Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 18 / 23 (50.000 ký tự/trang)
པུར་གྱིས་བྱུག་པ་བྱས་ལ། རིག་སྔགས་འདི་བརྒྱ་རྩ་བརྒྱད་ཡིད་ལ་མ་ཡེངས་པར་བརྗོད་ནས་ཁྲུས་བྱས་སམ་བརྗོད་ན་ཚེ་ཟད་པ་དང་ཚེ་ཉམས་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཉམས་པ་དང་། བདག་ལ་མི་དང་མི་མ་ཡིན་པ་ཐམས་ཅད་བསམ་པ་ཞིག་པར་ འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་ཟད་པར་འགྱུར་རོ། །བུམ་པའི་ཐབས་སོ། །ཞི་བ་ལ་ནི་མངར་གསུམ་དང་འོ་མའོ། །རྒྱས་པ་ལ་ནི་ཟས་མཆོག་གི་གོང་བུ་དང་ཡུངས་ཀར་རོ། །དབང་ལ་ནི་ཡུངས་མར་དང་འབྲས་རྣམ་པ་སྣ་ཚོགས་དང་ནིམ་པའི་ལོ་མའོ། །དྲག་པོ་ལ་ནི་ཤ་དང་ཁྲག་དང་ དུག་དང་། སྐེ་ཚེ་དང་ཏིལ་མར་རམ་ཚིལ་གཞག་གོ། །རིག་སྔགས་བརྒྱ་རྩ་བརྒྱད་པ་གསུམ་མམ། བདུན་པ་གསུམ་བརྗོད་པར་བྱའོ། །རིག་སྔགས་རེ་རེ་ཞིང་རྫས་རེ་རེ་དབུལ་བར་བྱའོ། །ཞི་བ་ལ་ནི་མཐར་སྭཱ་ཧཱ་བརྗོད་པར་བྱའོ། །རྒྱས་པ་ལ་ཨོཾ། དབང་ལ་ཧོཿ། དྲག་པོ་ལ་ཕཊ། རིག་སྔགས་ འདི་ཡིས་སྭཱ་ཧཱ་ལ་སོགས་པ་མི་བརྗོད་པ་ནི་ཕྲིན་ལས་རྣམ་བཞིའི་སྤྱི་ལས་པའོ། །ཏིལ་གྱི་སྦྱིན་སྲེག་བྱས་པས་མཚམས་མེད་པ་ལྔ་ནས་ཉེས་པ་ཕྲ་མོ་ཡན་ཆད་འབྱང་བར་འགྱུར་རོ། །དེ་ལ་རིག་སྔགས་ལན་རེ་ཞིང་རྫས་ལན་རེ་དབུལ་བར་བྱའོ། །དེ་ལ་གྲངས་ནི་བརྒྱ་རྩ་བརྒྱད་པ་གསུམ་དབུལ་བར་བྱའོ། ། ཐ་ན་རིག་སྔགས་གཅིག་ཙམ་ཏིལ་གཅིག་ཙམ་ཐབ་ཏུ་དོར་ན་ཡང་སྡིག་པ་འབྱང་བར་འགྱུར་ན་མང་བ་རྣམས་ལྟ་ཅི་སྨོས། སྡིག་པ་འབྱང་བའི་དབང་དུ་བྱས་པའོ། །དེ་ལ་རོ་བསྲེག་པ་ནི་དོང་གི་ནང་དུ་ཆོས་ཀྱི་འཁོར་ལོ་བྲི་བར་བྱའོ། །ཆོས་ཀྱི་ཡི་གེ་རྣམས་ཀྱང་བྲི་བར་བྱའོ། །ཤིང་བརྩིགས་ པ་ཐོགས་གསུམ་དང་ལྡན་པར་བྱས་ལ། སྟེང་ཁང་ལ་སྐར་ཁུང་བྱས། རོ་ཁ་ནུབ་ཕྱོགས་སུ་བསྟན་ལ་བཞག་གོ། །རོའི་སྙིང་གར་འཁོར་ལོ་རྩིབས་བཅུ་དྲུག་པ། རས་སམ་གྲོ་གའམ་ཤིང་ཤུན་ལ་བྲིས་ཏེ། དགབ་པར་བྱའོ། །འཁོར་ལོ་ལ་ཆོས་ཀྱི་ཡི་གེ་དགོད་པ་ནི་ཆོས་ཀྱི་འཁོར་ལོའོ། །དེའི་དབུས་ཀྱི་ ལྟེ་བ་ནས་གཟུངས་ཐག་བསྒྲིལ་བ་དྲངས་ལ་བསྔོ་བ་མཁན་གྱིས་གཟུང་སྟེ། ཆོས་ཀྱི་ཕྱག་རྒྱ་རིག་སྔགས་འདི་བརྗོད་པར་བྱའོ། །འདིའི་བསམ་པ་ནི་རིག་སྔགས་འདི་བརྗོད་པས་ཆོས་ཀྱི་ཡི་གེ་རྣམས་གསལ་བར་འགྱུར་རོ། །ཆོས་ཀྱི་ཡི་གེ་གསལ་བས་དབུས་ཀྱི་ཡི་གེ་ཨོཾ་གསལ་བར་འགྱུར་རོ། །ཨོཾ་ཡེ་ ཤེས་ཀྱི་མེ་བྱུང་བས་ཕུང་པོ་ཚིག་པས་ཡེ་ཤེས་ལྔའི་འོད་ཟེར་འཕྲོས་པས། དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་ནི། རྒྱུད་ལས་ཇི་སྐད་གསུངས་པ་བཞིན་མཆོད་པར་བྱའོ། །སེམས་ཅན་རྣམས་ལ་བསྔོ་བ་ནི། དབང་པོ་ལྔའི་ལོངས་སྤྱོད་དུ་འདོད་པ་ལྔའི་ལོངས་སྤྱོད་ཆར་བཞིན་འབབ་པར་ དམིགས་ཏེ། དེ་ནས་སྔགས་མཁན་གྱིས་རྫས་རེ་རེ་ལ་རིག་སྔགས་ལན་རེ་རེ་བརྗོད་པས་བརྒྱ་རྩ་བརྒྱད་པ་གསུམ་དབུལ་བར་བྱའོ། །སྲེག་རྫས་ནི་ཡམ་ཤིང་འོ་མ་ཅན་དང་། མར་དང་ཏིལ་ལ་སོགས་པ་དབུལ་བར་བྱའོ། །མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་བྱའོ། །བཀྲ་ཤིས་པར་བྱ་བའི་ཕྱིར་གོང་དུ་ བསྟན་པའི་ཕྲིན་ལས་རྣམ་པ་བཞི་ཆར་བྱའོ། །དེ་ནས་བསྔོ་བ་མཁན་གྱིས་ཚེ་ཐལ་བ་དང་། སེམས་ཅན་གྱི་ལས་གསུམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །དེ་ལ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། བསྔོ་བ་མཁན་གྱིས་བསྐོར་བ་དང་། སྔགས་མཁན་གྱིས་རོའི་དབུས་སུ་བསྐོར་བ་ཕྲིན་ལས་རྣམ་བཞིའི་དོན་ དུ་བསྐོར་བ་ནི། ཆོས་ཀྱི་འཁོར་ལོ་རྣམ་པ་གསུམ་དུ་བསྐོར་བའོ། །ལན་བཅུ་གཉིས་སུ་བསྐོར་བ་ནི། རྡོ་རྗེ་སེམས་དཔའ་ནས་རྡོ་རྗེ་ཁུ་ཚུར་དུ་བསྐོར་བ་ནི་ཞི་བའོ། །རྡོ་རྗེ་རིན་ཆེན་ནས་རྡོ་རྗེ་ལེགས་པར་བསྐོར་བ་ནི་རྒྱས་པའོ། །རྡོ་རྗེ་ཆོས་ནས་རྡོ་རྗེ་བཞད་པ་ལ་བསྐོར་བ་ནི་དབང་ངོ་། །རྡོ་རྗེ་ལས་ནས་རྡོ་རྗེ་སྨྲ་བ་ལ་ ཐུག་པ་ནི་དྲག་པའོ། །དེ་རྣམ་པ་བཅུ་གཉིས་སུ་བསྐོར་བའོ། །གོང་དུ་བསྐོར་བ་ཐམས་ཅད་དེ་ལྟར་བསྐོར་བར་བྱའོ། །ཡི་གེ་བརྒྱ་པའི་ཆོ་ག་སློབ་དཔོན་པདྨས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་ཡ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་བྱམས་པའི་སྒྲུབ་ཐབས། རྗེ་བཙུན་བྱམས་པ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པ། ཞལ་གསུམ་པ། སྤྱན་གསུམ་གསུམ་པ། ཕྱག་བཞི་པ། ནག་པོ་དང་། དཀར་པོའི་ཞལ་ནི་གཡས་དང་ གཡོན་ནོ། །དབུས་ཀྱི་ཞལ་གསེར་གྱི་མདོག་ཅན་རབ་ཏུ་སེར་བ། ཕྱག་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་འཛིན་པ། གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས་མཆོག་སྦྱིན་དང་། ཀླུ་ཤིང་གི་མེ་ཏོག་རྒྱས་པའི་སྙེ་མ་བསྣམས་པ། རྒྱན་སྣ་ཚོགས་པས་བརྒྱན་པའི་གཟུགས་ཅན་གྱི་བྱམས་པ་མགོན་པོར་ བདག་ཉིད་བསྒོམ་པར་བྱའོ། །ཁུ་ཚུར་སོ་སོར་བཅིངས་ལ། མཛུབ་མོ་མཐེ་བོང་གི་དབུས་སུ་བཞག་པ་མེ་ཏོག་གི་རྣམ་པར་བྱས་ལ་དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་མཻ་མཻ་ཏྲི་མཻ་ཏྲི་ཡེ་སྭཱ་ཧཱ། འཕགས་པ་བྱམས་པའི་སྒྲུབ་ཐབས་རྫོགས་སོ།། །།ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བཟང་པོས་མཛད་ པའོ། །ལོ་ཙཱ་བ་བྱམས་པ་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཻ་ཏྲི་ཡ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་བྱམས་པའི་སྒྲུབ་ཐབས། རྒྱལ་བ་བྱམས་པ་ལ་ཕྱག་འཚལ་ལོ། །ཐོག་མར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་མཻཾ་གསེར་གྱི་མདོག་ ཅན་ལས་འོད་ཟེར་འཕྲོས་པས། བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་། རྒྱལ་བ་བྱམས་པ་ཉིད་གཙོ་བྱས་པ་ཡང་དག་པར་བཀུག་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ན་མེ་ན་བཛྲ་བནྡྷ་ན་ཀ་རོ་མི་ཞེས་བྱ་བས་ཕྱག་འཚལ་བ་སྔོན་དུ་སོང་བས། ཨོཾ་བཛྲ་པུཥྤཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱཾ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབས་པས་མཆོད་པའི་ཚོགས་ཕུལ་ལ། དེ་དག་གི་སྤྱན་སྔར་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་ དང་། བསྔོ་བ་དང་། སེམས་བསྐྱེད་པ་བྱས་ནས། བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ལས་ཚངས་པའི་གནས་པ་ལ་སོགས་པར་ཡིད་ལ་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ། བརྫུན་པའི་རྣམ་པར་རྟོག་པ་གོམས་པར་བྱས་པའི་བག་ཆགས་ཀྱི་དབང་དུ་གྱུར་པ། རང་གི་སེམས་དང་མིག་འཕྲུལ་མཁན་གྱིས་ཉེ་བར་སྤྲུལ་པའི་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་གྱི་རྣམ་པར་འཁྲུལ་པའི་དྲི་མ་སྦྱང་བར་བྱ་བའི་ཕྱིར། རྡུལ་དང་། ཁུག་རྣ་དང་དུ་བ་དང་། ཁ་བ་དང་སྤྲིན་དང་། སྤྲིན་གྱི་ གྲིབ་མ་དང་བྲལ་བ། སྟོན་ཀའི་ཉི་མ་ཕྱེད་ཀྱི་ནམ་མཁའ་ལྟ་བུར་ཆོས་ཀྱི་དབྱིངས་མཐའ་དང་དབུས་མེད་པའི་རང་བཞིན་དུ་ཕྱི་ནང་དང་བཅས་པའི་འཇིག་རྟེན་གསུམ་པོ་མ་ལུས་པ་རྣམ་པར་བལྟ་བར་བྱའོ། །དེ་ལྟར་ཡུད་ཙམ་ཞིག་རྣམ་པར་དག་པའི་རང་བཞིན་རབ་ཏུ་རྟོག་པ་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་ཏེ། དེ་ ལ་གནས་པ་པཾ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་མཻ་ཞེས་བྱ་བའི་འོད་ཀྱིས་ཕྱི་ནང་དང་སྣོད་བཅུད་མཐའ་དག་སྦྱངས་ཏེ། ཐུབ་པ་སྐྱེས་མཆོག་བྱམས་པ་ནི། །ཞལ་གསུམ་སྤྱན་གསུམ་གྱིས་རྣམ་བརྒྱན། །དེ་ཡི་གདན་ནི་པདྨ་སྟེ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ པ། །ཕྱག་བཞི་ཡིས་ནི་རྣམ་པར་མཛེས། །བླ་མེད་ཆོས་སྟོན་ཕྱག་རྒྱ་ཡིས། །ཕྱག་གཉིས་དང་པོ་རྣམ་པར་བརྒྱན། །ཕྱག་གཡས་གཉིས་པ་ཉེར་བསྐྱོད་པས། །མཆོག་ཏུ་སེམས་ཅན་སྐྱོང་བ་པོ། །གཡོན་ཕྱག་ལྷ་རྫས་ཡལ་ག་འདུད། །ཀླུ་ཤིང་མེ་ཏོག་བཅས་པའོ། །སངས་རྒྱས་སྤྲིན་ནི་རབ་འཕྲོས་ ཤིང་། །བྱང་ཆུབ་སེམས་ཀྱི་རང་བཞིན་འབར། །དངོས་གྲུབ་ཆེན་པོ་མཆོག་བསྒོམ་བྱ། །དེ་ནས་སྔ་མ་བཞིན་དུ་མཆོད་དེ། ཛཿཧཱུཾ་བཾ་ཧོཿཞེས་པའི་ཡི་གེ་བཞིས་དྲངས་ནས། དམ་ཚིག་སེམས་དཔའ་རང་ཉིད་ལ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དགེས་པར་བྱས་ལ། དབང་བསྐུར་བར་གསོལ་བ་ གདབ་པར་བྱའོ། །དེའི་རྗེས་ལ་སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབས་ནས། རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས་རྫོགས་པའི་རིམ་པ་བསྒོམ་པར་བྱའོ། །དེ་འོག་ཕྱག་རྒྱ་བཅིངས་བྱས་ལ། །མཉམ་པར་གཞག་པར་གསང་སྔགས་བཟླས། །ལག་གཉིས་སོ་སོར་དག་ཏུ་བྱ། །ཁུ་ཚུར་བཅིངས་ཏེ་ སྡིགས་མཛུབ་གཉིས། །མཐེ་བོའི་དབུས་སུ་གཞུག་བྱ་སྟེ། །མེ་ཏོག་རྣམ་པའི་མཆོད་པས་སོ། །ཨོཾ་མཻཾ་མཻ་ཏྲི་མཻ་ཏྲི་ཡེ་སྭཱ་ཧཱ། འཕགས་པ་བྱམས་པའི་སྒྲུབ་ཐབས་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། །།ཇོ་བོ་ཆེན་པོ་དང་། དགེ་བཤེས་སྟོན་པས་བསྒྱུར་བ་ལས་དུས་ཕྱིས་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ དང་། གནུབས་ལོ་ཙཱ་བས་དག་པར་བཅོས་སོ། །ཨོཾ་མུ་ནི་མུ་ནི་སྨ་ར་སྭཱ་ཧཱ། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨ་ཛི་ཏཱ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། དཔལ་མི་ཕམ་མགོན་པོའི་སྒྲུབ་ཐབས་ཞེས་བྱ་བ། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །ས་བཅུའི་དབང་ཕྱུག་ འཇིག་རྟེན་མགོན། །བྱམས་ཆེན་མི་ཕམ་མགོན་པོ་ལ། །ཕྱག་འཚལ་ནས་ནི་རང་དྲན་ཕྱིར། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་བྱ། །དང་པོར་རེ་ཞིག་སྔགས་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་འདུག་སྟེ། ཚངས་པར་སྤྱོད་པ་དང་། ཚངས་པའི་གནས་པས་ལེགས་པར་གནས་པར་བྱས་ལ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་མོ། །དེའི་ངང་ལ་པདྨ་དང་ཟླ་བའི་སྟེང་དུ་བདག་ཉིད་ཡི་གེ་མཻཾ་གསེར་གྱི་མདོག་ཅན་བལྟས་ལ། འོད་ཟེར་སྤྲོ་བ་དང་བསྡུ་བ་སྔོན་དུ་སོང་བས་བྱང་ཆུབ་ཀྱི་ཀླུ་ཤིང་གི་བུམ་པས་མཚན་པར་བསམ་མོ། །དེ་ཡང་སྔ་མ་ལྟར་སྦྱར་ཏེ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པས་ འཕགས་པ་བྱམས་པའི་སྐུར་ཉེ་བར་བལྟའོ། །དེ་ལ་འཕགས་པ་བྱམས་པ་གསེར་བཙོ་མའི་མདོག་ཅན། ཁྲུ་བརྒྱད་ཅུའི་ཚད་མངའ་བ་མཚན་བཟང་པོ་ཡོངས་སུ་དག་པས་བརྒྱན་པ། བརྩོན་པའི་ཆ་བྱད་འགྱིང་བག་ཕུན་སུམ་ཚོགས་པ་དང་ལྡན་པ། ཕྱག་གཡས་ཆོས་འཆད་དང་། གཡོན་ཀླུ་ཤིང་ རྒྱས་པའི་སྡོང་བུ་རིལ་བས་མཚན་པ་འཛིན་པ། སྐུ་བལྟ་བས་ཆོག་མི་ཤེས་ཤིང་རང་བཞིན་གྱི་འོད་ཀྱི་དཀྱིལ་འཁོར་རྣམ་པར་འཕྲོ་བ་རལ་པའི་ཅོད་པན་ཅན་མཛེས་པ་ལ། མཆོད་རྟེན་གྱིས་ནི་གཙུག་ཏོར་སྤྲས། །ཚངས་སྐུད་དང་ནི་ཕྲེང་བས་བརྒྱན། །སྙིང་གར་པགས་པ་བསྣམས་པའོ། །དེ་ རྗེས་མགོན་པོ་ཉིད་བསྐུལ་བ། །དགའ་ལྡན་ནས་ནི་ཡེ་ཤེས་དགུག །ཛཿཧཱུཾ་བཾ་ཧོཿའི་རིག་པ་ཡིས། །དམ་ཚིག་ལ་ནི་བསྟིམ་པར་བྱ། །དེ་ནས་མཆོད་སོགས་ཆོ་ག་བཞིན། །བྱམས་ལ་སྙིང་རྗེ་ཆེན་པོ་ཅན། །གྲུབ་པའི་གསང་སྔགས་བཟླས་པར་བྱ། །འབུམ་ཕྲག་བཅུས་ནི་བསྙེན་པ་ འགྲུབ། །དངོས་དང་རྨི་ལམ་དག་མཐོང་ལ། །དགའ་ལྡན་གཞལ་མེད་བགྲོད་པ་དང་། །དེ་ཡི་ཕྱག་མཚན་གཉིས་མཐོང་ངམ། །མི་ཕམ་རྒྱལ་ཚབ་མཐོང་གྱུར་པ། །དེ་ཚེ་དེ་ཡི་དྲི་མ་དག །ཆུ་བོས་བྲོས་ནས་ཟོས་པ་ཡི། །ལྗོན་ཤིང་བཞིན་དུ་འབད་མེད་པར། །ཚེ་འདི་ ཉིད་ལ་ཟད་པར་བྱེད། །ཨོཾ་མཻཾ་མཻ་ཏྲི་མཻ་ཏྲི་ཡཻ་སྭཱ་ཧཱ། །སྒྲུབ་པོ་གང་ཞིག་འཕགས་པ་ལ། །དད་པ་མང་དང་འགྲོ་ལ་བརྩེ། །རྟག་ཏུ་སྨོན་ལམ་ཡང་སྟོན་པ། །དེ་དག་རྗེ་བཙུན་མདུན་དུ་སྐྱེ། །དཔལ་མི་ཕམ་མགོན་པོའི་སྒྲུབ་ཐབས། སློབ་དཔོན་ནི་རི་ཏི་པས་མཛད་པ། གནུབས་ལོ་ཙཱ་བ་ བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེའི་སྒྲའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །གང་ཞིག་སྔགས་ཤེས་པའི་སྔགས་པ་དེས། བརྫུན་རྣམ་པ་ཐམས་ཅད་དུ་སྤང་བར་ བྱའོ། །དང་པོར་དུས་བཞི་ཁ་དག་པར་བཀྲུས་ཏེ། ཤིན་ཏུ་གནས་དབེན་པར་བྲིས་སྐུ་ལ་སོགས་པའི་ཐད་དུ་དཀྱིལ་འཁོར་བྱས་ཏེ། མཆོད་པ་མང་པོ་ཕུལ་ལ་སྟན་བདེ་བ་ལ་འདུག་སྟེ། ཚད་མེད་པ་བཞི་བསྒོམ་མོ། །དེ་ནས་བདག་གི་སྙིང་གར་ཙཾ་ལས་ཟླ་བར་གྱུར་པའི་ཧྲཱིཿདཀར་པོ་བསམས་ པའི་འོད་ཀྱིས་ནམ་མཁར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསལ་བར་སྣང་བར་བྱས་ལ། ཡང་དེའི་འོད་འཕྲོས་པ་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་ལ་ཕྱག་བྱས་ཏེ། སྡིག་པ་བཤགས་ཤིང་རྗེས་སུ་ཡི་རང་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་གསོལ་ཏེ། རྒྱལ་ བའི་ལམ་ལ་གནས་པས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། འོད་སླར་འདུས་པས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་དོ། །དེ་ནས་མྱུར་དུ་པཾ་ལས་པདྨ་དམར་པོར་ཨ་ལས་གྱུར་པའི་སེང་གེའི་གདན་གྱི་ སྟེང་དུ་ཙཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དུ་ཧྲཱིཿལས་སེང་གེའི་སྒྲ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་པོ་དབུ་སྐྲའི་ཅོད་པན་ཅན་དང་། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། སྤྱན་གསུམ་པ། ཕྱེད་སྐྱིལ་དུ་རྒྱལ་པོ་ཆེན་པོའི་བཞུགས་ཐབས་སུ་བཞུགས་པ། ཕྱག་གཡོན་གྱི་ཕྱག་མཐིལ་ས་ལ་སྦྱར་ བའི་མཐེབ་མཛུབ་ཀྱིས་རལ་གྲིས་མཚན་པའི་པདྨ་བཟང་པོའི་ཡུ་བ་འཛིན་པ། དེའི་ངོས་སུ་གཞན་ཡང་བྷནྡྷ་དཀར་པོ་དྲི་ཞིམ་པའི་མེ་ཏོག་སྣ་ཚོགས་ཀྱིས་བཀང་བའི་པདྨའི་ཡུ་བ་ཅན་ཡོད་པ་དང་། ཕྱག་གཡས་པ་པུས་མོ་ལ་བརྟེན་ཏེ་བརྐྱང་བ་ལ་བརྟེན་པར་ཏྲི་ཤཱུ་ལ་སྦྲུལ་དཀར་པོས་དཀྲིས་པ་ཡོད་ཅིང་། བསམ་གཏན་མཛད་པའི་ཚུལ་ཅན་དབུའི་ཐད་ཀ་ནས་རིགས་ལྔའི་སངས་རྒྱས་འཕྲོ་བ་བསྒོམས་ལ། སྙིང་གའི་ཟླ་བར་ཧྲཱིཿབསམས་པ་ཛཿཧཱུཾ་གིས་ཡེ་ཤེས་སེམས་དཔའ་བཀུག་སྟེ། བཾ་གྱིས་དབང་དུ་བྱས་ནས་ཧོཿས་དགྱེས་པ་བསྐྱེད་པར་བསམ་མོ། །དེ་ནས་འཛབ་ནི་ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ། སེང་གེ་སྒྲའི་སྒྲུབ་ ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཁརྶ་པཱ་ཎི་ལོ་ཀ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཁརྶ་པཱ་ཎི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །གནས་དབེན་པར་བདེ་བའི་སྟན་ལ་སྔགས་པ་འདུག་སྟེ། དང་པོར་ཚངས་ པའི་གནས་བཞི་བསྒོམ་མོ། །དེ་ནས་སྙིང་གར་ཨ་ལས་ཟླ་བར་ཧྲཱིཿདཀར་པོ་བསམས་པའི་འོད་འཕྲོས་པས། མདུན་གྱི་ནམ་མཁའ་ལ་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གསལ་བར་དམིགས་པར་བྱའོ། །ཡང་དེའི་འོད་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་པ་ལ་སོགས་པ་སྔ་ མ་བཞིན་དུ་བྱའོ། །དེའི་འོག་ཏུ་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པས་བདག་ཉིད་སྟོང་པར་བསྒོམ་མོ། །དེ་ནས་སྣ་ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་དུ་ཧྲཱིཿགསལ་བའི་འོད་འཕྲོས་པས། འགྲོ་བ་རིགས་ལྔའི་སྡུག་བསྔལ་ཐམས་ཅད་སྦྱངས་ནས། སླར་དེ་ཉིད་དུ་འདུས་པ་ལས་ བདག་ཉིད་འཇིག་རྟེན་དབང་ཕྱུག་ཏུ་གྱུར་པར་བསམ་མོ། །དེ་ཡང་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་སྐྱེད་སྐྱིལ་གྱིས་བཞུགས་པ། དབུ་སྐྲའི་ཅོད་པན་ཅན་དང་། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛེས་པའི་ན་བཟའ་གསོལ་པ། ཕྱག་གཡས་ པུས་མོ་ལ་བརྟེན་ཏེ་བརྐྱང་པ། གཡོན་པ་པདྨ་བསྣམས་པར་བསྒོམས་ལ་དཔྲལ་བར་ཟླ་བ། མགྲིན་པར་ཨོཾ། སྙིང་གར་ཨཱཿཧཱུཾ་རྣམས་གསལ་བར་བྱའོ། །དེའི་གཡས་ངོས་སུ་ལྷ་མོ་སྒྲོལ་མ་གཞོན་ནུའི་ཚུལ་ཅན་དང་། གཡོན་ན་ཁྲོ་གཉེར་ཅན་དང་ཁྲོ་བོ་བདུད་རྩི་འཁྱིལ་པ་བསམ་མོ། །དེ་ལྟར་ བསམ་གཏན་བྱས་པའི་འོག་ཏུ་བཟླས་པ་ནི་ཨོཾ་ཧྲཱིཿསྭཱ་ཧཱ། འཕགས་པ་ཁརྶ་པཱ་ཎི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་རཱ་དེ་བཱི་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས། ལྷ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། ། སྔར་བཤད་པའི་ཆོ་གས་བདུད་རྩིའི་དཀྱིལ་འཁོར་དེའི་དབུས་སུ་ཡི་གེའི་སྡེ་ཚན་ལྔའི་དང་པོའི་ས་བོན་ལ། དང་པོའི་གཉིས་པས་རྫོགས་པར་བྱས་པ་ལ་ཟླ་བ་ཕྱེད་པ་དང་། ཐིག་ལེས་བརྒྱན་པ། དེ་ཉིད་ལས་བྱུང་བའི་ལྷ་མོ་སྒྲོལ་མ་བསྒོམ་པར་བྱའོ། །སྐུ་མདོག་ལྗང་གུ་ཕྱག་གཉིས་པ། གཡས་ཀྱིས་ མཆོག་སྦྱིན་པ། གཡོན་ན་ཨུཏྤ་ལ་བསྣམས་པ། པདྨ་དང་ཟླ་བ་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཐལ་མོ་སྦྱར་ལ། མཛུབ་མོ་གཉིས་གུང་མོ་བཅིངས་ལ་བཅར་བ་ནི་ལྷ་མོ་སྒྲོལ་མའི་ཨུཏྤ་ལ་ཁ་བྱེ་བའི་ ཕྱག་རྒྱའོ། །དེའི་འོག་ཏུ་སྔགས་བཟླས་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། ལྷ་མོ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷ་ག་བ་ཏཱི་པྲཛྙཱ་པ་རཱ་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། བཅོམ་ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། བཅོམ་ ལྡན་འདས་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྔར་བཤད་པ་ལྟར་གདོང་པ་བཀྲུ་བ་ལ་སོགས་པ་བྱས་ནས། དེའི་རྗེས་ལ་བདག་ཉིད་ཀྱི་སྙིང་གར་པདྨ་འདབ་མ་བརྒྱད་པའི་དབུས་སུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་དྷཱིཿ། དེ་ལས་བྱུང་བའི་པདྨ་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་གྱིས་མཚན་པ། འདི་དག་ཡོངས་སུ་གྱུར་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་པདྨ་དང་། ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་དཀར་བ་གཡས་ཀྱིས་མཆོག་སྦྱིན་པ། གཡོན་པ་ན་པདྨ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། བསམ་གཏན་ལ་གཅིག་ཏུ་གཞོལ་བ། མེ་ཏོག་དྲི་ཞིམ་པོས་བརྒྱན་པའི་རལ་པ་དང་ཅོད་པན་ཏེ། རེ་ཞིག་དེ་ལྟ་བུར་བསམས་ལ། མཆོད་པའི་དུས་ཀྱི་ཚེ་དཀྱིལ་འཁོར་གྱི་གནས་སུ་ལྷ་བརྒྱད་པོ་བདག་ཉིད་དང་འདྲ་བ་དང་ལྷན་ཅིག་ཏུ་སྔགས་འདིས་མཆོད་པར་བྱའོ། །ཨོཾ་པྲ་ཛྙེ་མ་ཧཱ་པྲ་ཛྙེ་ ཧཱུཾ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་གྷོ་ཥ་མ་ཧཱ་རཱ་ཛ་ལཱི་ལ་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་པོ་ཆེན་པོ་རོལ་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བཅོམ་ ལྡན་འདས་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་བརྗོད་པར་བྱ་སྟེ། ས་བོན་དྲུག་པའི་ལྔ་པ་ལ་དབྱངས་ཀྱི་ཡི་གེ་ལྔ་པས་བརྒྱན་པ། སྟོང་པའི་ལྷས་མནན་པ། ས་བོན་དེ་ཉིད་ལས་བྱུང་བའི་མགོན་པོ་འཇམ་པའི་དབྱངས་གཞོན་ནུའི་ཆ་ལུགས་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟུར་ཕུད་ལྔ་ པ། ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། ཕྱག་གཡས་པ་རོལ་པས་སེང་གེའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བདག་ཉིད་བསམས་ལ། ལག་པ་གཉིས་ཐལ་མོ་ཁོང་སྟོང་དུ་བྱས་ལ། མཛུབ་མོ་གཉིས་ཀྱིས་སྲིན་ལག་གཉིས་ཀྱི་སེན་མོ་མནན་ཏེ་ བཞག་པ་ནི་ཨུཏྤ་ལ་ཁ་བྱེ་བའི་ཕྱག་རྒྱ་སྟེ། འདིས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་སྤྱི་བོར་གཏུགས་པར་བྱའོ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། མགོན་པོ་འཇམ་པའི་དབྱངས་ཀྱི་རྒྱལ་པོ་ཆེན་པོ་སྒེག་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཡ་ མཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་གཤིན་རྗེ་གཤེད་ཀྱི་སྒྲུབ་པའི་ཐབས། འཕགས་པ་ཁྲོ་བོ་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་ཨོཾ་ཧཱུཾ་ཞེས་བྱ་བའི་ས་བོན་ལས་བསྐྱེད་ལ། ཁྲོ་བོའི་སྐྱིལ་ཀྲུང་གིས་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ལས་བྱུང་བའི་གཤིན་རྗེ་གཤེད་རབ་ ཏུ་ཁྲོས་པ། ཞལ་དྲུག་པ་ཕྱག་དྲུག་པ། དབུ་སྐྲ་གྱེན་དུ་བརྫེས་པ། མ་ཧེ་ལ་ཆིབས་པ་གཡོན་བརྐྱང་བས་བཞུགས་པ། མིའི་ཐོད་པ་དང་རྒྱུ་མས་བརྒྱན་པ། ཤིན་ཏུ་འཇིགས་པའི་ཆ་ལུགས་ཅན། སྟག་གི་པགས་པའི་སྨད་གཡོགས་ཅན། ཕྱག་གཡས་ན་རལ་གྲི་དང་རྡོ་རྗེ་བསྣམས་པ། གཡོན་ ན་དྲིལ་བུ་དང་། རྡོ་རྗེ་གཏུན་ཤིང་བསྣམས་པ། ཅོད་པན་མི་བསྐྱོད་པས་མཚན་པ་བསྒོམ་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱ་སྟེ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ་མཐེ་བོང་གཉིས་དང་མཛུབ་མོ་གཉིས་སོ་སོར་ཕྱེ་ལ་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པར་བྱའོ། །ཨོཾ་ཧྲཱིཿཥྚྲཱྀཿབི་ཀྲྀ་ ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འཕགས་པ་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་ར་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་ནོར་གྱི་རྒྱུན་གྱི་སྒྲུབ་པའི་ཐབས། ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལ་ལོ། །དེ་ནས་ལྷ་མོ་ནོར་ གྱི་རྒྱུན་བསྒོམ་པར་འདོད་ན་ཐམས་ཅད་སྔ་མ་བཞིན་དུ་བྱས་ལ། གཞན་དུ་ན་ས་བོན་དྲུག་པའི་གསུམ་པ་ལ་ཟླ་བ་ཕྱེད་པ་དང་། ཐིག་ལེས་བརྒྱན་པ་དེ་ཉིད་ལས་བྱུང་བའི་ལྷ་མོ་ནོར་གྱི་རྒྱུན་སྐུ་མདོག་སེར་པོ། ཕྱག་གཡས་མཆོག་སྦྱིན་པ། གཡོན་འབྲས་སཱ་ལུའི་སྙེ་མ་དང་། རིན་པོ་ཆེ་སྣ་ ཚོགས་པའི་ཆར་འབེབས་པའི་བུམ་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟེ། གྲོགས་ཀྱི་ལྷ་མོས་བསྐོར་བའི་ལྷ་མོ་ནོར་གྱི་རྒྱུན་ནི་བདག་ཉིད་ཡིན་ནོ་ཞེས་བསྒོམ་པར་བྱའོ། །ལག་པ་གཉིས་ཀྱི་ཁུ་ཚུར་བཅིངས་ལ་གུང་མོའི་ཚིགས་གསུམ་པ་བཅག་པ་འདི་ནི་ལྷ་མོ་ནོར་གྱི་རྒྱུན་གྱི་ ཕྱག་རྒྱའོ། །དེ་ནས་བཟླས་བརྗོད་བྱས་ཏེ། ཨོཾ་ཤྲཱི་བ་སུ་ནི་དྷ་ནཀྵེ་ཏྲེ་སྭཱ་ཧཱ། རས་བྲིས་ལ་སོགས་པར་བཅོམ་ལྡན་འདས་ལྷ་མོ་ནོར་གྱི་རྒྱུན་སྤྱན་དྲངས་ལ་མཆོད་པ་ཡང་བྱ་སྟེ། བསྒོམ་པར་བྱའོ། །དེས་ནི་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །ལྷ་མོ་ནོར་གྱི་རྒྱུན་སྒྲུབ་པའི་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ལྷ་མོ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཆོ་ག་སྔར་བཤད་པ་དང་མཐུན་པ་ལས་གཞན་དུ་ན་ས་བོན་ཏཾ་དམར་པོ་ལས་བྱུང་བ། སྐུ་མདོག་དམར་པོ། པདྨ་དམར་པོ་དང་། ཟླ་བའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། ཕྱག་བཞི་པ་གཡས་མི་འཇིགས་པ། གཡོན་ཨུཏྤལ་དམར་པོ་བསྣམས་པ། ཡང་ཕྱག་གཉིས་ཀྱིས་ཨུཏྤ་ལ་དམར་པོ་ཁ་བྱེ་བ་ལྟ་བུའི་མདའ་དང་། གཞུ་རྣ་བའི་མཐར་ཐུག་པར་བཀང་སྟེ། བསྒྲུབ་པར་བྱ་བ་མདུན་དུ་བསམས་ལ་སྙིང་གར་བསྣུན་ཏེ། སྔར་བཤད་པའི་ཨུཏྤ་ལའི་ ཕྱག་རྒྱས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་གཏུགས་པར་བྱའོ། །དེ་ནས་བཟླས་བརྗོད་བྱ་སྟེ། ཨོཾ་ཀུ་རུ་ཀུལླེ་ཆེ་གེ་མོ་བ་ཤ་མཱ་ན་ཡ་སྭཱ་ཧཱ། དབང་དུ་བྱ་བའི་ཆོ་ག་རྫོགས་སོ།། །།བཟླས་པའི་དུས་སུ་ཁྱད་པར་དུ་འོད་ཟེར་གྱིས་སྡིག་སྒྲིབ་སྦྱངས་ཤིང་གཞན་དབང་དུ་བྱས་པར་ཡང་མོས་ པས་སོ། །དོན་ཡོད་གྲུབ་པས་རྒྱས་གདབ་བོ།། ༄༅༅། །རྒྱ་གར་སྐད་དུ། ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། གནོད་གནས་ཀྱི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་གནོད་གནས་ལ་ཕྱག་འཚལ་ ལོ། །ནོར་འདོད་པ་དག་གིས་བསྒོམ་པར་འདོད་ན། ཆོ་ག་སྔར་བཤད་པ་བཞིན་དུ་བྱས་ལ། གཞན་དུ་ན་ས་བོན་གསུམ་པའི་གསུམ་པ་མདོག་སེར་པོ། ཐིག་ལེས་མནན་པ་ཟླ་བ་ཕྱེད་པས་བརྒྱན་པ། དེ་ཉིད་ལས་བྱུང་བའི་མགོན་པོ་གནོད་གནས་ཞལ་གཅིག་པ་ཕྱག་གཉིས་པ། གཡས་ན་བཱི་ཛ་པཱུ་རི་ བསྣམས་པ། གཡོན་ན་ནེའུ་ལེའི་རྐྱལ་པ་རིན་པོ་ཆེའི་ཆར་འབེབས་པ་བསྣམས་པ། སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་ཅན་དང་པདྨའི་མགོ་ཅན་གྱི་གཏེར་ཆེན་པོ་མནན་པ། རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པ། རང་གི་ཁྱིམ་གྱི་ཕྱོགས་གཅིག་ཏུ་བསམ་ པར་བྱའོ། །ཨུཏྤ་ལ་སྔོན་པོའི་ཕྲེང་བ་ཁ་ཐུར་དུ་བལྟས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་གནོད་གནས་སུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་ནི་ལག་པ་ཐལ་མོ་ཁོང་སྟོང་དུ་བྱས་ལ། གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པའི་ཕྱག་རྒྱས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་ བོར་གཏུགས་ཏེ་བཟླས་བརྗོད་བྱའོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། འདི་ཉིད་ཀྱི་ཆུ་སྦྱིན་བླུགས་བརྒྱ་རྩ་བརྒྱད་དབུལ་ལོ། །མཆོད་པ་ཡང་བྱས་ལ་བཟླས་པ་བརྩམ་པར་བྱའོ། །དེ་ནས་ནོར་གྱི་བདག་པོ་ཆེན་པོར་འགྱུར་བར་ཐེ་ཚོམ་མེད་དོ། །མགོན་པོ་གནོད་གནས་ཀྱི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བྷྲཱྀ་ཀུ་ཊི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཡུམ་ཁྲོ་གཉེར་ཅན་མ་ལ་ཕྱག་འཚལ་ལོ། །སྔར་བཤད་པའི་ཆོ་ག་ལས་ས་བོན་ལྔ་པའི་གསུམ་པ་ལ། དང་པོའི་བརྒྱད་པས་རྫོགས་པར་བྱས་པ་སྟོང་པས་མནན་པར་བསམས་ལ། དེ་ ཉིད་ལས་བྱུང་བའི་ལྷ་མོ་ཁྲོ་གཉེར་ཅན་མ། རལ་པ་དང་ཐོར་ཚུགས་འཆང་བ། ཞི་བ། ཕྱག་བཞི་པ་ཕྱག་གཡས་ན་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་ན་དབྱིག་པ་དང་སྤྱི་བླུགས་བསྣམས་པ། པདྨའི་གདན་ལ་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་ལག་པ་གཉིས་ཀྱི་ཐལ་མོ་བརྐྱང་བ་སྦྱར་ལ། མཐེ་བོས་མཐེའུ་ཆུང་གི་སེན་མོ་མནན་ཏེ། སོ་སོར་ཕྱེ་ལ་ལྷག་མ་རྣམས་རྡོ་རྗེར་བྱ་བ་འདི་ནི་ལྷ་མོ་ཁྲོ་གཉེར་ཅན་མའི་ཕྱག་རྒྱའོ། །སྔགས་ལ་ཨོཾ་བྷྲཱྀཾ་སྭཱ་ཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་དེ་ཝཱི་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་འོད་ ཟེར་ཅན་གྱི་སྒྲུབ་ཐབས། ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་རེ་ཞིག་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ས་བོན་ལྔ་པའི་ལྔ་པ་ལ། དང་པོའི་གཉིས་པ་རྫོགས་པར་བྱས་ལ། ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པ་བསམས་ལ། དེ་ལས་བྱུང་བའི་ལྷ་མོ་འོད་ཟེར་ ཅན་སྐུ་མདོག་དམར་བ། ཞལ་དྲུག་པ་ཞལ་དང་པོ་དམར་པོ། གཉིས་པ་ནག་པོ། གསུམ་པ་ལྗང་གུ། བཞི་པ་སེར་པོ། ལྔ་པ་དཀར་པོ། སྟེང་གི་དབུ་ཕག་གདོང་ནག་པོ། ཨ་ཤྭ་ཀ་དང་མཆོད་རྟེན་གྱིས་བརྒྱན་པ། གསུས་ཁྱིམ་ཆེ་བ་ཐོད་པའི་ཕྲེང་བ་ཅན་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦྲུལ་ གྱི་ཞགས་པ་སྟག་ལྤགས་ཀྱི་ཤམ་ཐབས་བསྣམས་པ། བགེགས་རྣམས་ལྟུང་བར་མཛད་པ། ཁ་དོག་སྣ་ཚོགས་པའི་ཕག་གི་ཤིང་རྟ་ལ་གཡོན་བརྐྱང་བས་བཞུགས་པ། ཕྱག་གཡས་ན་རལ་གྲི་དང་། རྡོ་རྗེ་དང་གཏུན་ཤིང་དང་མདའ་དང་རྡོ་རྗེ་རྩེ་གཅིག་པ་དང་དགྲ་སྟ་བསྣམས་པ། གཡོན་ན་སྡིགས་ མཛུབ་ཞགས་པ་དང་བཅས་པ་དང་། ཐོད་པ་དང་ཨ་ཤྭ་ཀའི་ཞགས་པ་དང་། ཚངས་པའི་མགོ་བོ་དང་། གཞུ་དང་ཏྲི་ཤཱུ་ལ་བསྣམས་པ། སྤྱན་གསུམ་པར་བསམ་མོ། །མདུན་དུ་ཤིང་ཟླུམ་པོའི་དབུས་སུ་ལག་པ་གཉིས་པ་སྡིགས་མཛུབ་བསྒྲེང་བར་བསམས་ལ། བདག་ཉིད་བཅོམ་ལྡན་འདས་ཡུམ་ འོད་ཟེར་ཅན་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱའོ། །རྡོ་རྗེ་ཐལ་མོ་ཁ་སྦྱར་ལ་གུང་མོ་གཉིས་གཤིབས་ལ་མྱུ་གུར་བྱ་སྟེ་མཐེ་བོ་གཉིས་སྐྱིལ་ཀྲུང་དུ་བསྣོལ་ལ། མཛུབ་མོ་གཉིས་རྩེ་མོ་དགུག་པར་བྱའོ། །དེ་ནས་བཟླས་པའི་སྔགས་ནི་ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ སྭཱ་ཧཱ། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ། །སློབ་དཔོན་ཆེན་པོ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པ་དྲི་མ་མེད་པའི་ལྷས་མཛད་པའི་སྒྲུབ་ཐབས་བཅུ་གཅིག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཱ་རཱི་ཙྱཻ་དི་བཱི་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས། ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དེ་ལ་དང་པོར་ཉི་མའི་དཀྱིལ་འཁོར་བསམས་ལ། དེའི་སྟེང་དུ་ས་བོན་ལྔ་པའི་ལྔ་པ་ལ། དང་པོའི་གཉིས་པ་རྫོགས་པར་བྱས་ལ། ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པར་བསམ། དེ་ལས་བྱུང་བའི་ལྷ་མོ་འོད་ཟེར་ཅན་སྐུ་མདོག་དམར་བ། ཞལ་དྲུག་པ། ཞལ་ དང་པོ་དམར་བ། གཉིས་པ་ནག་པ། གསུམ་པ་ལྗང་གུ། བཞི་པ་སེར་བ། ལྔ་པ་དཀར་བ། སྟེང་གི་དབུ་ཕག་གདོང་ནག་པོ། ཨ་ཤྭ་ཀ་དང་། མཆོད་རྟེན་གྱིས་བརྒྱན་པ། གསུས་ཁྱིམ་ཆེ་བ། ཐོད་པའི་ཕྲེང་བ་ཅན། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦྲུལ་གྱི་ཞགས་པ་དང་སྟག་ལྤགས་ཀྱི་ ཤམ་ཐབས་ཅན། བགེགས་རྣམས་ལྟུང་བར་མཛད་པ། ཁ་དོག་སྣ་ཚོགས་པའི་ཤིང་རྟ་ལ་གཡོན་བརྐྱང་བས་བཞུགས་པ། ཕྱག་གཡས་པ་ན་རལ་གྲི་དང་། རྡོ་རྗེ་དང་། གཏུན་ཤིང་དང་། མདའ་དང་རྡོ་རྗེ་རྩེ་གཅིག་པ་དང་། དགྲ་སྟ་བསྣམས་པ། གཡོན་པ་སྡིགས་མཛུབ་ཞགས་པ་དང་ བཅས་པ་དང་། ཐོད་པ་དང་ཨ་ཤྭ་ཀའི་ཡལ་ག་དང་། ཚངས་པའི་མགོ་བོ་དང་། གཞུ་དང་། ཏྲི་ཤཱུ་ལ་བསྣམས་པའོ། །སྤྱན་གསུམ་པར་བསམ་ཞིང་། མདུན་དུ་ཤིང་ཟླུམ་པོའི་དབུས་སུ་ལག་པ་གཉིས་སྡིགས་མཛུབ་བསྒྲེང་བར་བསམས་ལ། བདག་ཉིད་བཅོམ་ལྡན་འདས་མ་ཡུམ་འོད་ ཟེར་ཅན་ཡིན་ནོ་ཞེས་པའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་ཐལ་མོ་ཁ་སྦྱར་ལ། གུང་མོ་གཉིས་གཤིབས་ལ་མྱུ་གུར་བྱས་ཏེ། མཐེ་བོང་གཉིས་སྐྱིལ་མོ་ཀྲུང་དུ་བསྣོལ་མཛུབ་མོ་གཉིས་རྩེ་མོར་དགུག་པར་བྱའོ། །དེ་ནས་བཟླས་པའི་སྔགས་ནི། ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུཾ་ཧཱུཾ་ཕཊ་ ཕཊ་སྭཱ་ཧཱ། ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།ཡང་ན་སྒྲུབ་ཐབས་རས་རིས་ཀྱི་ཆོ་ག་ལས་བསྒོམ་པར་འདོད་ན། སྔར་བཤད་པའི་ཆོ་ག་དང་། དེ་བཞིན་དུ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་མཾ་ཞེས་བྱ་བ། ཡི་གེ་ཨ་དང་ཐིག་ལེ་དང་ལྡན་པའི་སྙིང་པོའི་མཆོག་བསམས་ ལ། དེ་ནས་འོད་ཟེར་སྣ་ཚོགས་པ་སྤྲོས་པ་ལས་བྱུང་བ་དེས། བླ་མ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔར་བསམས་ལ། མཆོད་པ་ལྔ་ལ་སོགས་པ་བྱས་ནས། ཆོས་བདག་མེད་པར་བསྒོམ་པར་བྱ་སྟེ། ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ཀྱིས་དེ་ལྟར་ ལྷག་པར་མོས་པར་བྱས་པས། ཁམས་གསུམ་པ་འདི་དག་མིག་ཡོར་ཙམ་དུ་ཤེས་པར་བྱས་ལ། དེའི་ས་བོན་ལས་བྱུང་བའི་ཨ་ཤྭ་ཀའི་ཡལ་ག །དེའི་སྟེང་དུ་ཡི་གེ་མཾ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྗེ་བཙུན་ལྷ་མོ་དེའི་སྐུར་བདག་ཉིད་བསམ་པ་ནི། ཡུམ་ལྷ་མོ་འོད་ཟེར་ཅན་སྐུ་ མདོག་འཛམ་བུ་ཆུ་བོའི་གསེར་ལྟར་ཤིན་ཏུ་སེར་བ། སྐུའི་འོད་ཟེར་ཉི་མ་ལྟར་འབར་བ། སྤྱི་བོར་མཆོད་རྟེན་གྱིས་བརྒྱན་པ། ན་བཟའ་དམར་པོ་དང་། སྐུ་སྟོད་ཚི་གུ་ཅན་གྱི་ཞིང་ཆུང་དུ་བསྣམས་པ། གདུ་བུ་སྣ་ཚོགས་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སོར་གདུབ་དང་། རྣ་རྒྱན་དང་། འོག་པག་དང་། གཡེར་ཁ་དང་། ཞབས་གདུབ་ཀྱི་སྒྲ་འཁྲོལ་བ། ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་བརྒྱད་པ། འོད་ཟེར་གྱི་ཕྲེང་བ་འབར་བ། མེ་ཏོག་བནྡྷུ་ཀ་དང་། རྒྱ་སྐྱེགས་ཀྱི་མདོག་འདྲ་བ་འཕྲོ་བ། སྤྱི་བོར་རྣམ་པར་སྣང་མཛད་ཀྱིས་མནན་པ། ཨ་ཤྭ་ཀའི་ཕྲེང་བས་དབུ་ལ་བརྒྱན་པ། ཕྱག་གཡས་ན་རྡོ་རྗེ་འོད་འཕྲོ་བ་ དང་། ཁབ་དང་། ལྕགས་ཀྱུ་དང་། མདའ་གསོར་བ་ལ་དགྱེས་པ། ཕྱག་གཡོན་ཞགས་པ་དང་། གཞུ་དང་ཨ་ཤྭ་ཀའི་ཡལ་ག་དང་། སྐུད་པ་བསྣམས་པ། ཞལ་དང་པོ་ཞི་བ། ཞལ་རས་རྒྱས་པ། གསེར་སྦྱངས་པ་ལྟར་ཤིན་ཏུ་སེར་བ། སྤྱན་ཤིན་ཏུ་རྒྱས་པ། ཞལ་གྱི་སྒྲོས་ལི་ཁྲིའི་རྡུལ་གྱིས་བཙོས་པ་ འདྲ་བ། སྒེག་པའི་ཉམས་ཀྱིས་གནས་པར་གྱུར་པ། ཞལ་གཡས་པ་པདྨ་རཱ་ག་ལྟར་ཤིན་ཏུ་དམར་བ། འོད་ཟེར་བཟང་པོ་འབར་བ་འཕྲོ་བ། ཞལ་གཡོན་པ་ཕག་གི་གདོང་འཕྲོ་བ་དང་བཅས་ཤིང་མི་སྡུག་པ། མཆེ་བ་རྣམ་པར་གཙིགས་ཤིང་འཇིགས་སུ་རུང་བ། ཨིནྡྲ་ནཱི་ལའི་མདོག་འདྲ་བ། ཉི་མ་བཅུ་གཉིས་དང་ འོད་མཉམ་པ། སྨིན་མ་བསྡུས་ཤིང་ཁྲོ་གཉེར་དང་ལྡན་པ། མཆེ་བ་གཙིགས་པ་འཇིགས་པ་རྣམས་ཀྱང་འཇིགས་པར་མཛད་པའོ། །དབུ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྐུ་མདོག་གསེར་སྦྱངས་པ་ལྟར་ཤིན་ཏུ་དག་པ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། རལ་པ་དང་ཐོར་ཚུགས་མངའ་བར་ བཞུགས་པ། གཞལ་ཡས་ཁང་མཆོད་རྟེན་གྱི་དབྱིབས་ལ་ཤིང་ཨ་ཤྭ་ཀའི་མེ་ཏོག་གིས་ཁྱབ་པའི་ནང་ན། ཕག་གི་སྟེང་ན་གཡོན་བརྐྱང་བའི་གནས་པས་བཞུགས་པ། གཞོན་ནུ་མ་དར་ལ་བབ་པའི་ཚུལ་ཅན། ཤིང་རྟའི་འོག་ན་ཧ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་ན། གཟའ་ཆེན་པོ་སྒྲ་ གཅན་འཛིན་ཉིན་མོ་ཉི་མ་འཛིན་པ་མཚན་མོ་ཟླ་བ་འཛིན་གནས་པ། ལྷ་མོ་བཞིས་ཡོངས་སུ་བསྐོར་བར་བདག་ཉིད་བསྒོམ་པར་བྱའོ། །དེའི་མདུན་དུ། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། ཨཱ་ཀཪྵ་ཡ་ཛཿསྭཱ་ཧཱ། ཞེས་བྱ་བས་ལྷ་མོ་སྐུ་མདོག་དམར་བ་ཞལ་གཅིག་པ། ཕག་ གི་གདོང་པ་ཅན་སྤྱན་གསུམ་པ། ཕྱག་བཞི་པ་གཡས་ན་ཁབ་དང་རྡོ་རྗེ་བསྣམས་པ། གཡོན་ན་གཞུ་དང་ཨ་ཤྭ་ཀའི་ཡལ་ག་བསྣམས་པ། ཞིང་ཆུང་དུ་སྟོད་གཡོགས་དམར་པོ་བསྣམས་པ། རྟོག་པ་ལས་གསུངས་པའི་ཆོ་ག་ཡིད་ལ་གང་ཞིག་སྒྲུབ་པར་འདོད་པའི་བུད་མེད་འགུགས་པར་ མཛད་པའོ། །དེ་བཞིན་དུ་གཡས་སུ། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། སརྦ་དུཥྚཱ་ནཾ། པྲ་དུཥྚཱ་ནཾ། མུ་ཁཾ་བནྡྷ་བནྡྷ་ཧཱུཾ་སྭཱ་ཧཱ། ལྷ་མོ་སྔར་བཤད་པའི་ན་བཟའ་དང་རྒྱན་དང་གཟུགས་དང་ལྡན་མོད་ཀྱི། འོན་ཀྱང་འདི་ནི་སྐུ་མདོག་སེར་བ། གཡས་ན་ཨ་ཤྭ་ཀའི་ཡལ་ག་དང་ཁབ་ བསྣམས་པ། གཡོན་ན་ཞགས་པ་དང་རྡོ་རྗེ་བསྣམས་པ། གདུག་པ་རྣམས་ཀྱི་ཁ་དང་མིག་འཚེམ་པར་མཛད་པའོ། །དེ་བཞིན་དུ་རྒྱབ་ཏུ། ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། སརྦ་དུཥྚཱ་ནཾ། སྟཾ་བྷ་ཡ་བཾ་སྭཱ་ཧཱ། ཞེས་བྱ་བས་ལྷ་མོ་འདི་ཡང་ན་བཟའ་དང་རྒྱན་ལ་སོགས་པ་ སྔར་དང་འདྲ་མོད་ཀྱི། འོན་ཀྱང་ཕྱག་གཡས་ན་རྡོ་རྗེ་དང་ཁབ་གཡོན་ན་གཞུ་དང་ཨ་ཤྭ་ཀའི་ཡལ་ག་བསྣམས་པ། སྐུ་མདོག་ཨིནྡྲ་ནཱི་ལ་ལྟ་བུ་གདུག་པ་ཅན་ཐམས་ཅད་རེངས་པར་མཛད་པ་བསྒོམ་པར་བྱའོ། །གཡོན་དུ། ཨོཾ་མཱ་རཱི་ཙྱཻ། བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། སརྦ་ སཏྭ་ན་མེ་པ་ཤ་མ་ནཱ་ཡ་ཧོཿསྭཱ་ཧཱ། ཞེས་བྱ་བས་ལྷ་མོ་འདི་ཡང་ན་བཟའ་དང་རྒྱན་ལ་སོགས་པ་སྔ་མ་དང་མཐུན་མོད་ཀྱི་འོན་ཀྱང་སྐུ་མདོག་ཉི་མ་འཆར་ཀ་འདྲ་བ། ཕྱག་གཡས་ན་མདའ་དང་རྡོ་རྗེ་བསྣམས་པ། གཡོན་ན་གཞུ་དང་ཨ་ཤྭ་ཀའི་ཡལ་ག་བསྣམས་པ། སེམས་ཅན་ཐམས་ཅད་ལ་རྗེས་སུ་ ཆགས་པར་མཛད་པ་བསྒོམ་པར་བྱའོ། །དེ་ནས་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་སྔགས་དང་ཕྱག་རྒྱས་དགུག་པ་ལ་སོགས་པ་བྱས་ལ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་གི་ལྷ་གཅིག་ཏུ་བྱའོ། །དེ་ནས་བཟླས་བརྗོད་བྱ་བའི་སྔགས་ནི་འདིའོ། །ཨོཾ་མཱ་རཱི་ཙྱཻ་ཨོཾ་མཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་ བཟླས་ལ་སྔར་བཤད་པའི་ཆོ་གས་གནས་པར་བྱའོ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་བྱས་པ་ལས། །བདག་གིས་དགེ་བའི་རྩ་བ་གང་བསགས་དེས། །སེམས་ཅན་ཐམས་ཅད་འོད་ཟེར་ཅན་གྱི་ནི། །ཡེ་ཤེས་དྲི་མེད་གནས་ཐོབ་ཤོག །ལྷ་མོ་འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་ དཔོན་ཀུན་དགའ་སྙིང་པོས་མཛད་པ་རྫོགས་སོ། །ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཱ་རཱི་ཙྱཻ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། འཕགས་མ་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་ཞེས་བྱ་བ། འཕགས་མ་ འོད་ཟེར་ཅན་ཉིད་ལ་ཕྱག་འཚལ་ལོ། །བློ་ལྡན་སེམས་དཔའི་སྐྱིལ་ཀྲུང་གིས། །སྙིང་རྗེ་ཆེན་པོ་རབ་དམིགས་ལ། །སྔ་བར་སྙིང་གར་ཟླ་བ་ལ། །ཨོཾ་ཡིག་དཀར་པོ་བསྒོམ་པར་བྱ། །རྣམ་སྣང་ཞེས་པའི་བདག་ཉིད་ཅན། །ཏི་ཡི་འོད་ཟེར་ཀུན་དུ་དཀར། །ར་བ་ཟླུམ་པོ་མཆོད་རྟེན་ཏེ། ། འབར་བའི་འོད་ཀྱིས་ཀུན་དུ་བརྒྱན། །བསྲུང་བའི་དོན་དུ་མདུན་དང་རྒྱབ། །གཡས་དང་གཡོན་དང་གཞན་ཡང་སྟེང་། །རིམ་བཞིན་མ་སོགས་བྲན་ལ་སོགས། །བུ་མོ་ལ་སོགས་བུམ་སོགས་དང་། །ལུགས་མ་ཐང་སྐུ་བཤེས་གཉེན་དང་། །པོ་ཏི་ལ་སོགས་ཇི་སྙེད་པའོ། །ཏི་ནས་སྙིང་གའི་ཟླ་ བར་མཾ། །མྱ་ངན་མེད་ཀྱི་ཡལ་གར་སྐྱེས། །འཕགས་མ་འོད་ཟེར་ཅན་མ་བསམ། །སྐུད་པ་ཁབ་རྣམས་བསྣམས་པ་མོ། །ལྡང་བའི་ཚུལ་གྱིས་གཡས་པ་ཡི། །སྣ་བུག་ནས་བྱུང་བདུན་ཉེར་གནས། །གདུག་ཅན་ཁ་དང་མིག་དྲུབས་ནས། །ར་བའི་ཕྱི་རོལ་དག་ཏུ་བྱས། །གཞན་ཡང་རིག་སྔགས་ བཟླས་པ་བྱ། །སྣ་བུག་གཡོན་འོངས་སྙིང་ག་རུ། །བཞུགས་ནས་མྱ་ངན་མེད་པར་འགྱུར། །མཚམས་བཅིང་བ་ནི་རབ་ཏུ་བྱ། །འོད་ཟེར་ཅན་གྱི་སྒྲུབ་ཐབས་སློབ་དཔོན་མྱ་ངན་མེད་པའི་དཔལ་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཤྲཱྀ་ཁཾ་ལེ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལུ་ གུ་རྒྱུད་ཀྱི་སྒྲུབ་ཐབས། བཅོམ་ལྡན་འདས་མ་རྡོ་རྗེ་ལུ་གུ་རྒྱུད་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་གི་ཡི་གེ་ལྗང་གུ་ལས་གྲུབ་པའི་རྡོ་རྗེ་ལུ་གུ་རྒྱུད་ཞལ་གསུམ་ཕྱག་དྲུག་མ། ཞལ་གཡས་པ་དང་ཅིག་ཤོས་སྔོ་བ་དང་དཀར་བ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་ མངའ་བ། ཕྱག་གཡས་གསུམ་ན་རྡོ་རྗེ་དང་ལྕགས་སྒྲོག་དང་མདའ། ཕྱག་གཡོན་གསུམ་ན་སྡིགས་མཛུབ་དང་ཞགས་པ་དང་། གཞུའོ། །སྐུ་མདོག་སྔོ་བསངས་སུ་ལྗང་བ། ཞལ་ཅུང་ཟད་བཞད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སེམས་ཅན་སྡང་བ་རྣམས་འཇོམས་པར་བྱེད་པར་བདག་ཉིད་བསྒོམས་ལ་ཕྱག་རྒྱ་ བཅིང་བར་བྱའོ། །དེ་ལ་ལག་པ་གཉིས་ཁུ་ཚུར་སོ་སོར་བཅིངས་ལ་མཐེའུ་ཆུང་དང་མཛུབ་མོ་ལྕགས་སྒྲོག་གི་རྣམ་པར་བཅིང་བར་བྱའོ། །དེ་ནས་བཟླས་པ་ནི། ཨོཾ་བཛྲ་ཤྲཱྀ་ཁཾ་ལེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའོ། །འདི་ནི་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་ཛཻ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་ པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་སུ་མ་ཏི་ཀཱིརྟི་དང་། བོད་ཀྱི་ལོ་ཙཱ་བ་མཁས་པ་མར་པ་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཁ་དི་ར་བ་ན་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སེང་ ལྡེང་ནགས་ཀྱི་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ས་གཞི་ལེགས་ཤིང་མཉམ་ལ་གཙང་ཞིང་ཡིད་དགའ་བའི་མེ་ཏོག་སྣ་ཚོགས་པས་བརྒྱན་པ། དབེན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་ཟླ་བ་ལ་ཏཱཾ་ཡིག་དཱུར་བའི་མདོག་ལྟ་བུར་འོད་ཟེར་རྣམ་པ་ལྔ་འཕྲོ་བར་ བསམ་མོ། །དེ་ལས་འོད་ཟེར་རྣམ་པ་ལྔ་འཕྲོས་པས་འགྲོ་བ་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་སླར་དེ་ཉིད་ལ་བསྡུའོ། །དེ་ནས་ཡང་རང་གི་སྙིང་གའི་ཏཱཾ་ལས་འོད་སྤྲོས་པས། འོག་མིན་གྱི་གནས་ནས་ཇོ་མོ་སྒྲོལ་མ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ་གསལ་བར་བལྟས་ཏེ། བླ་ན་མེད་པའི་མཆོད་པ་ བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་བསྟེན་པ་དང་། བདག་ཉིད་ཀྱི་ལུས་དབུལ་བ་ལ་སོགས་པ་བྱས་ལ། བྱམས་པ་ དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རིམ་པ་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་རང་བཞིན་གྱིས་དག་པའི་ཚིགས་སུ་བཅད་པ་འདི་ལན་གསུམ་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་བདག་དང་གཞན་ གྱི་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་ནམ་མཁའི་ཁམས་སུ་པཾ་ཡོངས་སུ་གྱུར་པ་ལ་སྣ་ཚོགས་པདྨའི་ལྟེ་བར་ཨོཾ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དཱུར་བའི་མདོག་ལྟ་བུའི་ཏཱཾ་ཡིག་འོད་ཟེར་སྣ་ཚོགས་པ་ཅན་ བསྒོམས་ལ། དེ་ལ་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་རྣམས་བཀུག་ནས་དེ་ཉིད་ལ་ཞུགས་པར་བསྒོམ་སྟེ། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་མོ་སྒྲོལ་མར་བསྒོམ་པར་བྱ་སྟེ། སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། ཡིད་དགའ་བའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཨུཏྤ་ལ་བསྣམས་པ། གཡས་པས་བདུད་རྩི་འཛག་པའི་མཆོག་སྦྱིན་པ། སྣ་ཚོགས་པདྨའི་སྟེང་གི་ཟླ་བ་ལ་ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །དེའི་གཡས་ཕྱོགས་སུ་མྱ་ངན་མེད་པའི་འོད་ཟེར་ཅན་སྐུ་མདོག་སེར་མོ་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་རྡོ་རྗེ་བསྣམས་པ། གཡོན་པས་མྱ་ངན་མེད་པའི་ཤིང་གི་ཡལ་ག་བསྣམས་པ་ཉེ་བར་བཞུགས་པའོ། །གཡོན་ཕྱོགས་སུ་རལ་གཅིག་མ་མིའུ་ཐུང་གི་གཟུགས་ཅན་སྐུ་མདོག་ནག་མོ། སྟག་གི་པགས་པའི་ན་བཟའ་བསྣམས་པ། སྤྱན་གསུམ་པ་ མཆེ་བ་གཙིགས་པའི་ཞལ་སྐྲ་སེར་པོ་འབར་ཞིང་གྱེན་དུ་བརྫེས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་གྲི་གུག་བསྣམས་པ་ཉེ་བར་བཞུགས་པའོ། །ཡང་གཡས་ཕྱོགས་སུ་རྨ་བྱ་ཆེན་མོ། སྐུ་མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པས་རྔ་ཡབ་བསྣམས་པ། གཡོན་པས་རྨ་བྱའི་མདོངས་ བསྣམས་པ། ཉེ་བར་བཞུགས་པའོ། །ཡང་གཡོན་ཕྱོགས་སུ་དུག་སེལ་མ་སྐུ་མདོག་ལྗང་གུ། ཕྱག་གཡས་པས་མཆོག་སྦྱིན་མཛད་པ། གཡོན་པས་སྦྲུལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཉེ་བར་བཞུགས་པའོ། །གཞན་ཡང་ལྷ་དང་ལྷ་མ་ཡིན་གྱིས་བསྐོར་བར་བསྒོམ་པར་བྱའོ། །དོན་ ཡོད་གྲུབ་པས་དབུ་ལ་རྒྱས་གདབ་བོ། །དེ་ནས་རང་གི་སྙིང་ག་ལས་སངས་རྒྱས་ཀྱི་ཚོགས་ཀྱི་སྤྲིན་སྤྲོ་བར་བསམ་མོ། །དེ་ལྟར་བསྒོམས་པས་རྣལ་འབྱོར་པ་སྐྱོ་ན། རང་གི་སྙིང་གར་ཨུཏྤ་ལའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་སྔགས་མུ་ཏིག་གི་ཕྲེང་བ་ལྟར་དཀར་བ་བལྟས་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་ སོ། །དེ་ནས་ལྡང་བར་འདོད་ན་སྔོན་བཞིན་དུ་མཆོད་པ་དང་བསྟོད་པ་བྱས་ཏེ། དགེ་བའི་རྩ་བ་བསྔོས་ལ། ཨོཾ་ཨ་མི་ཏཱ་བྷ་ཞེས་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་དོན་དང་དངོས་གྲུབ་ཐོབ་པར་བསམས་ལ། མུཿཞེས་བརྗོད་པས་སངས་རྒྱས་ཀྱི་ཞིང་དུ་གཤེགས་པར་བསམ་ཞིང་སླར་ཡང་སེམས་ ཅན་གྱི་དོན་དུ་བྱོན་པར་གསོལ་བ་བཏབ་ལ་དེ་ནས་ཇོ་མོ་སྒྲོལ་མའི་གཟུགས་ཀྱིས་ཅི་བདེ་བར་སྤྱོད་ལམ་བྱའོ། །མཆོད་པའི་སྔགས་ནི། ཨོཾ་ཨཱཿཧཱུཾ་ཏཱཾ་ཏཱ་རེ་ཡེ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་དང་། མར་མེ་དང་། དྲི་དང་། བྱུག་པ་དང་། ཞལ་ཟས་དབུལ་བར་བྱའོ། ། སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་རྣམ་པར་སྣང་མཛད་རྡོ་རྗེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤ་ཏཾ་ཨཥྚ་སཱ་དྷ་ནཾ། བོད་སྐད་དུ། སྒྲུབ་ཐབས་ བརྒྱ་དང་བརྒྱད་པ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །བླ་མའི་དྲིན་ཐོབ་བརྟུལ་ཞུགས་ལྡན། །བླ་མེད་ཡེ་ཤེས་སྒྲུབ་པ་པོས། །རི་བོ་དབེན་ཞིང་ཡིད་འོང་བར། །རིན་ཆེན་སྣ་ཚོགས་ཀྱིས་མཛེས་ཤིང་། །ལྗོན་ཤིང་མང་པོས་རབ་ཏུ་གང་། །སྐད་སྙན་བྱ་རྣམས་སྒྲ་འབྱིན་ཅིང་། །ཆུ་གཙང་ ཡན་ལག་བརྒྱད་ལྡན་འབབ། །རི་དྭགས་འཚེ་བ་མེད་པའི་གནས། །དྲི་ཞིམ་མེ་ཏོག་གིས་བཀྲམ་པའི། །ཤིང་ཏོག་ལ་སོགས་འབྲས་བུ་མང་། །ལྷ་ཀླུ་ལ་སོགས་གླུ་ལེན་ཅིང་། །གྲུབ་འཛིན་ཀུན་གྱིས་གནས་བཅས་པ། །ཕུན་སུམ་ཚོགས་པའི་གནས་དེར་ནི། །སྔགས་པས་ཀུན་ལ་ཕན་བརྩོན་པས། ། བདེ་བའི་སྟན་ལ་བསྡད་ནས་ནི། །རང་སྙིང་ས་བོན་འོད་ཟེར་གྱིས། །འཕགས་མ་སྒྲོལ་སོགས་སྤྱན་དྲངས་ཏེ། །མཆོད་པ་ཀུན་གྱིས་རབ་མཆོད་ནས། །བདུན་པོ་རྣམ་པར་དག་པར་བྱ། །དེ་ནས་ཚད་མེད་བཞི་བསྒོམས་པས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །འགྱུར་མེད་ཕྱིན་ཅི་མ་ལོག་པས། །དེ་དག་ འཕགས་པའི་སྤྱོད་ཡུལ་ནི། །སྟོང་པ་ཉིད་དུ་རྣམ་པར་བསྒོམ། །ཨོཾ་སྭ་བྷཱ་ཝ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་བི་ཤུདྡྷོ྅ཧཾ། པདྨ་ཟླ་བར་ཡི་གེ་ཏཱཾ། །དེ་ལ་འཇིག་རྟེན་གསུམ་གཡོ་བའི། །སྒྲོལ་མ་ཞལ་བཞི་ཕྱག་བརྒྱད་པ། །དམར་སེར་བཟང་པོའི་ཞབས་ཀྱིས་བཞུགས། །སེར་དང་ལྗང་གུ་དམར་དང་དཀར། ། རྩ་ཞལ་གཡས་གཡོན་རྒྱབ་རིམ་བཞིན། །མཆོག་སྦྱིན་ཉི་མ་གདུགས་དང་དུང་། །གཡས་པའི་ཕྱག་ན་རིམ་བཞིན་བསྣམས། །ཨུཏྤལ་ཞགས་པ་ཕྲེང་བ་དང་། །གོ་ཁྲབ་རྣམས་ནི་གཡོན་ན་བསྣམས། །རྒྱན་རྣམས་ཀུན་གྱིས་ཡང་དག་རྫོགས། །ཡེ་ཤེས་དྲངས་ཏེ་གཞུག་པར་བྱ། ། ཨོཾ་ཨཱཿཧཱུཾ། ཞེས་པས་སྐུ་གསུང་ཐུགས་བྱིན་བརླབ། །དབང་བསྐུར་རིམ་གྱིས་དབུ་བརྒྱན་བྱ། །ཡེ་ཤེས་ཟླ་བའི་ཏིང་འཛིན་སེམས། །སྐྱོ་བར་གྱུར་ན་བཟླས་པ་བྱ། །གཤེགས་དང་བསྡུ་བ་ལ་སོགས་བྱ། །འཇིག་རྟེན་གསུམ་པོ་གཡོ་བར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་ཟླ་བའི་གདན་ ལ་ནི་ཨོཾ་ལས་བྱུང་བའི་སྒྲོལ་མ་ཉི་མའི་མདོག་ཅན། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་སྐྱབས་སྦྱིན་པ། གཡོན་ཨུཏྤ་ལ་ཉི་མས་མཚན་པ་རོལ་པའི་སྟབས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་དང་ཡང་དག་པར་ལྡན་པའོ། །དགེ་བ་ཅན་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ ཟླ་བའི་གདན་ལ་ཧཱུཾ་ལས་བྱུང་བའི་སྒྲོལ་མ། པདྨ་དང་ཀུན་ད་ལྟར་དཀར་བ། ཟླ་བའི་འོད་མངའ་བ། ཞལ་གཅིག་ཕྱག་བཞི་པ། ཟླ་བ་དང་སྣ་ཚོགས་རྡོ་རྗེ་གཡས་གཉིས་ན་འཛིན་པ། ཨུཏྤ་ལ་དང་མེའི་འཁོར་ལོ་གཡོན་ན་བསྣམས་པ། རྒྱན་ཐམས་ཅད་དང་ལྡན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་དང་ ལྡན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ཐམས་ཅད་ལས་བདུད་རྩི་འཛག་པའོ། །འཇིག་རྟེན་ཐམས་ཅད་གཡོ་བར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧྲཱིཿལས་བྱུང་བའི་སྒྲོལ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གཡོན་གཉིས་ཀྱིས་ ཕྲེང་བ་དང་། ཨུཏྤ་ལའི་སྟེང་ན་པོ་ཏི་འཛིན་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རོལ་པས་བཞུགས་པའོ། །སྙན་པ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བྱུང་བའི་སྒྲོལ་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་པ། གཡས་ན་པདྨ་དམར་པོ། གཡོན་ན་ ཨུཏྤ་ལ་སྔོན་པོས་བརྒྱན་པ། སྤྱན་གསུམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དབྱངས་ཅན་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་མ་ལས་བྱུང་བའི་ལྷ་མོ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་རྡོ་རྗེ་དང་ཨུཏྤ་ལ་བསྣམས་ པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་དང་ལྡན་པར་བསམ་མོ། །ཤེས་རབ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་གདན་ལ་བྷཱུཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་རིན་པོ་ཆེ་དང་མེ་ཏོག །གཡོན་ན་མཆོག་སྦྱིན་ པ། ཞབས་རོལ་པས་བཞུགས་པའོ། །དཔལ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཏཱཾ་ལས་བྱུང་བའི་ལྷ་མོ་སྔོན་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ན་མདའ་གཞུ། འོག་མ་གཉིས་ན་ཨུཏྤ་ལ་དང་རལ་གྲི་བསྣམས་པ། རོལ་པའི་ཞབས་ཀྱིས་བཞུགས་ པའོ། །བློ་འཕེལ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་སྒྲོལ་མ་ཞལ་གཅིག་ཕྱག་གཉིས་མ། ནག་མོ་ཁྲོས་མ་སྤྱན་གསུམ་མ། ཞལ་གདངས་པ་ཁྲོ་གཉེར་བསྙེར་བ་ལྗགས་འདྲིལ་བ། སྟག་གི་པགས་པའི་གོས་འཆང་བ། གྲི་ གུག་དང་ཐོད་ཁྲག་བསྣམས་པ། མི་མགོ་ལྔ་བཅུའི་དོ་ཤལ་འཆང་བའོ། །གསོད་པར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བ་དང་ཉི་མའི་གདན་སྟེངས་སུ་ཛུཾ་ལས་ཡང་དག་པར་བྱུང་བའི་ལྷ་མོ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་ཀྱིས་ཤིང་ཐོག་དང་མྱ་ངན་མེད་པའི་ཤིང་ལོ་ བཟུང་བའོ། །རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །རྒྱས་པར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨོཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། མདོག་ལྗང་སེར་དུ་བ་ལྟར་འདུག་པ། རྡོ་རྗེ་དང་དྲིལ་བུ་འཛིན་པ། རྒྱན་ཐམས་ ཅད་དང་ལྡན་པ། མཆེ་བ་ཅུང་ཟད་གཙིགས་པའོ། །འདོད་གཟུགས་ཅན་གྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ལས་བྱུང་བའི་ལྷ་མོ། དཀར་དམར་མདོག་ཅན་ཞལ་གཅིག་ཕྱག་བཞི་མ་གཡས་ཀྱི་དང་པོ་ན་སྐྱབས་སྦྱིན་པ། གཡོན་མཆོག་སྦྱིན་པ་ཐ་མ་གཉིས་ཀྱིས་ ཨུཏྤ་ལ་དང་ཕྲེང་བ་འཛིན་པ། ཞབས་རོལ་པས་བཞུགས་པའོ། །ཕན་པར་བརྩོན་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཨི་ལས་བྱུང་བའི་ལྷ་མོ་མདོག་མཐིང་སྔོན། ཞལ་གསུམ་ཕྱག་དྲུག་མ་གཡས་དམར་བ་གཡོན་སྔོ་བ། ཕྱག་དང་པོ་གཉིས་མདའ་གཞུ་འགེངས་པ། བར་ མ་ན་གླང་པོ་ཆེ་དང་། རྒྱལ་མཚན། ཐ་མ་ན་རལ་གྲི་དང་ཞགས་པ་བསྣམས་ཤིང་རོལ་པས་ཤིང་རྟའི་སྟེང་ན་བཞུགས་པའོ། །གཡུལ་ལས་སྒྲོལ་བར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་ལྷ་མོ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ ཐམས་ཅད་ཀྱིས་བརྒྱན་པ། གཡས་ན་འཁོར་ལོ་རྩིབས་བརྒྱད་པ། གཡོན་ན་བ་དན་ལྕེ་བརྒྱད་པ་བསྣམས་ཤིང་། འགྱིང་བའི་ཚུལ་གྱིས་བཞུགས་པའོ། །རྒྱལ་བ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་གདན་ལ་ཨ་ལས་བྱུང་བའི་ལྷ་མོ་གསེར་གྱི་མདོག་ཅན་ཞལ་ གཅིག་ཕྱག་བཞི་མ་གཡས་དང་པོས་སྐྱབས་སྦྱིན་པ་འོག་མས་རྡོ་རྗེ། གཡོན་དང་པོས་མཆོག་སྦྱིན་པ་འོག་མས་ཨུཏྤ་ལ་དང་པོ་ཏིའོ། །ཞབས་རོལ་པས་བཞུགས་པའོ། །རྒྱན་ཐམས་ཅད་དང་ཡང་དག་པར་ལྡན་པའོ། །ཤེས་རབ་ཕ་རོལ་ཕྱིན་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ ཉི་མའི་གདན་ལ་ཏཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་པ་གཡོན་ཨུཏྤ་ལ་དང་བཅས་པའི་སྐྱབས་སྦྱིན་པ། མདོག་ལྗང་གུའོ། །འཕགས་མ་སྒྲོལ་མའི་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་གདན་སྟེང་ན་ཏྲཾ་ལས་བྱུང་བའི་ལྷ་མོ་ ཞལ་གཅིག་ཕྱག་གཉིས་མ། མདོག་དཀར་མོ་གཡས་ཀླུ་ཤིང་གི་མེ་ཏོག་བསྣམས་པ། གཡོན་བ་དན་རིན་པོ་ཆེས་མཚན་པ་འབར་བ། ན་བཟའ་དང་རྒྱན་སྣ་ཚོགས་མངའ་བ། རྒྱལ་པོའི་རོལ་པས་བཞུགས་པའོ། །ཡིད་འོང་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་ བའི་གདན་ལ་ཨ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་བཞི་མ། མདོག་སེར་མོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་རིན་པོ་ཆེ་དང་རལ་གྲི། །འོག་མ་གཉིས་ན་རྫ་རྔ་བརྡུང་བ་ལ་བརྩོན་པའོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །རྫ་རྔ་ཅན་གྱི་སྒྲོལ་མའི་སྒྲུབ་ ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་བཾ་ལས་བྱུང་བའི་ལྷ་མོ་མདོག་སྔོ་ལྗང་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་ན་དུང་དང་རྒྱལ་མཚན། ཐ་མ་གཉིས་ན་རལ་གྲི་དང་ཨུཏྤ་ལ་སྔོན་པོ་བསྣམས་པའོ། །ཞབས་རོལ་པས་བཞུགས་པའོ། །དུང་ཅན་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ ཟླ་བའི་གདན་ལ་ཧྲཱིཿལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་བཞི་པ་གཡས་སྔོ་བ་རྒྱབ་དཀར་བ་གཡོན་དམར་བ། ཕྱག་གཡས་དང་པོ་ན་བུམ་པ། གཉིས་པ་ན་བགྲང་ཕྲེང་། གསུམ་པ་ན་གདུགས། བཞི་པ་ན་གཎྜཱི། གཡོན་དང་པོ་ན་ཨ་མྲའི་འབྲས་བུ། གཉིས་པ་ན་ཨུཏྤ་ལ། གསུམ་པ་ན་ལྷུང་བཟེད། བཞི་པ་ན་སྡིགས་མཛུབ། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱས་པར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། རལ་གྲི་དང་འཁོར་ལོ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་རྒྱ་ཆེན་པོ་རབ་ཏུ་འགྲུབ་པར་བྱེད་པའི་བདག་ཉིད་ཅན་ཞལ་ནས་མི་འཇིགས་པ་སྦྱིན་པར་མཛད་པའོ། །ཚིག་སྙན་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨོཾ་ལས་བྱུང་བའི་ལྷ་མོ་ཞལ་ལྔ་མ། སྐུ་ཟླ་བ་ལྟར་དཀར་བ། ཞལ་ལྔ་ཀུ་མུ་ད་དཀར་པོ་ལྟར་འབར་བ། ཕྱག་བཅུ་དང་ལྡན་པ། ཕྱག་ དང་པོ་གཉིས་ཀྱིས་མེ་ལོང་དང་དུང་འཛིན་པ། གཡས་གཉིས་པ་ན་རྡོ་རྗེ་དང་། གསུམ་པ་ན་ཨུཏྤལ་དཀར་པོ། བཞི་པ་ན་མཆོག་སྦྱིན་པ། ལྔ་པ་ན་མདའོ། །གཡོན་གྱི་གཉིས་པ་ན་མདུང་ཐུང་དང་། གསུམ་པ་ན་འཁོར་ལོ། བཞི་པ་ན་དྲིལ་བུ། ལྔ་པ་ན་གཞུའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་ པ། ཞབས་གཉིས་རོལ་པས་བཞུགས་པའོ། །ཟླ་བའི་མདོག་ཅན་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱིས་བུམ་པ་དང་། མཆོག་སྩོལ་བའོ། །རྒྱན་དང་ན་བཟའ་སྣ་ཚོགས་པ་བསྣམས་ པ། ཞབས་གཉིས་སྐྱིལ་ཀྲུང་དུ་བཞུགས་པའོ། །དཀར་མོ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་གྱི་སྟེང་ན་སོ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ་སེར་མོ་གླང་པོ་ཆེ་དང་སེང་གེའི་སྟེང་དུ་རོལ་པས་བཞུགས་པའོ། །ཕྱག་གཉིས་ན་རྡོ་རྗེས་མཚན་པའི་ཨུཏྤ་ ལ་སེར་པོ་བསྣམས་ནས་སྐྱབས་སྦྱིན་དང་། མཆོག་སྦྱིན་སྩོལ་བར་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །མི་ཕམ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་གཾ་ལས་བྱུང་བའི་ལྷ་མོ་མདོག་དམར་ཞིང་འོད་འཕྲོ་བ། ཞལ་བཞི་ཕྱག་བརྒྱད་མ། གཡས་དཀར་བ་གཡོན་སེར་བ་ རྒྱབ་ཞལ་ནག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་དང་པོ་ན་སེང་གེ་གཉིས་པ་ན་རྔ་ཟླུམ་གསུམ་པ་ན་དབྱུ་གུ། བཞི་པ་ན་ལྕགས་ཀྱུ། གཡོན་དང་པོ་ན་ཨུཏྤ་ལ། གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྒྱལ་མཚན། བཞི་པ་ན་ཅེ་སྤྱང་བསྣམས་པ། ཞབས་རོལ་ པས་བཞུགས་པའོ། །སྒྱུ་མ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨཿལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། མདོག་སྔོན་མོ་སྤྱན་གསུམ་པ། ཅུང་ཟད་ཁྲོས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པ་ན་པི་ཝང་བསྒྲེང་བ། གཡོན་དུ་ ཨུཏྤ་ལ་སྔོན་པོའི་ནང་དུ་ཁང་པ་བརྩེགས་པ་འཛིན་པ། ཞབས་རོལ་པས་བཞུགས་པའོ། །སྟོབས་ཆེན་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པ། ཕྱག་གཡས་ རལ་གྲི་གཡོན་སྡིགས་མཛུབ་བསྣམས་པ། ཞབས་ཕྱེད་ཀྲུང་དང་བཅས་པའོ། །གཏུམ་མོ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཡཾ་ལས་བྱུང་བའི་ལྷ་མོ་མདོག་དུད་ཁ་ཞལ་གཅིག་ཕྱག་གཉིས་མ་རྒྱན་རྣམས་ཀྱིས་བརྒྱན་པ། གཡས་ན་ཏྲི་ཤཱུ་ལ་དང་། གཡོན་ན་སྤུ་གྲི་ བསྣམས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའོ། །སྡང་བ་ཐམས་ཅད་རླག་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་མ། ཞབས་རོལ་པས་བཞུགས་པ། རྒྱན་ཀུན་དང་ལྡན་ཞིང་མཛེས་པ། ཕྱག་ གཡས་དང་པོ་སྐྱབས་སྦྱིན། གཡོན་དང་པོ་མེ་དཔུང་འཛིན་པ། འོག་མ་གཉིས་ཀྱིས་དབྱུག་པ་དང་ལྕགས་ཀྱུ་བསྣམས་པ་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། རྨ་བྱའི་ཁྲི་ལ་མཛེས་པས་རོལ་པར་མཛད་པའོ། །རབ་ཏུ་ཞི་བ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ། བྷྲཱུཾ་ལས་བྱུང་ བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་མ། ཕྱག་གཡས་ན་ཉི་མ་དང་དབང་པོ། གཡོན་ན་ཟླ་བ་དང་ཐག་བཟངས་རིས་བསྣམས་པའོ། །ཞབས་རོལ་པས་བཞུགས་པའོ། །རྣམ་པར་རྒྱལ་བ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་ མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་ཞལ་གསུམ་ཕྱག་བཞི་མ་མདོག་དམར་སེར་གཡས་དམར་བ་གཡོན་ལྗང་གུ། ཕྱག་དང་པོ་གཉིས་ཀྱིས་མཆོག་སྦྱིན་དང་ཨུཏྤ་ལ་བུམ་པས་མཚན་པ་བསྣམས་པ། ཞབས་རོལ་པས་བཞུགས་པ། སྐུ་ལ་འོད་འཕྲོ་བ། འོག་མ་གཉིས་ན་རྔ་ཡབ་དང་ཏིང་ཤགས་བསྣམས་པ། འབར་བའི་འོད་མངའ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་མུ་ཏིག་གི་ཕྲེང་བ་ཐུགས་ཀར་འཛིན་པ། གཡོན་ན་ཨུཏྤ་ལའི་སྡོང་བུ་མཆོག་སྦྱིན་དང་བཅས་ པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །གློག་ཕྲེང་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་ཞིང་གཡོན་པས་རྒྱལ་མཚན་རྡོ་རྗེ་ཕྱེད་པས་མཚན་ པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །རྒྱལ་མཚན་ཅན་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རལ་གྲི་གཡོན་འཁོར་ལོ། །རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །ཡེ་ཤེས་ཅན་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཏཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་བཞི་མ་རྒྱན་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པ། གཡས་དང་པོ་མཆོག་སྦྱིན། གཡོན་དང་པོ་ཨུཏྤ་ལ་འོག་མ་གཉིས་ ན་མདའ་གཞུ་བསྣམས་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའོ། །ཤེས་རབ་ཅན་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཡཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་ཀྱིས་ཡང་དག་པར་བརྒྱན་པ། གཡས་མཆོག་སྦྱིན་ཞིང་ གཡོན་ཆང་གིས་གང་བའི་བུམ་པའོ། །ཞབས་རོལ་པས་བཞུགས་པའོ། །མྱོས་པར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་རཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་པ་ཕྱག་གཉིས་མ། ཁྲོ་མོའི་ཆ་ལུགས་སྦྲུལ་གྱི་རྒྱན་ཅན། གཡས་རྡོ་རྗེ་གཡོན་སྡིགས་མཛུབ་ ཀྱིས་བསྡིགས་པ། ཞབས་རོལ་པས་རྒྱ་མཚོའི་དབུས་ན་བཞུགས་པའོ། །རེངས་པར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་ནག་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ་གྲི་གུག་གཡོན་ཐོད་པ་ཁྲག་གིས་གང་བ། གླང་ཆེན་གྱི་ པགས་པའོ། །ཕག་གི་ཞལ་མངའ་བ། སྤྱན་གསུམ་ཁྲོ་གཉེར་ཅན་སྦྲུལ་གྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །ནག་མོ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་གདན་ལ་ཧཱུཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་བཞི་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ བསྐུམ་གཡོན་བརྐྱང་བས་བཞུགས་པ། ན་བཟའ་ནག་པོ་གསོལ་བ། མདོག་དམར་མོ། དབུ་སྐྲ་གྱེན་དུ་བརྫེས་པ། ཕྱག་གཡས་དང་པོ་ན་འཁོར་ལོ། གཉིས་པ་ན་རལ་གྲི། གཡོན་གྱི་དང་པོ་ན་སྲིད་པའི་འཁོར་ལོ། གཉིས་པ་ན་སྡིགས་མཛུབ་བོ། །མཚན་མོ་ནག་མོ་ཞེས་བྱ་བའི་སྒྲུབ་ ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་སྒྲོལ་མ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་འཁོར་ལོ་གཡོན་ཁུ་ཚུར་སྡིགས་མཛུབ་དང་བཅས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །སྲུང་བར་བྱེད་པའི་སྒྲོལ་ མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་སྐུ་མདོག་སྔོ་སྐྱ་ཞལ་གསུམ་ཕྱག་དྲུག་པ། གཡས་པ་རླུང་གི་བ་དན་དང་། རི་དང་རྒྱ་མཚོའི་གླིང་བརྒྱ་དང་། གཡོན་ན་མྱོས་བྱེད་ཀྱིས་གང་བའི་སྣོད་དང་ཞགས་པ་དང་། རྔ་བོ་ཆེ་རྣམས་རིམ་བཞིན་དུ་བསྣམས་པ། ཞལ་གཡས་དམར་བ་ གཡོན་དཀར་པོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །རྨོངས་བྱེད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཏྲཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རིན་པོ་ཆེས་མཚན་པའི་ཨུཏྤ་ལ་སེར་པོ། གཡོན་སྐྱབས་སྦྱིན་ པར་མཛད་པའི་ཕྱག་གིས་ཨུཏྤ་ལ་སྔོན་པོ་པོ་ཏིས་མཚན་པ། མདོག་སེར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །ཞི་བ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མ། གཡས་ཨུཏྤ་ལ་ རྡོ་རྗེས་མཚན་པ། གཡོན་ཆོས་འཆད་པའི་ཕྱག་རྒྱ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །མཛེས་མ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་ཨུཏྤ་ལ་སྔོན་པོ་ཉི་མ་དང་ཟླ་ བས་མཚན་པ་བསྣམས་ཤིང་། གཡས་མཆོག་སྦྱིན་སྩོལ་བའི་ཕྱག་གིས་རིན་པོ་ཆེ་བསྣམས་པ། གཡོན་ཐུགས་ཀར་སྐྱབས་སྦྱིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་ངང་མོའི་ཁྲི་ལ་བཞུགས་པའོ། །ཚངས་པའི་བུ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་ སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་ཞལ་བཞི་ཕྱག་བརྒྱད་མ། མདོག་སྔོན་མོ་ཞལ་གཡས་དཀར་བ། རྒྱབ་གནག་པ་གཡོན་དམར་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཨུཏྤ་ལ་པོ་ཏིས་མཚན་པ་བསྣམས་པ། གཡས་གཉིས་པ་ན་གདུགས། གསུམ་པ་ན་མདའ། བཞི་པ་ན་དུང་། གཡོན་ གཉིས་པ་རྒྱལ་མཚན། གསུམ་པ་ན་གཞུ། བཞི་པ་ན་རིལ་བ་སྤྱི་བླུགས་བསྣམས་པ། རྒྱན་དང་ན་བཟའ་སྣ་ཚོགས་ཅན། ཞབས་རོལ་པས་ཁྲི་སྙན་ས་ལའི་པགས་པའི་གདན་ལ་བཞུགས་པའོ། །རིག་བྱེད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཏཾ་ལས་བྱུང་བའི་ལྷ་མོ་སྐུ་ མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་རུས་པའི་རྒྱན་དང་ལྡན་པ། ཕྱག་གཡས་མཆོག་སྦྱིན་གཡོན་པདྨ་དམར་པོ་ཐུགས་ཀར་བསྣམས་པའོ། །སྨད་གཡོགས་རི་དྭགས་ཀྱི་པགས་པས་བྱས་པ། ཞབས་རོལ་པ་དང་བྲག་ཕུག་ཏུ་བཞུགས་ཤིང་གསང་བའི་དྲང་སྲོང་དང་བཅས་པའོ། །གསང་བ་མོ་ཞེས་ བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་ན་མཾ་ལས་བྱུང་བའི་ལྷ་མོ་གསེར་གྱི་མདོག་ཅན་ཞལ་བཞི་པ། གཡས་དཀར་བ་རྒྱབ་སྔོ་བ། གཡོན་དམར་བ། ཞབས་རོལ་པས་བཞུགས་པའོ། །ཕྱག་གཡས་དང་པོས་ནོར་བུས་མཚན་པའི་རྒྱལ་མཚན་བསྣམས་པ། གཉིས་པ་ན་འཁོར་ལོ། གསུམ་པ་ན་པདྨ་དམར་པོ་འདབ་མ་བརྒྱད་པ་ཡུ་བ་དང་བཅས་པ། བཞི་པ་ན་དུང་ངོ་། །གཡོན་དང་པོ་ན་བུམ་པ། གཉིས་པ་ན་དཔལ་གྱི་བེའུ། གསུམ་པ་ན་ཉ། བཞི་པ་ན་གདུགས་བསྣམས་ཤིང་བཀྲ་ཤིས་པར་མཛད་པའོ། །རྒྱན་དང་ན་བཟའ་སྣ་ཚོགས་པས་བཀླུབས་པའོ། །བཀྲ་ཤིས་དོན་གྲུབ་པར་ བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ཐུགས་ཀར་ཕྲེང་བ་བསྣམས་པ། གཡོན་མཆོག་སྦྱིན་ཞིང་པདྨ་དཀར་པོ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་སྐྱིལ་ ཀྲུང་དུ་བཞུགས་པའོ། །ཞི་བ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་སྭ་ལས་བྱུང་བའི་ལྷ་མོ་མདོག་དམར་སེར། ཞལ་བཞི་ཕྱག་བཅུ་ཡིས་གཡས་ན་མདུང་རྩེ་གསུམ་པ། རྔ་ཡབ་དང་། དགྲ་སྟ་དང་། མེ་ལོང་དང་། རྡོ་རྗེའོ། །གཡོན་གྱི་རིམ་པ་བཞིན་དུ་དྲིལ་བུ་དང་། ཨུཏྤ་ལ་དང་། གཏུན་ཤིང་དང་། བུམ་པ་དང་། འཁོར་ལོའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །རོལ་པས་བཞུགས་པའོ། །རིག་བྱེད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ གཡོན་ཐུགས་ཀར་བཀན་ཏེ། བྱང་ཆུབ་མཆོག་དང་ལྡན་པ་ལ་རྡོ་རྗེས་མཚན་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། ཞབས་སྐྱིལ་ཀྲུང་གིས་བུམ་པའི་ཁྲི་ལ་བཞུགས་པའོ། །ཡིད་མགྱོགས་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་དམར་ མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག །གཡོན་བནྡྷ་བསྣམས་པས་ཞག་དང་ཁྲག་ལ་དགྱེས་པ། སྟག་གི་གཡང་གཞི་གསོལ་བ། ཞལ་འཛུམ་པ་མཛད་ཅིང་རྐན་སྒྲ་འབྱིན་པ། འཇིག་རྟེན་གསུམ་གཡོ་བར་མཛད་པ། ཞབས་གཡས་བརྐྱང་བར་མཛད་པའོ། །ཐོད་པ་ཅན་ཞེས་བྱ་བའི་ སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཏཱཾ་ལས་བྱུང་བའི་ལྷ་མོ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་ན་བུམ་པ། གཡོན་ན་ཅེ་སྤྱང་བསྣམས་པའོ། །ན་བཟའ་དཀར་པོ་གསོལ་བ། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རིན་པོ་ཆེའི་རྒྱན་གྱིས་ བརྒྱན་པའོ། །ཤུགས་ཅན་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་བཞི་ཕྱག་བརྒྱད་མ། ཕྱག་གཡས་དང་པོས་ཕྲེང་བ་བསྣམས་པ། གཉིས་པ་ན་བདུད་རྩིས་གང་བའི་བུམ་པ། གསུམ་པ་ན་སྲིད་པའི་ཕྱག་ཤིང་། བཞི་པ་ན་བུམ་ པ་དང་བཅས་པའི་མྱ་ངན་མེད་པའི་ཤིང་། གཡོན་དང་པོས་ཉི་ཟླ། གཉིས་པས་རི་རབ། གསུམ་པས་པདྨའི་ནང་ནས་བྱུང་བའི་སྐྱེས་བུ། བཞི་པ་ན་ཆོས་འཆད་པའི་ཕྱག་རྒྱའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཞབས་སྐྱིལ་ཀྲུང་གིས་བཞུགས་པའོ། །ཚངས་པ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །། པདྨ་དང་ཉི་མའི་གདན་ལ་ཨ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་རི་དྭགས་ཀྱི་པགས་པའི་སྨད་གཡོགས་མངའ་བ། ཕྱག་གཡས་པ་བརྐྱང་ནས་པུས་མོ་ལ་རེག་པ། གཡོན་པའང་དེ་བཞིན་དུ་མཛད་པ། ཨུཏྤལ་དང་ཨུཏྤ་ལ་ལ་རལ་གྲིས་ མཚན་པའོ། །ཞབས་རོལ་བས་སེང་གེའི་གདན་ལ་བཞུགས་པའོ། །བདེན་པར་སྨྲ་བ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ན་རྩེ་གསུམ་བ་དན་དང་བཅས་པ་ བསྣམས་པ། གཡོན་ན་ཨུཏྤ་ལ་བུམ་པས་མཚན་པའོ། །ཞབས་རོལ་པས་བཞུགས་པའོ། །ཕ་རོལ་ལས་རྒྱལ་བར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧཾ་ལས་བྱུང་བའི་སྒྲོལ་མ་མདོག་དཀར་དམར་ཞལ་གཅིག་ཕྱག་གཉིས་མ་རྒྱན་ཐམས་ཅད་ཀྱིས་རབ་ཏུ་བརྒྱན་པ་ ཕྱག་གཡས་ཨུཏྤ་ལ་དང་སེང་གེ་གཡོན་ལྕགས་ཀྱུ་བསྣམས་པ། ཞབས་རོལ་པས་བཞུགས་པའོ། །དེད་དཔོན་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་མཾ་ལས་སྐྱེས་པའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་པས་ལྕགས་ཀྱུ་དང་ཞགས་པ། གཡོན་ པས་ལྕགས་སྒྲོག་དང་དྲིལ་བུའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་རྒྱ་ཆེན་པོ་ཨུཏྤ་ལ་ལ་གནས་པའོ། །ཞབས་རོལ་པས་བཞུགས་པའོ། །སྙིང་རྗེ་གནས་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ། ཞལ་གཅིག་ཕྱག་ གཉིས་པ་གཡས་ཨུཏྤ་ལ་ལ་རྟ་མཆོག་གིས་མཚན་པའོ། །གཡོན་པ་ན་ནོར་བུའི་ཟ་མ་ཏོག་བསྣམས་པ། སྐྱིལ་ཀྲུང་དུ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཆུད་མི་ཟ་བར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་པཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་དམར་ཞལ་ གཅིག་ཕྱག་གཉིས་པ། གཡས་ན་རལ་གྲི་བསྣམས་པ། གཡོན་ན་ཨུཏྤ་ལ་མར་མེས་མཚན་པ་བསྣམས་པ། ཞབས་རོལ་པས་བཞུགས་པའོ། །ལམ་རབ་ཏུ་སྟོན་པར་བྱེད་པའི་སྒྲོལ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་བྲུཾ་ལས་བྱུང་བའི་ལྷ་མོ་ མདོག་སེར་མོ་ཞལ་གསུམ་ཕྱག་བཞི་གཡས་སྔོ་བ་གཡོན་དམར་བ། གཡས་རིན་པོ་ཆེ་དང་བཅས་པའི་མཆོག་སྦྱིན་པ། གཡོན་བུམ་པ་ཐུགས་ཀར་འཛིན་པ། ཐ་མ་གཉིས་ན་མདའ་གཞུའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་རོལ་པས་བཞུགས་པའོ། །མཆོག་སྟེར་བར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་པ་ན་བུམ་པ། གཡོན་པ་ན་ལྡེ་མིག་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །དངོས་གྲུབ་སྟེར་བར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་ སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་བུམ་པ་ལ་སྙིང་པོས་མཚན་པ། གཡོན་རིན་པོ་ཆེས་མཚན་པའི་ཁང་པ་བསྣམས་པ་ཞབས་རོལ་པས་བཞུགས་པའོ། །དངོས་གྲུབ་སྟོན་པར་བྱེད་པ་ཞེས་བྱ་བའི་སྒྲོལ་ མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཏྲཱཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ་མདོག་དམར་སེར་ཕྱག་གཡས་རྡོ་རྗེ་གཡོན་མྱ་ངན་མེད་པའི་ཤིང་ལོ་བསྣམས་པའོ། །རྒྱན་དང་ན་བཟའ་བཅས་པ་ཞབས་སྐྱིལ་ཀྲུང་དུ་བཞུགས་པ། ལང་ཚོ་དང་ལྡན་པའོ། །བུད་མེད་གཟུགས་ཅན་སོ་སོ་འབྲང་ མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་བཾ་ལས་བྱུང་བའི་ལྷ་མོ་དམར་སེར་ཞལ་གཅིག་ཕྱག་གཉིས་མ། གཡས་མྱ་ངན་མེད་པའི་ཤིང་ལ་ཕྱག་གིས་འཁྱུད་པར་བརྟེན་པའོ། །གཡོན་ཨུཏྤལ་དམར་པོ་ཁ་བྱེ་བའི་ནང་དུ་གླང་པོ་ཆེ་འཛིན་པ། རྒྱན་དང་ན་བཟའ་དང་བཅས་པ། ཞབས་ ཤིང་རྟའི་སྟེང་དུ་བཞུགས་པའོ། །དཔག་མེད་གནོན་པར་བྱེད་པའི་འོད་ཟེར་ཅན་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ་མདོག་སེར་མོ། གཡས་དགྲ་སྟ་དང་གཡོན་ཞགས་པ་བསྣམས་པ། རྒྱན་ཐམས་ཅད་དང་ཤིང་ལོའི་ན་བཟའ་ གྱོན་པ། ཞབས་རོལ་པས་བཞུགས་པའོ། །རི་ཁྲོད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པ་གྲི་གུག །གཡོན་པ་ཁ་ཊྭཱཾ་ག་དང་ཐོད་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ན་བཟའ་དང་བཅས་པ་ཞབས་ རོལ་པས་བཞུགས་པའོ། །རྣལ་འབྱོར་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་ཞགས་པ། གཡོན་ན་ལྕགས་ཀྱུ་དང་བུམ་པའོ། །རྒྱན་དང་ན་བཟའ་སེར་མོ་བསྣམས་ཤིང་རོལ་པས་བཞུགས་ པའོ། །གྲུབ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རལ་གྲི་དང་གཡོན་སྡིགས་མཛུབ། ཞགས་པ་དང་བཅས་པའོ། །རྒྱན་དང་ན་བཟའ་དང་བཅས་པ། ཞབས་ཕྱེད་ཀྲུང་དུ་བཞུགས་པའོ། ། གཏུམ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་བྱུང་བའི་ལྷ་མོ་མདོག་དཀར་མོ། ཞལ་གཅིག་ཕྱག་གཉིས་པ་གཡས་དཔག་བསམ་གྱི་ཤིང་དང་། གཡོན་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ཞབས་རོལ་པས་བཞུགས་པ། རྒྱན་དང་ན་བཟའ་དང་བཅས་ པའོ། །བདུད་རྩི་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་མུཾ་ལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་སངས་རྒྱས་ཀྱིས་སྤྲུལ་པའི་གཞལ་ཡས་ཁང་བསྣམས་པ། གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། རྒྱན་དང་ན་བཟའ་དང་ལ