་ཅེས་བྱའོ། །ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་ནི་སྣང་བའོ་ཞེས་བྱ་བ་ནི་འདི་
ལྟ་སྟེ་དཔེར་ན་སྤྲིན་དང་། ན་བུན་དང་ཁུག་རྣ་ལ་སོགས་པ་མེད་ན་ཉི་མ་དང་ཟླ་བ་ལ་སོགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། རབ་ཏུ་སྣང་བར་འགྱུར་རོ། །དེ་བཞིན་དུ་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་སྣང་བ་ཞེས་བྱའོ། །དེ་བས་ན་
གཟུགས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རྣམ་པར་དག་པ་སྣང་བའོ་ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཉིང་མཚམས་སྦྱོར་བ་མ་མཆིས་པའོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་སྤྲོས་པའི་དྲི་མ་རྣམས་སྤངས་པ་ནི་སླར་ཉིང་མཚམས་མི་
སྦྱར་བའི་ཕྱིར། དྲི་མ་མེད་ཅིང་རྣམ་པར་དག་པས་ན་ཉིང་མཚམས་སྦྱོར་བ་མེད་པ་ཞེས་བྱའོ། །ཤཱ་རིའི་བུ་གཟུགས་ལ་འཕོ་བ་མེད་པས་ཉིང་མཚམས་སྦྱོར་བ་མེད་པ་ནི་རྣམ་པར་དག་པའོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ཡོངས་སུ་སྤངས་པ་རྣམས་ནི་ཡང་
འཕོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་ཀུན་ནས་ཉོན་མོངས་པ་མ་མཆིས་པའོ་ཞེས་བྱ་བ་ནི་སྤྲིན་དང་ན་བུན་དང་ཁུག་རྣ་ལ་སོགས་པ་ཡོད་དུ་ཟིན་ཀྱང་ནམ་མཁའ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་གྱིས་ཡོངས་སུ་དག་པའོ་

ཞེས་བཤད་པའོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཐོབ་པ་དང་མངོན་པར་རྟོགས་པ་མ་མཆིས་པའོ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་དང་ཐོབ་པར་བྱེད་པའི་ཆོས་གཉིས་ཡོད་ན། འཐོབ་པ་ཡང་ཡོད་པར་འགྱུར་ལ། མངོན་པར་རྟོགས་པར་བྱ་བ་དང་། མངོན་པར་རྟོགས་པར་བྱེད་
པ་གཉིས་ཡོད་ན་མངོན་པར་རྟོགས་པ་ཞེས་བྱ་བ་ཡོད་པར་འགྱུར་ན་དེ་ལ་ཀུན་རྟོག་པ་དང་། རྣམ་པར་རྟོག་པ་རྣམས་མེད་པ་ཙམ་ལ་ཡོངས་སུ་གྲུབ་པའི་ཆོས་ཉིད་རྣམ་པར་དག་པ་ཞེས་རྣམ་པར་གཞག་པའི་ཕྱིར་རྣམ་པར་དག་པ་དེ་ལ་འཐོབ་པའམ། མངོན་པར་རྟོགས་པ་ཞེས་
བྱ་བ་གང་ཡང་མེད་དོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་གཟུགས་ལ་སོགས་པའི་ཆོས་རྣམས་མངོན་པར་གྲུབ་པ་མེད་པ་ལ་རྣམ་པར་དག་པ་ཞེས་བྱ་བར་རྣམ་པར་གཞག་པའི་
ཕྱིར་མངོན་པར་གྲུབ་པ་མེད་པའི་མཚན་ཉིད་ཅེས་བྱའོ། །རྣམ་པར་དག་པ་ནི་འདོད་པ་དང་། གཟུགས་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བ་མ་ལགས་སོ་ཞེས་བྱ་བ་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་ཀུན་བརྟགས་པ་སྟེ། གང་གི་ཚེ་དེ་རྣམས་
སུ་མི་སྐྱེ་ཞིང་མི་འབྱུང་བ་དེ་ལ་རྣམ་པར་དག་པ་ཞེས་བྱ་སྟེ། དེ་བས་འདོད་པའི་ཁམས་ཀྱི་རང་བཞིན་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་འདས་རྣམ་པར་དག་པ་ནི་འཚལ་བ་མ་མཆིས་པའོ་ཞེས་བྱ་བ་ནི་བདག་རང་ཤེས་པའི་ངོ་བོ་ཉིད་མ་ཡིན་ཞེས་
བྱ་བའི་ཐ་ཚིག་གོ། །ཆོས་བླུན་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྟོག་པ་དང་བྲལ་བའི་ཕྱིར་ཆོས་བླུན་པ་ཞེས་བཤད་དོ། །བཅོམ་ལྡན་འདས་རྣམ་པར་དག་པས་གཟུགས་མ་འཚལ་ཏོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱང་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །
རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་མཚན་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །འཚལ་བ་མ་མཆིས་པ་ཞེས་བྱ་བ་འདིས་ནི་རྣམ་པར་དག་པ་རྣམ་པར་མི་རྟོག་པའི་མཚན་ཉིད་ཡིན་པར་བསྟན། རྣམ་པར་དག་པས་

གཟུགས་མི་ཤེས་སོ་ཞེས་བྱ་བ་འདིས་ནི་ཆོས་རྣམས་དངོས་པོ་མེད་པའི་མཚན་ཉིད་ཡིན་པར་བསྟན་ཏེ། གཉིས་ཀྱིས་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་དངོས་པོ་མེད་པའི་མཚན་ཉིད་བསྟན་ཏོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྨན་པར་མི་བགྱིད་གནོད་པར་མི་བགྱིད་ཅེས་བྱ་བ་ནི་གང་གི་ཕྱིར་དེ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། དེ་བཞིན་ཉིད་ནི་དེ་བཞིན་ཉིད་ལ་ཕན་པའམ་གནོད་པར་མི་བྱེད་དེ། ནམ་མཁའ་ལ་ནམ་མཁའ་
བཞིན་ནོ། །དེ་བས་ན་ཆོས་ཀྱི་དབྱིངས་འདུག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་བཤད་དེ། ཆོས་ཀྱི་སྐུ་ནི་དུས་ཐམས་ཅད་དུ་གནས་པའི་མཚན་ཉིད་ཡིན་ན་དེ་ལ་སུ་ཞིག་ཕན་པ་དང་། གནོད་པ་བྱེད་པ་ཡོད་ཅེས་བསྟན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་
དག་པ་ནི་ཆོས་གང་ཡོངས་སུ་ལེན་པ་མ་མཆིས་སོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་རྣམ་པར་དག་པ་ཡོངས་སུ་འཛིན་པ་ཐམས་ཅད་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གལ་ཏེ་ཆོས་འགའ་ཞིག་ཡོངས་སུ་འཛིན་ན་རྣམ་པར་དག་པར་མི་འགྱུར་རོ། །དེའི་འོག་ཏུ་
གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་གཟུགས་རྣམ་པར་དག་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ནི་བདག་དངོས་པོ་མེད་པ་ཉིད་ཀྱི་ཕྱིར། གཟུགས་ལ་སོགས་པ་དངོས་པོ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་རྣམ་པར་དག་
པ་ཞེས་བྱ་བ་དངོས་པོ་མེད་པ་ལ་བྱ་བའི་ཕྱིར་རོ། །དེ་བས་ན་རབ་འབྱོར་བདག་མེད་པའི་ཕྱིར་གཟུགས་མེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ་ཞེས་གསུངས་སོ། །སྔར་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་བསྟན་ཏོ། །ད་ནི་བདག་མེད་པ་རྣམ་པར་དག་པ་བསྟན་ཏེ། རབ་
འབྱོར་ཤེས་པ་མ་རྙེད་མ་སྟོར་བའི་ཕྱིར་རོ་ཞེས་བྱ་བ་ནི་སྔོན་མ་བྱུང་བའི་ཡེ་ཤེས་ཐོབ་ཅིང་རྙེད་པ་མེད་ལ། ཡེ་ཤེས་རྙེད་པ་ཡང་ཆུད་ཟོས་པ་མེད་དེ། དེ་ལྟར་གཉིས་ཀ་མེད་པས་བྱང་ཆུབ་ཀྱང་མེད་དོ། །བྱང་ཆུབ་ཅེས་བྱ་བ་ཡང་ཀུན་བརྟགས་པ་ཉིད་དོ། །གཉིས་སུ་མ་མཆིས་ཤིང་རྣམ་

པར་དག་པ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་མེད་པའི་ཕྱིར་སྔོན་གྱི་ཚེ་ཡང་ངོ་བོ་ཉིད་ཀྱིས་རྣམ་པར་དག་པས་ནམ་མཁའ་བཞིན་དུ་ཀུན་ནས་ཉོན་མོངས་པ་མེད་དོ། །ཡོངས་སུ་གྲུབ་པའི་གནས་སྐབས་ན་ཡང་ནམ་མཁའ་བཞིན་དུ་སྔོན་མ་བྱུང་
བའི་རྣམ་པར་བྱང་བ་མེད་དོ།། །།བམ་པོ་ཉི་ཤུ་པ། དེ་ལྟར་རྣམ་པར་དག་པ་བཤད་པ་ཡོངས་སུ་རྫོགས་པར་བྱས་ནས། དེའི་འོག་ཏུ་ཟབ་པར་ཡིད་ཆེས་པར་བྱ་བའི་ཕྱིར་ཀུན་དུ་མཐའ་ཡས་པ་བཤད་པར་བརྩམས་པ། གཟུགས་ཀུན་ཏུ་མཐའ་ཡས་
པའི་ཕྱིར་ཞེས་བྱ་བ་སྟེ་རྟག་པ་དང་ཆད་པ་མེད་པ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་ཀྱི་མཐའ་མེད་པའི་ཕྱིར་ཀུན་ཏུ་མཐའ་ཡས་པའོ། །དེ་བས་ན་རབ་འབྱོར་མཐའ་ལས་འདས་པ་སྟོང་པ་ཉིད་དང་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་
བ་གསུངས་སོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་དེ་ལྟར་རྟོག་པ་གང་ལགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བྱང་ཆུབ་སེམས་དཔའ་ལགས་ཞེས་བྱ་བ་གནས་བརྟན་རབ་འབྱོར་གྱིས་ཅིའི་ཕྱིར་ཞུས་ཤེ་ན། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་ཡུལ་དོན་ཟབ་པ་དེ་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་ཉིད་ཀྱི་ལགས་སངས་རྒྱས་རྣམས་ཀྱི་མ་ལགས་ཞེས་ཞུས་པའོ། །རབ་འབྱོར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མཐར་ཕྱིན་ཅིང་། བྱ་བ་བྱས་པ་མ་ཡིན་
གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་གྱི་རྣམ་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཉིད་ཀྱིས་ཞེས་བྱའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཚུ་རོལ་གྱི་འགྲམ་མམ། ཕ་རོལ་འགྲམ་མམ།
གཉིས་ཀ་མ་མཆིས་པ་ལ་ཡང་མི་དམིགས་སོ་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན་ཕ་རོལ་ཏུ་སོན་པའམ། ཕ་རོལ་གྱི་མཐར་ཕྱིན་པའམ། ཕ་རོལ་གྱི་ངོ་བོ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་གྲང་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་

དུ་ཟིན་ཀྱང་། ཚུ་རོལ་གྱི་འགྲམ་ན་ཡང་མི་གནས་ཕ་རོལ་གྱི་འགྲམ་ན་ཡང་མི་གནས་འགྲམ་འདི་གཉིས་ལས་མ་གཏོགས་པ་གཞན་དུ་འང་མི་དམིགས་པའི་ཕྱིར་དེ་སྐད་གསུངས་ཏེ། ཚུ་རོལ་གྱི་འགྲམ་ཞེས་བྱ་བ་ནི་འདུས་བྱས་སུ་གཏོགས་པའོ། །ཕ་རོལ་གྱི་
འགྲམ་ཞེས་བྱ་བ་ནི་འདུས་མ་བྱས་སུ་གཏོགས་པའོ། །དེ་སྐད་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་གསུངས་ཏེ། གལ་ཏེ་འགྲམ་འགའ་ཞིག་དམིགས་ན་དེ་ལྟ་ན་ནི་རྣམ་པར་དག་པ་ཉིད་དུ་མི་འགྱུར་ཏེ། གང་གི་ཕྱིར་གང་ཡང་མེད་པ་དེའི་
ཕྱིར་ཤིན་ཏུ་རྣམ་པར་དག་པ་སྟེ། ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་འགྲམ་གཉིས་དང་། གཞན་ན་ཡང་མི་གནས་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ཀྱི་ཕྱིར་དུས་གསུམ་མཉམ་པ་ཉིད་
དུ་ཡོངས་སུ་ཤེས་པས་ཚུ་རོལ་གྱི་འདུ་ཤེས་སམ་ཕ་རོལ་གྱི་འདུ་ཤེས་མེད་དེ། དེ་བས་ན་ཚུ་རོལ་གྱི་འགྲམ་ན་ཡང་མི་གནས་ཕ་རོལ་གྱི་འགྲམ་ན་ཡང་མི་གནས་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་དང་མི་དམིགས་པར་སྤྱོད་པའི་དབང་གིས་ཟབ་པར་ཡིད་ཆེས་པར་བྱ་བའི་ཕྱིར།
དེའི་འོག་ཏུ་ཆགས་པ་དང་། མ་ཆགས་པ་བཤད་པའི་སྐབས་ཕྱེ་བ་ཡང་མིང་དུ་ཡང་ཆགས་པ་ཡིན། མཚན་མར་ཡང་ཆགས་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྟེ། གཟུགས་ལ་སོགས་པའི་ཆོས་རྣམས་ལ་མིང་དུ་འཛིན་པ་ནི་ཀུན་བརྟགས་པའོ། །བརྡ་ལ་མཚན་མར་
འཛིན་པ་ནི་རྣམ་པར་བརྟགས་པ་སྟེ། གཉི་ག་ཡང་སྒྲིབ་པའི་བདག་ཉིད་ཡིན་པས་ཆགས་པ་ཞེས་བྱའོ། །རབ་འབྱོར་ཆོས་ཐམས་ཅད་ནི་མཚན་མ་མེད་པ་སྟེ། མིང་མེད་པའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་ཡུལ་ཡིན་པར་བསྟན་པའོ། །བཅོམ་ལྡན་
འདས་བྱང་ཆུབ་སེམས་དཔའ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དེ་ལྟར་ལེགས་པར་བཤད་ཅིང་ལེགས་པར་མཐར་གཏུགས་པ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་བསྟན་པའོ། །གཟུགས་སྟོང་ཞེས་བྱ་བར་འདུ་ཤེས་ན་ཆགས་པའོ་ཞེས་བྱ་བ་ནི་

དམིགས་པའི་ཚུལ་གྱིས་དེ་ལྟར་སེམས་པའོ། །གཟུགས་ལ་གཟུགས་ཞེས་བྱ་བར་འདུ་ཤེས་མེད་དོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །ཆོས་རྣམས་ལ་ཆོས་ཞེས་བྱ་བར་འདུ་ཤེས་འདུ་ཤེས་མེད་དོ་ཞེས་བྱ་བ་ནི་མི་སྣང་བའོ། །ཀཽ་ཤི་ཀ་གཟུགས་
ཀྱི་རང་བཞིན་ཡོངས་སུ་བསྔོ་བར་མི་ནུས་སོ་ཞེས་བྱ་བ་ནི་ཆོས་རྣམས་གནས་པའི་མཚན་ཉིད་ཡིན་པའི་ཕྱིར་ཡོངས་སུ་འགྱུར་བ་མེད་པས་དམིགས་པའི་ཚུལ་གྱིས་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་ཁྱོད་ལ་ཆགས་པའི་རྣམ་པ་དེ་
བས་ཀྱང་ཕྲ་བ་གཞན་དག་ཀྱང་བསྟན་པར་བྱ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་སྒྲིབ་པར་འགྱུར་བའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཟབ་པོ་ཞེས་བྱ་བ་ནི་སྔར་གནས་བརྟན་ཤཱ་རིའི་བུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པ་དང་། མོས་པར་དཀའ་
བར་ཡིད་ཆེས་པར་བྱ་བའི་ཕྱིར་བཤད་པའི་སྐབས་ཕྱེ་བས། ད་ནི་གནས་བརྟན་རབ་འབྱོར་གྱིས་བདག་ཉིད་ཀྱིས་ཟབ་མོ་ཁོང་དུ་ཆུད་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཟབ་པོ་ཞེས་བྱ་བ་གསུངས་སོ། །རབ་འབྱོར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དབེན་པའི་ཕྱིར་
རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་ནི་དུས་ཐམས་ཅད་དུ་ཆགས་པ་ཐམས་ཅད་ཡོངས་སུ་སྤངས་པ། རང་བཞིན་ཡོངས་སུ་སྤངས་པ་རང་བཞིན་གྱིས་དབེན་པ་ཡིན་ན། འོན་ཀྱང་ཀུན་བརྟགས་པའི་ཆགས་པ་ཡང་དམིགས་ལ་ཀུན་བརྟགས་པའི་ཆགས་པ་དམིགས་ཀྱང་
ཆོས་ཐམས་ཅད་ནི་ངོ་བོ་ཉིད་ཀྱིས་གོས་པ་མེད་པ་སྟེ་དབེན་པའི་ཕྱིར་ཟབ་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མ་བྱས་པ་མངོན་པར་འདུས་མ་བྱས་པ་ཞེས་བྱ་བ་ནི། ཆོས་ཀྱི་སྐུའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་ལ་བསྒྲུབ་པར་བྱ་བ་འམ་མངོན་པར་འདུ་བྱ་བ་མེད་དོ། །ཆོས་ཀྱི་
རང་བཞིན་ནི་གཉིས་མ་ཡིན་ཏེ། གཅིག་ཏུ་ཟད་དོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ངོ་བོ་ཉིད་གཅིག་ན་འོན་ཀྱང་བདག་ཉིད་ཐ་དད་པར་སྣང་བའི་ཕྱིར། མངོན་པར་རྟོགས་པར་དཀའ་བའོ། །དེ་བཞིན་ཉིད་ཆོས་རྣམས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རང་བཞིན་

ཞེས་བྱའོ། །དེ་བཞིན་ཉིད་དེ་ཡང་ཆོས་ཉིད་གཞན་གང་གི་རྒྱུ་ཡང་མ་ཡིན་པའི་ཕྱིར་རང་བཞིན་མ་ཡིན་ནོ་ཞེས་བྱའོ། །དེ་བཞིན་ཉིད་དེ་འདུས་མ་བྱས་པའི་ཕྱིར་སུས་ཀྱང་མ་བྱས་པས་མ་བྱས་པ་ཞེས་བྱའོ། །དེ་ཉིད་བསོད་ནམས་དང་བསོད་ནམས་མ་
ཡིན་པ་མངོན་པར་འདུ་བྱེད་པ་གང་གིས་ཀྱང་མངོན་པར་འདུ་མ་བྱས་པའི་ཕྱིར། མངོན་པར་འདུ་མ་བྱས་པ་ཞེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སུས་ཀྱང་མ་མཐོང་མ་ཐོས་མ་རྟོགས་རྣམ་པར་མ་ཤེས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དམིགས་པ་དང་།
དམིགས་པར་བྱ་བ་མཉམ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མཐོང་བ་ལ་སོགས་པའི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དེ་ལྟ་བུ་དག་གི་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ནི་དུ་བས་མེ་མཚོན་པ་ལྟར།
ཆོས་གཞན་གྱིས་བསམ་དུ་མི་ནུས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་གཟུགས་ཀྱིས་མ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཆོས་ཐམས་ཅད་དམིགས་སུ་མེད་པར་བྱེད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་དུ་ཤེས་པར་བྱེད་པའོ། །ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལའོ། །རང་བཞིན་ཤེས་པས་ཆོས་ཐམས་ཅད་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། གཟུགས་ལ་མི་སྤྱོད་ན་ཞེས་བྱ་བའི་འགྲེས་སོ། །ལྷག་མཐོང་གི་
ཤེས་པས་ཆོས་ཀྱི་མཚན་ཉིད་ལ་སྤྱོད་ན་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བ་བསྟན་པའི་ཕྱིར་འགྲེས་གཉིས་པའོ། །གཟུགས་ཡོངས་སུ་རྫོགས་པའམ་ཡོངས་སུ་མ་རྫོགས་པ་ཞེས་བྱ་བ་ནི་སྒོམ་པ་ཡོངས་སུ་རྫོགས་པ་ལས་དགོངས་ཏེ་གསུངས་པའོ། །གཟུགས་མ་ཆགས་པ་ཞེས་བྱ་བ་
ནི་ཆོས་ཉིད་ཀྱི་གཟུགས་སྒྲིབ་པ་མེད་པའོ། །དེ་ལྟར་སྤྱོད་ན་གཟུགས་ཆགས་པ་མེད་པ་ཞེས་བྱ་བར་འདུ་ཤེས་པ་མེད་དོ་ཞེས་བྱ་བ་ནི་སྒྲུབ་པའི་ཚེ་དེ་ལྟར་ཞུགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཁོང་དུ་ཆུད་པའི་ཚེ་དེ་ལྟར་རབ་ཏུ་རྟོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་

ངོ་མཚར་དུ་གྱུར་པའི་ཚིག་དང་། དགེ་སློང་ཞིག་གི་ཚིག་དང་། བརྒྱ་བྱིན་གྱི་ཚིག་དང་། བསྲུང་བ་དང་བསྐྱབ་པ་དང་། སྦ་བ་དང་། མི་ནུས་པའི་ཚིག་རྣམས་ནི་ཐམས་ཅད་ཀྱང་འདྲའོ། །གཟུགས་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་བྱེད་པ་དང་། མཚན་ཉིད་ལ་སོགས་
པའི་དངོས་པོར་རོ། །གཟུགས་བདག་གི་ཞེས་བྱ་བར་རློམ་སེམས་སུ་མི་བྱེད་དོ་ཞེས་བྱ་བ་ནི་རྗེ་ཁོལ་གྱི་དངོས་པོར་རོ། །གཟུགས་ལ་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་གནས་དང་རྟེན་པའི་དངོས་པོར་རོ། །གཟུགས་ཀྱི་མཚན་མར་ཡང་རློམ་སེམས་སུ་མི་བྱེད་ཅེས་བྱ་བ་ནི་
བརྡར་བཏགས་པའི་དངོས་པོར་རོ། །སངས་རྒྱས་སྟོང་བསྟན་པ་ནི་དེ་དག་དེ་ལ་དད་པའི་ཕྱིར་རོ། །བྱམས་པས་ཆོས་བཤད་པ་ཞུས་པའི་དུས་གསུམ་ཆར་དུ་ཡུན་འདི་ཉིད་བཤད་པར་ཤེས་པར་བྱ་བའི་ཕྱིར་རོ། །དེའི་འོག་ཏུ་རབ་འབྱོར་གཟུགས་ཡོངས་སུ་དག་པའི་
ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་དམིགས་པར་གྱུར་པ་རྣམས་དྲི་མ་མེད་པར་གྱུར་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་དེ་ཡང་རྣམ་པར་དག་པར་འགྱུར་རོ། །རབ་འབྱོར་གཟུགས་ལ་སྐྱེ་བ་མེད་པ་དང་།
འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ཞེས་བྱ་བ་ནི་གང་གི་ཚེ་གཟུགས་ཆོས་ཉིད་ཀྱི་རང་བཞིན་དུ་གནས་གྱུར་ནས་སྐྱེ་བ་དང་འགག་པ་དང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་མི་སྣང་བ་དེའི་ཚེ་གཟུགས་དེ་ཡོངས་སུ་
དག་པ་ཞེས་བྱའི་གཞན་དུ་ནི་མ་ཡིན་ནོ། །ནམ་མཁའ་ཡོངས་སུ་དག་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་གློ་བུར་གྱི་སྤྲིན་དང་ཁུག་རྣ་ཡོད་ཀྱང་དེ་རང་བཞིན་གྱིས་དག་པའི་ཕྱིར་ཡོངས་སུ་དག་པ་མ་ཡིན་པར་མི་འགྱུར་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་བཞིན་
ནོ་ཞེས་བསྟན་པའོ། །ཡོངས་སུ་དག་པ་དང་གོས་པ་མེད་པ་དང་། འཛིན་པ་མེད་པ་དང་། སྨྲ་བ་མེད་པ་དང་། རབ་ཏུ་བརྗོད་པ་མེད་པ་དང་། དམིགས་སུ་མེད་པའི་ཕྱིར་རྣམ་པ་དྲུག་གིས་ནམ་མཁའ་དང་མཚུངས་པར་བསྟན་ཏོ། །ནམ་མཁའ་སྨྲ་བ་མེད་པའི་ཕྱིར་ཞེས་བྱང་

ནི་ནམ་མཁའ་ལ་དེ་ལས་གཞན་པ་རྣམས་སྨྲ་ཡང་། ནམ་མཁའ་ལ་ནི་སྨྲ་བའམ། མངོན་པར་བརྗོད་པ་མེད་དོ། །དཔེར་ན་ནམ་མཁའ་ལ་བྲག་ཅ་གཉིས་ཀྱི་སྒྲ་གྲག་ཀྱང་། ནམ་མཁའ་ནི་སྨྲ་བ་དང་བཅས་པའོ་ཞེས་བརྗོད་དུ་མི་རུང་བ་ལྟ་བུའོ། །ནམ་
མཁའ་རབ་ཏུ་བརྗོད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་ལ་ངོ་བོ་ཉིད་ཀྱིས་རབ་ཏུ་བརྗོད་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་སྒྲ་ཙམ་ནི་སྨྲ་བའོ། །མངོན་པར་བརྗོད་པའི་རབ་ཏུ་བརྗོད་པའོ། །རབ་འབྱོར་གཟུགས་ཤིན་ཏུ་རྣམ་པར་དག་པ་དང་། དམིགས་སུ་མེད་པ་
དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་ཆོས་ཐམས་ཅད་མཐོང་སྟེ། གཟུགས་ལ་སོགས་པའི་ཀུན་བརྟགས་པའི་ཉོན་མོངས་
པ་དང་། རྣམ་པར་རྟོག་པ་སྤྲོས་པའི་དྲི་མ་མེད་པའི་ཕྱིར། རྣམ་པར་དག་པའི་རྣམ་པ་དང་། དམིགས་པ་ཐམས་ཅད་དང་བྲལ་བའི་ཕྱིར། དམིགས་སུ་མེད་པའི་རྣམ་པ་དང་། ཡོངས་སུ་གྲུབ་པའི་ཕྱིར་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་རྣམ་པ་དང་།
རང་བཞིན་གྱིས་དབེན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པའི་རྣམ་པར་མཐོང་བ་དེའི་ཚེ་བདག་ཉིད་ཡོངས་སུ་དག་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤིན་ཏུ་ཡོངས་སུ་དག་པར་བསྟན་ནས། དེའི་འོག་ཏུ་
འདི་ལ་དད་པ་བསྐྱེད་པའི་ཕྱིར་དེ་ལ་མིག་གི་ནད་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་ཚེ་འདི་དང་ཚེ་ཕྱི་མ་ལ་འབྱུང་བའི་ཕན་ཡོན་རྣམས་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་སྐྱེ་བའམ་འགག་པའམ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ།
ཡོངས་སུ་བཟུང་བ་འམ་དོར་བའི་ཆོས་གང་ཡང་མེད་དོ་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྣང་ངོ་ཞེས་བསྟན་པའོ། །དེ་ལྟར་འདུ་ཤེས་པར་ཡང་མི་བྱེད་ལ་དེ་ལྟར་མི་རྟོག་ཅིང་ཞེས་བྱ་བ་ནི་དེ་ལྟར་ཕ་རོལ་ཏུ་ཕྱིན་པ་འདི་རིན་པོ་ཆེ་ཡོན་

ཏན་མང་པོ་དང་ལྡན་པ་ཡིན་ནོ་སྙམ་དུ་ཡང་མི་རྟོག་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་གང་ཡང་སྒྲུབ་པའམ་རྣམ་པར་སྟོན་པ་མ་ཡིན་ཞེས་བྱ་བ་ནི་ཆོས་ཐམས་ཅད་མི་འགྱུར་བར་ཡོངས་སུ་འགྲུབ་པས་ཡོངས་སུ་གྲུབ་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་འདི་དེ་ལྟར་སྣང་སྟེ། ཆོས་ཁྱད་པར་ཅན་གང་ཡང་བསྒྲུབ་པར་བྱའོ་སྙམ་པའི་རློམ་སེམས་ཀྱང་མེད། ཆོས་ཁྱད་པར་ཅན་རྣམས་ཀྱང་བཟུང་ངོ་སྙམ་མམ། སྦྱིན་ནོ་སྙམ་པའི་རློམ་སེམས་ཀྱང་མེད། ཟག་པ་མེད་པའི་ཆོས་རྣམས་བསྐྱེད་དོ་སྙམ་མམ་ཆོས་ངན་པ་རྣམས་
དག་གོ་སྙམ་པའི་རློམ་སེམས་ཀྱང་མེད། འཁོར་བའི་ཆོས་རྣམས་རྒྱུན་བཅད་དོ་སྙམ་མམ། རྣམ་པར་བྱང་བ་རྣམས་བརྟག་པར་བྱའོ་སྙམ་པའི་རློམ་སེམས་ཀྱང་མེད། བདག་ནི་གཅིག་གོ་སྙམ་པའམ་ཐ་དད་དོ་སྙམ་པའི་རློམ་སེམས་ཀྱང་མེད། བདག་ནི་སྔོན་མ་བྱུང་བ་
ལས་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྟོབས་ཀྱིས་བྱུང་བ་སྟེ། སྒྲིབ་པ་ཐམས་ཅད་བྲལ་བའོ་སྙམ་པའི་རློམ་སེམས་ཀྱང་མེད། སྔོན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལ་སོགས་པས་ཀུན་ནས་ཉོན་མོངས་པར་གྱུར་པ་ལས། ཕྱིས་རྣམ་པར་དག་གོ་སྙམ་པའི་རློམ་
སེམས་ཀྱང་མེད། ནག་པོའི་ཆོས་རྣམས་འགྲིབ་པར་བྱ་ཞིང་དཀར་པོའི་ཆོས་རྣམས་རྣམ་པར་འཕེལ་བར་བྱའོ་སྙམ་པའི་རློམ་སེམས་ཀྱང་མེད། དུས་གསུམ་དུ་གཏོགས་སོ་སྙམ་པའི་རློམ་སེམས་ཀྱང་མེད། ཁམས་གསུམ་དུ་དགོད་དོ་སྙམ་པའམ། ཡང་དག་པར་བཟླ་
བར་བྱའོ་སྙམ་པའི་རློམ་སེམས་ཀྱང་མེད། བདག་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སྦྱིན་པར་བྱེད་པའམ། དེའི་མི་མཐུན་པའི་ཕྱོགས་སེར་སྣ་ལ་སོགས་པ་སྤོང་བར་བྱེད་པའོ་སྙམ་པའི་རློམ་སེམས་ཀྱང་མེད་དོ། །རབ་འབྱོར་དེ་བཞིན་གཤེགས་པ་རྣམས་
བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་བྱ་བ་ནི་ཆོས་ཐམས་ཅད་གནས་པའི་མཚན་ཉིད་དེ། གང་ཡང་ཅི་ཡང་མི་བྱེད་དོ་ཞེས་བསྟན་པའོ། །ཆོས་གནས་པ་འདི་ཉིད་མཁྱེན་པས། དེ་བཞིན་གཤེགས་པ་ཞེས་བྱ་བ་དག་འཇིག་རྟེན་ན་སྣང་སྟེ། འདི་ཉིད་དེ་དག་གི་མངོན་པར་

རྟོགས་པ་དང་། འདི་ཉིད་ཆོས་ཀྱི་འཁོར་ལོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་འདི་ནི་ཆོས་ཀྱི་འཁོར་ལོ་གཉིས་སུ་བསྐོར་བ་ཡང་མ་ཡིན། གཅིག་ཏུ་བསྐོར་བ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་གྲངས་ལས་འདས་
པའི་ཕྱིར་དེ་སྐད་བསྟན་ཏོ། །ཆོས་གང་ཡང་བསྐོར་བའམ་མི་བསྐོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཀྱི་འཁོར་ལོ་བསྐོར་རོ་ཞེས་བྱ་བའི་འདུ་ཤེས་སམ། རྣམ་པར་རྟོག་པ་སེལ་བར་བྱེད་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་
ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་འཛིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་མོ་སྟེ་ཞེས་བྱ་བ་ལ་སོགས་པ་ཚིག་དགུ་བཅུ་རྩ་ལྔས་གནས་བརྟན་རབ་འབྱོར་གྱིས་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་ཐམས་ཅད་ལ་འཇུག་པ་རྒྱ་ཆེར་སྟོན་ཏེ། དེ་ལ་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆེན་པོ་ཞེས་བྱ་བ་ནི་ཡུལ་ཆེ་བ་དང་། གསང་བ་ཆེན་པོ་ཡུལ་དུ་གྱུར་པ་སྟོན་ཏེ། འདི་ལྟར་གསང་བ་ནི་གསུམ་སྟེ་ཆོས་འཇུག་པ་གསང་བ་དང་། མངོན་པར་
བྱང་ཆུབ་པ་གསང་བ་དང་། ཆོས་ཉིད་ཀྱི་འཁོར་ལོ་བསྐོར་བ་གསང་བའོ། །དེ་ལ་ཆོས་རྣམས་ལ་ཀུན་རྫོབ་དང་དོན་དམ་པའི་དབང་གིས་ཆོས་སུ་འདུ་ཤེས་པ་ཡང་འཇུག་ཆོས་མ་ཡིན་པར་འདུ་ཤེས་པ་ཡང་འཇུག་སྟེ། དེ་བས་ན་ཆོས་ཐམས་ཅད་ཀྱང་ཆོས་ཐམས་
ཅད་ཀྱི་རང་བཞིན་གྱིས་ཡོངས་སུ་སྟོང་ཞེས་བྱ་བ་གསུངས་སོ། །མངོན་པར་བྱང་ཆུབ་པ་ཡང་སྟོན་ལ་མངོན་པར་བྱང་ཆུབ་པ་མེད་པར་ཡང་མཐོང་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་
བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཡང་། ཆོས་གང་ཡང་མངོན་པར་རྫོགས་པར་མཚང་རྒྱ་བ་མ་མཆིས་ཞེས་བྱ་བ་གསུངས་སོ། །ཆོས་ཀྱི་འཁོར་ལོ་ཡང་བསྐོར་ལ་ཆོས་གང་ཡང་བསྐོར་བའམ་མི་བསྐོར་བར་བགྱིད་པ་

ཡང་མ་མཆིས་ཏེ་ཞེས་བྱ་བས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་གསང་བ་བསྟན་ཏོ། །དེའི་འོག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམ་པ་བརྒྱད་ཀྱིས་འགྲེལ་ཏེ། ཆོས་མེད་པ་དང་འཁོར་ལོ་མེད་པ་དང་། བསྐོར་བ་མེད་པ་དང་བཤད་པའི་ངོ་བོ་ཉིད་མེད་པ་དང་། འཆད་པ་པོ་མེད་པ་དང་
ཉན་པ་པོ་མེད་པ་དང་རྟོག་པ་མེད་པ་དང་། འཕགས་པའི་གང་ཟག་མེད་པའོ། །དེ་ལ་ཆོས་མེད་པ་ནི་ཆོས་གང་ཡང་ཡོངས་སུ་མཐོང་བ་ཡང་མ་མཆིས་ལ་ཆོས་གང་ཡང་ཡོངས་སུ་མ་མཐོང་བ་ཡང་མ་མཆིས་པ་ལགས་སོ་ཞེས་བྱ་བ་གསུངས་པའོ། །འཁོར་ལོ་མེད་པ་
ནི་འདི་ལྟར་གང་བསྐོར་བར་བགྱིའམ་མི་བསྐོར་བར་བགྱི་བའི་ཆོས་དེ་ལྟ་བུ་དམིགས་པ་མ་མཆིས་ཏེ་ཞེས་བྱ་བ་གསུངས་པའོ། །བསྐོར་བ་མེད་པ་ནི་སྟོང་པ་ཉིད་ནི་བསྐོར་བར་བགྱིད་པའམ་མི་བསྐོར་བར་བགྱིད་པ་མ་ལགས་སོ། །མཚན་མ་མ་མཆིས་པ་དང་སྨོན་པ་མ་མཆིས་
པ་ནི་བསྐོར་བར་བགྱིད་པ་འམ་མི་བསྐོར་བར་བགྱིད་པ་མ་ལགས་སོ་ཞེས་བྱ་བ་གསུངས་པའོ། །བཤད་པ་མེད་པ་ནི་དེ་ལྟར་ན་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དང་། རབ་ཏུ་བསྟན་པ་དང་ཞེས་བྱ་བ་ནས་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡོངས་སུ་
དག་པའོ་ཞེས་བྱ་བའི་བར་དུ་གསུངས་པའོ། །འཆད་པ་མེད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་དེ་ཡང་སུས་ཀྱང་མ་བསྟན་ཞེས་བྱ་བ་གསུངས་པའོ། །ཉན་པ་མེད་པ་ནི་སུས་ཀྱང་མ་བཟུང་ངོ་ཞེས་བྱ་བ་གསུངས་པའོ། །རྟོགས་པ་མེད་པ་དེ་ནི་སུས་ཀྱང་
མངོན་སུམ་དུ་མ་བགྱིས་སོ་ཞེས་བྱ་བ་གསུངས་པའོ། །འཕགས་པའི་གང་ཟག་མེད་པ་ནི་དེ་ལ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སུ་ཡང་མ་མཆིས་ཏེ། ཆོས་བསྟན་པ་འདི་ལ་སུ་འང་སྦྱིན་གནས་སུ་འགྱུར་བ་མ་མཆིས་སོ་ཞེས་བྱ་བ་གསུངས་པའོ། །རབ་འབྱོར་ནམ་
མཁའ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ནམ་མཁའ་ལྟར་དམིགས་པའི་བདག་ཉིད་དུ་མེད་པ་ཡིན་གྱི། དམིགས་པ་མེད་པའི་བདག་ཉིད་དུ་མེད་པ་མ་ཡིན་ནོ། །ཆོས་ཐམས་ཅད་དམིགས་པ་མེད་པར་མཉམ་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནི་ཀུན་བརྟགས་

པ་སྟེ་དམིགས་སུ་མེད་པའི་བདག་ཉིད་དུ་མཉམ་པའོ། །མིང་མེད་པ་དང་ལུས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཆོས་དང་། གཟུགས་ཀྱི་ཆོས་རྣམས་ཚིག་ཏུ་གྱུར་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དབུགས་ཕྱི་ནང་དུ་རྒྱུ་བ་
དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟར་ལུས་སྟོང་པ་ནམ་མཁའ་ལྟ་བུ་ལ་དབུགས་ཕྱི་ནང་དུ་རྒྱུ་བ་ཡང་མེད་དོ་ཞེས་སོ་སོར་རྟོག་པའི་ཕྱིར་རོ། །རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་གཉིས་
ཚིག་མངོན་པར་འདུ་བྱེད་པ་ཡིན་པའི་ཕྱིར་དེ་སྐད་གསུངས་ཏེ་སྔར་རྣམ་པར་བརྟགས་རྣམ་པར་དཔྱད་ནས་ཕྱིས་ཚིག་འབྱིན་ཏོ་ཞེས་འབྱུང་བའི་ཕྱིར་རོ། །ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་དག་
གཟུགས་མེད་པས་མིང་གི་ཚོགས་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་འགྲོ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་འགྲོ་བ་དང་བྲལ་བའི་ཕྱིར་རོ། །ཆོས་ཐམས་ཅད་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་ཆོས་རྣམས་ནི་ཆོས་རྣམས་མི་འཛིན་ཏེ།
དེ་བས་ན་མི་འཕྲོགས་པའོ། །ཆོས་ཐམས་ཅད་ཤིན་ཏུ་བྱང་ཞིང་ཟད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཤིན་ཏུ་བྱང་བས་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་བདག་ཉིད་ཀྱིས་ཟད་པར་སྣང་བའོ། །ཆོས་ཐམས་ཅད་སྐྱེ་བ་མེད་པ་དང་འགག་པ་མེད་པའི་ཕྱིར་རོ་
ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་སྟེ་སྐྱེ་བ་ཡང་མེད་འགག་པ་ཡང་མེད་པར་སྣང་བའོ། །འཆི་འཕོ་དང་སྐྱེ་བ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་ཚེ་འཆི་འཕོ་བ་དང་། སྐྱེ་བ་དག་ཀུན་བརྟགས་པའི་དབང་གིས་སྣང་གི། དོན་དམ་པར་ནི་མ་ཡིན་པར་ཤེས་པའོ། །
ཆོས་ཐམས་ཅད་རང་བཞིན་གྱིས་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་དེ། །དེ་ཡང་འགྱུར་བ་མེད་པའི་ཕྱིར་མི་འཇིག་པའོ། །རྨི་ལམ་མཐོང་བ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་རྨི་ལམ་གྱི་མཐོང་བའི་མིའི་རྨི་

ལམ་གྱི་དངོས་པོ་གང་ཡིན་པ་དེ་མི་དམིགས་ཤིང་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དངོས་པོ་མེད་པར་གནས་པའོ། །འདི་ནི་རྣམ་པར་བྱང་བ་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཀུན་ནས་ཉོན་མོངས་པ་ཡོད་པར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་ནས་ཉོན་
མོངས་པ་ཡོད་ན་ནི་རྣམ་པར་བྱང་ཞིང་ཡོངས་སུ་དག་པར་འགྱུར་ན་འདི་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་ཡོངས་སུ་དག་པ་སྟེ། དེ་བས་ན་ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་དོ། །འདི་ནི་གནས་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་
ཐམས་ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གང་གི་ཕྱིར་ཆོས་ཐམས་ཅད་དམིགས་སུ་མེད་པ་དེའི་ཕྱིར་གང་ན་ཡང་གནས་པར་མི་དམིགས་པའོ། །ཆོས་ཐམས་ཅད་མ་ནོར་བ་དེ་བཞིན་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་
ཐམས་ཅད་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དེ་མ་ནོར་བའི་ངོ་བོ་ཉིད་མངོན་སུམ་དུ་བྱེད་པའི་ཕྱིར་ཆོས་ཐམས་ཅད་ཞི་བའོ་ཞེས་ཤེས་རབ་ཉེ་བར་གནས་སོ། །འདོད་ཆགས་ཀྱི་མཚན་མ་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆགས་པར་བྱ་བའི་དངོས་པོའི་མཚན་མ་མེད་པའོ། །
ཞེ་སྡང་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཞེ་སྡང་གི་རྒྱུར་གྱུར་པའི་མཚན་མ་མེད་པའོ། །འདི་ནི་ཚད་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་ཀུན་ནས་ལྡང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་ཆོས་ཐམས་ཅད་ནི་ཚད་མའི་དབང་གིས་ཀུན་ནས་བསླང་བ་
ཡིན་ན་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཚད་ཀུན་དུ་འབྱུང་བའི་གཞི་མི་མཐོང་སྟེ་དེ་བས་ན་ཚད་མེད་པའོ། །ཆོས་ཐམས་ཅད་འདྲེས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དབེན་པའི་ཕྱིར་རོ། །ཆོས་ཐམས་ཅད་ཚད་མ་དམིགས་སུ་
མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞལ་བྱ་ཡོད་ན་ཚད་མ་ཡང་ཡོད་ན་གཞལ་བྱ་ཡང་ཡོད་པར་འགྱུར་ན་འདི་ལྟར་ཆོས་ཐམས་ཅད་ཀྱི་ཚད་མ་མི་དམིགས་ཤིང་མེད་པས་དེ་བས་ན་གཞལ་བྱ་མེད་དོ། །ཆོས་ཐམས་ཅད་ནམ་མཁའ་ལྟར་ཆགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་

ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བར་ཆགས་པ་མེད་པའོ། །འདི་ནི་མི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་འཇིག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་རི་བོང་གི་རྭ་ལ་སོགས་པ་བཞིན་དུ་མ་སྐྱེས་པའི་ཕྱིར་མི་
འཇིག་པ་སྟེ་དེ་བས་ན་མེད་དོ། །ཡོད་པ་མ་ཡིན་པའི་ཕྱིར་མི་རྟག་པ་སྟེ་མེད་པའི་དོན་ནི་མི་རྟག་པའི་དོན་ཏོ་ཞེས་འབྱུང་བའི་ཕྱིར་རོ། །ཆོས་ཐམས་ཅད་ལྷག་པར་ཞེན་པར་བྱ་བའི་འོས་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་ལྷག་པར་ཞེན་པར་བྱ་བའམ།
གནས་པར་བྱ་བའམ། ཉེ་བར་སྤྱད་པར་བྱ་བའི་འོས་མ་ཡིན་ཏེ་དེ་བས་ན་སྡུག་བསྔལ་བའོ། །འདི་ནི་སྟོང་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་ཀྱི་རང་བཞིན་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་གཟུགས་སུ་རུང་བ་དང་། མྱོང་བ་
ལ་སོགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་དོན་དམ་པར་ཡོད་པ་མ་ཡིན་ཏེ། དེ་བས་ན་ཆོས་དེ་དག་ངོ་བོ་ཉིད་དེས་སྟོང་ངོ་། །འདི་ནི་བདག་མ་མཆིས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་མངོན་པར་ཞེན་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་གཟུགས་ལ་
སོགས་པའི་ཆོས་རྣམས་མེད་དོ། །དེའི་ཕྱིར་དེ་དག་མངོན་པར་ཞེན་པར་བྱ་བའི་འོས་མ་ཡིན་ཏེ། དེ་ལྟར་ན་ཆོས་ཐམས་ཅད་མེད་པ་ནི་བདག་མེད་པའོ། །སྟོང་པ་ཉིད་དང་བདག་མེད་པ་གཉིས་ལ་དོན་ཐ་དད་པ་མེད་དུ་ཟིན་ཀྱང་བརྟགས་པའི་དབང་གིས་ཐ་དད་པ་ཡོད་དོ། །སྟོང་
པ་ནི་གཞན་བྲལ་བ་སྟེ། དཔེར་ན་ཆུ་དང་བྲལ་བའི་ཕྱིར་བུམ་པ་སྟོང་པ་ཞེས་བྱ་བ་ལྟ་བུའོ། །དེ་བཞིན་དུ་རང་གི་མཚན་ཉིད་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཆོས་དེ་དག་ཉིད་ལ་སྟོང་པ་ཞེས་ཀུན་ཏུ་རྟོག་གོ། །བདག་མེད་པ་ཞེས་བྱ་བ་ནི་ཆོས་རྣམས་མེད་པ་ཉིད་དེ།
དཔེར་ན་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་ལྟ་བུའོ། །ཆོས་དེ་དག་ཉིད། རང་གི་མཚན་ཉིད་ལ་སོགས་པ་དང་བྲལ་བར་བརྗོད་པར་འདོད་པ་ལ་སྟོང་པ་ཞེས་བྱའོ། །ཡོད་པ་མ་ཡིན་ནོ་ཞེས་དངོས་པོ་མེད་པར་བརྗོད་པར་འདོད་པ་ལ་ནི་བདག་མེད་པ་ཞེས་བྱའོ། །ཆོས་ཐམས་ཅད་

མཚན་མ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ་མཚན་མ་ནི་མཚན་ཉིད་ཡིན་ན་འདི་ལྟར་མཚན་མ་མེད་པས་དེའི་ཕྱིར་མཚན་ཉིད་མེད་པའོ། །སྟོང་པ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་སྟོང་པ་ཉིད་གཉིས་པ་མེད་པ་ཙམ་ལ། སྟོང་པ་སྟོང་པ་ཉིད་ཅེས་བྱའི། སྟོང་པ་
སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་ནི་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཆེན་པོ་སྟོང་པ་ཉིད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱོགས་ཐམས་ཅད་ན་ཡང་གཟུགས་རྣམས་མེད་པ་ཙམ་གྱི་ཆེ་བ་ལ་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ཆེན་པོ་སྟོང་པ་ཉིད་ཅེས་བྱ་བའི་
ཆོས་གཞན་ནི་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །འདི་ནི་རང་བཞིན་སྟོང་པ་ཉིད་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གལ་ཏེ་འདུས་བྱས་དང་
འདུས་མ་བྱས་པའི་ཆོས་རྣམས་དམིགས་སུ་ཡོད་ན་ནི་དེ་དག་གི་རང་བཞིན་སྟོང་པ་མ་ཡིན་པར་འགྱུར་བ་ཞིག་ན། འདི་ལྟར་ཆོས་ཐམས་ཅད་སྟོང་པ་སྟེ། དེ་བས་ན་དེ་དག་གི་རང་བཞིན་སྟོང་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སེར་སྣ་
དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སེར་སྣ་དམིགས་སུ་མེད་པ་གང་ཡིན་པ་དེ་ཡང་སྦྱིན་པའི་མཚན་ཉིད་དོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་རོ། །འདི་ནི་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་
ཅད་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ལ་སོགས་པ་ཡེ་ཤེས་བཅུའི་སྤྱོད་ཡུལ་ཡིན་ན་དེ་དག་གི་སྤྱོད་ཡུལ་དུ་མ་གྱུར་པ་ནི་རྣམ་པ་ཡོད་པ་མ་ཡིན་ཏེ། འདི་ལྟར་རྣམ་པ་དེ་དག་དོན་
དམ་པར་མེད་པས་དེའི་ཕྱིར་སྟོབས་བཅུའི་ཡུལ་དུ་གྱུར་པ་རྣམ་པ་རྣམས་མེད་པར་མཐོང་བའི་ཕྱིར་སྟོབས་བཅུའི་ཕ་རོལ་ཏུ་ཕྱིན་པའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཞུམ་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་ཆོས་

གང་ཡང་ཞུམ་པ་མེད་དེ་དེ་བས་ན་ཐམས་ཅད་དུ་ཞུམ་པ་མེད་པའི་རང་བཞིན་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་མི་འཇིགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཐམས་ཅད་དུ་ཡེ་ཤེས་ཆགས་པ་མེད་ཅིང་ཐོགས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་བྱང་
ཆུབ་སེམས་དཔའི་ཡེ་ཤེས་ནི་ཐམས་ཅད་དུ་ཆགས་པ་མེད་པ་དང་། ཐོགས་པ་མེད་པ་སྟེ། དེ་བས་ན་དེ་སོ་སོ་ཡང་དག་པར་རིག་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་འདི་
ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཉན་ཐོས་ལ་སོགས་པ་ལ་མེད་པས་དེའི་ཕྱིར་དེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ་བར་བགྲང་ངོ་། །འདི་ནི་དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དེ་བཞིན་གཤེགས་པ་ཉིད་
ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ངེས་པའི་ཚིག་གིས་ནི་དེ་བཞིན་དུ་གསུང་བའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་ལ་དེ་བཞིན་དུ་དམིགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་བཞིན་གཤེགས་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །
འདི་ནི་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་སྟེ། ཆོས་ཐམས་ཅད་ལ་དབང་བསྒྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་དེའི་དབང་དུ་འགྱུར་ཏེ། དེའི་ཕྱིར་རང་གིས་ཆོས་ཐམས་ཅད་ཟིལ་གྱི་གནོན་པས་རང་བྱུང་གི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །བརྒྱ་བྱིན་གྱིས་བསྔགས་
པའི་ཚིག་དང་། གནས་བརྟན་ཤཱ་རིའི་བུའི་ཚིག་དང་། བཅོམ་ལྡན་འདས་རྗེས་སུ་ཡི་རང་བའི་ཚིག་རྣམས་ནི་བརྡ་ཕྲད་པར་སླ་བས་མདོ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ལ་མི་གནས་པ་དེའི་ཚེ་གཟུགས་ལ་བརྩོན་པར་
བྱེད་པ་ཡིན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཡེ་ཤེས་ནི་ཆོས་གང་ལ་ཡང་མི་གནས་ཏེ། དེ་བས་ན་མི་གནས་པ་ཉིད་དེའི་བརྩོན་པར་བྱེད་པ་ཞེས་བྱའོ། །ཀཽ་ཤི་ཀ་གཞན་ཡང་བྱང་ཆུབ་སེམས་དཔའི་གཟུགས་ལ་བརྩོན་པར་མི་བྱེད་དེ་འདི་ལྟར་

གཟུགས་ལ་བརྩོན་པར་མི་བྱེད་པ་འདི་ལྟ་བུ་ནི་གཟུགས་ལ་བརྩོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བ་ལ་འགྲེས་སྔ་མར་ནི་གནས་པ་བཀག་གོ། །འདིར་ནི་བསྒྲུབ་པ་བཀག་གོ། །གཟུགས་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པས་དུས་གསུམ་ཆར་དུ་ཡང་མི་དམིགས་
པར་སྟོན་ཏོ། །ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་ཟབ་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་ཟབ་པ་ཞེས་བྱ་བ་ཀུན་བརྟགས་པ་ཡིན་པའི་ཕྱིར་དོན་དམ་པར་གཟུགས་ཉིད་མེད་པས་དེ་སྐད་ཅེས་བྱའོ། །ཟབ་པའི་འགྲེས་དང་། གཏིང་དཔག་དཀའ་བའི་འགྲེས་དང་། ཚད་
མེད་པའི་འགྲེས་དང་། བརྒྱ་བྱིན་གྱི་ཚིག་དང་། ལུང་བསྟན་པ་ཐོབ་པ་དང་། འབྲོག་དགོན་པའི་དཔེ་དང་། རྒྱ་མཚོ་ཆེན་པོའི་དཔེ་དང་། དཔྱིད་ཀྱི་དཔེ་དང་། སྦྲུམ་མའི་དཔེ་དང་། རྗེས་སུ་བཟུང་ཞིང་ཡོངས་སུ་བསྟན་པའི་ཚིག་འདི་རྣམས་ནི་བརྡ་ཕྲད་པར་སླའོ། །ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡོངས་སུ་རྫོགས་པའི་རྟགས་རྣམ་པ་གཉིས་ཏེ། ཆོས་ཐམས་ཅད་འཕེལ་བ་དང་། འགྲིབ་པར་མི་མཐོང་བ་དང་། ཆོས་རྣམས་ཀྱི་མཚན་ཉིད་མཐོང་བའོ། །བསམ་གྱིས་མི་ཁྱབ་པ་བསྟན་པ་དང་། བསམ་གྱིས་མི་ཁྱབ་པ་ལ་རྣམ་པར་རྟོག་པ་མི་
འབྱུང་བ་ཡང་། བསྒོམ་པ་ཡོངས་སུ་རྫོགས་པའི་རྟགས་སོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་རྟགས་ནི་གཟུགས་སུ་མི་རྟོག་རྣམ་པར་མི་རྟོག་གོ། །གཟུགས་ཀྱི་མཚན་མར་མི་རྟོག །རྣམ་པར་མི་རྟོག་གོ། །གཟུགས་ཀྱི་རང་བཞིན་དུ་མི་རྟོག །རྣམ་པར་མི་རྟོག་གོ་ཞེས་
བྱ་བ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་ཆོས་རྣམས་སུ་མི་རྟོག་གོ། །མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་མཚན་མར་མི་རྟོག་གོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རང་བཞིན་དུ་མི་རྟོག་གོ། །ཀུན་བརྟགས་པ་ལ་རྣམ་པར་མི་རྟོག་གོ། །གཞན་གྱི་དབང་ལ་
རྣམ་པར་མི་རྟོག་གོ། །སྔར་ནི་དེ་བཞིན་ཉིད་ཟབ་པས་ཟབ་པ་ཉིད་དུ་གསུངས་སོ། །ད་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་གཟུགས་ལ་སོགས་པ་ལ་སྒྲོ་བཏགས་ནས་ཟབ་པ་བཤད་པ་ནི་གདུལ་བའི་བསམ་པ་སྣ་ཚོགས་ཀྱི་ཕྱིར་རོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དག་

པའི་ཕུང་པོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་ཕུང་པོ་དག་པ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་བར་ཆད་མང་དུ་མི་འབྱུང་བ་ནི་ངོ་མཚར་ཆེའོ་ཞེས་བྱ་བ་ནི་ལེགས་པར་འགྱུར་བ་ལ་བགེགས་མང་ངོ་སྙམ་དུ་བསམས་ནས་གསུངས་པའོ། །དེའི་
འོག་ཏུ་དམ་པའི་ཆོས་ཀློག་པའི་བསོད་ནམས་བསྟན་པ་ནི་བརྡ་ཕྲད་སླའོ། །ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི་བརྒྱ་ཕྲག་ལྔ་བསྡུས་པ་ལ་ལྔ་བརྒྱ་ཞེས་བྱའོ། །དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་ལྔ་སྟོང་ངོ་ཞེས་གསུངས་སོ། །ལོ་ལྔ་སྟོང་ལ་ལོ་ལྔ་
བརྒྱ་ལྔ་བརྒྱའི་དབང་དུ་བྱས་ལ་ཕྱེད་ཕྱེད་དུ་བཅད་ན་ལྔ་བརྒྱ་ཕྲག་བཅུར་འགྱུར་རོ། །དེ་ལ་ལེའུ་བཅུ་སྟེ་ཐོག་མར་ཁོང་དུ་ཆུད་པའི་ལེའུ་དང་། སྒྲུབ་པའི་ལེའུ་དང་། ལུང་གི་ལེའུ་སྟེ། ལེའུ་གསུམ་མོ། །དེ་ལ་ཁོང་དུ་ཆུད་པའི་ལེའུ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། དགྲ་
བཅོམ་པའི་ལེའུ་དང་། ཕྱིར་མི་འོང་བའི་ལེའུ་དང་། རྒྱུན་དུ་ཞུགས་པའི་ལེའུའོ། །བསྒྲུབ་པའི་ལེའུ་ལ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ། ལྷག་མཐོང་གི་ལེའུ་དང་། ཏིང་ངེ་འཛིན་གྱི་ལེའུ་དང་། ཚུལ་ཁྲིམས་ཀྱི་ལེའུའོ། །ལུང་གི་ལེའུ་ཡང་རྣམ་པ་གསུམ་དུ་དབྱེ་སྟེ།
ཆོས་མངོན་པའི་སྡེ་སྣོད་དང་། མདོ་སྡེའི་སྡེ་སྣོད་དང་། འདུལ་བའི་སྡེ་སྣོད་དེ་ལེའུ་དགུ་དང་། རྟགས་ཙམ་འཇིགས་པའི་ལེའུ་དང་བཅུར་འགྱུར་རོ། །དེ་ལ་ལེའུ་རེ་རེ་ལ་ཡང་ལོ་ལྔ་བརྒྱ་ལྔ་བརྒྱ་ཐོགས་ཏེ། དེ་ལྟར་ལེའུ་བཅུ་པོ་དག་གིས་ལྔ་བརྒྱ་ཕྲག་བཅུ་ལ་ལོ་ལྔ་སྟོང་
དུ་འགྱུར་རོ། །དེ་ལ་ལྔ་བརྒྱ་ཐམས་ཅད་ཀྱི་དང་པོ་ལ་དགྲ་བཅོམ་པ། ལྔ་བརྒྱ་གཉིས་པ་ལ་ཕྱིར་མི་འོང་བ། ལྔ་བརྒྱ་གསུམ་པ་ལ་རྒྱུན་ཏུ་ཞུགས་པ། ལྔ་བརྒྱ་བཞི་པ་ལ་ལྷག་མཐོང་། ལྔ་པ་ལ་ཏིང་ངེ་འཛིན། དྲུག་པ་ལ་ཚུལ་ཁྲིམས། བདུན་པ་ལ་ཆོས་མངོན་
པ། བརྒྱད་པ་ལ་མདོ་སྡེ། དགུ་པ་ལ་འདུལ་བ། ལྔ་བརྒྱ་བཅུ་པ་ལ་རྟགས་ཙམ་སྟེ། འདི་ཉིད་ལ་བརྒྱ་པ་ཐ་མ་ཞེས་བྱའོ། །ཁ་ཅིག་ན་རེ་མི་རྣམས་ཀྱི་ཚེའི་ཚད་ནི་ལོ་ལྔ་བརྒྱ་ཐུབ་སྟེ་དེ་ལ་ལོ་ལྔ་བཅུ་པ་སྔ་མ་ལ་ནི་མི་རྣམས་ཁ་དོག་དང་གཟུགས་དང་སྟོབས་དང་།

ཤེས་རབ་ལ་སོགས་པ་མངོན་པར་འཕེལ་བ་ཡིན་ལ་ལྔ་བཅུ་པ་ཕྱི་མ་ལ་ནི་འགྲིབ་པ་ཡིན་ནོ། །དེ་བཞིན་དུ་དུས་ཀྱི་མཐའ་བསྟན་པ་འགྲིབ་པའི་དུས་ཀྱང་ལྔ་བཅུ་པ་ཕྱི་མ་དང་འདྲ་བས་ལྔ་བརྒྱ་པ་ཐ་མ་ཞེས་གདགས་སོ་ཞེས་ཟེར་རོ། །ཡོན་ཏན་གྱི་ཕན་ཡོན་ཐམས་ཅད་བསྟན་པ་ནི་བརྡ་ཕྲད་སླའོ། །
བདུད་ཀྱི་ལས་རྣམས་ནི་སྤོབས་པ་ཕྱིས་ཏེ་སྐྱེས་ན་ཐོགས་པར་འགྱུར་བ་དང་། སྤོབས་པ་ཧ་ཅང་མྱུར་བར་སྐྱེས་ན་ང་རྒྱལ་ཅན་དུ་འགྱུར་བ་དང་། མ་གུས་པར་བྱེད་པ་དང་། གླལ་བ་དང་། དྲེགས་པའོ། །རྒོད་ཅེས་བྱ་བ་ནི་ཆོས་འཆད་པའི་ཚེ་རྒོད་པའམ་ཕན་ཚུན་ཀྱལ་ཀ་བྱེད་
པའོ། །ཕན་ཚུན་སྟེག་ཅིང་ཞེས་བྱ་བ་ནི་གཅིག་ལ་གཅིག་དགོད་བྲོ་བར་བྱེད་པའོ། །ཕན་ཚུན་བཤེས་གཉེན་པ་ལ་ཆགས་ཞེས་བྱ་བ་ནི་ཕན་ཚུན་སེམས་བསྲུང་བའི་ཕྱིར་བྱེད་ཀྱི་དད་པས་བྱེད་པ་མ་ཡིན་ནོ། །ཡི་གེ་གཞན་ལ་ཆགས་ཤིང་ཚིག་གི་དོན་མི་ཤེས་པ་ཞེས་ཀྱང་འབྱུང་
ངོ་། །གླལ་ཞིང་འཛིན་ན་ཞེས་བྱ་བ་ལ་གླལ་བ་ལ་སོགས་པ་འདི་ལྔ་ལས་སྔ་མ་ནི་ཡི་གེར་འབྲི་བའི་ཚེ་ནའོ། །འདིར་ནི་འཛིན་པའི་ཚེའོ། །འགྲོ་བའི་སེམས་བསྐྱེད་པ་ཇི་སྙེད་བྱུང་བ། དེ་སྙེད་ཀྱི་བསྐལ་པ་ཡོངས་སུ་འཛིན་པར་འགྱུར་ཞེས་བྱ་བ་ནི་སླར་འགྲོ་བའི་སེམས་བསྐྱེད་པ་
སྙེད་ཀྱི་བསྐལ་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱ་དགོས་ཏེ་འཆལ་བའི་ཤེས་རབ་ཡིན་པས་དེ་སྙེད་ཀྱི་བསྐལ་པས་ཡོངས་སུ་སྨིན་པར་འགྱུར་རོ། །དེ་དག་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་གི་རྩ་བ་སྤངས་ཏེ་ཞེས་བྱ་བ་ནི་དཔེར་ན་ཤིང་གི་རྩ་བ་སྤངས་ཏེ་
ཡལ་ག་དང་འདབ་མ་དང་། ལོ་མ་ལ་སྒྲུབ་པ་དག་དོན་ཇི་ལྟ་བ་བཞིན་དུ་མི་འགྲུབ་པ་དེ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཤིང་ལྗོན་པ་མེད་པར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡལ་ག་དང་ལོ་མ་ལ་སོགས་པ་ལྟ་བུ་ཡང་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །
ཇི་ལྟར་ཁྱི་རྗེ་བོའི་ཟན་ཞིམ་པོ་རྙེད་སླ་བ་བོར་ཏེ་མིའི་ཟན་བཙལ་ན་མི་རྙེད་པའམ། ཅུང་ཟད་ཅིག་རྙེད་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་སྦྱར་བར་བྱའོ། །ཇི་ལྟར་ལ་ལ་ཞིག་གླང་པོ་ཆེ་རྙེད་ཀྱང་བོར་ཏེ། བདག་ནི་གླང་པོ་ཆེའི་རྗེས་འདོད་ཀྱི་གླང་པོ་ཆེ་ནི་མི་འདོད་དོ་ཞེས་ཟེར་བ་

དེ་དཔྱས་སུ་འགྱུར་བ་དེ་བཞིན་དུ་སྦྱར་བར་བྱའོ། །བ་ལང་གི་རྗེས་ཀྱི་དཔེ་དང་ཤིང་མཁན་རྣམ་པར་རྒྱལ་བའི་ཁང་པ་དབུབ་པར་འདོད་པ་ཉི་མ་དང་ཟླ་བའི་གཞལ་མེད་ཁང་གི་དཀྱིལ་འཁོར་ཚོལ་ཞིང་རྣམ་པར་རྒྱལ་བའི་ཁང་པ་ཡང་འདི་ཙམ་མོ་ཞེས་བྱ་བའི་དཔེ་ཡང་དེ་
བཞིན་ནོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྤོབས་པ་མེད་པས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །བསམ་གྱིས་མི་ཁྱབ་པའོ་ཞེས་བྱ་བ་ནི་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །སྐྱེ་བ་མེད་ཅིང་འགག་པ་མེད་པའོ་ཞེས་བྱ་བ་ནི་མི་འགྱུར་
བར་ཡོངས་སུ་འགྲུབ་པར་ཡོངས་སུ་གྲུབ་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་མེད་ཅིང་། རྣམ་པར་བྱང་བ་མེད་པའོ་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རོ། །འཁྲུགས་པ་མེད་པའོ་ཞེས་བྱ་བ་ནི་རྟག་ཏུ་མཉམ་པར་གཞག་པའི་ཕྱིར་རོ། །བརྗོད་དུ་མེད་པ་
ནི་སོ་སོ་རང་གིས་རིག་པའི་ཕྱིར་རོ། །སྨྲར་མེད་པ་ནི། སྒྲ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །རབ་ཏུ་བརྗོད་དུ་མེད་པ་ནི་རྣམ་པར་རྟོག་པ་དང་། རྣམ་པར་དཔྱོད་པ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །དམིགས་སུ་མེད་པ་ནི་དངོས་པོར་དམིགས་པ་ཐམས་ཅད་དང་བྲལ་
བའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་དངོས་པོ་མེད་ཅེས་བྱ་བར་འདུ་ཤེས་ན་དེ་ཡང་བདུད་ཀྱི་ལས་སོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་འདུ་ཤེས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པ་ལ་རིམ་གྲོར་མི་བྱེད་པའི་ཉེས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
འདི་ཡི་གེ་མ་མཆིས་པའོ་ཞེས་བྱ་བ་ནི་བརྗོད་དུ་མེད་པ་དང་། མཉན་དུ་མེད་པའི་ཕྱིར་རོ། །བདུད་ཀྱི་ལས་ལྷག་མ་རྣམས་ནི་བརྡ་ཕྲད་པར་སླའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་དེ་བཞིན་གཤེགས་པའི་སྟོབས་བཅུ་བསྐྱེད་དོ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་
ཆོས་རྣམས་བསྐྱེད་པའི་ཕྱིར་དོན་དམ་པའི་དེ་བཞིན་གཤེགས་པ་བསྐྱེད་པ་ཡིན་ནོ་ཞེས་སྟོན་ཏོ། །འཇིག་རྟེན་སྟོན་པ་ཞེས་བྱ་བ་ནི་རྣམ་པ་བཅུ་གཅིག་གིས་འཇིག་རྟེན་སྟོན་པར་བཤད་དེ། ཕུང་པོའི་འཇིག་རྟེན་སྟོན་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་བརྟགས་པ་དམིགས་སུ་མེད་

པར་སྟོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད་པ་དང་། དབྱེ་བ་ལ་སོགས་པ་སྟོན་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྟོན་པ་དང་། ཆོས་ཐམས་ཅད་མཚན་ཉིད་མེད་པའི་མཚན་ཉིད་དུ་སྟོན་པ་དང་། བྱས་པ་གཟོ་ཞིང་བྱས་པ་ཚོར་བའི་དབང་དང་། ཆོས་
ཐམས་ཅད་ཤེས་པ་པོ་མེད་ཅིང་། མཐོང་བ་པོ་མེད་པར་སྟོན་པ་དང་། མ་མཐོང་བའི་ཆོས་ཐམས་ཅད་སྟོན་པ་དང་། འཇིག་རྟེན་སྟོང་པ་ཉིད་དུ་བརྗོད་པ་རིག་པར་བྱེད་ཤེས་པར་བྱེད། རྣམ་པར་ཤེས་པར་བྱེད་སྟོན་པར་བྱེད་པའི་དབང་དང་། འཇིག་རྟེན་འདི་བསམ་གྱིས་མི་ཁྱབ་ཅིང་
དབེན་ལ། ནང་ལ་སོགས་པ་སྟོང་ཞིང་ཞི་བར་སྟོན་པ་དང་། འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་པོའི་འདུ་ཤེས་མེད་པས་སོ། །དེ་ལ་རབ་འབྱོར་ཕུང་པོ་ལྔ་ནི་དེ་བཞིན་གཤེགས་པས་འཇིག་རྟེན་དུ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོ་ལྔ་པོ་འདི་དག་འཇིག་
པར་སྟོན་པ་མ་ཡིན། རབ་ཏུ་འཇིག་པར་སྟོན་པ་མ་ཡིན་ཏེ་ཞེས་བྱ་བ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕུང་པོའི་དེ་བཞིན་ཉིད་འབའ་ཞིག་མཐོང་གི་ཀུན་བརྟགས་པའི་ཕུང་པོ་ནི་མ་ཡིན་ནོ། །འཇིག་པ་དང་རབ་ཏུ་འཇིག་པ་ཞེས་བྱ་བ་ནི་ཆུད་ཟ་བ་དང་མ་རུང་བར་འགྱུར་བ་ལ་
བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཉིད་ལ་མེད་ཅིང་མི་དམིགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཟུགས་ཡོད་པའམ་དམིགས་པར་ལྟ་ག་ལ་འགྱུར་ཞེས་བྱ་བ་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པས་
མཉམ་པས་མཉམ་པར་གྱུར་པའི་ཚེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་མི་སྣང་ན་གཟུགས་ལ་སོགས་པ་ལྟ་ཅི་སྨོས་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་དེ་བཞིན་གཤེགས་པས་སེམས་ཅན་དེ་དག་གི་སེམས་
བསྡུས་པ་དང་། སྤྲོས་པ་ནི་ཆོས་ཉིད་ཀྱིས་ཡང་དག་པ་ཇི་ལྟ་བ་ཉིད་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ནི་སེམས་ཀྱི་ཆོས་ཉིད་གཟིགས་པས། སེམས་བསྡུས་པ་དང་། སྤྲོས་པ་རྣམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་མེད་པར་མཁྱེན་པ་ལ་སེམས་བསྡུས་པ་དང་། སྤྲོས་པ་

མཁྱེན་པ་ཞེས་བྱའོ། །དེ་ནས་ཡང་སེམས་བསྡུས་པ་དང་སྤྲོས་པ་དེ་དག་ཇི་ལྟར་མཁྱེན་ཞེས་གསོལ་པ་དང་། ཟད་པ་དང་འདོད་ཆགས་དང་བྲལ་བ་དང་འགག་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། སེམས་ཅན་ཟད་པའི་ཆོས་ཉིད་དང་། འདོད་ཆགས་
དང་བྲལ་བའི་ཆོས་ཉིད་དང་འགག་པའི་ཆོས་ཉིད་དང་སྤོང་བའི་ཆོས་ཉིད་དང་། ངོ་བོ་ཉིད་ཀྱིས་དབེན་པར་མཁྱེན་པ་ལ་སེམས་དེ་དག་མཁྱེན་ཞེས་བཤད་དོ། །དེའི་འོག་ཏུ་རབ་འབྱོར་སེམས་འདོད་ཆགས་དང་བཅས་པ་གང་ཡིན་པ་དེ་ནི་སེམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་
ནོ་ཞེས་བྱ་བས་འདོད་ཆགས་དང་བཅས་པའི་སེམས་ལ་སོགས་པ་མཁྱེན་པར་སྟོན་ཏོ། །འདི་ལ་འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཞེས་བྱ་བ་ལ་འདིར་གལ་ཏེ་འདོད་ཆགས་དང་།
སེམས་དང་། འདོད་ཆགས་དང་བཅས་པ་ཉིད་ཀྱང་དེ་ལྟར་ཤེས་ན་འདོད་ཆགས་དང་བཅས་པ་ཞེས་བྱ་བའི་སེམས་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོད་པ་མ་ཡིན་གྱི་ཡང་དག་པ་ཇི་ལྟ་བ་ཉིད་ཅེས་བྱ་བའི་ཆོས་ངོ་བོ་ཉིད་ཀྱིས་དབེན་པ་ལ་སེམས་ཀྱི་ཆོས་ཡང་དག་པ་ཇི་ལྟ་བ་
ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པ་ཤེས་རབ་ཤིན་ཏུ་རྣམ་པར་དག་པ་ནི་སེམས་སམ། འདོད་ཆགས་སམ། སེམས་ལས་བྱུང་བའི་ཆོས་སམ། འདོད་ཆགས་དང་བཅས་པ་ལ་སོགས་པར་མི་བཟུང་སྟེ། འདོད་ཆགས་དང་བཅས་པ་ལ་སོགས་པའི་གནས་
སྐབས་ཀྱི་ཀུན་བརྟགས་པ་དེ་ཤིན་ཏུ་མེད་པའི་ཕྱིར་རོ། །དེ་བས་ན་འདིར་ཚིག་གི་དོན་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། འདོད་ཆགས་བཅས་པའི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་ཞིང་དེ་བདེན་པ་མ་ཡིན་པས་དེ་སྤངས་ཏེ། ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་རྣམ་པར་རབ་ཏུ་
མཁྱེན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ཡང་འདོད་ཆགས་དང་བྲལ་བའི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་དུ་རབ་ཏུ་མཁྱེན་པ་སྟོན་ཏེ། རབ་འབྱོར་སེམས་འདོད་ཆགས་དང་བྲལ་བ་གང་ཡིན་པ་དེ་སེམས་འདོད་ཆགས་དང་བཅས་པ་མ་ཡིན་ཞེས་བྱ་བས་ཅི་བསྟན་ཞེ་ན་

སེམས་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བཅས་པ་ཉིད་དོན་དམ་པར་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། འོན་ཀྱང་ཀུན་བརྟགས་པའི་བདག་ཉིད་དུ་ཡང་འདོད་ཆགས་དང་བྲལ་བའི་གནས་སྐབས་ན། འདོད་ཆགས་དང་བཅས་པ་ཞེས་བརྗོད་པར་མི་ནུས་ཏེ། འདོད་
ཆགས་དང་བཅས་པ་དང་འདོད་ཆགས་དང་བྲལ་བ་གཉིས་སེམས་གཅིག་ལ་མི་སྲིད་པ་དང་། སེམས་གཉིས་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ། །དེ་བས་ན་ཡང་དག་པ་མ་ཡིན་པར་ཡང་མ་ཟད་ཀྱི། ཀུན་བརྟགས་པའི་རྣམ་པར་ཡང་འདོད་ཆགས་དང་བྲལ་བ་ལ་འདོད་
ཆགས་དང་བཅས་པ་ཞེས་བྱར་མི་རུང་བས། འདོད་ཆགས་དང་བྲལ་བ་ཉིད་ཅེས་བཤད་དོ། །དེ་བཞིན་དུ་ཞེ་སྡང་དང་བྲལ་བ་དང་། གཏི་མུག་དང་བྲལ་བ་ཡང་སྦྱར་བར་བྱའོ། །སེམས་རྒྱ་ཆེ་བ་ལ་རྒྱ་ཆེ་ཞེས་བྱ་བ་དང་། རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་
སེམས་ཅན་དེ་དག་གི་སེམས་རྒྱ་ཆེ་བ་མ་ཡིན་ཞུམ་པ་མ་ཡིན་པར་རབ་ཏུ་མཁྱེན་ཏོ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པར་འགྱུར་ཏེ། འདིའི་སེམས་ནི་རྒྱ་ཆེ་བའོ། །གཞན་གྱི་སེམས་ནི་ཞུམ་པའོ། །འདིའི་སེམས་ནི་འཕེལ་བའོ། །གཞན་གྱི་སེམས་ནི་འགྲིབ་པའོ། །
འདིའི་སེམས་ནི་ཁྱབ་པར་འགྲོ་བའོ། །གཞན་གྱི་སེམས་ནི་ཁྱབ་པར་འགྲོ་བ་མ་ཡིན་པའོ་ཞེས་བྱ་བར་མི་གཟིགས་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས། སེམས་རྒྱ་ཆེ་བ་དེ་དངོས་པོ་མེད་ཅིང་ཡོད་པ་མ་ཡིན་པ། ངོ་བོ་ཉིད་མེད་པར་རབ་ཏུ་མཁྱེན་པ་
ནི་སེམས་རྒྱ་ཆེ་བ་ལ་སེམས་རྒྱ་ཆེ་བར་ཡོངས་སུ་མཁྱེན་ནས། དེ་ཡང་དག་པ་ཇི་ལྟ་བ་ཉིད་དུ་དངོས་པོ་མེད་པར་རབ་ཏུ་མཁྱེན་ཏོ་ཞེས་བསྟན་པ་ཡིན་ནོ། །དེ་བཞིན་དུ་ཆེན་པོར་གྱུར་པ་ཞེས་བྱ་བ་འདིར་ཡང་རབ་འབྱོར་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་གཞན་དང་
གང་ཟག་གཞན་དག་གི་སེམས་འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་གནས་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པར་གཟིགས་སོ་ཞེས་བྱ་བ་ལ་སོགས་པས་འདི་སྟོན་ཏེ། ཆེན་པོ་ཞེས་བྱ་བ་འདི་ལ་ཆེན་པོ་ནི་སྐྱེ་བའི་དབང་དང་། ཡང་དག་པར་གནས་

པའི་དབང་དང་གནས་ཤིང་ཡངས་པའི་མཚན་ཉིད་གཞན་དུ་གྱུར་པས་འགྱུར་རོ། །གྱུར་པ་ཞེས་བྱ་བ་དེ་ནི་འོང་བ་དང་འགྲོ་བའི་དབང་གིས་འགྱུར་ཏེ། དེ་བཞིན་གཤེགས་པའི་ཤེས་རབ་ཀྱིས་ནི་དེ་ལྟ་བུར་མི་གཟིགས་ཀྱི་དངོས་པོ་མེད་པར་ངོ་བོ་ཉིད་ཁོ་ནར་
གཟིགས་སོ། །དེ་ལྟར་ན་སེམས་ཆེན་པོར་གྱུར་པ་ལ་སེམས་ཆེན་པོར་འགྱུར་བ་མེད་པས་འདིའི་དངོས་པོ་མེད་པར་རབ་ཏུ་མཁྱེན་པ་ལ་དེ་སྐད་ཅེས་བྱའོ། །སེམས་ཚད་མེད་པ་ཞེས་བྱ་བས་འདི་སྟོན་ཏེ། སེམས་ཅན་དེ་བདག་གི་སེམས་དེ་གནས་པ་མ་ཡིན་པ་དང་རྒྱུན་ཆད་པ་མ་
ཡིན་པ་དང་། ཡོངས་སུ་གནས་པ་མ་ཡིན་པ་དང་། ཡོངས་སུ་མི་གནས་པ་མ་ཡིན་པར་ཡང་དག་པར་རྗེས་སུ་གཟིགས་སོ་ཞེས་བྱ་བ་ལ་སོགས་པ་འདི་སྐད་བསྟན་ཏེ། ཚད་མེད་པ་ནི་ཁྱབ་པར་གནས་པའམ། དབྱིབས་ཀྱི་དབང་གིས་འགྱུར་གྲང་ན། དེ་བཞིན་གཤེགས་པ་ནི་
དེ་ལྟ་བུའི་ཚད་མེད་པ་འདི་སེམས་མི་གཟིགས་ཀྱི་སེམས་ཐམས་ཅད་མི་གནས་པ་དང་། རྟེན་མེད་པར་གཟིགས་ཏེ། དེ་ལྟར་གཟིགས་པ་ན་ཚད་མེད་པའི་སེམས་ཡང་དག་པ་ཇི་ལྟ་བ་ཉིད་དུ་རབ་ཏུ་མཁྱེན་ཏོ་ཞེས་བྱའོ། །སེམས་དེ་མཚན་ཉིད་མེད་པ། ངོ་བོ་ཉིད་དང་བྲལ་བར་
གཟིགས་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་དང་། མཚན་ཉིད་མེད་པའི་ཕྱིར་བསྟན་པར་མི་ནུས་པས་བསྟན་དུ་མེད་པར་གཟིགས་སོ། །སྤྱན་ལྔ་ལ་སེམས་དེ་དག་སྣང་བར་མི་འགྱུར་ཞེས་བྱ་བ་ནི་བསགས་པའི་ཕྱིར་སེམས་ཏེ། ཀུན་བརྟགས་པ་ལ་བྱའོ། །དེ་ཡང་དེའི་བདག་ཉིད་ཀྱིས་ཡོད་པ་
མ་ཡིན་ཏེ། མེད་པ་ཉིད་ཀྱི་ཕྱིར་དེ་ཁོ་ན་གཟིགས་པ་རྣམས་ཀྱི་སྤྱན་ལ་སྣང་བར་མི་འགྱུར་རོ། །དེ་བས་ན་སེམས་ནི་བལྟར་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །།བམ་པོ་ཉི་ཤུ་གཅིག་པ། སེམས་གསལ་བ་དང་། བྱིང་བ་དང་བཙུམས་པ་དང་། བཀྲམ་པ་ཞེས་བྱ་བ་
ནི་མུ་སྟེགས་ཅན་ལྟ་བ་ཕྱིན་ཅི་ལོག་པ་རྣམས་སེམས་རྟག་པར་འཛིན་པའི་དབང་གིས་ནི་གསལ་བའོ། །ཆད་པར་འཛིན་པའི་དབང་གིས་ནི་བྱིང་བའོ། །སྐུར་པ་འདེབས་པའི་དབང་གིས་ནི་བཙུམས་པའོ། །སྒྲོ་འདོགས་པའི་དབང་གིས་ནི་བཀྲམ་པ་སྟེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་

མཁྱེན་ཏོ། །གཟུགས་ལ་བརྟེན་ཅེས་བྱ་བ་ནི་ཕུང་པོ་ལྔ་ལས་བརྩམས་ཏེ་སྐྱེའོ་ཞེས་བྱ་བར་བསྟན་པའོ། །དེ་ནི་གཟུགས་ལ་གནས་པའོ་ཞེས་བྱ་བ་ནི་གཟུགས་ལ་གནས་ཏེ་སེམས་འཕྲོ་བ་དང་། གཟུགས་བདག་གོ་ཞེས་མངོན་པར་ཞེན་ནས་སྨྲའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
བཞིན་དུ་དེ་ནི་ཚོར་བ་ལ་གནས་པ་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེ་བཞིན་དུ་ལྟ་བར་གྱུར་པ་ལས་སེམས་འཕྲོ་བ་ལ་སོགས་པ་ཡང་བསྟན་ནས། ད་ནི་རྣམ་པར་རྟོག་པའི་སྤྲོས་པའི་འཕྲོ་བ་ལ་སོགས་པས་བསྟན་པའི་ཕྱིར་གསུངས་པ། རབ་འབྱོར་གཞན་
ཡང་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་གཟུགས་མཁྱེན་ཏོ། །གཟུགས་ཇི་ལྟར་མཁྱེན་ཞེ་ན་ཇི་ལྟར་དེ་བཞིན་ཉིད་དུ་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ལ། མཚན་མ་མེད་ཅིང་ཞེས་བྱ་བ་ལ་སོགས་པ་རྣམ་པ་དྲུག་གིས་ཆོས་ཐམས་ཅད་
དེ་བཞིན་ཉིད་དུ་བདག་ཉིད་དུ་མཁྱེན་ཏོ། །དེ་ལ་འགྱུར་བ་མེད་པ་ཞེས་བྱ་བ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་ནི་མ་ནོར་བ་དེ་བཞིན་ཉིད་ཀྱི་ཕྱིར་རོ། །མཚན་མ་མེད་པ་ནི་ཡང་དག་པའི་མཐའི་ཕྱིར་རོ། །ལྷུན་གྱིས་གྲུབ་པ་ནི་
གསལ་བར་བྱེད་པ་མེད་པའི་ཕྱིར་རོ། །སྤྲོས་པ་མེད་པ་ནི་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར་རོ། །དེ་དམིགས་སུ་མེད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །ད་ནི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་
ཆོས་ཐམས་ཅད་དང་། འཕགས་པའི་གང་ཟག་ཐམས་ཅད་དང་། འཕགས་པའི་ཆོས་ཐམས་ཅད་དང་། དེ་བཞིན་གཤེགས་པ་ཡང་དེ་བཞིན་ཉིད་དུ་ཐ་མི་དད་པའི་ཕྱིར། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་གཉིས་སུ་མེད་པར་སྟོན་ཏེ། རབ་འབྱོར་དེ་
ལྟར་ན་སེམས་ཀྱི་གསལ་བ་དང་། བྱིང་བ་དང་། བཀྲམ་པ་དང་། བཙུམས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་དོ་ཞེས་བྱ་བ་ལ་སོགས་པས་སོ། །ལྷའི་བུ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་

ཟབ་མོ་འདི་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དེ་ཞེས་བྱ་བ་ནི་བྱིས་པའི་སྤྱོད་ཡུལ་དུ་གྱུར་པ་ཀུན་བརྟགས་པའི་ཆོས་རྣམས་དང་། བྲལ་བ་ཉིད་ལ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །རྟོག་པ་དང་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཀྱི་མཚན་མ་མེད་ཅིང་
ཤིན་ཏུ་ཞི་བའི་ཕྱིར་མཚན་མ་མེད་པའི་མཚན་ཉིད་ཅེས་བྱའོ། །རྣམ་པར་རྟོག་པའི་སྨོན་པ་ཐམས་ཅད་ཡོངས་སུ་བཏང་བའི་ཕྱིར་ཕྱིས་སྨོན་པའི་མཚམས་མི་སྦྱོར་བ་ནི་སྨོན་པ་མེད་པའི་མཚན་ཉིད་ཅེས་བྱའོ། །རྒྱུ་དང་རྐྱེན་དང་འབྲས་བུར་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་རྒྱུན་ཆད་
ཅིང་སྐྱེ་བ་ལ་སོགས་པ་དང་བྲལ་བའི་ཕྱིར་འདུས་མ་བྱས་པའི་གནས་སྐབས་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་མཚན་ཉིད་ཅེས་བྱའོ། །གྱུར་པ་རྣམ་པ་བཞིས་གནས་གྱུར་ཅིང་ཤིན་ཏུ་ཡོངས་སུ་དག་པ་ཉིད་ལ་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་
པའི་མཚན་ཉིད་ཅེས་བྱའོ། །སྒྱུ་མ་དང་རྨི་ལམ་དང་མིག་ཡོར་ལ་སོགས་པ་བཞིན་དུ་ཡོངས་སུ་མ་གྲུབ་ཅིང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་རྟོག་པ་དང་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་ཞིང་དོན་དམ་པར་བརྗོད་དུ་མེད་པས་ནམ་མཁའ་
བཞིན་དུ་གང་དུ་ཡང་གནས་པ་མེད་པ་ལ་མི་གནས་པའི་མཚན་ཉིད་ཅེས་བྱའོ། །སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། དབུས་ཀྱི་མཐའ་རྣམ་པར་སྤངས་པའི་ཕྱིར་ཡོད་པ་དང་མེད་པའི་དངོས་པོ་དང་བྲལ་བ་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལ་ཆད་པ་མེད་
པ་དང་། རྣམ་པར་རྟག་པ་མེད་པའི་མཚན་ཉིད་ཅེས་བྱའོ། །ཐ་དད་པའི་རྣམ་པར་རྟོག་པ་ཐམས་ཅད་སྤངས་པས་གཉིས་སུ་མེད་པ་ཐ་དད་པ་དང་གཅིག་པ་དང་བྲལ་བ་ཉིད་ནི་དོན་གཅིག་པ་མ་ཡིན་པ་དང་། དོན་ཐ་དད་པ་མ་ཡིན་པའི་མཚན་ཉིད་ཅེས་བྱའོ། །རྩོལ་བ་ཐམས་
ཅད་སྤངས་པས་གསལ་བར་བྱེད་པ་མེད་པ་ལ་བྱ