Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 18 / 20 (50.000 ký tự/trang)
་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་མེད་ན་ནི་དེའི་ཚེ་ཆོས་གཞན་དག་ཡོད་པར་འགྱུར་རོ། །དེ་ལས་གཞན་པ་མེད་པར་འགྱུར་ན་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོད་པར་འགྱུར་རོ། །དེ་ལྟ་ན་ནི་དེ་མི་རིགས་པར་འགྱུར་ན། འདི་ལྟར་ན་ཐམས་ཅད་ཀྱང་སྟོང་སྟེ། དེའི་ཕྱིར་སྟོང་པ་ཉིད་ཀྱི་མཚན་ཉིད་དུ་འདུས་
པར་རིགས་སོ་ཞེས་སྟོན་ཏོ། །ཇི་ལྟར་ན་ཆོས་ཐམས་ཅད་སྟོང་པ་ཉིད་ལ་གནས་ཏེ་མངོན་པར་ཤེས་པའི་ཕ་རོལ་ཏུ་ཕྱིན་པ་མངོན་པར་སྒྲུབ་པ་ལགས་ཞེས་བྱ་བ་ནི་སྟོང་པ་ཉིད་ཡིན་ན་རྣམ་པར་སྨིན་པའི་མངོན་པར་ཤེས་པ་མངོན་པར་སྒྲུབ་པ་ཇི་ལྟར་སྒྲུབ་པར་འགྱུར་ཞེས་ཞུས་པའོ། །སྟོང་
པ་ཉིད་ཀྱི་སྒོ་ནས་མངོན་པར་སྒྲུབ་པོ་ཞེས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས་མངོན་པར་ཤེས་པར་རྣམ་པར་ཕྱེ་སྟེ་བསྟན་པ་དང་། བྱང་ཆུབ་ཀྱི་ཡན་ལག་ཏུ་གྱུར་པའི་ཆོས་བཤད་
པ་དང་། གང་ཟག་ཐ་དད་པ་བསྟན་པ་དང་། སེམས་ཅན་ཡོངས་སུ་ཐར་པར་བྱ་བ་ཞུས་པ་དང་། ལན་བཏབ་པ་དང་། དགེ་བ་བསྟེན་པ་དག་ནི་གོ་སླའོ། །བཅོམ་ལྡན་འདས་སྡུག་བསྔལ་འཚལ་བས་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རམ། འོན་ཏེ་
སྡུག་བསྔལ་གྱིས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་སྡུག་བསྔལ་དང་། ཀུན་འབྱུང་བ་ལ་སོགས་པས་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་དག་ལ་

ཡང་སྡུག་བསྔལ་དང་། ཀུན་འབྱུང་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །ཇི་སྟེ་སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པས་མྱ་ངན་ལས་འདའ་བར་འགྱུར་ན་ནི་དེ་ལྟ་ན་ཉན་ཐོས་བཞིན་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཐོབ་པར་འགྱུར་རོ་སྙམ་དུ་དགོངས་ནས་ཞུས་
པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་གཉི་ག་ལྟར་ཡང་མྱ་ངན་ལས་འདའ་བར་མི་འགྱུར་གྱི། དེ་བཞིན་ཉིད་ཅེས་བྱ་བ་མཉམ་པ་ཉིད་རབ་ཏུ་རྟོགས་པས་མྱ་ངན་ལས་འདའ་བར་འགྱུར་བ་བསྟན་ཏོ། །གང་དག་བདེན་པར་གཏོགས་པའམ། གང་དག་བདེན་པར་མ་
གཏོགས་པ་ཞེས་བྱ་བ་ལ། ནང་གི་ཕུང་པོ་རྣམས་ནི་བདེན་པར་གཏོགས་པའོ། །ཕྱི་རོལ་གྱི་རྣམས་ནི་བདེན་པར་མ་གཏོགས་པའོ། །རབ་འབྱོར་ཆོས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྗེས་སུ་ལྟ་བའི་ཆོས་དེ་ལྟ་བུ་མེད་དོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་གནས་
སྐབས་ཉིད་ན་ཆོས་ཐམས་ཅད་མེད་པའོ། །དེ་རིགས་ཀྱི་ས་ལ་གནས་ནས་སྤྱི་བོར་ལྟུང་བར་མི་འགྱུར་ཏེ་ཞེས་བྱ་བ་ནི་དེ་ལ་ཆོས་ལ་འདུན་པའི་སྲེད་པ་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྡུག་བསྔལ་རབ་ཏུ་ཤེས་པས་ཀྱང་སྡུག་བསྔལ་ལ་དམིགས་པའི་སེམས་མི་སྐྱེད་དོ་ཞེས་བྱ་བ་
ནི་སྔར་བཤད་པའི་ཚུལ་གྱིས་ཡོངས་སུ་འདྲིས་པའི་ཤེས་པས་ཡོངས་སུ་འདྲིས་པ་འབའ་ཞིག་ཏུ་བྱེད་ཀྱི། ཉན་ཐོས་ཀྱི་སར་ལྟུང་དུ་དོགས་པའི་ཕྱིར་སེམས་བཅུ་དྲུག་པོ་དག་གིས་དེ་མངོན་སུམ་དུ་བྱས་ནས་མངོན་པར་ནི་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོ་མེད་པ་ནི་བྱང་
ཆུབ་སྟེ་ཞེས་བྱ་བ་ལ། དངོས་པོ་ནི་འདུས་བྱས་དང་འདུས་མ་བྱས་དང་། བརྟགས་པ་དང་། མ་བརྟགས་པའི་ཆོས་རྣམས་ཏེ། དེའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་བརྗོད་དུ་མེད་པ། དོན་དམ་པར་གནས་པའི་བྱང་ཆུབ་ལ་དངོས་པོ་མེད་པ་ཞེས་བྱའོ། །དེ་ནས་ཡང་བྱིས་པ་སོ་
སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་གསུམ་གྱི་ཆོས་རྣམས་ཀུན་བརྟགས་པ་ཉིད་དུ་སྟོན་ཏོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ཀུན་བརྟགས་པ་ཡིན་པས་དངོས་པོ་མེད་པའི་བདག་ཉིད་ཁོ་ན་ཞེས་བྱ་བའི་ཐ་

ཚིག་གོ། །ལམ་ནི་དངོས་པོ་མ་མཆིས་པའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ནི་དངོས་པོ་མ་མཆིས་པའོ་ཞེས་བྱ་བ་ལ་སོགས་པས། དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཐོས་པ་ཞེས་བྱ་བ་གང་ཡང་མེད་དོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་དངོས་པོ་
བྱུང་བའམ། མ་བྱུང་བ་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ཅེས་བགྱི་བ་མ་མཆིས་སམ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་དམ། མ་ནོར་བ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་འདས་པའམ་ཕྱིས་འབྱུང་བ་འམ་ད་ལྟར་བྱུང་བ། འདུས་བྱས་པ་དོན་དམ་པར་གང་ཡང་མཆིས་སམ་
ཞེས་ཞུས་པའོ། །རྨི་ལམ་ལྟ་བུ་ལ་སོགས་པ་དཔེ་དྲུག་པོ་དག་ནི་གོ་སླའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། ཆོས་དེ་དག་སྒྱུ་མ་ལྟ་བུ་འམ་རྨི་ལམ་ལྟ་བུ་དག་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་། ཚངས་པའི་དབྱངས་ཀྱིས་དེ་
དག་གི་མཐར་ཐུག་པའི་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ་སྟེ། དེ་བས་ན་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་ཉེས་པ་མེད་དོ་ཞེས་བསྟན་པའོ། །རབ་འབྱོར་འདི་ལྟར་ཆོས་དེ་དག་ཐམས་ཅད་ནི་མངོན་པར་འདུས་བྱས་པ་དང་། བསམ་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དགེ་
བའི་བདག་ཉིད་ཡིན་པའི་ཕྱིར་མངོན་པར་འདུས་བྱས་པའོ། །སེམས་པ་སྔོན་དུ་འགྲོ་བའི་ཕྱིར་བསམས་པ་སྟེ་དེ་བས་ན་ཀུན་བརྟགས་པའི་ཞེས་བསྟན་ཏོ། །རབ་འབྱོར་འོན་ཀྱང་ཆོས་དེ་དག་ཐམས་ཅད་ཀྱང་ལམ་བསྒྲུབ་པ་དང་། ལམ་སྐྱེད་པར་བྱེད་པ་ཡིན་གྱི། འབྲས་བུ་ཐོབ་པར་
བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་གནས་རྣམ་པར་དག་པར་བྱེད་པ་ཡིན་པས། གནས་ཡོངས་སུ་དག་པར་བྱེད་ན་ལམ་གྱི་རྒྱུན་འགྱུར་རོ། །གང་སྐྱེ་བ་མེད་པ་དང་། འགག་པ་མེད་པའི་བདག་ཉིད་ཅན་དངོས་པོ་མེད་པ་དེ་དག་
ཕྲད་པ་ནི་འབྲས་བུ་ཐོབ་པར་བྱེད་པ་མེད་དེ། དེ་ནི་ངོ་བོ་ཉིད་དེ་བཅོས་མ་མ་ཡིན་པ་གནས་པའི་མཚན་ཉིད་ཡིན་ནོ་ཞེས་བསྟན་པའོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཟུང་དུ་མེད་དོ་ཞེས་བྱ་བ་ནི་དངོས་པོའི་ཚུལ་དུའམ། དངོས་པོ་མེད་པའི་ཚུལ་དུ་གཟུང་དུ་མི་རུང་བའོ། །རབ་འབྱོར་

གཉིས་ཀྱིས་མངོན་པར་རྟོགས་པར་འགྱུར་བ་མེད། གཉིས་སུ་མེད་པས་ཀྱང་མངོན་པར་རྟོགས་པར་འགྱུར་བ་མེད་ཅེས་བྱ་བ་ནི་གལ་ཏེ་འདུས་བྱས་སམ། འདུས་མ་བྱས་ཀྱི་དངོས་པོ་འགའ་ཞིག་མཐོང་ན་ནི་གཉིས་ཀྱིས་མངོན་པར་རྟོགས་པར་འགྱུར་རོ། །གལ་ཏེ་རི་བོང་གི་རྭ་ལ་སོགས་པ་བཞིན་
དུ་ཤིན་ཏུ་དངོས་པོ་མེད་པ་ཞིག་ཡིན་ན་ཡང་གཉིས་སུ་མེད་པས་མངོན་པར་རྟོགས་པར་འགྱུར་རོ། །དེ་བས་ན་རྣམ་པ་དེ་གཉིས་ལས་བཟློག་པ་ནི་མཉམ་པ་ཉིད་རབ་ཏུ་རྟོགས་པ་སྟེ། མངོན་པར་རྟོགས་པའོ་ཞེས་བསྟན་པ་ཡིན་ནོ། །ཡོངས་སུ་བརྗོད་པ་མེད་པ་ཞེས་བྱ་བ་ནི་མངོན་པར་བརྗོད་
པར་བྱ་བ་དང་། རབ་ཏུ་བརྗོད་པར་བྱ་བ་མ་ཡིན་པ་ལ། རབ་འབྱོར་འཇིག་རྟེན་གྱི་ཐ་སྙད་དུ་བྱའོ་ཞེས་བྱའོ། །དེ་བཞིན་གཤེགས་པས་ཆོས་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བས་ནི་ཤིན་ཏུ་མཐར་ཐུག་པ་གནས་གྱུར་པ། རྣམ་པར་རྟོག་པ་དང་། སྤྲོས་པ་ཐམས་ཅད་སྤངས་
པ་ནི་མཉམ་པ་ཉིད་ལ་གནས་པའི་ཕྱིར་ཤེས་པར་བྱ་བ་ཉིད་ཀྱང་མེད་དེ་ཤེས་པར་བྱ་བར་འགྱུར་བའི་དོན་མི་གཟིགས་པས་ཅི་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་ཞེས་བསྟན་པའོ། །བཅོམ་ལྡན་འདས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ལ་མཉམ་པ་ཉིད་ཅེས་བགྱི་
བ་གང་ཞིག་མཆིས་ཞེས་བྱ་བ་ནི་ཆོས་རྣམས་ཡོད་ན་མཉམ་པ་ཉིད་ཅེས་བྱ་བ་ཡང་ཡོད་དོ་སྙམ་དུ་དགོངས་པའོ། །རབ་འབྱོར་འདིར་ནི་དེ་ཉིད་མཉམ་པ་ཉིད་དོ་ཞེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་རྣམས་ཀྱི་མཉམ་པ་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བ་སྟེ། དེའི་དངོས་
པོར་རྣམ་པར་རྟོག་པ་ཡང་སྤངས་པའི་ཕྱིར་རོ། །རབ་འབྱོར་ཆོས་མཉམ་པ་ཉིད་ནི་དེ་བཞིན་གཤེགས་པའི་ཡུལ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་མཉམ་པ་ཉིད་ནི་གང་གི་ཡུལ་དུ་ཡང་མི་འགྱུར་ཏེ། དེ་བཞིན་གཤེགས་པ་ཡང་ཆོས་མཉམ་པ་ཉིད་ཀྱི་ངོ་བོ་ཉིད་མི་གཟིགས་སོ། །ཆོས་
མཉམ་པ་ཉིད་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་། འཕགས་པ་ཐམས་ཅད་དང་། དེ་བཞིན་གཤེགས་པའི་ཆོས་མཉམ་པ་ཉིད་ནི་མཚུངས་སོ། །ཆོས་མཉམ་པ་ཉིད་ལས་ཀྱང་མི་གཡོ་ལ། ཆོས་རྣམས་རྣམ་པར་དགོད་པ་

ཡང་མཛད་ཅེས་བྱ་བ་ནི་དོན་དམ་པའི་བདེན་པས་མི་གཡོ་ལ། ཀུན་རྫོབ་ཏུ་རྣམ་པར་དགོད་པ་མཛད་དོ། །བཅོམ་ལྡན་འདས་ཅི་ལགས། ཆོས་ཉིད་འདུས་བགྱིད་ལགས་སམ། འོན་ཏེ་འདུས་མ་བགྱིད་ལགས་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན། གང་གཟུགས་ལ་
སོགས་པའི་ཆོས་འདི་རྣམས་ཀྱི་ཆོས་ཉིད་དེ་གལ་ཏེ་འདུས་མ་བྱས་ཡིན་ན་གཟུགས་ལ་སོགས་པ་འདུས་བྱས་རྣམས་ཀྱི་ཆོས་ཉིད་དུ་མི་འགྱུར་རོ། །གལ་ཏེ་འདུས་བྱས་ཡིན་ན། གཟུགས་ལ་སོགས་པ་བཞིན་དེ་ཡང་ཀུན་བརྟགས་པ་སྟེ། སྐྱེ་བ་དང་འགག་པ་ཅན་དུ་འགྱུར་རོ་སྙམ་དུ་དགོངས་
ནས་ཞུས་པའོ། །བཅོམ་ལྡན་འདས་ཀྱིས། རབ་འབྱོར་དེ་ནི་འདུས་བྱས་ཀྱང་མ་ཡིན། འདུས་མ་བྱས་ཀྱང་མ་ཡིན་ཏེ་ཞེས་བྱ་བ་ནི་སྐྱོན་གཉིས་སུ་འགྱུར་དུ་དོགས་པའི་ཕྱིར་གཉིས་བསལ་བ་གསུངས་པའོ། །འདུས་བྱས་ལས་གུད་ན་ཡང་འདུས་མ་བྱས་དམིགས་སུ་མེད་ལ། འདུས་མ་
བྱས་ལས་གུད་ན་ཡང་འདུས་བྱས་དམིགས་སུ་མེད་དེ་ཞེས་བྱ་བ་ནི་འདི་ལ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་སོགས་པའི་དེ་བཞིན་ཉིད་མ་དག་པ་གང་ཡིན་པ་དེ་ཕུང་པོ་ལ་སོགས་པ་དེ་དག་ལ་ལོགས་ཤིག་ན་དམིགས་སུ་མེད་ལ། ཕུང་པོ་ལ་སོགས་པ་གང་ཡིན་པ་དེ་དག་ཀྱང་
དེ་བཞིན་ཉིད་མ་གཏོགས་པར་གུད་ན་དམིགས་སུ་མེད་དེ། དེ་བཞིན་ཉིད་མ་དག་པ་ནི་དེ་ལས་དེ་ཉིད་དང་། གཞན་ཞེས་བརྗོད་དུ་མི་རུང་ངོ་། །གང་གི་ཕྱིར་དེ་ལྟར་གཉི་ག་ཡང་གཉི་ག་ལས་གུད་ན་དམིགས་སུ་མེད་པ་དེའི་ཕྱིར་དེ་གཉི་ག་ཡང་གཅིག་གོ་ཞེས་བརྗོད་དུ་མི་རུང་བས་ལྡན་པ་ཡང་མ་ཡིན་
ནོ། །ཐ་དད་དོ་ཞེས་ཀྱང་བརྗོད་དུ་མི་རུང་བའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ། །གཟུགས་ཅན་མ་ཡིན་ཞིང་རྣམ་པར་མི་རྟོག་པའི་ཕྱིར་གཟུགས་མེད་པའོ། །ཚིག་ལ་སོགས་པས་བསྟན་ཏུ་མི་རུང་བའི་ཕྱིར་བསྟན་དུ་མེད་པའོ། །དབང་པོའི་ཡུལ་གྱི་ཐོགས་པ་མེད་པ་དང་། གཟུང་བ་
དང་འཛིན་པ་མེད་པའི་ཕྱིར་ཐོགས་པ་མེད་པའོ། །གཉི་ག་ཡང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ། །དེ་ལ་འདུས་བྱས་ནི་ཡོད་པ་མ་ཡིན་པའི་ཕྱིར་མཚན་ཉིད་མེད་པའོ། །འདུས་མ་བྱས་ནི་མཚན་མ་མེད་པས་

མཚན་མར་གཟུང་དུ་མི་རུང་བའི་ཕྱིར་མཚན་ཉིད་མེད་པའོ། །དེ་དག་ཀྱང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་ཐ་སྙད་དུ་བརྗོད་ཀྱི་ཞེས་བྱ་བ་ནི་འདུས་བྱས་ཡོད་པ་མ་ཡིན་དུ་ཟིན་ཀྱང་འཇིག་རྟེན་གྱི་ཀུན་རྫོབ་ཏུ་ཐ་སྙད་འདོགས་ཤིང་འདུས་མ་བྱས་བརྗོད་དུ་མེད་པ་ཡིན་ཡང་ཐ་སྙད་དུ་བརྗོད་པའོ། །དེ་
སྐད་བཀའ་སྩལ་ནས་ཐ་སྙད་དེ་ཡོད་པ་མ་ཡིན་པར། དོན་དམ་པར་ནི་ལུས་ཀྱི་འདུ་བྱེད་དམ། ངག་གི་འདུ་བྱེད་དམ། ཡིད་ཀྱི་འདུ་བྱེད་གང་ཡང་མེད་དོ་ཞེས་བྱ་བས་སྟོན་ཏེ། ལས་རྣམ་པ་གསུམ་ཆར་ཡང་ཀུན་བརྟགས་པ་ཡིན་པའི་ཕྱིར་རོ། །རབ་འབྱོར་སྟོང་པ་ཉིད་ནི་ཅི་ཡང་མེད།
ཅུང་ཟད་ཀྱང་མེད་ཅེས་བྱ་བ་ནི་ཅི་ཡང་མི་བྱེད་པའི་ཕྱིར་ཅི་ཡང་མེད་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་ཅུང་ཟད་ཀྱང་མེད་པའོ། །འདི་ནི་དེ་བཞིན་གཤེགས་པའི་ཁྱུ་མཆོག་ཏུ་གྱུར་པ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མཛད་པ་ནི་རྣམ་པར་རིག་པར་བྱ་བ་
ཙམ་དུ་ཟད་དེ། གལ་ཏེ་སེམས་ཅན་རྣམས་བདག་ཉིད་ཀྱིས་ཤེས་པར་གྱུར་ན། དེ་བཞིན་གཤེགས་པ་མི་དམིགས་སོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་སྟོང་པ་ལགས་ཞེས་བྱ་བ་ནི་ཅི་ཞིག་མེད་པས་སྟོང་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་འདུ་བྱེད་པ་གང་ཡིན་པ་དེས་
སྟོང་ངོ་ཞེས་བྱ་བ་ནི་དེ་ལ་གང་འདུས་བྱས་སོ་ཞེས་འདུ་བྱེད་པ་མཚན་མར་འཛིན་པའི་བདག་ཉིད་དེ་མེད་པས་སྟོང་པའོ། །རབ་འབྱོར་ལ་ལ་ཞིག་གི་སྤྲུལ་པ་སྤྲུལ་ན་ཞེས་བྱ་བ་ནི། སྤྲུལ་པ་འདི་སྤྲུལ་པ་གཞན་པ་གཞན་དག་སྤྲུལ་པ་བྱེད་དོ་ཞེས་བྱ་བ་དེ་སྟོང་པ་མ་ཡིན་པའི་དངོས་པོ་
ཅུང་ཟད་ཀྱང་ཡོད་དམ་ཞེས་བྱ་བ་སྟེ། གང་གི་ཚེ་སྤྲུལ་པ་ཞིག་སྤྲུལ་པ་གཞན་སྤྲུལ་པར་བྱེད་པ་དེའི་ཚེ། སྤྲུལ་པ་དེ་ལ་སྟོང་པ་མ་ཡིན་པའི་ངོ་བོ་ཉིད་ཅི་ཡང་ཡོད་དམ་ཞེས་སྨྲས་པའོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་རྣམ་པར་སྦས་སམ་ཞེས་བྱ་བ་ནི་འདི་ནི་སྤྲུལ་པའོ། །འདི་ནི་སྟོང་
པ་ཉིད་དོ་ཞེས་བྱ་བ་དེ་ཅི་སྟོང་པ་ཉིད་ཀྱིས་རབ་ཏུ་བསྒྲིབས་སམ་ཞེས་བྱ་བའི་ཐ་ཚིག་གོ། །ལ་ལ་ནི་ཉན་ཐོས་ཀྱིས་སྤྲུལ་པའོ་ཞེས་བྱ་བ་ལ་སོགས་པ། ཚིག་རྣམ་པ་བཞིས་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ཆོས་རྣམས་བསྟན་ཏོ། །

ཉོན་མོངས་པས་སྤྲུལ་པ་ཞེས་བྱ་བ་ནི་སེམས་ཅན་དང་སྲོག་ལ་སོགས་པ་བསྟན་པའོ། །ལས་ཀྱིས་སྤྲུལ་པ་ཞེས་བྱ་བ་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་ལ་སོགས་པ་བསྟན་པའོ། །བསྐྱེད་པའམ་བཀག་པ་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་ཐ་
ཚིག་གོ། །མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ཞེས་བྱ་བ་ལ་མྱ་ངན་ལས་འདས་པ་ནི་བསླུ་བར་བྱ་བའམ་དོར་བའམ། ཡོངས་སུ་ཉམས་པར་འགྱུར་བའི་ཆོས་རྣམས་མེད་ཅིང་། བསྣན་པར་བྱ་བ་ཡང་མེད་པའི་ཕྱིར་མི་སླུ་བའི་ཆོས་ཅན་ཞེས་བྱ་བའོ། །གང་ཡང་བཅོམ་ལྡན་འདས་ཀྱིས་
སྟོང་པ་ཉིད་ལས་ཀྱང་མི་གཡོ་ལ་གཉིས་ཀྱིས་ཀྱང་མི་གོས་ཞེས་བཀའ་སྩལ་པ་ལྟར་ན་ཞེས་བྱ་བས་འདི་སྐད་བསྟན་པར་འགྱུར་ཏེ། སྟོང་པ་ཉིད་ལས་མི་གཡོ་ཞེས་གསུངས་པས་སྟོང་པ་ཉིད་ནི་མི་གཡོའི། དེ་ལས་གཞན་པ་དག་ནི་གཡོའོ་ཞེས་བསྟན་པར་འགྱུར་རོ། །གཉིས་ཀྱིས་ཀྱང་མི་
གོས་སོ་ཞེས་གསུངས་པས་ནི་ཡོད་པ་དང་། མེད་པ་གཉིས་ཀྱིས་མི་གོས་སོ་ཞེས་བསྟན་པར་འགྱུར་རོ། །དེ་ལ་གལ་ཏེ་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་འགའ་ཞིག་ཡོད་ན་ནི་སྟོང་པ་ཉིད་ལས་མ་གཏོགས་པ་གཞན་ཞིག་ཡོད་པར་འགྱུར་ཏེ། ཡོད་པས་གོས་པར་ཡང་འགྱུར་རོ། །
དེ་བས་ན་ཚིག་དེ་བརྩན་པར་བྱས་ནས་མྱ་ངན་ལས་འདས་པ་ཡང་སྤྲུལ་པ་ཡིན་ནོ་ཞེས་བརྗོད་པར་བྱ་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་གཞན་དངོས་པོའི་བདག་ཉིད་དུ་ནི་གང་ཡང་མེད་པས་དེ་ཡང་སྟོང་པ་ཉིད་ཡིན་པར་རབ་འབྱོར་དེ་དེ་བཞིན་
ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བཅོམ་ལྡན་འདས་ལས་དང་པོ་པ་ལ་ཇི་ལྟར་གདམས་པར་བགྱི་ཞེས་བྱ་བ་ནི་ད་ལྟར་ཟབ་པའི་ངོ་བོ་ཉིད་སྟོང་པ་ཉིད་ཡོངས་སུ་ཤེས་པར་ནུས་པའི་གདམས་པ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་བཀའ་སྩལ་ཏེ། གལ་
ཏེ་སྔོན་དངོས་པོ་ཡོད་པར་གྱུར་ལ་ཕྱིས་རྣལ་འབྱོར་པ་དག་གིས་ཤེས་པའི་མཐུས་ངོ་བོ་ཉིད་སྟོང་པ་ཉིད་ཀྱིས་དངོས་པོ་མེད་པར་བྱས་ན་ནི་དེ་ལྟ་ན། ལས་དང་པོ་པ་དཀའ་བ་སྤྱོད་པར་འགྱུར་བ་ཞིག་ན། འདི་ལྟར་དངོས་པོ་ཡང་དངོས་པོའི་བདག་ཉིད་དུ་ཀུན་བརྟགས་པའི་ཡིན་པས་མེད་དོ། །དངོས་

པོ་མེད་པ་རི་བོང་གི་རྭ་ལྟ་བུ་ཡང་མ་ཡིན་ནོ། །རང་གི་དངོས་པོ་ཡང་གང་ཡང་རུང་བའི་རང་དབང་ཅན་མེད་དོ། །གཞན་གྱི་དངོས་པོ་ཡང་རྒྱུ་དང་རྐྱེན་ལ་སོགས་པའི་དབང་གིས་ཡོད་པ་མ་ཡིན་ན། དེ་ལ་ངོ་བོ་ཉིད་ཅེས་བྱ་བའི་ཆོས་གཞན་གང་ཡང་ཡོད་པར་ག་ལ་འགྱུར། དེ་བས་ན་ངོ་བོ་ཉིད་སྟོང་
པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སོ་ཞེས་ཤེས་པས་ཉེས་པ་མེད་དོ།། །།བམ་པོ་ཉི་ཤུ་བདུན་པ་སྟེ་ཐ་མ། དེ་ལྟར་བཅོམ་ལྡན་འདས་མ་འབུམ་པའི་བཤད་པ་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་ཉི་ཁྲི་ལྔ་སྟོང་པ་ལས་གང་འབྱུང་བ་དེ་བཤད་པར་བྱའོ། །དེ་ནས་འཕགས་པ་
བྱམས་པས་མ་འོངས་པའི་སྐྱེ་བོ་རྣམས་ཀྱི་དོན་དང་། དེའི་ཚེ་འདུས་པའི་འཁོར་གྱི་འདུལ་བ་རྣམས་ཀྱི་དོན་དུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ། བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འཚལ་བས་གཟུགས་
ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །ཆོས་ཐམས་ཅད་ལ་ཚུལ་བཞིན་དུ་ཡོངས་སུ་ཤེས་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་སྟེ། དེ་བས་ན་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པར་འདོད་པས་གཟུགས་ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་ཀྱི་མཐར་
ཐུག་པའི་བར་དག་ལ་ཇི་ལྟར་བསླབ་པར་བགྱི་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྟོང་པ་ཉིད་ལ་སློབ་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ་ཞེས་བསྟན་པའི་ཕྱིར། གཟུགས་མིང་ཙམ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་མིང་ཙམ་མོ་ཞེས་བྱ་བར་བསླབ་
པར་བྱའོ་ཞེས་བྱ་བའི་བར་དག་གིས་ཆོས་ཐམས་ཅད་མིང་ཙམ་དུ་ཟད་པར་གསུངས་སོ། །བཅོམ་ལྡན་འདས་གང་གི་ཚེ། འདི་ལྟ་སྟེ་གཟུགས་ཞེས་བགྱི་བའི་མིང་འདི་དངོས་པོ་དང་བཅས་པར་དམིགས་ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། གཟུགས་དང་ཚོར་བ་ཞེས་བྱ་བ་ལ་
སོགས་པའི་མིང་བརྗོད་པ་ནི་མིང་ཙམ་འབའ་ཞིག་སྟོན་པ་མ་ཡིན་གྱི། མིང་སྨོས་པ་སྔོན་དུ་བཏང་བས་དངོས་པོའི་རྣམ་པ་འབའ་ཞིག་བློ་ལ་གཞག་ནས་དངོས་པོ་སྟོན་ན། དེ་ལ་ཇི་ལྟར་གཟུགས་ལ་སོགས་པ་མིང་ཙམ་ཡིན་ཞེས་ཞུས་པའོ། །མིང་དེ་དངོས་པོ་མེད་པ་ཞིག་ཡིན་ན་ནི་

མིང་ཙམ་ཞེས་བྱ་བ་དེ་ཡང་མི་རིགས་པར་འགྱུར་རམ། གཟུགས་ལ་སོགས་པར་དངོས་པོ་མེད་པར་མི་འབའ་ཞིག་ཡོད་དུ་ཟིན་ན་ཅི་ལ་གནས་ཤིང་གནས་གང་གིས་མིང་དེ་འཇུག་པར་འགྱུར་ཏེ། མིང་དེ་ཡང་མེད་པར་འགྱུར་རོ། །དེ་བས་ན་མིང་ཙམ་ཞེས་བྱ་བ་ཡང་
མི་རིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ། གཟུགས་ཞེས་བྱ་བ་འདི་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གློ་བུར་དུ་མིང་བཏགས་པའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་བཀའ་སྩལ་པ་སྟེ་གཟུགས་ལ་སོགས་པ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །གལ་ཏེ་མིང་གི་
ངོ་བོ་ཉིད་ཡིན་དུ་ཟིན་ན་བརྗོད་པ་ཙམ་གྱིས་འབྲེལ་པས་མི་ཤེས་པ་རྣམས་ཀྱང་དངོས་པོ་དེ་དག་གི་ངོ་བོ་ཉིད་དང་། ཁྱད་པར་རྣམ་པ་སྣ་ཚོགས་རྟོགས་པར་གྱུར་པའི་རིགས་ན་དེ་དག་རྟོགས་པ་ཡང་མ་ཡིན་ཏེ། དེ་བས་ནི་མིང་ཡང་གཞན་ལ། གཟུགས་ལ་སོགས་པའི་དངོས་པོ་ཡང་
གཞན་ཏེ། ཐ་སྙད་དུ་རུང་བར་བྱ་བའི་ཕྱིར་དངོས་པོ་དེ་དང་དེ་དག་ལ་ཕྱིས་མིང་དེ་འབྱུང་བ་ཙམ་དུ་ཟད་དོ། །དེ་བས་ན་གཟུགས་ལ་སོགས་པའི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །གློ་བུར་ཞེས་བྱ་བ་ནི་ཕྱིས་བྱུང་བ་སྟེ། བཅོས་མའོ་ཞེས་བྱ་བའི་ཐ་ཚིག་གོ། །འདུ་བྱེད་ཀྱི་མཚན་མའི་དངོས་
པོ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་ལས་བྱུང་བའི་ཕྱིར་འདུ་བྱེད་དོ། །རྣམ་པར་ཤེས་པ་ལ་སྣང་བའི་ཕྱིར་མཚན་མའོ། །དངོས་པོའི་རང་བཞིན་ཡིན་པའི་ཕྱིར་དངོས་པོ་སྟེ། འདུ་བྱེད་ཀྱི་ཆོས་སུ་སྣང་བའི་གཞི་ལ། དངོས་པོ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་བཀའ་སྩལ་པ་དང་།
འཕགས་པ་བྱམས་པས་མིང་གློ་བུར་ཉིད་ཡིན་པ་མ་བཟོད་ནས། བཅོམ་ལྡན་འདས་འདི་ལྟར་གཟུགས་ཞེས་བགྱི་བའི་མིང་མ་མཆིས་པར་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་མིང་དེ་རིག་པ་དང་རྟོགས་པ་དང་། འཚལ་བར་ཡང་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། །མིང་
མེད་པའི་དངོས་པོ་ཙམ་འབའ་ཞིག་མ་མཐོང་བས་འདི་ནི་གཟུགས་ཡིན་ནོ་ཞེས་མི་རིག་པར་མི་འགྱུར་རོ། །དངོས་པོ་མ་མཐོང་བར་ཡང་མིང་བརྗོད་པ་ཙམ་གྱིས་ནི་དངོས་པོ་རིག་པར་མི་འགྱུར་རོ། །དེ་ལ་གལ་ཏེ་གཟུགས་ཞེས་བྱ་བའི་མིང་ཕྱིས་བྱུང་སྟེ། དེའི་ངོ་བོ་ཉིད་མ་ཡིན་དུ་ཟིན་

ན་མིང་མ་བརྗོད་པར་ཡང་། མིང་དང་འབྲེལ་པ་མི་ཤེས་པ་རྣམས་ཀྱིས་གཟུགས་སོ་ཞེས་ཁོང་དུ་ཆུད་པར་འགྱུར་བ་དང་། མིང་བརྗོད་དུ་ཟིན་ཀྱང་མིང་ནི་གློ་བུར་ཡིན་པའི་ཕྱིར་དངོས་པོའི་རང་བཞིན་ལ་བློ་སྐྱེ་བར་མི་འགྱུར་བའི་རིགས་ན། འདི་ལྟར་དེ་གཉི་ག་ཡང་གཉི་ག་ལྟར་འགྱུར་ཏེ། དེ་
བས་ན་གཟུགས་ལ་སོགས་པ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མིང་དེ་མེད་པར་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་ཞེས་བྱ་བ་ལ། མེད་པར་ནི་ཞེས་བྱ་བ་ནི་མིང་བོར་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེས་དངོས་པོ་དེ་ལ། གཟུགས་སོ་ཞེས་བྱ་བར་རིགས་པ་མེད་དོ་
ཞེས་སྦྱར་བར་བྱའོ། །བྱམས་པ་དེའི་ཕྱིར་ཁྱོད་ཉིད་ལ་དྲིས་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་རྣམ་པ་གསུམ་གྱི་མིང་གློ་བུར་ཉིད་ཡིན་པ་དང་། དངོས་པོ་རྣམས་མིང་གི་ངོ་བོ་ཉིད་མ་ཡིན་པར་བསྟན་ཏོ། །རྣམ་པ་གསུམ་གྱིས་མིང་གློ་བུར་ཡིན་པར་རིག་པར་བྱེད་སྟེ།
མིང་མ་བརྗོད་པར་དངོས་པོ་ཙམ་གྱིས་ཤེས་པར་མི་འགྱུར་བ་དང་། དངོས་པོ་གཅིག་ལ་མིང་དུ་མ་ཡོད་པར་སྣང་བ་དང་། མང་པོ་ལ་མིང་གཅིག་ཡོད་པར་སྣང་བའི་ཕྱིར་རོ། །དེ་ལ་རྣམ་པ་དང་པོ་ནི། བྱམས་པ་དེ་ཇི་སྙམ་དུ་སེམས། འདི་ལྟ་སྟེ། ཁྱོད་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་
དེ་ལ་གཟུགས་ཞེས་བྱ་བའི་མིང་དེ་ལ་མ་བརྟེན། མ་གནས། གནས་མ་བཅས་པར་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་སྟེ། གལ་ཏེ་གཟུགས་དེ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན་གཟུགས་ཀྱི་དངོས་པོ་དེ་ལ་གནས་པ་གཟུགས་ཞེས་བྱ་བའི་མིང་གང་ཡིན་པ་དེ་མི་ཤེས་པར་ཡང་བརྡ་མི་ཤེས་
པ་རྣམས་དངོས་པོ་དེ་ཙམ་ཞིག་མཐོང་བས་ཀྱང་། འདི་ནི་གཟུགས་ཡིན་ནོ་ཞེས་བྱ་བའི་མིང་དུ་རྟོགས་པར་ཅིའི་ཕྱིར་མི་འགྱུར། གལ་ཏེ་མིང་དེ་དངོས་པོ་དེའི་ངོ་བོ་ཉིད་ཡིན་དུ་ཟིན་ན་དངོས་པོ་ཇི་ལྟ་བུ་ཡིན་པ་མཐོང་བས། དངོས་པོའི་ཁྱད་པར་གྱི་མཚན་ཉིད་འཛིན་པའི་རྣམ་པར་ཤེས་པ་སྐྱེ་བ་དེ་
བཞིན་དུ་མིང་ཤེས་པའི་རྣམ་པར་ཤེས་པ་ཡང་སྐྱེ་བར་འགྱུར་བའི་རིགས་ན། སྐྱེ་བ་ཡང་མ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །རྣམ་པ་གཉིས་པ་ནི། བྱམས་པ་དེ་ཇི་སྙམ་དུ་སེམས། མིང་དང་། བརྡ་དང་། ཐ་སྙད་དང་། བཏགས་པ་

རྣམ་པ་སྣ་ཚོགས་ཀྱིས་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ཉེ་བར་འདོགས་པའམ། ཐ་སྙད་དམ། འདོགས་པའམ། མངོན་པར་ཞེན་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གལ་ཏེ་དངོས་པོ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། དངོས་པོ་
གཅིག་ལ་མིང་མང་དུ་ཡོད་དེ། །དཔེར་ན་ཚོར་བ་གཅིག་ལ་ཚོར་བ་དང་། མྱོང་བ་དང་། རིག་པ་དང་། བདེ་བ་དང་། སྡུག་བསྔལ་བ་དང་། བཏང་སྙོམས་ཞེས་བྱ་བ་ལྟ་བུའོ། །དེ་ལ་གལ་ཏེ་དངོས་པོ་དེ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན། ཚོར་བའི་དངོས་པོ་གཅིག་ལ་མིང་མང་པོར་བརྗོད་པ་
ན་ངོ་བོ་ཉིད་དུ་དེ་ལས་གཞན་པར་འགྱུར་བའི་རིགས་ན་དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་མིང་ངོ་བོ་ཉིད་མ་ཡིན་པར་ཤེས་པར་བྱའོ། །རྣམ་པ་གསུམ་པ་ནི། བྱམས་པ་དེ་ཇི་སྙམ་དུ་སེམས། འདི་ལ་འགའ་ཞིག་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་ལ་དེ་ལས་
གཞན་པའི་འདུ་བྱེད་ཀྱི་མཚན་མའི་དངོས་པོར་མིང་འདོགས་སམ་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གལ་ཏེ་དངོས་པོའི་དེ་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན་གང་གི་ཚེ་དངོས་པོ་མང་པོ་ལ་མིང་གཅིག་ཏུ་བརྗོད་པར་གྱུར་པ། དཔེར་ན་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ཞེས་བྱ་བ་ལྟ་བུ་
སྟེ། དེའི་ཚེ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་གཅིག་ཏུ་འགྱུར་བ་ཞིག་ན། དེ་ལྟ་ཡང་མ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་མ་ཡིན་པར་ཤེས་པར་བྱའོ། །དེ་སྐད་བཀའ་སྩལ་པ་དང་། འཕགས་པ་བྱམས་པས། བཅོམ་ལྡན་འདས་དེ་ལྟ་ལགས་ན་ནི་
གཟུགས་ཀྱི་ངོ་བོ་ཉིད་དམིགས་པ་ཁོ་ནར་མི་འགྱུར་ལགས་སམ་ཞེས་གསོལ་པས་ཇི་སྐད་བསྟན་པར་འགྱུར་ཞེ་ན། བཅོམ་ལྡན་འདས་ཀྱིས་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་མིང་དུ་བཏགས་ཏེ། གཞི་དང་བཅས་པ་དང་། གནས་དང་བཅས་པར་བསྟན་གྱི། གཞི་མེད་པ་དང་གནས་
མེད་པ་ནི་མ་བསྟན་ཏོ། །དེ་བས་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་གནས་པའི་ཕྱིར་འདུ་བྱེད་ཀྱི་མཚན་མའི་ངོ་བོ་ཉིད་མིང་ཡིན་པར་མངོན་ནོ་ཞེས་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྱམས་པ་དེ་ཇི་སྙམ་དུ་སེམས། དེ་གཟུགས་ཀྱི་ངོ་བོ་ཉིད་ཡིན་ནམ། བཏགས་པ་ཙམ་

དུ་ཟད་ཅེས་བྱ་བས་བྱམས་པའི་ཚིག་དེ་སེལ་བར་མཛད་དེ་འདི་སྐད་དུ་དངོས་པོ་དེ་ལ་གཟུགས་ཞེས་བྱ་བའི་མིང་བརྗོད་པ་དག་ལ་ཅི་དེའི་མཚན་ཉིད་ཀྱི་ངོ་བོ་ཉིད་བརྗོད་དོ་ཞེས་སྨྲ་འམ། འོན་ཏེ་དེའི་མིང་བརྗོད་དོ་ཞེས་སྨྲ་ཞེས་བསྟན་པར་འགྱུར་རོ། །འདི་ལྟར་མིང་བརྗོད་དོ་ཞེས་ཟེར་ཏེ། དེའི་ཕྱིར་
དེ་ནི་དངོས་པོ་དེའི་མིང་བརྗོད་ཀྱི་ངོ་བོ་ཉིད་ནི་མ་ཡིན་པར་མངོན་ཏེ། དཔེར་ན་འཇིག་རྟེན་ན་ལྷས་བྱིན་ཞེས་བྱ་བ་ལ་སོགས་པའི་མིང་ལྟ་བུའོ། །དེ་བས་ན་གཟུགས་ལ་སོགས་པ་མིང་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་སྐད་བཀའ་སྩལ་པ་དང་འཕགས་པ་བྱམས་པས། བཅོམ་ལྡན་
ལྡན་འདས་གལ་ཏེ་གཟུགས་མིང་དང་། འདུ་ཤེས་དང་། བརྡ་དང་། བཏགས་པ་ཙམ་ལགས་ཤིང་ཞེས་བྱ་བ་ལ་སོགས་པས། གཟུགས་ལ་སོགས་པ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་དམིགས་པར་སྟོན་ཏོ། །འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་གཟུགས་ནི་མིང་ཙམ་ཚོར་བ་ཡང་མིང་
ཙམ་ཞེས་བཀའ་སྩལ་ན་དེ་ལྟ་ན། གཟུགས་ཞེས་བྱ་བའི་མིང་གཟུགས་ཀྱི་ངོ་བོ་ཉིད་དུ་འགྱུར་ལ། ཚོར་བ་ཞེས་བྱ་བའི་མིང་ཡང་ཚོར་བའི་ངོ་བོ་ཉིད་དུ་འགྱུར་རོ་ཞེས་བསྟན་ཏོ། །དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ཡང་བསལ་བའི་ཕྱིར། བྱམས་པ་དེ་ཇི་སྙམ་དུ་སེམས།
གཟུགས་ཞེས་བྱ་བའི་མིང་དང་། འདུ་ཤེས་དང་། བརྡ་དང་། བཏགས་པ་དང་། ཐ་སྙད་ཙམ་ཁོ་ན་གང་ཡིན་པ་དེ་ལ་སྐྱེ་བ་འམ་འགག་པའམ། ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡོད་དམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་ན་ནི་གཟུགས་ལ་སོགས་
པའི་ཆོས་འདི་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཅན་ཡིན་པར་རྟོགས་སོ། །གལ་ཏེ་གཟུགས་ལ་སོགས་པའི་ཆོས་རྣམས་མིང་གི་ངོ་བོ་ཉིད་ཡིན་དུ་ཟིན་ན་མིང་དང་སྐྱེ་བ་དང་། འཇིག་པ་ཡོད་པ་དང་། ཀུན་ནས་ཉོན་མོངས་
པ་དང་། རྣམ་པར་བྱང་བ་ཡོད་པར་མི་འགྱུར་བ་ཞིག་ན། དེ་ལྟར་ཡང་འགྱུར་ཏེ། དེ་བས་ན་མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཅི་ལགས། རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་གཟུགས་མ་མཆིས་པ་ཁོ་ན་ལགས་སམ་

ཞེས་བྱ་བ་ལ་སོགས་པས། བྱང་ཆུབ་སེམས་དཔའ་འདི་སྐད་གསུངས་ཏེ། གང་བཅོམ་ལྡན་འདས་ཀྱིས་སྔར་གཟུགས་ནི་མིང་ཙམ་མོ། །ཚོར་བ་ནི་མིང་ཙམ་མོ་ཞེས་གསུངས་པ་དེ་ཅི་ལགས། གཟུགས་ལ་སོགས་པའི་མཚན་ཉིད་ཐམས་ཅད་ཀྱི་ཐམས་ཅད་དུ་མ་
མཆིས་པ་ལགས་སམ། གཟུགས་ལ་སོགས་པ་ཉིད་རྣམ་པ་ཐམས་ཅད་དུ་མ་མཆིས་པ་ལ་དགོངས་ཏེ་གསུངས་ཞེས་ཞུས་པའོ། །དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཆད་པར་འཛིན་དུ་དོགས་ནས། བྱམས་པ་རྣམ་པ་ཐམས་ཅད་དུ་མཚན་ཉིད་ཐམས་ཅད་ཀྱིས་གཟུགས་
མེད་དོ་ཞེས་མི་སྨྲའོ་ཞེས་བྱ་བ་ལ་སོགས་པས་བཀག་པ་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔས། བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་མཆིས་པ་ལགས་ཞེས་བྱ་བ་ལ་སོགས་པས་དེ་ཡོད་པའི་རྣམ་པ་ཞུས་སོ། །བྱམས་པ་འཇིག་རྟེན་གྱི་བརྡ་དང་ཐ་སྙད་ཀྱིས་གཟུགས་ཡོད་
ཀྱི་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་དབང་གིས་ནི་ཡོད་ཀྱི། དོན་དམ་པའི་བདེན་པའི་དབང་གིས་ནི་མེད་དོ་ཞེས་རྣམ་པར་ཕྱེ་སྟེ་བསྟན་ཏོ། །དེ་ནས་འཕགས་པ་བྱམས་པས་བཅོམ་ལྡན་འདས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་བདག་
གིས་འཚལ་བ་ལྟར་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་གསུངས་ཏེ། གལ་ཏེ་གཟུགས་ལ་སོགས་པ་དོན་དམ་པར་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་བཤད་ན། དེ་ལྟ་ན་ཆད་པར་སྨྲ་བ་ལ་སོགས་པ་མཐར་ཕྱིན་པར་འགྱུར་རོ། །དེ་ལ་དོན་དམ་པར་མེད་དོ་ཞེས་གསུངས་པའི་བཅོམ་ལྡན་
འདས་ཀྱི་དགོངས་པ་ནི་འདི་ཡིན་ཏེ། གཟུགས་ཞེས་བྱ་བ་ལ་སོགས་པར་མིང་གདགས་སུ་རུང་བའི་དངོས་པོ་ནི་དོན་དམ་པར་མེད་ཀྱི། མིང་དུ་བྱར་མི་རུང་བ་བརྗོད་དུ་མེད་པའི་དངོས་པོ་ནི་དོན་དམ་པར་ཡོད་པ་ཉིད་དོ་ཞེས་བྱའོ། །དེ་སྐད་ཅེས་གསོལ་པ་ནས། བཅོམ་ལྡན་འདས་གལ་ཏེ་
བརྗོད་དུ་མ་མཆིས་པའི་དབྱིངས་དོན་དམ་པར་མཆིས་སུ་ལགས་ན། འོ་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ལ་གཟུགས་ཞེས་བགྱི་བར་གློ་བུར་དུ་མིང་དུ་འདོགས་པར་ཇི་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པ་ཡང་ཞུས་སོ། །གལ་ཏེ་གཟུགས་ལ་སོགས་པའི་འདུ་ཤེས་དང་། མིང་གི་ངོ་

བོས་དོན་དམ་པའི་དབྱིངས་བརྗོད་དུ་མེད་པ་ཡིན་ན། གང་ལ་འདུ་ཤེས་གདགས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ཡིན་པ་དེ་ལ་དོན་དམ་པར་ཡོད་དམ་མེད་ཇི་ལྟ་བུ་ཞིག་ཅེས་བྱ་བ་ག་ལ་ཡོད། དེ་སྐད་ཅེས་གསོལ་ནས་ཡང་བདག་ཉིད་ཀྱིས་གལ་ཏེ་དོན་དམ་པར་མ་མཆིས་ན་ནི་འོ་ན་བརྗོད་
དུ་མ་མཆིས་པའི་དབྱིངས་སུ་ཡང་ཇི་ལྟར་འགྱུར་ཞེས་བྱ་བ་གསོལ་ཏེ། དེས་ཇི་སྐད་བསྟན་པར་འགྱུར་ཞེ་ན། བརྗོད་དུ་མེད་པ་དོན་དམ་པའི་དབྱིངས་ཀྱི་གནས་སུ་གྱུར་པ་གཞན་མེད་པའི་ཕྱིར། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ཉིད་དེའི་གནས་ཡིན་པར་ཁས་བླང་ངོ་། །གལ་ཏེ་འདུ་བྱེད་ཀྱི་
མཚན་མའི་དངོས་པོ་དེ། དོན་དམ་པར་མེད་ན། འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལ་བརྗོད་དུ་མེད་པའི་དབྱིངས་གནས་སོ་ཞེས་བྱར་ནི་མི་རིགས་སོ་ཞེས་བསྟན་པ་སྟེ། དེ་བས་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ནི་བརྗོད་དུ་མ་མཆིས་པའི་དབྱིངས་ཞེས་བགྱིར་མི་རུང་ངོ་ཞེས་གསོལ་ཏོ། །
དེ་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་མེད་པ་དང་། ཇི་ལྟར་དེ་མེད་ཀྱང་གཞིར་འགྱུར་བ་དེ་བསྟན་པར་བཞེད་ནས། བྱམས་པ་དེའི་ཕྱིར་དོན་དེ་ཁྱོད་ཉིད་ལ་དྲིས་ཞེས་བྱ་བ་ལ་སོགས་པས་དེ་ཉིད་ལ་དྲིས་སོ། །བྱམས་པ་དེ་ཇི་སྙམ་དུ་སེམས་གང་གི་ཚེ་ཁྱོད་
བརྗོད་དུ་མེད་པའི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་གནས་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་པར་འགྱུར་ཏེ། བྱམས་པ་ཁྱོད་གང་གི་ཚེ་ཤེས་རབ་ཡོངས་སུ་དག་པ་བརྗོད་དུ་མེད་པའི་དབྱིངས་འཛིན་པ་ན། ཅི་དེའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཁྱོད་ལ་སྣང་
ངམ། འོན་ཏེ་དེ་མི་སྣང་ཞེས་བྱ་བའོ། །བྱང་ཆུབ་སེམས་དཔས་གསོལ་པ། བཅོམ་ལྡན་འདས་དེ་ནི་མི་དམིགས་སོ་ཞེས་བྱ་བ་སྟེ་མི་སྣང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་རྣམ་གྲངས་འདིས་ཞེས་བྱ་བས་ཅི་བསྟན་པར་འགྱུར་ཞེ་ན།
འདི་ལྟར་ཁྱོད་དོན་དམ་པ་ཡིད་ལ་བྱེད་པ་བསྒོམ་པའི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མི་སྣང་བས་དོན་དམ་པར་ནི་དེ་མེད་ཀྱི། ཀུན་རྫོབ་ཏུ་ཡོད་པར་ཤེས་པར་གྱིས་ཤིག །ཀུན་རྫོབ་དེ་ཡང་དོན་དམ་པར་དེ་ཉིད་དམ་གཞན་དུ་བརྗོད་པར་མི་ནུས་སོ། །དེ་བས་ན་འདུ་བྱེད་ཀྱི་མཚན་མའི་དངོས་པོ་གང་ཡིན་

པ་དེ་བརྗོད་དུ་མེད་པའི་དབྱིངས་ཀྱང་མ་ཡིན་ལ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་པ་ཡང་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་གསུངས་སོ། །དེའི་འོག་ཏུ་དེ་ཉིད་ཀྱི་ཕྱོགས་ཀྱི་ཉེས་པ་བསྟན་པའི་ཕྱིར་བྱམས་པ་འདུ་བྱེད་ཀྱི་མཚན་མའི་
དངོས་པོ་དེ་གལ་ཏེ་བརྗོད་དུ་མེད་པའི་དབྱིངས་ཡིན་དུ་ཟིན་ན་འོ་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱང་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་རོ་ཞེས་གསུངས་ཏེ། གལ་ཏེ་ཀུན་རྫོབ་ཉིད་དོན་དམ་པ་ཡིན་ན། འོ་ན་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཉིད་བརྗོད་དུ་མེད་པའི་དབྱིངས་སུ་འགྱུར་རོ། །
དེ་ལྟ་ན་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་མངོན་སུམ་དུ་བྱས་པས་བརྗོད་དུ་མེད་པའི་དབྱིངས་མངོན་སུམ་དུ་བྱས་པར་འགྱུར་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དེའི་འོག་ཏུ་གཞན་པའི་ཕྱོགས་ཀྱི་ཉེས་པ་བསྟན་པའི་
ཕྱིར་བྱམས་པ་གལ་ཏེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་དུ་མེད་པའི་དབྱིངས་གཞན་ཡིན་དུ་ཟིན་ན་ནི། འོ་ན་མཚན་མ་དེ་ཡང་མི་དམིགས་པ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཀུན་རྫོབ་ལས་དོན་དམ་པ་གཞན་ཞིག་ཡིན་ན་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་ལས་བརྗོད་
དུ་མེད་པའི་དབྱིངས་གཞན་ཏེ་ཐ་དད་པར་འགྱུར་རོ། །དེ་ལྟར་གྱུར་ན་ཆོས་ལས་ཆོས་ཉིད་གཞན་དུ་འགྱུར་རོ། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན་བརྗོད་དུ་མེད་པའི་དོན་དམ་པའི་དབྱིངས་རབ་ཏུ་རྟོག་པ་མི་འགྲུབ་པོ། །ཇི་ལྟ་ཞེ་ན། དོན་དམ་པའི་དབྱིངས་ནི་མཚན་མ་མེད་པ་ཡིན་ན། མཚན་མ་
མེད་པ་དེ་རྣམ་པ་གང་གིས་རྣམ་པར་ཤེས་པ་ལ་སྣང་བར་འགྱུར། གང་གི་ཚེ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་ཆོས་ཀྱི་དབྱིངས་ཐ་དད་པ་མ་ཡིན་པར་གྱུར་པ་དེའི་ཚེ། འདུ་བྱེད་ཀྱི་དངོས་པོ་དེ་དང་ཆོས་ཀྱི་དབྱིངས་དེའི་རྒྱུར་འགྱུར་རོ་ཞེས་བྱ་བར་རིགས་སོ། །སྔར་མཚན་མ་དང་བཅས་
པའི་དབྱིངས་དམིགས་པའི་དངོས་པོར་བྱས་ནས། ཕྱིས་ཤེས་རབ་ཀྱིས་དོན་དམ་པ་རབ་ཏུ་རྣམ་པར་འབྱེད་པའི་ཚེ། དེ་དངོས་པོ་མེད་པའི་བདག་ཉིད་དུ་དོན་དམ་པ་ལ་དམིགས་སོ་ཞེས་བརྗོད་པ་ནི་རིགས་སོ་ཞེས་དགོངས་པའོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་འདུ་བྱེད་ཀྱི་དངོས་པོ་དོན་དམ་པར་མེད་

པ་དང་། དོན་དམ་པ་ཡང་དེ་ཉིད་གཞན་ལས་རྣམ་པར་གྲོལ་བར་བསྟན་པ་དང་། དེའི་འོག་ཏུ་འཕགས་པ་བྱམས་པས་དེ་འཁྲུལ་པ་ཡོད་པར་དོགས་ནས། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མ་མཆིས་པའི་དབྱིངས་དང་འབྲེལ་བའི་ཤེས་རབ་ཀྱི་སྤྱོད་པ་ལ་གནས་པ་
ན་ཞེས་བྱ་བ་ལ་སོགས་པས་ཡང་ཞུས་ཏེ། གང་གི་ཚེ་བྱང་ཆུབ་སེམས་དཔའ་བརྗོད་དུ་མེད་པའི་དབྱིངས་ཡིད་ལ་བྱེད་པ་སྒོམ་པ་ན་འདུ་བྱེད་ཀྱི་དངོས་པོ་མི་དམིགས་པ་དེའི་ཚེ། དངོས་པོ་དེ་མེད་པའི་ཕྱིར་མི་དམིགས་སམ། འོན་ཏེ་བརྗོད་དུ་མེད་པའི་དབྱིངས་དང་། འབྲེལ་བའི་ཤེས་རབ་ལ་སྤྱོད་
པས། དངོས་པོ་ལ་འཇུག་པ་མེད་པའི་ཕྱིར་མི་དམིགས་པ་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་ནི་རང་དབང་ཉིད་དམ་ཡོད་པ་ཉིད་གང་ཡང་མེད་དོ་ཞེས་བྱ་བས་འདི་སྐད་བསྟན་པར་འགྱུར་ཏེ། འདུ་བྱེད་ཀྱི་
མཚན་མའི་དངོས་པོ་ནི་ཡོད་པ་མ་ཡིན་ཡང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་དོན་དམ་པ་འཛིན་པའི་མཐུ་མེད་དེ། མ་རིག་པའི་ཕྱིན་ཅི་ལོག་དང་། ལས་རྣམ་པར་སྨིན་པ་ལ་སོགས་པའི་རྒྱུ་དང་རྐྱེན་གྱི་དབང་གིས། གཞན་གྱི་དབང་དུ་གྱུར་པའི་དངོས་པོ་དག་རྣམ་པར་ཤེས་པ་ལ་ཕྱིན་ཅི་
ལོག་ཏུ་སྣང་གི། རང་དབང་དུ་ནི་མ་ཡིན་ནོ། །དེ་ལ་གང་གི་ཚེ་བྱང་ཆུབ་སེམས་དཔའ་ཡིད་ལ་བྱེད་པ་སྒོམ་པ་ལ་བརྩོན་པ་དེའི་ཚེ་ནི་མ་རིག་པ་ལ་སོགས་པའི་རྒྱུ་དང་རྐྱེན་རྣམས་མེད་པས། ཇི་ལྟར་སྔོན་གཞན་གྱི་དབང་གིས་བདག་ཉིད་དུ་སྣང་བ་དེ་ལྟར་མི་སྣང་ངོ་། །རྒྱུ་མ་རིག་པ་ལ་
སོགས་པ་མེད་པར་ཡང་འདུ་བྱེད་ཀྱི་དངོས་པོ་དེ་རང་དབང་དུ་འབྱུང་བའི་མཐུ་ཡང་མེད་དོ། །དེ་བས་ན་དངོས་པོ་དེ་ལ་རང་དབང་དུ་ཡོད་པ་གང་ཡང་མེད་དོ་ཞེས་བྱ་བ་གསུངས་ཏེ། དེ་བས་ན་མེད་པ་ནི་དམིགས་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །བྱམས་པ་གང་གི་ཚེ་ཁྱོད་འདུ་བྱེད་ཀྱི་
མཚན་མའི་དངོས་པོ་དེ་ལ་རྣམ་པར་རྟོག་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དབང་ཕྱིན་ཅི་མ་ལོག་པའི་བདག་ཉིད་དུ་འབྱུང་བ་དེ་ཉིད་དང་། ཕྱིན་ཅི་ལོག་ཏུ་མི་འབྱུང་བ་སྟོན་ཏེ། གང་གི་ཚེ་རྣམ་པར་རྟོག་པ་དེའི་ཚེ་རྣམ་པར་རྟོག་པའི་གཞན་གྱི་དབང་གིས་ཕྱིན་ཅི་ལོག་ཏུ་དམིགས་སོ། །

གང་གི་ཚེ་རྣམ་པར་མི་རྟོག་པ་དེའི་ཚེ་ནི་གཞན་གྱི་དབང་མེད་པས་ཕྱིན་ཅི་མ་ལོག་པ། དོན་དམ་པ་ཉིད་ལ་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་དྲིས་པ་དང་འཕགས་པ་བྱམས་པས། བཅོམ་ལྡན་འདས་དེ་ལྟ་ལགས་སོ་ཞེས་ཁས་བླངས་སོ། །དེ་ནས་
བཅོམ་ལྡན་འདས་ཀྱིས། བྱམས་པ་དེ་ལྟ་ཡིན་ན་དེ་རྣམ་པར་རྟོག་པ་ཙམ་དུ་མ་ཟད་དམ་ཞེས་བྱ་བས་རྣམ་པར་རྟོག་པ་ཙམ་དུ་རྣམ་པར་གཞག་ནས། དེའི་འོག་ཏུ་དངོས་པོ་ཡོད་པ་བསལ་བའི་ཕྱིར་དེ་དེ་ལྟར་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་ཏེ། རྣམ་པར་རྟོག་པ་རྣམས་དང་བྲལ་བར་
གྱུར་པ་ན་དེ་ལ་ཡོད་པ་གང་ཡིན་ཞེས་བྱ་བ་ལ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །དེ་ལྟར་ཞེས་བྱ་བ་ནི་དོན་དམ་པར་མེད་ན་ཞེས་བྱའོ། །རྣམ་པར་མི་རྟོག་པའི་དབྱིངས་ལ་ཞེས་བྱ་བ་ནི་དོན་དམ་པའི་དབྱིངས་ལ་གནས་པ་ནའོ། །དེ་ལ་ཡོད་པ་གང་ཡིན་ཞེས་བྱ་བ་ནི་འདུ་བྱེད་ཀྱི་མཚན་
མའི་དངོས་པོ་དེ་ལ་ཡོད་པ་གང་ཡིན་ཞེས་བྱ་བ་སྟེ། མེད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གང་ཡོད་པ་ནི་དམིགས་པར་འགྱུར་རོ་ཞེས་བྱ་བ་ནི་ཡོད་པར་གྱུར་ན་དམིགས་པར་འགྱུར་རོ། །དེ་ལྟར་འདུ་བྱེད་ཀྱི་དངོས་པོ་ཡོད་པ་མ་ཡིན་པར་ཡང་དག་པར་བསྟན་པ་དང་། ཡང་འཕགས་
པ་བྱམས་པས་ཀུན་རྫོབ་དང་། དོན་དམ་པའི་དབང་གིས་གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རབ་ཏུ་དབྱེ་བ་བསྟན་པའི་ཕྱིར་དེའི་འོག་ཏུ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཆོས་རབ་ཏུ་དབྱེ་བ་མཁས་པ་ལ་ཞུགས་པས། གཟུགས་
རབ་ཏུ་དབྱེ་བའི་བརྟགས་པ་རྣམ་པ་དུ་ཞིག་ཏུ་རྟོགས་པར་བགྱི་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྱམས་པ་རྣམ་པ་གསུམ་དུ་རྟོགས་པར་བྱ་ཞེས་བྱ་བ་ལ་སོགས་པས་རབ་ཏུ་དབྱེ་བ་བསྟན་ཏོ། །ཀུན་བརྟགས་པའི་གཟུགས་དང་། རྣམ་པར་
བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་ནས། ཀུན་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་། རྣམ་པར་བརྟགས་པའི་སངས་རྒྱས་ཀྱི་ཆོས་རྣམས་དང་། ཆོས་ཉིད་ཀྱི་སངས་རྒྱས་ཀྱི་ཆོས་རྣམས་ཞེས་བྱ་བའི་བར་གྱིས་ནི་འཇིག་རྟེན་དང་འཇིག་རྟེན་ལས་

འདས་པའི་ཆོས་ཐམས་ཅད་རྣམ་པ་གསུམ་གྱི་ནང་དུ་འདུས་པར་བསྟན་ཏོ། །དེ་ནས་ཡང་འཕགས་པ་བྱམས་པས། ཀུན་བརྟགས་པའི་གཟུགས་ནི་གང་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས། བྱམས་པ་གང་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ལ་
གཟུགས་ཞེས་བྱ་བའི་མིང་དང་། འདུ་ཤེས་དང་། བཏགས་པ་དང་། ཐ་སྙད་ལ་བརྟེན་ནས་གཟུགས་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་རྟོགས་པ་འདི་ནི་ཀུན་བརྟགས་པའི་གཟུགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་སྙད་ལ་བརྟེན་ནས། ཐ་སྙད་ཀྱི་རྒྱུ་འདུ་བྱེད་ཀྱི་དངོས་པོ་ལ་
གཟུགས་ཀྱི་ངོ་བོ་ཉིད་དུ་བརྟགས་པ་ལ་གཟུགས་ཞེས་བྱ་བའི་འདུ་ཤེས་དང་བརྟགས་པ་དེ་ནི་ཀུན་བརྟགས་པའི་གཟུགས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་རྣམས་ཀྱི་ངོ་བོ་ཉིད་ནི་གསུམ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། ཡོངས་སུ་གྲུབ་
པའི་ངོ་བོ་ཉིད་དེ། དེ་ལ་གཟུགས་ལ་སོགས་པ་ཆོས་རྣམས་ལ་གཟུགས་ཞེས་བྱ་བ་ལ་སོགས་པར་མངོན་པར་བརྗོད་པའི་རྣམ་པ་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་དོ། །མ་རིག་པ་ལ་སོགས་པའི་དབང་གིས་རྣམ་པར་ཤེས་པ་ལ་ཆོས་རྣམས་སུ་ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་
པ་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོ། །གང་མིང་དེ་དང་། ཕྱིན་ཅི་ལོག་ཏུ་སྣང་བའི་རྣམ་པ་དེ་དང་བྲལ་བ་བརྗོད་དུ་མེད་པ། མཚན་མ་མེད་པའི་རྣམ་པ་གང་ཡིན་པ་དེ་ནི་དོན་དམ་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། འདི་རྒྱས་པར་ནི་རབ་ཏུ་བྱེད་པ་ལས་གཟུང་བར་བྱའོ། །
ངོ་བོ་ཉིད་གསུམ་པོ་དེ་དག་དང་། འདིར་ཀུན་བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་གཟུགས་དང་། ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་དེ་དག་གོ་རིམས་བཞིན་དུ་བསྟན་པར་བྱ་སྟེ། དེ་ལ་གཟུགས་དང་། ཚོར་བ་དང་། འདུ་ཤེས་ཞེས་བྱ་བ་ལ་སོགས་པའི་མིང་གི་
ཀུན་བརྟགས་པའི་གཟུགས་དང་། ཀུན་བརྟགས་པའི་ཚོར་བ་དང་། ཀུན་བརྟགས་པའི་འདུ་ཤེས་ཞེས་བྱ་བ་ལ་སོགས་པར་བརྗོད་དེ། འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་དང་དེ་ལ་གཟུགས་སོ་ཞེས་བྱ་བའི་མིང་དང་། འདུ་ཤེས་དང་། བཏགས་པ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེའི་

འོག་ཏུ་རྣམ་པ་གཉིས་ནི་འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་རྣམ་པར་རྟོག་པ་ཙམ་གྱི་ཆོས་ཉིད་ལ་གནས་པའི་རྣམ་པར་རྟོག་པ་ལ་བརྟེན་ནས་མངོན་པར་བརྗོད་དེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་སེམས་ཉོན་མོངས་པ་དང་། ལས་དང་
རྣམ་པར་སྨིན་པ་ལ་སོགས་པའི་རྒྱུ་དང་རྐྱེན་གྱིས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ལ་དངོས་པོའི་རྣམ་པར་བློ་སྐྱེ་ཞིང་སྣང་བ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །འདུ་བྱེད་ཀྱི་མཚན་མའི་དངོས་པོ་དེ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། རྣམ་པར་རྟོག་པ་ཙམ་གྱི་ཆོས་ཉིད་ལ་གནས་
པ་ཞེས་བྱ་བ་ནི་བློས་རྣམ་པར་བརྟགས་པའི་རྣམ་པ་མ་གཏོགས་པར་ངོ་བོ་ཉིད་གཞན་མེད་དེ། དེ་བས་ན་དངོས་པོ་དེ་རྣམ་པར་བརྟགས་པ་ཙམ་གྱི་ངོ་བོ་ཉིད་ལ་གནས་ཏེ། དེ་ལ་གནས་པ་དེ་ཉིད་ལ་རྣམ་པར་རྟོག་པ་ཞེས་བྱའོ། །དེ་ལྟར་བློས་རྣམ་པར་བརྟགས་པའི་རྣམ་པ་ཙམ་གྱི་ངོ་བོ་ཉིད་ལ་གནས་
པ་རྣམ་པར་རྟོག་པ་དེ་ཉིད་ལ་བརྟེན་ཏེ་ཉེ་བར་བཟུང་ནས། གང་མངོན་པར་བརྗོད་པ་དང་འབྲེལ་པ་དངོས་པོའི་བདག་ཉིད་དུ་ཀུན་ཏུ་གཡེངས་པའི་རྣམ་པ་ལ་མངོན་པར་བརྗོད་པ་ཞེས་བྱ་སྟེ། དེ་ལྟར་བློས་རྣམ་པར་བརྟགས་པའི་རྣམ་པའི་ངོ་བོ་ཉིད་དུ་གནས་པ་ཞེས་བྱ་བའི་རྣམ་པ་ལ་བརྟེན་
ནས་བློ་ལ་དངོས་པོའི་བདག་ཉིད་དུ་སྣང་བ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །དེའི་འོག་ཏུ་ཆོས་ཉིད་ཀྱི་གཟུགས་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་ཞེས་བྱ་བ་འདིས་ཆོས་ཉིད་དེ་ངོ་བོ་ཉིད་ཡིན་གྱི་མི་རྟག་པ་ནི་མ་ཡིན་ནོ་ཞེས་བསྟན་པ་དེ། གང་ཀུན་བརྟགས་པའི་གཟུགས་དེས་རྣམ་པར་བརྟགས་པའི་གཟུགས་དེ་རྟག་པ་རྟག་པའི་དུས་དང་། ཐེར་ཟུག་ཐེར་ཟུག་གི་དུས་སུ་ངོ་བོ་ཉིད་
མེད་པ་ཁོ་ན་ཞེས་བྱ་བ་དེ་ལ། ཆོས་ཉིད་ཀྱི་གཟུགས་ཞེས་བྱ་བ་ནི་གང་གི་ཚེ་རྣམ་པར་མི་རྟོག་པའི་བློ་ལ་སྣང་བའི་རྣམ་པ་དེ་ཉིད་སྔར་སྨོས་པའི་ཀུན་བརྟགས་པ་བརྗོད་པར་བྱ་བ་དང་། བརྗོད་པར་བྱེད་པའི་རྣམ་པས་འདུ་ཤེས་དང་། གདགས་པར་འོས་པའི་བདག་ཉིད་དང་བྲལ་བར་གྱུར་པ་

དེའི་ཚེ། བདག་ཉིད་ཀྱི་བརྗོད་དུ་མེད་པ་རྣམ་པར་མི་རྟོག་པའི་བདག་ཉིད་དུ་གནས་པའི་རྣམ་པ་དེ་ལ་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །ངོ་བོ་ཉིད་མེད་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཆོས་ལ་བདག་མེད་པ་ཞེས་བྱ་བ་ནི་ཆོས་ཀྱི་བདག་ཉིད་ཀྱི་རྣམ་པ་མེད་པའོ། །དེ་བཞིན་
ཉིད་ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་རྣམ་པའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུའི་མཐར་ཐུག་པའོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །བྱམས་པ་གང་ཀུན་བརྟགས་པའི་གཟུགས་ནི་རྫས་སུ་མེད་པར་བལྟ་བར་བྱའོ་ཞེས་བྱ་བ་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །
རྣམ་པར་བརྟགས་པའི་གཟུགས་གང་ཡིན་པ་དེ་ནི་རྣམ་པར་རྟོག་པ་རྫས་སུ་ཡོད་པའི་ཕྱིར་རྫས་སུ་ཡོད་པར་བལྟ་བར་བྱ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་ཡོད་པའི་ཕྱིར་དེ་ཡོད་པའོ། །འདུས་བྱས་ཀྱི་ཚུལ་གྱི་འཇིག་པ་དང་། གཟུགས་སུ་ཡོད་པའི་ཕྱིར་རྫས་ཡིན་ཏེ། དེ་བས་རྣམ་པར་བརྟགས་པར་ཡོད་
པ་ཉིད་དང་། རྫས་ཡིན་པའི་ཕྱིར་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རང་དབང་དུ་འཇུག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་སྐད་གསུངས་ཏེ། ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ནི་རྫས་སུ་མེད་པ་ཡང་མ་ཡིན་ལ། རྫས་སུ་ཡོད་པ་ཡང་མ་ཡིན་ནོ། །དོན་དམ་
པས་རབ་ཏུ་བྱེ་བ་ཞེས་བྱ་བ་ནི་ཆོས་ཉིད་གཟུགས་སོ། །དེ་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པའི་ཕྱིར་མེད་དོ་ཞེས་བརྗོད་དུ་མི་རུང་སྟེ། དེ་བས་ན་རྫས་སུ་མེད་པའང་མ་ཡིན་ནོ། །རྣམ་པར་བརྟགས་པའི་དངོས་པོའི་རྣམ་པར་ཡོད་པའི་ཕྱིར་ཡོད་དོ་ཞེས་བརྗོད་དུ་ཡང་མི་རུང་སྟེ། དེ་བས་ན་རྫས་སུ་
ཡོད་པ་མ་ཡིན་ཏེ། དེའི་ཕྱིར་མཐའ་གཉིས་སྤངས་ནས་དབུ་མའི་ལམ་བསྟན་པ་ཡིན་ནོ། །དོན་དམ་པས་རབ་ཏུ་ཕྱེ་བ་ཞེས་བྱ་བ་ནི་དོན་དམ་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །རབ་ཏུ་ཕྱེ་ཞེས་བྱ་བའི་སྒྲ་ནི་ངོ་བོ་ཉིད་ཀྱི་དོན་ཏོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱི་མཐའི་བར་ཡང་སྦྱར་བར་བྱའོ། །དེ་ལྟར་
ངོ་བོ་ཉིད་གསུམ་གྱི་དབང་གིས་མཚན་ཉིད་གསུམ་སྨོས་ནས། ཡང་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་སྐབས་དབྱེ་བའི་ཕྱིར་འཕགས་པ་བྱམས་པས་གསོལ་པ། སྔར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བསྡུས་པ་གཏན་ལ་ཕབ་པའི་སྐབས་སུ་ཞུ་བ་རྣམ་པ་ཉི་ཤུ་རྩ་བརྒྱད་བསྟན་པ་འདི་ལྟ་སྟེ།

གཟུགས་ཞེས་བྱ་བ་འདི་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །བྱམས་པ་དེ་ཇི་སྙམ་དུ་སེམས་ཀུན་བརྟགས་པའི་གཟུགས་ལ་རྫས་སུ་མེད་པ་ཉིད་གང་ཡིན་པ་དེ། གཟུགས་
ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཇི་སྐད་བསྟན་པ་ཡིན་ཞེ་ན། ཀུན་བརྟགས་པ་དང་། རྣམ་པར་བརྟགས་པ་དང་། ཆོས་ཉིད་ཀྱི་གཟུགས་འདི་གསུམ་ལ་སོ་སོར་གཟུགས་སམ་གཟུགས་མ་ཡིན་ཞེས་བྱ་བ་མེད་པ་དེ་གཉིས་སུ་མེད་པ་དང་། དེ་བཞིན་ཉིད་དང་། ཆོས་ལ་
བདག་མེད་པའོ། །དེ་བས་ན་གཟུགས་དང་། ཚོར་བ་ལ་སོགས་པའི་སྒྲས། དེ་བཞིན་ཉིད་གཉིས་སུ་མེད་པའི་གྲངས་སུ་བགྲང་བར་བྱས་སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ཉིད་བསྟན་པར་བཞེད་ནས། གཟུགས་རྣམ་པ་གསུམ་པོ་དེ་དག་རེ་རེ་ལ་ཡང་། གཟུགས་དང་གཟུགས་མ་ཡིན་
པ་ལས་རྣམ་པར་གྲོལ་བའི་མཚན་ཉིད་བསྟན་པའི་ཕྱིར་དང་པོར་ཀུན་བརྟགས་པའི་གཟུགས་ལ་བརྩམས་ནས། ཀུན་བརྟགས་པའི་གཟུགས་ལ་རྫས་སུ་མེད་པ་ཉིད་གང་ཡིན་པ་དེ་གཟུགས་ཡིན་ནམ་འོན་ཏེ་མ་ཡིན་ཞེས་བྱ་བ་གསུངས་ཏེ། ཀུན་བརྟགས་པའི་གཟུགས་ནི་གཟུགས་ཀྱི་
བདག་ཉིད་དུ་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་ཀྱི་ངོ་བོ་ཉིད་དོ་ཞེས་བརྗོད་དུ་མི་རུང་ངོ་། །གཟུགས་ཀྱི་མིང་དང་གཟུགས་སུ་གདགས་པ་དག་དེ་ལ་ཡོད་པའི་ཕྱིར་གཟུགས་ཀྱི་བདག་ཉིད་མ་ཡིན་ནོ་ཞེས་ཀྱང་བརྗོད་དུ་མི་རུང་ངོ་། །དེ་བས་ན་དེ་ལ་གཟུགས་ཞེས་བྱ་བ་མིང་དང་འདུ་ཤེས་
དང་། བཏགས་པ་དང་ཐ་སྙད་ཙམ་ཉིད་ཅེས་བྱ་བར་གསུངས་སོ། །ཇི་ག་དེ་ནི་གཟུགས་ཡིན་ནམ་ཞེས་བྱ་བ་ནི་དེ་ལྟར་གཟུགས་སུ་བཏགས་པའི་དབང་གིས་གཟུགས་མེད་པ་ཡང་མ་ཡིན་ལ། གཟུགས་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར་གཟུགས་ཀྱང་མ་ཡིན་པས། གཉིས་སུ་མེད་དོ་ཞེས་
བྱ་བའི་ཐ་ཚིག་གོ། །བྱམས་པ་དེ་ཇི་སྙམ་དུ་སེམས་རྣམ་པར་བརྟགས་པའི་གཟུགས་རྫས་སུ་ཡོད་པ་ཉིད་གང་ཡིན་པ་དེ་ཇི་ག་གཟུགས་མ་ཡིན་པ་ཡིན་ནམ་ཞེས་བྱ་བ་ནི་རྣམ་པར་བརྟགས་པའི་དེའི་གཟུགས་དེ་ཡང་གཟུགས་ཀྱི་བདག་ཉིད་དུ་སྣང་བའི་ཕྱིར་གཟུགས་ཀྱི་ངོ་བོ་ཉིད་མེད་པ་ཡང་

མ་ཡིན་ནོ། །དོན་དམ་པར་གཟུགས་ཀྱི་འདུ་ཤེས་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་རྣམ་པར་བརྟགས་པའི་གཟུགས་དེ་ཉིད་ལ་ཀུན་བརྟགས་པའི་གཟུགས་དེས་དེའི་ངོ་བོ་ཉིད་མ་ཡིན་ཞིང་དེའི་མཚན་ཉིད་མ་ཡིན་པ་གང་ཡིན་པ་དེ་གཟུགས་
ཡིན་ནམ་ཞེས་བྱ་བ་གསུངས་སོ། །དེ་ལྟར་རྣམ་པར་བརྟགས་པའི་གཟུགས་དེ་གཟུགས་སུ་འདུ་ཤེས་སུ་རུང་བའི་གཟུགས་ཀྱི་ངོ་བོ་ཉིད་དུ་སྣང་བས་གཟུགས་མེད་པ་ཡང་མ་ཡིན་ལ། དོན་དམ་པར་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་གཟུགས་ཀྱང་མ་ཡིན་པས་གཉིས་སུ་མེད་ཅེས་བྱ་
བའི་ཐ་ཚིག་གོ། །གང་ཆོས་ཉིད་ཀྱི་གཟུགས་བདག་མེད་པས་རབ་ཏུ་ཕྱེ་བ་དེ་ཇི་ག་གཟུགས་ཡིན་ནམ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་དེ་མཚན་མ་ཐམས་ཅད་དང་བྲལ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །གཟུགས་ཀྱི་ཆོས་ཉིད་ཀྱི་ངོ་བོ་
ཉིད་ཡིན་པའི་ཕྱིར་གཟུགས་མ་ཡིན་པ་ཡང་མ་ཡིན་ཏེ། དེ་བས་ན་ཆོས་ཉིད་ཀྱི་གཟུགས་དེ་ཉིད་ཀྱི་གཟུགས་ཀྱི་ཆོས་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་པ་ཡིན་ནམ་ཞེས་བྱ་བ་གསུངས་ཏེ། ཆོས་ཉིད་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཀྱང་མ་ཡིན་གཟུགས་ཀྱི་ཆོས་ཉིད་ཡིན་པའི་
ཕྱིར་གཟུགས་མ་ཡིན་པ་ཡང་མ་ཡིན་ཞེས་བྱ་བ་ནི་གཉིས་སུ་མེད་པའི་དོན་ཏོ། །དེ་བས་ན་དེ་ནི་གཉིས་སུ་མེད་པའི་གྲངས་སུ་བྱས་པའོ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་གྲངས་སུ་བྱས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་གི་བར་དུ་གཉིས་སུ་
མེད་པར་སྦྱར་བར་བྱའོ། །དེ་ལྟར་གཟུགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཀྱི་མཐར་ཐུག་གི་བར་དུ་གཉིས་སུ་མེད་པར་བསྟན་ནས། དེའི་འོག་ཏུ་རྣམ་པ་གཞན་གྱིས་བདེན་པ་བཞི་པོ་དག་ལ་གཉིས་སུ་མེད་པའི་མཚན་ཉིད་བསྟན་པའི་ཕྱིར་གང་ཡོངས་སུ་ཤེས་པ་ཡང་མ་ཡིན།
ཡོངས་སུ་མི་ཤེས་པ་ཡང་མ་ཡིན་པ་དེ་ཉིད་དེའི་ཡོངས་སུ་ཤེས་པའོ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ཀྱི་མཚན་ཉིད་མཉམ་པར་གཞག་པའི་ཡིད་ལ་བྱེད་པས་ཡོངས་སུ་ཤེས་པ་མ་ཡིན་གྱི། ཉན་ཐོས་ལྟར་མཉམ་པར་མ་བཞག་པར་ཡོངས་སུ་

འདྲིས་པའི་ཤེས་པས་ནི་ཡོངས་སུ་ཤེས་ཏེ་ཇི་ལྟར་སྔར་བསྟན་པ་བཞིན་ནོ། །དེ་བས་ན་དེ་ལྟར་ཤིན་ཏུ་ཡོངས་སུ་ཤེས་པ་མ་ཡིན་པ་འདི་ཉིད་དེའི་ཡོངས་སུ་ཤེས་པའོ། །དེ་བཞིན་དུ་སྤང་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པ་རྣམས་ལ་ཡང་སྦྱར་བར་བྱའོ། །
དེ་ལྟར་གཉིས་སུ་མེད་པའི་མཚན་ཉིད་ལ་མཁས་པ་དེ་འབྱུང་བ་ལ་མཁས་པར་བྱ་བ་བསྟན་པའི་ཕྱིར། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ནི་ཟབ་པོ་མཆོག་ཏུ་ཟབ་པོ་ཞེས་བྱ་བས་མྱ་ངན་ལས་འདས་པ་སྟོན་ཏོ། །ཇི་ལྟར་ཟབ་ཅེས་ཞུས་པ་དང་། འདི་ལྟར་མྱ་
ངན་ལས་འདས་པ་ཡང་མ་ཡིན། མྱ་ངན་ལས་མ་འདས་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཟབ་པ་དང་། མཆོག་ཏུ་ཟབ་ཅེས་བྱའོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་ཤིན་ཏུ་ཡོངས་སུ་དག་པ་གནས་གྱུར་པ་ལ་བྱ་སྟེ། གནས་
གྱུར་པ་དེ་ཡང་། འདི་ལྟར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་དང་། ལས་ཀྱི་རྣམ་པར་སྨིན་པ་ཡོངས་སུ་མྱ་ངན་ལས་འདས་པའི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པའོ། །འདི་ལྟར་ཉན་ཐོས་དང་། རང་སངས་རྒྱས་
དག་ལྟ་བུ་མ་ཡིན་གྱི་འཁོར་བ་ཡོད་ཀྱི་བར་དུ། སེམས་ཅན་གྱི་དོན་མཛད་དེ། དེའི་ཕྱིར་མྱ་ངན་ལས་འདས་པ་མ་ཡིན་ནོ། །དེ་ནས་བྱམས་པས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དོན་ལས་བརྩམས་ཏེ། འཁོར་བ་ཡོངས་
སུ་མི་གཏོང་ན། འདིས་ཇི་ལྟར་མྱ་ངན་ལས་འདས་པ་ཡོངས་སུ་བཏང་བར་མི་འགྱུར་ཞེས་བྱ་བ་ནི། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བ་ཡོད་ཀྱི་བར་དུ་སེམས་ཅན་གྱི་དོན་རྒྱུན་མི་གཅོད་པར་རྟག་ཏུ་འཁོར་བ་ཡོངས་སུ་མི་གཏོང་ན། དེ་ལྟ་ན་མྱ་ངན་ལས་འདས་པར་ཇི་ལྟར་འགྱུར་ཞེས་
ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་གཞན་གྱི་དོན་ལས་བརྩམས་ཏེ། འཁོར་བ་ཡོངས་སུ་མི་གཏོང་བས་མྱ་ངན་ལས་འདས་པ་འང་མ་ཡིན་ནོ། །བདག་གི་དོན་ལས་བརྩམས་ཏེ་མྱ་ངན་ལས་འདས་པ་ཡོངས་སུ་མི་གཏོང་བས་མྱ་ངན་ལས་འདས་པ་

འང་མ་ཡིན་ནོ་ཞེས་བྱ་བ་སྟེ། བཅོམ་ལྡན་འདས་ཀྱིས་ནི་གཞན་གྱི་དོན་ལས་བརྩམས་ནས། འཁོར་བ་ཡོངས་སུ་མི་གཏོང་ཞིང་ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་མི་ལེན་ཏེ། དེ་བས་ན་མྱ་ངན་ལས་འདས་པ་འང་མ་ཡིན་ནོ། །བདག་གི་དོན་ལས་བརྩམས་ཏེ། བྱ་བ་བྱས་པའི་ཕྱིར་མྱ་ངན་
ལས་འདས་པ་ཡོངས་སུ་མི་གཏོང་ཞིང་འཁོར་བ་ཡང་མི་ལེན་ཏེ། དེ་བས་ན་མྱ་ངན་ལས་འདས་པའོ་ཞེས་བྱ་བས་ཇི་སྐད་བསྟན་པར་འགྱུར་ཞེ་ན། ཆོས་ཀྱི་སྐུ་ལས་བརྩམས་ཏེ། དེ་བས་ན་མྱ་ངན་ལས་འདས་པའོ་ཞེས་བྱ་བས་ཇི་སྐད་བསྟན་པར་འགྱུར་ཞེ་ན། ཆོས་ཀྱི་སྐུ་ལས་བརྩམས་ཏེ་མྱ་ངན་
ལས་འདས་པའོ། །སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའི་དབང་གིས་ནི་མྱ་ངན་ལས་འདས་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཞན་གྱི་དོན་ལས་བརྩམས་ཏེ་འཁོར་བ་ཡོངས་སུ་མི་གཏོང་ན་འཁོར་བ་ཡོངས་སུ་
མ་བཏང་བས་འདིས་ཇི་ལྟར་མྱ་ངན་ལས་འདས་པ་ཡོངས་སུ་བཏང་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། གལ་ཏེ་གཞན་གྱི་དོན་གྱི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་ན། འདིས་མྱ་ངན་ལས་འདས་པ་ཡོངས་སུ་བཏང་བར་འགྱུར་རོ། །གལ་ཏེ་བདག་གི་དོན་དུ་མྱ་ངན་ལས་
འདས་པ་ཡོངས་སུ་མི་གཏོང་ན་འདིས་འཁོར་བ་ཡོངས་སུ་བཏང་བར་འགྱུར་རོ། །དེ་བས་ན་འཁོར་བའི་ཡོངས་སུ་མི་གཏོང་བ་དང་། གཏོང་བ་དང་། མྱ་ངན་ལས་འདས་པ་དང་། མྱ་ངན་ལས་མ་འདས་པ་ཞེས་བྱ་བ་དེ་དག་འགལ་བ་ཡིན་ན། དེ་ཇི་ལྟར་མི་འགལ་བར་འགྱུར་ཞེས་ཞུས་པའོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་འཁོར་བ་ལ་ཡང་འཁོར་བ་ཉིད་དུ་རྣམ་པར་མི་རྟོག་ཅེས་བྱ་བ་ལ་སོགས་པས་མི་འགལ་བར་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ནི་ཆོས་ཐམས་ཅད་ལ་རྣམ་པར་མི་རྟོག་ཅིང་མཉམ་པ་ཉིད་ཙམ་དུ་མཐོང་བས། འཁོར་བ་ལ་འཁོར་བའོ་ཞེས་སྤྲོས་པ་དང་། མྱ་ངན་ལས་
འདས་པ་ཡང་མྱ་ངན་ལས་འདས་པའོ་ཞེས་སྤྲོས་པས་སྤྲོས་པར་མི་བྱེད་དེ། དེ་བས་ན་མཉམ་པ་ཉིད་ལ་གནས་སོ། །མཉམ་པ་ཉིད་ལ་གནས་པས་ན་གང་ལ་ཡང་ཉེས་དམིགས་སུ་མཐོང་བས་བློ་ཞུམ་པར་འགྱུར་བ་དང་། གང་ལ་ཡང་ཕན་ཡོན་དུ་མཐོང་བས་སྦྱོར་བར་འགྱུར་བ་དེ་ལྟ་བུ་མེད་

དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་འཕགས་པ་བྱམས་པ་དེས་ཀྱང་མ་མགུ་ནས་བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་རྣམ་པར་མི་རྟོག་པའི་དབྱིངས་ལ་གནས་པས། འཁོར་བ་ཇི་ལྟར་མ་བཏང་བ་དེ་ལྟར་བླངས་པ་ཡང་མ་མཆིས་ཤིང་མྱ་ངན་ལས་འདས་པ་ཇི་ལྟར་མ་
བཏང་བ་དེ་ལྟར་བླངས་པ་མ་མཆིས་པར་ཡང་མི་འགྱུར་ལགས་སམ། བཅོམ་ལྡན་འདས་གལ་ཏེ་བླངས་པ་མ་མཆིས་ན། ཇི་ལྟར་མ་བཏང་བ་ལགས་ཞེས་བྱ་བ་ཞུས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་འཁོར་བ་དང་། མྱ་ངན་ལས་འདས་པ་ལ་རྣམ་པར་མི་རྟོག་པས། མཉམ་པ་ཉིད་
དམིགས་ན། དེ་ལྟ་ན་ནི་འཁོར་བ་དང་མྱ་ངན་ལས་འདས་པ་དག་གཏོང་བ་ཡང་མེད། ལེན་པ་ཡང་མེད་དོ་ཞེས་བྱ་ན། དེ་ལ་གལ་ཏེ་ལེན་པ་མེད་ན་ཇི་ལྟར་བཏང་བར་མི་འགྱུར་ཞེས་ཞུས་པའོ། །བྱམས་པ་ད་ནི་འདི་ལྟར་འཁོར་བ་ལེན་ཏོ་ཞེའམ་མི་ལེན་ཏོ་ཞེས་མི་སྨྲའོ་ཞེས་བྱ་བས་འདི་སྐད་
གསུངས་ཏེ། ང་ནི་འཁོར་བ་སྤོང་བ་དང་། མི་སྤོང་བའི་དབང་གིས་ལེན་པ་དང་། འདོར་བར་མི་སྨྲའི། དགོས་པ་ལ་ལྟོས་ནས་བྱ་བ་བྱེད་པའི་དབང་གིས་སྨྲ་སྟེ། འདི་ལྟར་མངོན་པར་ཤེས་པའི་མཐུས་དུས་ཐམས་ཅད་དུ་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་སེམས་ཅན་གྱི་ཁམས་ཀྱི་
དོན་ཤིན་ཏུ་རྒྱུན་མི་འབྱེད་པར་བྱེད་དེ། དེའི་ཕྱིར་འཁོར་བ་ཡོངས་སུ་མི་གཏོང་ཞེས་སྨྲའི། འཁོར་བ་མི་སྤོང་བའི་ཕྱིར་ནི་མ་ཡིན་ནོ། །འདི་ལྟར་སྟོང་པ་ཉིད་ཀྱི་དབྱིངས་དམིགས་སུ་མེད་པའི་དབྱིངས་ཉེ་བར་བཟུང་ནས། དེ་ལ་གནས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ལེན་ཏོ་ཞེས་སྨྲའོ་ཞེས་
བསྟན་པའོ། །བཅོམ་ལྡན་འདས་རྣམ་པར་མི་རྟོག་པའི་མཚན་ཉིད་འདུས་པ་ཇི་ལྟར་བལྟ་བར་བགྱི་ཞེས་བྱ་བ་ནི། ཇི་ལྟར་རྣམ་པར་མི་རྟོག་པ་ཡོངས་སུ་རྫོགས་ཤིང་མཐར་ཕྱིན་པ་ལགས་ཞེས་ཞུས་པའོ། །དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པ་ཞེས་བྱ་བ་ནི། ཡོད་ཅེས་བྱ་བའམ་
མེད་ཅེས་བྱ་བའི་གཉིས་སུ་མེད་པའོ། །སྤྲོས་པ་མེད་པ་ཞེས་བྱ་བ་ནི། ཆོས་དེ་རྣམས་ལ་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པར་མི་རྟོག་པའོ། །བཅོམ་ལྡན་འདས་ཅི་ལགས་ཉན་ཐོས་ཐམས་ཅད་གཅིག་ཏུ་ངེས་པར་གཏན་དུ་མྱ་ངན་ལས་འདས་པ་ལ་གནས་པ་ལགས་སམ་ཞེས་བྱ་བ་ནི། བྱང་

ཆུབ་སེམས་དཔའ་རྣམས་འཁོར་བ་མི་ལེན་ཏོ་ཞེས་འབྱུང་བས་ཉན་ཐོས་རྣམས་ལེན་པ་མེད་པར་ཤིན་ཏུ་མྱ་ངན་ལས་འདས་པ་ཉིད་དུ་འགྱུར་རོ་སྙམ་དུ་དགོངས་ནས་ཞུས་པའོ། །སེམས་ཅན་རྣམས་ཀྱི་རིགས་དང་། རང་བཞིན་མང་དུ་དམིགས་ཞེས་བྱ་བ་ནི་སེམས་ཅན་རྣམས་ཀྱི་རིགས་རྣམས་དང་། རང་
བཞིན་རྣམས་མང་བ་སྟེ་རིགས་ནི་རྣམ་པ་གསུམ་མོ། །རང་བཞིན་ཡང་བསམ་པ་དང་། བག་ལ་ཉལ་དང་། མོས་པ་དང་། དབང་པོ་ལ་སོགས་པའི་བྱེ་བྲག་གིས་ཐ་དད་པ་རྣམས་སོ། །བཟང་པོའི་བྱེ་བྲག་དོན་དུ་གཉེར་ཏེ། བཟང་པོའི་བྱེ་བྲག་ཉིད་ཐོབ་པར་འགྱུར་ཞེས་བྱ་བ་ནི། དང་པོ་
ཉིད་ནས་རང་བཞིན་གྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ལ། ཇི་ལྟར་འདོད་པ་བཞིན་དུ་འཐོབ་པའོ། །དམན་པ་ཞེས་བྱ་བ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་པོ། །དམན་པར་ཤེས་ནས་དེ་ཙམ་གྱིས་ཆོག་པར་མི་འཛིན་ཅེས་བྱ་བ་ནི་འཕགས་པའི་གང་ཟག་ཏུ་འགྱུར་
ཏེ། ཉན་ཐོས་ཉིད་ཐོབ་ནས་ཕྱིས་སངས་རྒྱས་སུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་མ་མཆིས་པས་ཇི་ལྟར་ཐོབ་པར་འགྱུར་ཞེས་བྱ་བ་ནི་འཁོར་བར་སྐྱེས་ན་ནི་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱ་ནུས་སོ་སྙམ་དུ་དགོངས་པའོ། །དེའི་སྐྱེ་བ་ལགས་པར་ནི་བཅོམ་ལྡན་འདས་ཀྱིས་
བཀའ་མ་སྩལ་ཏོ་ཞེས་བྱ་བ་ནི། རྒྱུན་དུ་ཞུགས་པ་ནི་འདིར་སྲིད་པ་བརྒྱད་པ་མི་སྐྱེད་དོ། །ལན་ཅིག་ཕྱིར་འོང་བ་ནི་འདིར་སྲིད་པ་གཅིག་ལེན་ཏོ། །ཕྱིར་མི་འོང་བ་ནི་འདིར་སྲིད་པ་གཅིག་ཀྱང་མི་ལེན་ཏོ། །དགྲ་བཅོམ་པ་ནི་ཐམས་ཅད་དུ་ཡང་སྲིད་པ་མི་ལེན་ཏེ་དེ་ལྟར་སྐྱེ་བ་བཀག་གོ། །བྱམས་པ་དེའི་སྐྱེ་
བ་ལས་དང་ཉོན་མོངས་པའི་དབང་གིས་འགྱུར་བར་ནི་ང་མི་འདོགས་ཀྱི། དེའི་སྐྱེ་བ་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པ་དང་ཡོངས་སུ་བསྔོས་པའོ་ཞེས་འདོགས་སོ་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ཞེས་བྱ་བ་དེ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་བྱའོ། །སྐྱེ་བ་རྣམ་པ་
གསུམ་པོ་དག་ལ་ནི་དཔྱད་པ་མེད་དོ། །དེ་དག་ལ་ནི་སྐྱེ་བ་རྣམ་པ་གསུམ་ཡོད་དེ། བསམ་གྱིས་མི་ཁྱབ་པའི་སྐྱེ་བ་དང་སྤྲུལ་པའི་སྐྱེ་བ་དང་། སྨོན་ལམ་གྱི་སྐྱེ་བའོ། །དེ་ལ་གང་ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག་ནི། གལ་ཏེ་དེ་བཞིན་གཤེགས་པ་དང་ཉེ་བར་གྱུར་ན། དེའི་ཚེ་དེ་བཞིན་གཤེགས་

པས་དེ་དག་གི་རིགས་ཀྱི་ཁྱད་པར་ལ་གཟིགས་ནས། ཇི་ལྟར་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་བསྐྱེད་པ་དེ་ལྟ་བུའི་ཆོས་བཤད་པ་མཛད་ནས། དེ་ལྟ་བུའི་ལམ་ལ་སྦྱོར་ཏེ། འདོད་པ་དེ་ཡོངས་སུ་མ་བཏང་བར་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་ནས། རྒྱུན་དུ་ཞུགས་
པའི་འབྲས་བུ་ལ་སོགས་པ་ཐོབ་པར་བྱེད་དོ། །དེ་ལྟར་སངས་རྒྱས་རྣམས་ཐབས་མཁས་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་དེ་དག་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་ལ་བཀོད་ནས། སློབ་པའམ་མི་སློབ་པར་གྱུར་པ་ལ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འདོད་པ་མ་བཏང་
བས་མྱ་ངན་ལས་འདས་པ་མངོན་དུ་བྱེད་ཀྱང་ངེས་པའི་ཉན་ཐོས་ལྟར། དེ་ལ་ཤིན་ཏུ་དྲག་པོའི་མོས་པ་མི་སྐྱེད་དེ། དཔེར་ན་ལ་ལ་ཞིག་གྲོང་ངམ་གྲོང་ཁྱེར་ལ་ལྟ་བ་ན། དེ་ཉིད་དུ་གནས་པར་བྱའོ་སྙམ་དུ་བསམས་ཏེ་བལྟས་ན་ནི། དེར་མོས་པར་མོས་པ་གཞན་དུ་འགྱུར་རོ། །གཞན་དུ་འགྲོའོ་སྙམ་དུ་
བསམས་ཏེ། བལྟས་ན་ནི་བློ་གཞན་དུ་འགྱུར་རོ། །དེ་བཞིན་དུ་འདིར་ཡང་ཡང་དག་པར་རྫོགས་པའི་བྱང་ཆུབ་འདོད་ན་ནི། མྱ་ངན་ལས་འདས་པ་ལ་འདོད་པ་རྣམ་པ་གཞན་དུ་འགྱུར་ལ། ངེས་པའི་ཉན་ཐོས་རྣམས་ཀྱང་རྣམ་པ་གཞན་དུ་འགྱུར་རོ། །དེ་བས་ན་ཉོན་མོངས་པ་སྤངས་ཀྱང་ལ་ལ་བག་ཆགས་
ལ་སོགས་པའི་དབང་གིས་ཁྱད་པར་དུ་འགྱུར་ཏེ། སྙིང་རྗེའི་བསམ་པའི་དབང་གིས་ཀྱང་། དེ་དག་འཁོར་བས་ཤིན་ཏུ་སྐྱོ་བར་མི་འགྱུར་ལ། སེམས་ཅན་ལ་ཕན་པ་བྱེད་པར་འདོད་པ་རྣམས་ནི་བུ་གཞོན་ནུ་མི་གཙང་བའི་དོང་དུ་ལྟུང་བ་འབྱིན་པར་འདོད་པས་མི་གཙང་བའི་དོང་ལ་བལྟ་ཡང་། དེས་སྐྱོ་བར་མི་
འགྱུར་བ་བཞིན་ནོ། །སློབ་པའམ་མི་སློབ་པ་དེ་ལྟ་བུར་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་མན་ངག་གིས་འཇིག་རྟེན་ལས་འདས་པ་ཟག་པ་མེད་པ། འཕགས་པའི་ལམ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་འདི་ལྟར་ཡོངས་སུ་སྔོ་བར་བྱེད་དེ། གང་བདག་གི་དགེ་བའི་རྩ་བ་འཇིག་རྟེན་ལས་
འདས་པ་ཟག་པ་མེད་པ་དེ་དག་ཐམས་ཅད་སེམས་ཅན་ལ་ཕན་པའི་ཕྱིར་འཁོར་བར་སྐྱེ་བ་ལ་མངོན་དུ་ཕྱོགས་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོའོ། །དེ་དག་དེ་ལྟར་ཡོངས་སུ་བསྔོས་པའི་དབང་གིས་ལམ་ལ་སོགས་པ་ཟག་པ་མེད་པའི་དགེ་བ་རྣམས་ཀྱིས་འཁོར་བར་སྐྱེ་བར་བྱེད་དེ། དེ་དག་ལ་ཡང་

ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པ་ཉོན་མོངས་པ་དང་འདྲ་བའི་དགེ་བའི་ཆོས་རྣམས་ཡོད་དེ། འདི་ལྟར་མདོ་སྡེ་གཞན་དག་ལས་བློ་གྲོས་རྒྱ་མཚོ་འཁོར་བའི་རྒྱུན་བྱེད་ལ། དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་གང་ཞེ་ན། འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་བཙལ་བས་
ཡོངས་སུ་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་སྙམ་པ་ལ་
སྤྲོ་བ་དང་། ཆོས་འདོད་པའི་བག་ལ་ཉལ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངས་སུ་མི་གཏོང་བའོ། །བློ་གྲོས་རྒྱ་མཚོ་དེ་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་རྣམས་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གིས་འདྲེ་ཡང་། ཉོན་མོངས་པའི་སྐྱོན་
རྣམས་ཀྱིས་མི་གོས་སོ། །གསོལ་པ་བཅོམ་ལྡན་འདས་དགེ་བའི་རྩ་བ་ལགས་ན་ཅིའི་སླད་དུ་ཉོན་མོངས་པ་རྣམས་ཞེས་བགྱི། བཀའ་སྩལ་པ། བློ་གྲོས་རྒྱ་མཚོ་འདི་ལྟར་ཉོན་མོངས་པ་དེ་ལྟ་བུ་དག་གིས་བྱང་ཆུབ་སེམས་དཔའ་ཁམས་གསུམ་དང་འདྲེ་ཞིང་། ཁམས་གསུམ་པ་ནི་ཉོན་
མོངས་པ་ལས་བྱུང་བ་ཡིན་པས་དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་དང་། དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམས་བཞིན་དུ་ཁམས་གསུམ་དུ་འདྲེའོ། །དེའི་ཕྱིར་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་སྟེ། ཁམས་གསུམ་དུ་འདྲེས་པས་དེ་
སྐད་བྱའི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །དེ་བས་ན་དེ་ལྟར་ཡོངས་སུ་བསྔོས་པའི་མཐུས་ཟག་པ་མེད་པའི་དགེ་བའི་རྩ་བ་རྣམས་ཀྱིས་སྲིད་པར་སྐྱེའོ་ཞེས་བྱའོ། །ཕྱིར་མི་འོང་བ་འམ། དགྲ་བཅོམ་པ་ལ་ལ་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པས། མངོན་པར་ཤེས་པ་
ཁྱད་པར་ཅན་དང་ལྡན་པའི་ཕྱིར་སྤྲུལ་པ་རྣམ་པ་སྣ་ཚོགས་ཀྱིས་སྐྱེ་བ་བསྟན་ནས། སེམས་ཅན་རྣམས་ཀྱི་དོན་དཔག་ཏུ་མེད་པ་བྱེད་ཅིང་། བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དེ་ནི་སྤྲུལ་པའི་སྐྱེ་བ་ཞེས་བྱའོ། །ལ་ལ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་མཐུས། དེ་ལྟ་བུའི་

སྨོན་ལམ་གྱི་ཁྱད་པར་དག་ཐོག་མ་ནས་བསྩགས་པར་གྱུར་ཏེ། དེ་དག་གི་སྨོན་ལམ་དེ་དག་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་ནས་ཡོངས་སུ་བསྔོས་པའི་སྐྱེ་བ་དག་སྒྲུབ་པར་བྱེད་དེ། དེ་ནི་ཡོངས་སུ་བསྔོས་པའི་སྐྱེ་བ་ཞེས་བྱའོ། །འོ་ན་དེ་དག་ཅིའི་ཕྱིར་རྒྱུན་དུ་ཞུགས་པའི་འབྲས་
བུ་ལ་སོགས་པ་མ་ཐོབ་པར། བྱང་ཆུབ་ཀྱི་ཕྱོགས་ཡོངས་སུ་རྫོགས་པར་མི་བྱེད་ཅེ་ན། མེད་པའི་ཕྱིར་ཏེ། འདི་ལྟར་དེ་དག་ནི་ཉོན་མོངས་པ་ཤས་ཆེ་ལ་དབང་པོ་རྟུལ་ཏེ། དབང་པོ་སྦྱང་བར་བྱ་བ་དང་། ཉོན་མོངས་པ་སྤངས་པ་མེད་པར་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་མི་ནུས་
ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཐབས་མཁས་པས་དེ་དག་ལ་དེ་ལྟ་བུའི་མཐུ་མཆོག་དང་ལྡན་པར་མཛད་དོ། །ཇི་སྐད་དུ་མདོ་སྡེ་གཞན་དག་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་
ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་གང་ཡིན་པ་དེ་དག་ནི། རིགས་ལ་བལྟས་ཏེ་ལུང་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས། ཉན་ཐོས་ཟག་པ་མ་
མཆིས་པ་སྲིད་པར་ཀུན་དུ་སྦྱོར་བ་རྒྱུན་བཅད་པ་རྣམས་རིགས་མཆིས་སུ་ལགས་ཀྱང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་དཔེ་བསྟན་གྱི་ཉོན་ཅིག། རིགས་ཀྱི་བུ་འདི་ལྟ་
སྟེ་དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་བུ་ཞིག་ཡོད་དེ། དེ་ཡང་བཟོའི་གནས་ཐམས་ཅད་ལ་སློབ་པ་ལས། དེ་དབང་པོ་རྟུལ་ཞིང་དབང་པོ་རྣོ་བ་མ་ཡིན་པས། ཕྱིས་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་སྔར་སློབ། སྔར་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་ཕྱིས་སློབ་པར་བྱེད་
ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅིའི་རྒྱུ་དེས་རྒྱལ་པོའི་བུ་མ་ཡིན་ཞེས་བྱ་བའམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེ་རྒྱལ་པོའི་བུ་ཉིད་ལགས་སོ་ཞེས་བགྱིའོ། །རིགས་ཀྱི་བུ་དེ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་

དབང་པོ་རྟུལ་པོ་རིགས་དང་ལྡན་པ་རྣམ་པ་བསྒོམ་པའི་ལམ་གྱིས་སྔར་ཉོན་མོངས་པ་རྣམས་ཟད་པར་བྱས་ནས། ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས་རྒྱུ་དེས་མངོན་པར་རྫོགས་པར་སངས་མ་རྒྱས་ཞེས་བྱ་
བའམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བས་ན་དེ་ལྟར་སྐྱེ་བ་རྣམ་པ་གསུམ་གྱི་དབང་གིས་སྐྱེས་ནས་བྱང་ཆུབ་ཀྱི་ཚོགས་ཡོངས་སུ་རྫོགས་པར་བྱེད་དོ། །འཕགས་པ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་འབུམ་པ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཁྲི་བརྒྱད་སྟོང་པ་རྒྱ་ཆེར་བཤད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ་གཏན་ལ་ཕབ་པའོ།། །།
༄༅༅།། །།རྒྱ་གར་སྐད་དུ། ཨཱརྱ་པྲཛྙཱ་པཱ་ར་མི་ཏཱ་སཾ་གྲ་ཧ་ཀཱ་རི་ཀཱ། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྡུས་པའི་ཚིག་ལེའུར་བྱས་པ། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །
ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱ་དོན་དེ་དང་ལྡན་པས། །གཞུང་ལམ་དག་ལ་དེའི་སྒྲ་ཡིན། །རྟེན་དང་དབང་དུ་བྱ་བ་དང་། །ལས་ནི་སྒོམ་པ་དང་བཅས་དང་། །རབ་དབྱེ་རྟགས་དང་ལྟུང་བ་དང་། །ཕན་ཡོན་བཅས་པར་ཡང་དག་བརྗོད། །དད་ལྡན་འཇུག་པའི་ཡན་ལག་
ཏུ། །སྟོན་པ་དཔང་པོ་འཁོར་དང་ནི། །ཡུལ་དུས་དག་ཀྱང་ངེས་བསྟན་པ། །སྡུད་པོ་རང་ཉིད་ཚད་མར་ནི། །རབ་གྲུབ་ཕྱིར་ཡིན་འཇིག་རྟེན་ན། །ཡུལ་དང་དུས་ཀྱིས་ཉེར་མཚོན་ཞིང་། །དཔང་པོར་བཅས་པ་སྨྲ་བ་ཡིན། །སྨྲ་པོ་ཚད་མར་རྗེས་སུ་རྟོགས། །ཚིག་ཕྲད་བདག་ཐོས་
ལ་སོགས་པ། །འདི་དག་ཐམས་ཅད་ཞར་ལ་ནི། །བརྗོད་པ་ཡིན་ཏེ་གཙོ་བོའི་དོན། །སུམ་ཅུ་རྩ་གཉིས་དེ་དག་ཉིད། །སྟོང་པ་ཉིད་ཀྱི་དབྱེ་བ་ནི། །རྣམ་པ་བཅུ་དྲུག་བརྒྱད་སྟོང་པར། །རིམ་པ་ཇི་བཞིན་བརྗོད་པ་ནི། །གཞན་གྱིས་བསྟན་པར་ཤེས་པར་བྱ། །དེ་ལྟར་ཇི་སྐད་བཤད་

དོན་གྱིས། །བརྒྱད་སྟོང་འདིར་དོན་མ་ཚང་མེད། །འདིར་གཞུང་བསྡུས་པ་ཡིན་འདོད་དེ། །དོན་ནི་ཇི་སྐད་བརྗོད་ཉིད་དོ། །བྱང་ཆུབ་སེམས་དཔའ་དེ་ཉིད་དུ། །ངས་མ་མཐོང་ཞེས་ཐུབ་པས་གསུངས། །ཟ་པོ་ནང་གི་དངོས་རྣམས་ཀྱི། །སྟོང་པ་ཉིད་ནི་དེ་ཡིས་བརྗོད། །
གཟུགས་ནི་གཟུགས་ཀྱི་རང་བཞིན་གྱིས། །སྟོང་པ་ཞེས་ནི་གསུངས་པའི་ཕྱིར། །བཟའ་བར་བྱ་བ་ཕྱི་ཡི་ནི། །སྐྱེ་མཆེད་རྣམས་ཀྱང་འདིར་བཀག་གོ། །གཟུགས་སོགས་མེད་ན་དེ་ཡི་ནི། །ལུས་གནས་མཚན་ཉིད་ཟད་པའི་དོན། །རྟོགས་ཉིད་གང་གིས་དེ་མཐོང་བ། །དེ་ཡང་
ནང་པ་ཡིན་ཕྱིར་མེད། །གང་ཕྱིར་ནང་རྣམས་སྟོང་ཉིད་ན། །རང་བཞིན་ཡང་ནི་སྟོང་པ་ཉིད། །འདི་ལྟར་རྣམ་ཤེས་རང་བཞིན་རིགས། །བརྩེ་དང་ཤེས་རབ་བདག་ཉིད་ཡིན། །སེམས་ཅན་སྐྱེ་མེད་འགག་པ་ཡང་། །མེད་ཅེས་སོགས་ཀྱིས་སེམས་ཅན་དང་། །འཁོར་བ་དག་ནི་སྟོང་ཉིད་
གཙོར། །དེས་ནི་གསལ་བར་བསྟན་པ་ཡིན། །སངས་རྒྱས་ཆོས་དང་དེ་བཞིན་དུ། །བྱང་ཆུབ་སེམས་དཔའི་ཆོས་རྣམས་ནི། །མ་མཐོང་ཞེས་བྱ་ལ་སོགས་ཀྱི། །སྟོབས་བཅུ་ལ་སོགས་སྟོང་པར་བསྟན། །གང་ཕྱིར་ཆོས་རྣམས་སོ་སོར་ནི། །སོ་སོར་བརྟགས་ཞེས་རབ་བརྗོད་པ། །
དེས་ན་ཆོས་རྣམས་དོན་དམ་དུ། །ཡོད་མིན་ཞེས་བྱར་བརྗོད་པ་ཡིན། །གང་ཕྱིར་བདག་སོགས་ལོག་ལྟ་ནི། །ཆེན་པོ་གཅོད་མཛད་དེ་ཡི་ཕྱིར། །བཅོམ་ལྡན་འདས་ཀྱིས་རྣམ་ཀུན་དུ། །གང་ཟག་བདག་མེད་ཉིད་དུ་གསུངས། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཞེས། །བརྗོད་པར་
མཛད་པས་དེ་བཞིན་དུ། །དེ་ཉིད་རིག་པས་རྣམ་ཀུན་དུ། །ཆོས་ཀྱི་བདག་མེད་གསུངས་པ་ཡིན། །ཁ་ན་མ་ཐོ་བཅས་མེད་རྣམས། །འཕེལ་དང་ཉམས་པ་མེད་པའི་ཕྱིར། །འདུས་བྱས་འདུས་མ་བྱས་པ་ཡིན། །དགེ་བ་རྣམས་ནི་བསལ་བ་ཡིན། །དགེ་བ་རྣམས་ནི་སྟོང་པ་ན། །དེར་རྟེན་མི་
ཟད་དེ་བཞིན་དུ། །གཞག་ཉིད་དེ་ནི་སྟོང་ཉིད་ཀྱི། །རབ་ཏུ་དབྱེ་བ་བསྡུས་པའོ། །སེམས་ཀྱི་རྣམ་པར་གཡེང་བ་བཅུས། །གཞན་ལས་སེམས་ནི་རྣམ་གཡེང་པས། །བྱིས་པ་རྣམས་ལ་གཉིས་མེད་ཀྱི། །ཡེ་ཤེས་སྒྲུབ་པའི་སྐལ་པ་མེད། །དེ་དག་ཕན་ཚུན་གཉེན་པོ་དང་། །མི་མཐུན་

ཕྱོགས་ཀྱིས་བཟློག་པའི་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་གཞུང་སྟེ། །དེ་རྣམས་ཀྱང་ནི་བསྡུས་ཏེ་བསྟན། །སྟོན་པས་ཕུང་པོ་ཀུན་བརྗོད་པ། །གཟིགས་ཕྱིར་བྱང་སེམས་དཔའ་ཡོད་ཅེས། །གང་གསུངས་པ་ཡིས་དངོས་མེད་ཀྱི། །རྟག་པའི་གཡེང་བ་འགོག་པ་ཡིན། །འདིས་ནི་བརྒྱད་སྟོང་ལ་
སོགས་སུ། །དང་པོའི་ངག་ནས་བརྩམས་ནས་ནི། །རྫོགས་པའི་བར་ནི་སྒྲུབ་པ་ཡིས། །དངོས་མེད་རྟོག་པ་དགག་བྱ་ཡིན། །འདི་དག་གཏན་ཚིགས་ངག་མིན་ཏེ། །བྱ་བ་ཙམ་ཞིག་སྨོས་པ་ཡིན། །རིགས་པ་ཚངས་པའི་དྲ་བ་སོགས། །མདོ་ཀུན་དུ་ནི་ཤེས་པར་བྱ། །བདག་གིས་བྱང་
ཆུབ་སེམས་དཔའ་ནི། །མ་མཐོང་ཞེས་སོགས་རྒྱས་རྣམས་ཀྱིས། །བཅོམ་ལྡན་དངོས་པོ་ཀུན་རྟོག་གི། །འཁྲུལ་པ་འགོག་པར་མཛད་པ་ཡིན། །གང་ཕྱིར་མིང་ཡང་མ་མཐོང་ཞིང་། །སྤྱོད་ཡུལ་དང་ནི་བྱ་བ་དང་། །ཕུང་པོ་ཀུན་ནས་དེ་བཞིན་དེས། །བྱང་ཆུབ་སེམས་དཔའ་མཐོང་
བ་མེད། །འདི་ནི་བརྟགས་པ་འགོག་པ་ཡིན། །དེ་འདྲ་བསྡུས་པའི་ལྟ་བ་སྟེ། །ཤེས་བྱ་ཉིད་དུ་བློར་ཞུགས་པའི། །རྣམ་པ་ཐམས་ཅད་བརྟགས་པ་ཡིན། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །བརྟགས་པ་དང་ནི་གཞན་དབང་དང་། །ཡོངས་