Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 77

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
ྡན་པ་ཞབས་
རོལ་པས་བཞུགས་པའོ། །སྐལ་བ་སྦྱིན་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨོཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་རིན་པོ་ཆེ། གཡོན་ན་ཨུཏྤལ་སྔོན་པོ་བསྣམས་པ། རྒྱན་དང་ན་བཟའ་དང་བཅས་པ་ཞབས་རོལ་པ་དང་བཅས་པས་བཞུགས་
པའོ། །སྐལ་བཟང་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མ་ལ་སྭ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ན་རི་དྭགས་རུ་རུའི་རི་མོ་ཅན་བསྣམས་པ། གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། རྒྱན་དང་ན་བཟའ་དང་བཅས་པ་ཞབས་རོལ་པ་དང་

བཅས་པས་རྨ་བྱ་དང་། ཅང་ཤེས་གྱི་ཁྲི་ལ་བཞུགས་པའོ། །མཛེས་པར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཏཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན། གཡོན་ན་ཨུཏྤ་ལ་བསྣམས་པ། རྒྱན་དང་ན་བཟའ་དང་བཅས་
པ། ཞབས་ཕྱེད་ཀྲུང་དུ་བཞུགས་པའོ། །འདོད་པ་གྲུབ་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཨ་ལས་བྱུང་བའི་ལྷ་མོ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་མ། གཡས་རིན་པོ་ཆེའི་མཛོད་ནས། གཡོན་ལྕགས་ཀྱུས་འདྲེན་པར་མཛད་མ། ཞལ་རྣམ་པར་རྒྱས་པ།
རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པར་བསྒོམ་པར་བྱའོ། །དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ལས་བྱུང་བའི་ལྷ་མོ་དུད་ཀ་ཞལ་གཅིག་ཕྱག་གཉིས་མ་ཕྱག་གཡས་ན་བྱ་ཁྭ་ཏ་བསྣམས་ཤིང་། གཡོན་ན་དབྱུག་
ཐོ་བསྣམས་པ། རྒྱན་རྣམས་ཀུན་རྫོགས་པ། ཞབས་ཀྱིས་རི་མ་དྷ་ར་བརྫི་ཞིང་ཞབས་རོལ་པས་བཞུགས་པའོ། །མཐར་བྱེད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་ནག་མོ། ཞལ་གཅིག་ཕྱག་གཉིས་མ། གཡས་གཡོན་གཉིས་བེ་ཅོན་དང་སྡིགས་མཛུབ་
འཛིན་པར་མཛད་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་པས་གླང་པོ་ཆེ་ལ་བཞུགས་པའོ། །དྲག་ཅིང་ཁྲོ་བའི་དབང་དུ་གྱུར་པས་ཞལ་གདངས་པ་འཇིགས་སུ་རུང་བར་བལྟའོ། །སྐྲག་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཏཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་
ཞལ་གཅིག་ཕྱག་བཞི་མ་གཡས་གཉིས་ན་མཆོག་སྦྱིན་དང་བགྲང་ཕྲེང་། གཡོན་གཉིས་ན་གླེགས་བམ་དང་། ཨུཏྤ་ལ་བསྣམས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་དུ་བཞུགས་པའོ། །རབ་ཏུ་སྡུད་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་ཧཱུཾ་ལས་བྱུང་
བའི་ལྷ་མོ་མདོག་ནག་མོ། ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་གཡོན་ཞགས་པ་བསྣམས་པ་འཇིགས་པར་བྱེད་པ་སྐྲ་དང་སྨིན་མ་དམར་སེར་མཆེ་བ་ཅུང་ཟད་གཙིགས་པ་ཞལ་འཛུམ་པ་དང་བཅས་ཤིང་ཁྲོ་མོའི་ལུས་ཅན་ཞབས་རོལ་པས་བཞུགས་པའོ། །འཇིགས་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་

ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཡོན་གྱི་དང་པོ་གཉིས་ཀྱིས་ཉི་མ་དང་ཨུཏྤ་ལ་དམར་པོ་ཁ་བྱེ་བ། ཐ་མ་གཉིས་ན་མདའ་གཞུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །དྲན་བྱེད་མ་
ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་རྩེ་གསུམ་གཡོན་ན་རིལ་བ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། མྱ་ངན་མེད་པའི་ཤིང་ལ་བརྟེན་པ། རོལ་པའི་ཞབས་ཀྱིས་བཞུགས་པའོ། །
བརྟུལ་ཞུགས་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨོཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་ན་ནོར་བུ་རིན་པོ་ཆེ། གཡོན་ན་བུམ་པ་བསྣམས་པ། བྱང་ཆུབ་ཀྱི་ཤིང་ལ་རྒྱབ་བརྟེན་པ། ཞབས་རོལ་
པས་བཞུགས་པའོ། །ཕན་པར་བརྩོན་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་སྟེང་དུ་མཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་བཞི་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ཀྱི་དང་པོས་སྐྱབས་སྦྱིན་པ། འོག་མ་མདའ། གཡོན་དང་པོ་ཨུཏྤ་ལ། འོག་མས་གཞུ་
བསྣམས་པ། ཞབས་རོལ་པས་བཞུགས་པའོ། །སྐྱོབ་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཏཾ་ལས་བྱུང་བའི་ལྷ་མོ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་པོ་ཏི་དང་། ཨུཏྤ་ལ་དང་བཅས་པ། གཡོན་སྐྱབས་སྦྱིན་དང་ཨུཏྤ་ལ་དང་བཅས་པའོ། །
རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་སྐྱིལ་ཀྲུང་དང་བཅས་པའོ། །གུས་བྱེད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་གྷཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ཀྱིས་སྐྱབས་སྦྱིན་ཞིང་། གཡོན་ན་ཨུཏྤ་ལའི་སྟེང་ན་སྙན་པར་སྨྲ་བའི་སྒྲ་དང་
བཅས་པ་བསྣམས་པ། ཀྲྀཥྞ་ས་རའི་པགས་པ་ཕྲག་པ་ལ་བཀལ་བའོ། །བདེ་བ་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཉི་མའི་གདན་ལ་ཧྲཱིཿལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ན་རལ་གྲི །གཡོན་ན་

སེང་གེ་ཁ་ནང་དུ་བལྟ་བའོ། །ཞབས་རོལ་པས་བཞུགས་པའོ། །ངག་གི་དབང་ཕྱུག་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཏཾ་ལས་བྱུང་བའི་ལྷ་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་ཨ་ཤྭ་ཀའི་སྡོང་པོ་ལ་འཁྱུད་པ། གཡོན་ན་བུམ་པ་བསྣམས་
པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །ཞི་བར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ལས་བྱུང་བའི་ལྷ་མོ་སྔོ་ལྗང་ཞལ་གསུམ་ཕྱག་དྲུག་མ་གཡས་དཀར་གཡོན་དམར་བ། གཡས་གཡོན་གྱི་དང་པོ་གཉིས་ཀྱིས་རལ་གྲི་དང་པོ་ཏི། བར་མ་
གཉིས་ཏིང་ངེ་འཛིན་དུ་བསྣོལ་བ། ཐ་མ་གཉིས་ན་མདའ་གཞུའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །ཞི་ཞིང་ཕྲ་བ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་འཁོར་ལོ་གཡོན་ཏིང་ངེ་འཛིན་དུ་བཞུགས་པའོ། །
རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ། །རྟག་པ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་སཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ་རྒྱ་གྲམ། གཡོན་ནེའུ་ལེའི་རྐྱལ་བུ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ།
ཞབས་རོལ་པས་བཞུགས་པའོ། །ཀུན་འགྲོ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧྲཱིཿལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རིན་པོ་ཆེ་གཡོན་དར་འཕན་ལྕེ་གཉིས་པ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡོན་བརྐྱང་
བས་བཞུགས་པའོ། །རྗེས་འགྲོ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཏཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་གསིལ་བྱེད་བསྣམས་པ། གཡོན་ན་པདྨ་ལ་གནས་པའི་རྒྱ་གྲམ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་
པས་བཞུགས་པའོ། །དོན་ཀུན་གྲུབ་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་བུམ་པ་གཡོན་ལྕགས་ཀྱུ་བསྣམས་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་

བཞུགས་པའོ། །བཟང་པོ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨ་ལས་བྱུང་བའི་ལྷ་མོ་རྒྱན་ཐམས་ཅད་དང་ལྡན་མ་ཞལ་གཅིག་ཕྱག་གཉིས་མ་གཡས་ན་མྱ་ངན་མེད་པའི་ཤིང་། གཡོན་མཆོག་སྦྱིན་ནོ། །མདོག་སེར་མོ་ཞབས་སྐྱིལ་ཀྲུང་དུ་བཞུགས་པའོ། །གསང་བྱེད་
མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་སྭ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་ན་རིན་པོ་ཆེ་བརྩིགས་པ་བསྣམས་པ། གཡོན་ཨུཏྤལ་མཆོག་སྦྱིན་དང་བཅས་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་
པའོ། །གསོ་བྱེད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཙུཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རིན་པོ་ཆེ་དང་བཅས་པའི་མཆོག་སྦྱིན། གཡོན་རིན་པོ་ཆེས་གང་བའི་ནོར་བུའི་རྐྱལ་པ་བསྣམས་པ། ཞབས་རོལ་པས་བཞུགས་པའོ། །
ནོར་སྟེར་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་དང་པོ་སྐྱབས་སྦྱིན་པ། གཡོན་ཆོས་འཆད་པའི་ཕྱག་རྒྱ་ཅན་ཞབས་རོལ་པས་བཞུགས་པའོ། །མི་འཇིགས་པ་ཞེས་བྱ་
བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་བཾ་ལས་བྱུང་བའི་ལྷ་མོ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་ན་ཨུཏྤ་ལ་སྔོན་པོ། གཡོན་ཤེལ་གྱི་ཕྲེང་བ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །བསོད་ནམས་ཅན་ཞེས་བྱ་བའི་
སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཏྲཾ་ལས་བྱུང་བའི་ལྷ་མོ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་གཡོན་དང་པོ་གཉིས་ཀྱིས་སྤྱི་བོར་རབ་ཏུ་དགའ་བའི་ཕྱག་རྒྱ་བཅིངས་པ། གཡས་ཀྱི་འོག་མ་ན་རལ་གྲི །གཡོན་གྱི་འོག་མ་ན་ཤིང་མྱ་
ངན་མེད་པའི་ཡལ་ག་བཟུང་བའོ། །གཻ་ཏ་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧྲི་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རིལ་བ་སྤྱི་བླུགས་དང་བཅས་པའི་མཆོག་སྦྱིན་པ། གཡོན་ཨུཏྤལ་སྔོན་པོ་དང་བཅས་པའི་སྐྱབས་སྦྱིན་པ། རྒྱན་

ཐམས་ཅད་དང་ལྡན་པའི་ན་བཟའ་བསྣམས་པའོ། །ཞབས་རོལ་པས་བཞུགས་པའོ། །སྤྱན་རས་གཟིགས་དབང་ཕྱུག་ལས་སྐྱེས་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་མོ། གཡས་ན་ཕྲེང་བ་དང་དཔལ་
བེའུ། གཡོན་པདྨ་དང་བུམ་པ་བསྣམས་པ། ཞལ་གཅིག་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བུམ་པའི་སྟེང་ན་བཞུགས་པའོ། །མི་འཇིགས་པ་སྲེད་ལེན་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཨ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་
ཕྱག་གཉིས་མ། གཡས་ན་འབྲས་ཀྱི་སྙེ་མ། གཡོན་ན་མེ་ལོང་ཕྲེང་བ་དང་བཅས་པ་བསྣམས་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །དཀའ་ཐུབ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཏཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་
ཞལ་གཅིག་ཕྱག་གཉིས་མ་གཡས་སྐྱབས་སྦྱིན་གཡོན་ཨུཏྤ་ལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་པས་བཞུགས་པ། རྐུན་པོ་དང་ཆོམ་རྐུན་ལས་རྒྱལ་བ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ཛཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་
གཉིས་པ། གཡས་ན་རྨ་བྱའི་སྒྲོ་བསྣམས་པ། གཡོན་སྐྱབས་སྦྱིན་པའི་ཕྱག་གིས་ཨུཏྤ་ལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །སྦྲུལ་ལས་སྐྱོབ་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་
མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ་གཡས་སྐྱབས་སྦྱིན་པ། གཡོན་ཨུཏྤ་ལ་དང་བཅས་པའི་སྐྱབས་སྦྱིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་རོལ་པས་བཞུགས་པའོ། །སེང་གེའི་འཇིགས་པ་ལས་སྐྱོབ་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨ་
ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་དང་ལྡན་པ་ཕྱག་གཡས་ན་ཟླ་བ་བསྣམས་ཤིང་སྐྱབས་སྦྱིན་པར་མཛད་པ། གཡོན་ཨུཏྤལ་བསྣམས་ཤིང་སྐྱབས་སྦྱིན་པར་མཛད་པ། ཞབས་རོལ་པས་མེའི་ས་བོན་ལས་གཞལ་བར་མཛད་པའོ། །མེ་ལས་སྐྱོབ་པར་

བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཨོཾ་ལས་བྱུང་བའི་ལྷ་མོ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་དང་ལྡན་པ། ཕྱག་གཡས་སྐྱབས་སྦྱིན་པ། གཡོན་ཨུཏྤ་ལ་དང་བཅས་པའི་སྐྱབས་སྦྱིན་པ། ཞབས་རོལ་པ་དང་བཅས་པས་གླང་པོ་ཆེ་
མནན་པའོ། །གླང་པོ་ཆེ་ལས་སྐྱོབ་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་སྟེང་དུ་ཧཱུཾ་ལས་བྱུང་བའི་ལྷ་མོ་མདོག་དཀར་ལྗང་ཞལ་གཅིག་ཕྱག་གཉིས་པ། གཡས་སྐྱབས་སྦྱིན་པའི་ཕྱག་རྒྱས་སྲིན་ལག་མཐེ་བོང་གིས་མནན་པའོ། །གཡོན་ཨུཏྤ་ལ་དང་བཅས་པའི་སྐྱབས་སྦྱིན་པའོ། །
རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་པས་སྟག་ལ་བཅིབས་པའོ། །སྟག་ལས་སྐྱོབ་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བའི་གདན་ལ་ལཾ་ལས་བྱུང་བའི་ལྷ་མོ་མདོག་སྔོ་ལྗང་། ཞལ་གཅིག་ཕྱག་གཉིས་པ་གཡས་སྐྱབས་སྦྱིན་ཞིང་། གཡོན་ཨུཏྤལ་ཐུགས་ཀར་སྐྱབས་སྦྱིན་དང་བཅས་པས་
བཟུང་བའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རོལ་པས་ཆུའི་སྟེང་དུ་བཞུགས་པའོ། །ཆུ་ལས་སྐྱོབ་པར་བྱེད་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།པདྨ་དང་ཟླ་བ་དང་ཉི་མའི་སྟེང་དུ་ཧྲིཿལས་བྱུང་བའི་ལྷ་མོ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། རྒྱན་ཐམས་ཅད་དང་ལྡན་པ། གཡས་
སྐྱབས་སྦྱིན་པ། གཡོན་ཨུཏྤ་ལའི་སྟེང་དུ་ལྕགས་ཀྱུས་མཚན་པ་བསྣམས་པའོ། །ཞབས་རོལ་པས་མིའི་དབང་པོ་མནན་པའོ། །རང་གི་ལུས་ཀྱི་འོད་ཟེར་དམར་པོས་དེའི་ལུས་བཀང་ལ་རང་གི་གནས་སུ་བཞག་གོ། །ཞི་མཛད་མ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སོ།། །།དེ་ནས་ཐུབ་པའི་ལྷ་མོ་ཞེས་བྱ་
བའི་སྒྲོལ་མ་ནི། སྔར་བསྟན་པའི་ཆོ་ག་ལས་བདུད་རྩིའི་དཀྱིལ་འཁོར་དུ་ས་བོན་ལྔ་པའི་སྡེ་ཚན་གྱི་དང་པོ་ལ་དང་པོ་གཉིས་པས་མནན་ལ་ཟླ་ཚེས་ཕྱེད་པའི་ཐིག་ལེས་བརྒྱན་པའོ། །དེ་ལས་གྲུབ་པའི་སྒྲོལ་མ་བསྒོམ་པར་བྱའོ། །མཆོག་ཏུ་རྣམ་པར་མཛེས་མ། ཞལ་གཅིག་པ་ཡིད་དུ་འོང་བ་མོ་ལྗང་གུ་ཕྱག་
གཉིས་མ། གཡས་མཆོག་སྦྱིན་པ་གཡོན་ཨུཏྤ་ལ་འཛིན་པའོ། །པདྨ་དང་ཟླ་བ་ལ་གནས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བསམ་མོ། །ལག་པ་གཉིས་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོའི་སེན་མོ་བཀབ་ལ་སྲིན་ལག་ནང་དུ་བཅུག་སྟེ་མཐེ་བོང་མནན་པ་ནི་ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱའོ། །ཨོཾ་ཏཱ་རེ་

ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དེ་ནས་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཛཿདང་ཧཱུཾ་ལ་སོགས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ལ་གཞུག་ཅིང་དབང་དུ་བྱའོ། །གནས་གསུམ་ལ་ནི་རྡོ་རྗེ་གསུམ། །བྱིན་གྱིས་བརླབས་ལ་སྐུ་ལ་སོགས། །འཁོར་ལོ་པདྨ་རྡོ་རྗེ་དང་། །ཨོཾ་ཨཱཿཧཱུཾ་ལས་རྟག་པ་
དང་། །འོད་དཔག་མེད་དང་མི་བསྐྱོད་པ། །དེ་ནས་ཐུགས་ཀའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་ནི། །སྔ་མའི་ཚུལ་ཅན་སྤྱན་དྲངས་ཏེ། །དབང་བསྐུར་རིགས་ཀྱི་བདག་པོ་ནི། །འོད་དཔག་མེད་ཀྱིས་སྤྱི་བོར་བརྒྱན། །དེ་ནས་ས་བོན་ལས་བྱུང་བའི། །འོད་ཀྱི་ལྷ་ཡི་སྤྲོ་བསྡུ་ལས། །སྐྱོ་ན་
ཐུགས་ཀའི་ས་བོན་ལས། །འོད་འཕྲོས་སྣོད་བཅུད་མ་ལུས་ཞུ། །བདག་ཀྱང་ས་བོན་དེ་དག་ལས། །ཤིན་ཏུ་ཕྲ་བར་བསམ་མི་ཁྱབ། །རྣམ་པར་མི་རྟོག་དེ་དམིགས་ཤིང་། །ནམ་མཁའི་དཀྱིལ་ལྟར་རབ་དབེན་པ། །བདེ་བར་གཤེགས་པ་ཀུན་གྱི་གནས། །དེ་ནས་སྐྱོ་ན་བཟླས་པ་ནི། །འབུམ་ཕྲག་
བཞིའམ་འོན་ཏེ་དྲུག །འབུམ་ཕྲག་བཅུ་ཡིས་ལས་རྣམས་འགྲུབ། །རྣལ་འབྱོར་པ་ནི་གང་ཞིག་གིས། །འདི་དོན་ཉམས་སུ་གང་ལེན་པ། །ཐོག་མ་ཐ་མ་མེད་ཞི་བའི། །སྒྲོལ་མ་ཡུམ་མཆོག་ཉིད་གྱུར་ནས། །དངོས་གྲུབ་གཉིས་སོགས་འཐོབ་འགྱུར་ཏེ། །ཡོན་ཏན་དཔག་མེད་འབྱུང་བར་
གསུངས། །དེ་ལྟར་སྟོང་དང་སྙིང་རྗེའི་བདག་ཉིད་སྲིད་པ་གསུམ་སྐྱེས་ཟད་ངེས་ཤེས་དང་ནི། །ཤེས་བྱ་གཉིས་སུ་མེད་སྐུ་ཀུན་དུ་བཟང་པོའི་སྤྱོད་པའི་བདག་ཉིད་སྣ་ཚོགས་ཡུམ། །བཅོམ་ལྡན་འདས་མའི་སྒྲུབ་ཐབས་རྒྱུད་འཛིན་ལེགས་བཀོད་པ་ལས་བསོད་ནམས་དྲི་མ་མེད། །བདག་གིས་གང་
ཐོབ་དེས་ནི་འགྲོ་བ་མ་ལུས་རྟག་བདེ་མྱ་ངན་འདས་ཐོབ་ཤོག །ལྷ་མོ་སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ། །སླད་ཀྱིས་རྒྱ་
གར་གྱི་པཎྜི་ཏ་དཱ་ན་ཤཱི་ལ་དང་། བོད་ཀྱི་ལོ་ཙཱ་བ་བློ་གྲོས་གྲགས་པས་བཅོས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་ཡུཪྺརྡྷ་ནི་བི་དྷིཿ། བོད་སྐད་དུ། ཚེ་འཕེལ་བའི་ཆོ་ག །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་རིམ་པས་

སྒྲོལ་མ་དཀར་མོ་ཞལ་གཅིག་པ་ཕྱག་གཉིས་པ། སྐྱིལ་མོ་ཀྲུང་དུ་བཞུགས་པར་བསྒོམས་ཏེ། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ས་བོན་གྱི་ཡི་གེ་བལྟའོ། །དེ་ལ་འོད་འཕྲོས་པས་མདུན་གྱི་ནམ་མཁའ་ལ་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དཀར་པོ་མཉམ་གཞག་གི་ཕྱག་རྒྱ་ཅན་ཡུམ་དང་
བཅས་པ། ཕྱག་གི་སྟེང་ན་རིན་པོ་ཆེའི་བུམ་པ་ཅན་གྱི་མདུན་དུ་མི་བསྐྱོད་པ་སྔོན་པོ་གཡས་པ་ས་གནོན། གཡོན་རིན་པོ་ཆེའི་བུམ་པ་ཅན་གྱིས་ཡུམ་ལ་འཁྱུད་པ། གཡས་སུ་རིན་འབྱུང་གསེར་བཙོ་མའི་མདོག་ཅན་ཕྱག་གཡས་མཆོག་སྦྱིན། གཡོན་ནི་སྔ་མའི་ཚུལ་དང་མཚུངས་སོ། །རྒྱབ་ཏུ་རྣམ་སྣང་
དམར་པོ། གཡས་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། གཡོན་དུ་དོན་ཡོད་གྲུབ་པ་ལྗང་གུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་ཅན་ཏེ་རིགས་ལྔ་དང་། ཡུམ་ཐམས་ཅད་ནི་རང་སྣང་གི་ཡུམ་མོ། །དེ་དག་ལ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བར་དམིགས་ཏེ། སྐྱབས་འགྲོ་ལ་སོགས་པ་ཚུལ་
བཞིན་དུ་བྱའོ། །ཚེ་འཕེལ་བར་གསོལ་བ་གདབ་པ་ནི། ཨོཾ་ན་མོ་བྷ་ག་ཝ་ཏེ་ཨ་མི་ཏཱ་བྷཱ་ཝ་ཏི་ཏ་ཐཱ་ག་ཏ། སརྦ་བུདྡྷ་བོ་དྷི་སཏྭ་སྱ་ཨ་ཧཾ་ཨཱ་ཡུཪྺརྡྷ་ནི། པྲཱ་ཎ་ཝརྡྷ་ནི། ཛཱི་བ་ཝརྡྷ་ནི། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་པ་དང་། སྣང་བ་མཐའ་ཡས་ལ་སོགས་པ་ཡབ་རྣམས་ཀྱིས་སོ་སོའི་ཡུམ་ལ་བསྐུལ་
ཏེ་ཚེའི་དངོས་གྲུབ་བརྟན་པར་བྱས་ནས། བདག་ཉིད་ལ་དབང་བསྐུར་བའི་སྦྱོར་བ་ལ་ཞུགས་ཏེ་འདུག་པར་བསམ། བདག་ཉིད་ཀྱང་སྤྱི་བོ་ཚངས་པའི་བུ་ག་ཁ་ཕྱེ་སྟེ་སྙིང་གའི་ཆུ་སྐྱེས་ལ་གནས་པའི་འབྱུང་བ་བཞིའི་རྩ་ཁ་ཕྱེ་སྟེ། རྩ་ཐམས་ཅད་སོ་སོར་ཁ་ཕྱེ་བར་བསམ། དེ་ནས་དེ་བཞིན་གཤེགས་པ་
ཐམས་ཅད་ཀྱིས་བདག་ལ་འཆི་མེད་ཀྱི་དབང་བསྐུར་ཏེ། ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཚངས་པའི་བུ་ག་ནས་བླུགས་པས་རྩ་ཐམས་ཅད་ཁེངས་པ་དང་། ཁྱད་པར་དུ་ཆུ་སྐྱེས་ཀྱི་རྩ་ལྔ་གང་བས་སྲོག་འཛིན་པ་རྣལ་དུ་ཚུད་དེ་འཆི་བ་མེད་པར་བསམ་ཞིང་སྔགས་འདི་ཉེར་གཅིག་བཟླས་སོ། །ཨོཾ་ཏཱ་
རེ་ཏུཏྟཱ་རེ་ཏུ་རེ་ཨཱ་ཡུཪྺརྡྷ་ཀ་དྷ་བྷྱཿསྭཱ་ཧཱ། ཞེས་པས་དེ་བཞིན་གཤེགས་པ་རྣམས་སྣང་བ་མཐའ་ཡས་ལ་འདུས་ཏེ། དེ་དབུ་རྒྱན་གྱི་ཚུལ་དུ་བདག་གི་སྤྱི་བོར་བྱོན་པས་ཚེ་བརྟན་པར་འགྱུར་རོ། །གཞན་རྣམས་གཤེགས་སུ་གསོལ། དེས་སྐྱོ་ནས་ལྡང་བར་འདོད་ན་མི་དམིགས་པས་ཟིན་པའི་དགེ་བ་བསྔོའོ། །

སྔ་མ་ལྟར་ཐུན་བཞི་ལ་སོགས་པ་བསྒོམས་ན་ཟླ་བ་དྲུག་གིས་འཆི་བ་མེད་པའི་དངོས་གྲུབ་ཏུ་འགྱུར་རོ། །གཞན་ཡང་ཅི་རིགས་པས་ཀྱང་འཕེལ་ལོ། །སྒྲོལ་མ་ཚེ་སྤེལ་བ་ཞེས་བྱ་བའི་རིག་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།མ་ཧཱ་པཎྜི་ཏ་རཏྣ་རཀྵི་ཏའི་ཞལ་
སྔ་ནས། ལོ་ཙཱ་བ་ཞང་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཏཱ་རཱ་སྟོ་ཏྲ་ན་མ། བོད་སྐད་དུ། དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ་ཞེས་བྱ་བ། དཔལ་ཆེན་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཞི་བའི་གྲོང་ཁྱེར་འཇུག་ལ་གྲོང་སྒོའི་མི་མོ་བཟོད་
བྱས་འདྲ་བ་དང་། །རྒྱལ་བའི་ལམ་དུ་འཇུག་ལ་དབྱིབས་ཅན་མདུན་ན་གནས་པའི་གཞུང་ལམ་ལྟ་བུ་དང་། །ཤིན་ཏུ་བཟློག་པར་དཀའ་བའི་བདུད་ཀྱི་རྒྱུ་ལས་ཐར་མཛད་ཡང་ན་གསང་སྔགས་ལྷ། །ཁོ་བོ་བློ་གྲོས་བླུན་པོ་འདིས་ནི་དཔལ་ཆེན་མོ་བསྟོད་བགྱི་བ་ཇི་ལྟ་ལགས། །གང་ཡང་རྒྱལ་སྲས་བདེ་བར་
གཤེགས་པའི་རིགས་འཛིན་ས་བཅུའི་ཕ་རོལ་ཕྱིན་རྣམས་ཀྱི། །ཁྱོད་ཀྱི་ཡོན་ཏན་རིན་ཆེན་ཚོགས་ནི་གསལ་མཛད་ལྷ་རྣམས་ཀྱིས་ཀྱང་གླུ་ལེན་ཏེ། །དེ་ལྟ་ན་ཡང་གུས་པ་འབའ་ཞིག་གིས་བསྟོད་ལྷ་མོ་བདག་ལ་བཟོད་མཛོད་ཀྱེ། །མི་ཤེས་བྱིས་པ་ཡིས་ནི་རང་གི་མ་ལ་ཐལ་གྱིས་འཐོར་བ་མིན་ནམ་ཅི། །མཐའ་
དག་མི་དབང་འདུས་པའི་གཙུག་གི་ནོར་བུ་རྣམས་ཀྱིས་བཏུད་བྱས་འདམ་སྐྱེས་ཞབས། །གདུགས་དཀར་ཐིག་ལེ་གྱེན་དུ་འབར་ཞིང་ས་བདག་ཁྱེད་ཀྱི་འདོད་པ་ཡིས་ནི་འགྱུར། །རྣམ་རྒྱས་རྫིང་བུར་སྐྱེས་པའི་འོད་འཕྲོག་སྤྱན་གྱིས་གང་ལ་གཟིགས་གྱུར་དེ་ལ་ནི། །བཅོམ་ལྡན་གླང་ཆེན་སེང་གེའི་གདན་རྟ་ཤིང་རྟ་རྐང་
ཐང་མཆོག་རྣམས་རྗེས་སུ་འགྲོ། །རང་གི་ཕྱག་གི་སྟོབས་ཀྱིས་ཉེར་སྐྱེས་རྣམ་གྲངས་ཕ་རོལ་གནོན་པས་དགྲ་རྣམས་ཐུལ། །འབར་བ་ཆེན་པོ་དཀྱིལ་འཁོར་མཆོག་གི་ཕུན་སུམ་ཚོགས་གྱུར་མི་བདག་རྣམས་ལ་ནི། །སྟེར་བར་བསྔགས་ཤིང་ངེས་འབྱེད་སྔགས་ཀྱི་ཡུལ་ལ་མི་དབང་བློན་པོའི་བློར་གྱུར་ལ། །
རི་སྐྱིབས་ཟབ་མོར་ས་ཕུག་ཟབ་མོའི་གཞི་ལ་རྣལ་འབྱོར་རྣམས་ཀྱིས་འཛིན་པར་འགྱུར། །རབ་ཏུ་མྱོས་པ་པདྨའི་ཚལ་ལ་མ་ལ་ཡར་རླུང་དལ་བུས་གཡོ་ཞིང་བསྐྱོད། །འདབ་མ་རྣམས་ལ་ཕུལ་བྱུང་བུང་བའི་ཚོགས་ཀྱིས་ཉེ་བར་གླུ་ལེན་མེ་ཏོག་གི། །འབྱུང་གནས་ཡ་མཚན་མཛེས་མ་ཁྱོད་ཡིན་ལྷ་མོ་ཁྱོད་ཀྱི་

བསྔགས་པ་རྣམས་ཀྱིས་ནི། །རྒྱལ་སྲིད་འབྲས་བུ་འགྲུབ་མཛད་འགྲམ་རྒྱས་རྩི་ལོགས་མྱོས་ཆུའི་མཚན་ལ་འགྲོ །ཁྱེད་ཞབས་བཀའ་དྲིན་གྱིས་ནི་རང་དབང་ཁང་པའི་སྐྱེད་མོས་ཚལ་ལ་ཡུན་རིང་དུ། །རྩེད་མོས་སྤྲོ་ལ་སྤྱན་མིག་དྲག་ཏུ་གཡོ་ཞིང་དགའ་མཆོག་རྣམས་ཀྱིས་ནི། །ཞལ་གྱི་པདྨའི་དབུགས་རླུང་
གིས་བསྐྱོད་བུད་མེད་རྣམས་དང་ཉེ་བར་ལོངས་སྤྱད་ནས། །དེ་ནི་ཨ་མྲ་སར་པས་བྲན་ལས་དྲི་ཞིམ་སྦྲང་རྩི་རྣམས་ལ་འཐུང་བར་འགྱུར། །རབ་དགའི་ནགས་ལ་མེ་ཏོག་ཁུར་འཕྱང་མྱོས་པའི་སྐད་སྙན་ཁུ་བྱུག་གིས་ཁྱབ་ཅིང་། །སྦྲང་རྩིས་མྱོས་པའི་བུང་བ་ཚོགས་པའི་དར་དིར་ལྡན་ལ་སོ་གའི་དཔལ་ཡིན་
ཏེ། །འོ་མའི་རྒྱ་མཚོ་རླབས་ཕྲེང་གཡོ་བར་བཞད་གད་ཀུ་མུ་ད་ཡི་འབྱུང་གནས་དང་། །ཤེལ་གྱི་ས་གཞི་བླ་གབ་མེད་པར་ཕུལ་བྱུང་ཟླ་བའི་ཆ་ཤས་ཁྱེད་ཉིད་ལགས། །བཟོ་བོས་བྱས་པའི་རྩེད་མོའི་རི་རྩེར་བཀོད་པ་ཟླ་བ་ནོར་བུའི་ཆུ་རྒྱུན་ནི། །བསྲུབས་པ་འཁྲུལ་འཁོར་ཆུ་སྲིན་ཁ་ནས་འཐོན་ཅིང་རྙོག་
བྲལ་ལྷུང་ལྷུང་སྒྲོགས་པའི་ཆུ། །དཔྱིད་དུས་ཆང་གིས་མྱོས་ཞིང་ཚིམ་པའི་ཁུ་བྱུག་སྐད་སྙན་སྒྲོགས་པའི་ནམ་མཁའ་ལ། །ས་སྐྱོང་གིས་སྤྲུལ་ཁང་པ་དཔེ་མེད་པ་ལ་རབ་ཏུ་གནས་མཛད་ཁྱེད་ཉིད་ལགས། །གླང་ཆེན་མཆེ་བ་མཉེན་ལ་བཟོ་བོས་སྐར་ཁུང་དྲ་མིག་ལས་འཐོན་བྱ་འདབ་ལ། །གནས་
ཤིང་རྣམ་པར་སྒེག་བཅས་མྱོས་པའི་ཕུག་རོན་སྒྲ་སྙན་མགྲིན་པ་ནས་གྲག་སྟེ། །ནོར་བུའི་རྐང་གདུབ་མཆོག་ཏུ་འཇམ་ཞིང་སིལ་ཁྲོལ་བསྐྱོད་པ་བཙུན་མོའི་དཀྱིལ་འཁོར་དུ། །ས་སྐྱོང་དག་གི་ཁྱིམ་ལ་ཏི་སེའི་གངས་མཚུངས་ཕུན་སུམ་ཚོགས་པ་ཁྱེད་ཉིད་ལས། །ནུ་མར་ཉེར་བཞག་ལག་པ་
གཅིག་གིས་སྨད་གོས་གཤེར་བ་གཡོ་བའི་མཐའ་བཟུང་སྟེ། །རྐྱལ་ཞིང་རྩེད་མོའི་བདེ་བ་ཡུན་རིང་མྱོས་ནས་ཁང་པའི་རྫིང་བུ་ནས་འཐོན་ཅིང་། །སྐྱེ་བོ་འདྲིས་པས་སྐྲ་རྩེ་ཟླུམ་ཤིང་ཅུང་ཟད་ཟུར་མིག་ལྟ་བ་ཚ་བའི་དུས། །རི་མོ་བྲིས་འདྲའི་ཡན་ལག་མཆོག་མ་རྣམས་དང་ཉམས་དགའ་ཁྱེད་ཀྱི་མཐུ་ཡིས་སུ། །
ཟླ་བའི་ཆོས་ལས་བརྡུངས་ཤིང་འཁྲུལ་འཁོར་ཁང་ཁྱིམ་རྩེད་མོའི་རི་ལས་བབ། །རབ་ཏུ་མྱོས་པའི་ནགས་ཀྱི་ཉེ་ལོགས་པདྨའི་ལྗོན་ཤིང་ཁང་པར་ས་བདག་རྣམས། །རྒྱུན་ཆད་མེད་པར་རླུང་ཡབ་དལ་བུས་གཡབས་པ་ཡིས་ནི་དབུ་སྐྲ་གཡོ་ཞིང་བསྐྱོད། །ཉི་མ་ཚ་བའི་དུས་ལ་ཁྱེད་ཀྱི་བཀའ་དྲིན་ལས་ནི་

ཉིན་ཞག་འདའ་བར་འགྱུར། །ཆུ་འབབ་སྤྲིན་ཚོགས་འབྲུག་སྒྲ་སྒྲོགས་ཤིང་རྨ་བྱའི་དཀྱིལ་འཁོར་ཀུན་ནས་སྐད་སྙན་འདོན། །འདམ་སྐྱེས་མེ་ཐོན་ལ་ནི་འཇམ་རླུང་རབ་ཏུ་གཡོ་ཞིང་གླུ་དབྱངས་ཆུ་གཏེར་དུས། །སྙན་དངགས་མཁས་པའི་དྲི་ཟས་བསྐོར་ཞིང་འཇམ་པོས་བསྣུན་པའི་
གཏིང་རིང་རྔ་སྐད་ཀྱིས། །ཁང་པའི་ནང་རྣམས་ཡོངས་སུ་གང་བ་ཁྱེད་འདོད་པས་ནི་རྒྱུན་དུ་ཐོས་པར་འགྱུར། །སྦྲང་རྩིའི་ཆང་གིས་མྱོས་ཤིང་རིག་འཛིན་གྲུབ་པའི་ཆུང་མའི་ཆུ་སྐྱེས་ཞལ་ལ་བཏུད་བྱས་ལས། །ལྷུང་བའི་མནྡྷ་ར་ཡི་རྡུལ་གྱིས་ཀུན་ནས་མདོག་སེར་མ་པད་མཚོ་ལས་རྒྱལ། །ལྷ་ཡི་གྲོང་
ཁྱེར་གཞལ་མེད་ཁང་གི་ལྷ་མོའི་སྐྱེ་བོ་དམ་འཁྱུད་སྤྲོ་བ་ལ། །ཁྱེད་ཀྱི་མཆོག་ལ་སྒྲུབ་པ་པོ་རྣམས་བདེ་ཉིད་ཉིན་རེར་རྗེས་སུ་མྱོང་བར་འགྱུར། །སྣ་ཚོགས་འགུགས་སྔགས་ཕྱག་རྒྱའི་ཚོགས་སྤྲུལ་རྡོ་རྗེའི་གུར་གྱིས་མེ་སྟག་འབར་བ་ལ། །བགེགས་ཀྱི་གཙོ་བོ་རྣམས་ནི་སྐྲག་ཅིང་འཇིགས་
པས་རྒྱ་མཚོ་དག་ཏུ་འབྲོས་འགྱུར་ཏེ། །མྱུར་བར་བསྐྱོད་པ་གཏུམ་པོའི་ཧཱུཾ་ཡིག་སྒྲ་ཡིས་བསྣུན་པས་སྒྲ་ལྡན་ལྕགས་སྒྲོག་གཏོར། །ལྷ་མོ་ཁྱེད་ཀྱི་གསང་སྔགས་ཟློས་པའི་ཁང་པར་རང་ཉིད་འདུ་ཞིང་འོང་བར་འགྱུར། །གར་གནས་ཁང་སའི་སྐྱོར་ལ་གླུ་དབྱངས་འདུ་སར་རབ་བརྡུངས་གཏིང་རིང་རྔ་
སྐད་ཀྱིས། །འདྲིས་ཤིང་ཡིད་འོང་གླིང་བུའི་རྗེས་འགྲོའི་སྒྲ་དབྱངས་ཉེ་བར་ལོངས་སྤྱོད་མཛད་ནས་ནི། །དེ་རྗེས་གྱ་ཚོམ་བུང་བ་མེ་ཏོག་སྙིམ་པར་གར་གྱི་ཆོ་ག་ཡིད་འཕྲོག་ལ། །རབ་ཏུ་མྱོས་མ་རྣམས་ཀྱིས་ཁྱེད་ཉིད་གར་གྱི་དཔོན་པོར་ངེས་པར་གར་གྱི་ལྷ། །རྒྱུན་ཆད་མེད་པར་ལག་པའི་རྩོལ་བའི་
བྱ་བས་བསྣུན་པའི་ཡིད་འོང་རྫ་རྔའི་བཞིན། །གཡེར་ཀའི་སྒྲ་ཡིས་མྱུར་བར་རྣམ་རོལ་འདེགས་ཤིང་རྨ་བྱའི་མཇུག་སྒྲོ་རྣ་བར་བཙུགས། །རྣམ་པ་སྣ་ཚོགས་མཁས་ཤིང་ཡིད་འོང་སྣོད་ལྡན་སྐྱེ་བོས་ཡོངས་གང་ཁང་ཁྱིམ་ལ། །ཁྱེད་ལ་བརྟེན་པས་བདེ་ལྡན་གླུ་དབྱངས་བདེ་བ་ཉིན་རེར་བདེ་ལ་ལོངས་སྤྱོད་
འགྱུར། །རྒྱལ་མཚན་དང་ནི་གདུགས་དཀར་སེང་གེའི་གདན་དང་གསེར་གྱི་བུམ་པ་རྔ་ཡབ་དང་། །ཟླ་ཟེར་དཀར་བའི་བསིལ་ཁང་མགྱོགས་འགྲོའི་ཕྲེང་བ་དྲི་ཞིམ་ཆང་ལྡན་གླང་ཆེན་རྣམས། །ཁྱེད་ཀྱི་གཟུགས་བརྙན་རྟག་ཏུ་དྲན་བྱེད་བུད་མེད་དེ་ཡི་རྣ་ལུང་རིན་ཆེན་འོད། །ལྷ་མོ་ཅུང་ཟད་བཞད་པའི་

རྣམ་པས་རྣམ་པར་རྒྱལ་བ་དེ་མ་ཐག་ཏུ་འགྱུར། །སྐད་སྙན་ངང་པའི་དབྱངས་ནི་མཆོག་ཏུ་འགྱིང་འགྲོ་ནོར་བུའི་རྐང་གདུབ་སྒྲ་ཡིས་ཕམ། །འགྲམ་ལོགས་དཀྱིལ་འཁོར་འཇམ་རླུང་གིས་བདར་གཡོ་ཞིང་འཁྱིལ་པའི་སྒྲ་ཡིས་མདུད་པ་འབྱེད། །རྐེད་སྨད་མདོམས་ཀྱི་ཆ་ནི་འོད་འཕྲོའི་དོ་
ཤལ་ནུ་མའི་ཁུང་བུའི་ལྗིད་ཀྱིས་དུད། །ལྷ་མོས་གང་ལ་གཟིགས་པ་དེ་ལ་རྔ་ཡབ་དཀར་འཛིན་བུད་མེད་འདུ་བར་འགྱུར། །རྒྱུན་མི་འཆད་པར་ལྷ་མོ་ཁྱོད་ཀྱི་ཡོན་ཏན་རྗེས་དྲན་མི་སྐྱོ་གང་ཡིན་དེ། །ནོར་བུའི་རང་བཞིན་ཞལ་བའི་གཞི་མར་ཟླ་ཟེར་ལོ་འདབ་རྣམས་ལ་འགྱིང་བ་ཡིས། །ནུ་མར་ལག་གཅིག་
ཉེར་གཞག་བུད་མེད་སྐྱེ་བོ་དག་གིས་བཟུང་བའི་ག་བུར་ཆུ། །ཁ་འབུས་ཨུཏྤལ་སྔོན་པོ་དྲི་ལྡན་སྦྲང་རྩི་འཐུངས་འགྱུར་མི་འཇིགས་སྦྱིན་པ་ཀྱེ། །མོ་བཙུན་རྣམས་ཀྱི་འགྲམ་པའི་ལོགས་ལ་རྣ་རྒྱན་མཆོག་ཏུ་འགྱིང་ཞིང་རྒོད། །སྤྱན་མིག་ལ་ཡང་ཁྲོ་བ་སོ་མས་བསྐྱེད་པའི་མཆི་མའི་ཆུ་ཡིས་དབའ་
རླབས་གཡོ། །མཁྲེགས་ཤིང་འབུར་བ་ནུ་མ་སོ་མའི་ཚོགས་ལ་གུར་གུམ་འདམ་གྱིས་ཁ་དོག་སེར། །རབ་རིབ་སྔོན་པོ་དབུ་སྐྲ་མེ་ཏོག་ཁ་འབུས་ཚོགས་ལའང་མཆོག་ཏུ་དགའ་བར་འགྱུར། །སྤྲུལ་བྱས་པདྨ་རཱ་གའི་སྟེགས་ལ་འགྲེ་ལྡོག་འགྱུར་བ་ལྷ་མོའི་སྐྱེ་བོ་ལས། །སྤྲུལ་ཏེ་གཅལ་བཀྲམ་
མུ་ཏིག་དོ་ཤལ་གྱིས་ཁྱབ་རིན་ཆེན་ལྗོན་ཤིང་ཁང་པའི་ནང་། །དེས་ལྷུང་མེ་ཏོག་རྡུལ་གྱིས་ཀུན་ནས་ཡོངས་བསྒོས་དགའ་བའི་ས་ཡི་དཀྱིལ་འཁོར་ལ། །བཅོམ་ལྡན་འདས་མ་ཁྱེད་ཀྱི་ཞབས་ཟུང་མཆོད་བྱེད་གང་དེ་ཡུན་རིང་གནས་པར་འགྱུར། །སྐད་ཅིག་རེ་རེར་རྔ་རིང་རྫ་རྔ་མཐའ་དག་བརྡུངས་པའི་
སྒྲ་ཡིས་རྐང་པ་འགྱིང་། །གླང་པོ་མཛངས་པའི་སྤྱི་ལ་ལག་པའི་རྣ་ལྕག་རབ་འགོད་ཕྱེད་བཙུགས་མིག །ཨ་མྲ་སར་བྲན་དྲི་ཞིམ་འབབ་ཅིང་འགྲམ་པའི་དཀྱིལ་འཁོར་དྲི་ལྡན་གླང་ཆེན་རྣམས། །བཅོམ་ལྡན་འདས་མ་མི་གང་ཡུད་ཙམ་དྲན་བྱེད་དེ་ལ་འདུ་བར་འགྱུར། །སྤྱི་བོ་ཕུག་པས་སྟེང་དུ་འབུར་
ཏེ་རྣ་བའི་རྔ་ཡབ་དང་ནི་ལྕགས་ཀྱུ་གཡོ། །རྐང་པ་སྲུང་བྱེད་རྣམས་ཀྱི་རྣམ་མང་ཅ་ཅོའི་བདེ་བས་ཆུ་ཐིགས་ཟེར་མ་འཐོར། །རབ་ཏུ་རྒོལ་བའི་གླང་ཆེན་ཆང་གིས་ཁོང་འཁྲུགས་ཁྱེད་མཚན་གྲགས་པ་ལས། །གླང་པོ་མི་རྣམས་གཡུལ་འགྱེད་པ་ན་དགྲ་བོའི་སྒྲིབ་པ་རྣམས་ཀྱིས་སྒྲིབ་པར་འགྱུར། །གསེར་

གྱི་རང་བཞིན་རི་ཡི་སྐྱིབས་དང་ལྷ་ཡི་སྐྱེད་མོས་ཚལ་གྱི་ཁང་པ་དང་། །མཇུག་སྒྲོ་རྣམ་པར་རྒྱས་པའི་རྨ་བྱ་རྩེད་མོར་གནས་པ་ས་བདག་ཁང་པ་དང་། །ནམ་མཁའ་ཆུ་བོའི་རླབས་ཀྱིས་བྱས་པ་དྲི་མེད་རིན་ཆེན་ལྗོན་ཤིང་ཁང་པ་དང་། །བུད་མེད་སྐྱེ་བོའི་ཞལ་གྱི་པདྨའི་འབྱུང་གནས་ལ་ཡང་གནས་
མཛད་ཁྱེད་ཉིད་དོ། །པདྨའི་སྐྱོ་མ་སྦྲང་རྩིའི་ཁུ་བའི་ཆང་གི་བཏུང་བས་སྲེད་ཅིང་བསྐོར། །སྦྲང་བུའི་ཚོགས་པས་དར་དིར་མང་ལྡན་མེ་ཏོག་ཚོགས་པའི་དྲི་ཞིམ་ལྡན། །ངང་པའི་རྒྱལ་པོ་རབ་དགའི་ཚོགས་ཀྱིས་ཟོས་ཏེ་པདྨ་གཞོན་ནུས་མཆེ་བ་གཙིགས། །པདྨའི་ལྷ་མོའི་ཟེ་འབྲུའི་རྡུལ་གྱི་
མདོག་སེར་རླབས་ལྡན་ཡུན་རིང་གནས་པར་འགྱུར། །བཅོམ་ལྡན་འདས་མ་རྒྱལ་བ་དཀོན་མཆོག་ཅོད་པན་སྤྱི་བོར་ལྡན་པ་པདྨའི་རིགས། །ཁྱོད་ཉིད་ཀུན་དོན་མཛད་པར་ལྷ་རྣམས་ཀྱིས་ཀྱང་བསྟོད་དེ་མང་པོ་སྨྲ་མོད་ཀྱི། །དེ་སླད་ལྷ་མོ་ཁྱོད་ཀྱིས་བསྟོད་པ་འདི་ཡིས་མཆོག་ཏུ་དགེ་བ་བདག་གིས་
ཀྱང་། །གང་ཐོབ་དེ་ཡིས་འགྲོ་བ་ཁྱད་གསོད་དབུལ་བའི་འཇིགས་པ་ཞི་བར་ཤོག །པཎྜི་ཏ་ཆེན་པོ་ཙནྟྲ་གོ་མིས་མཛད་པའི་དཔལ་ཆེན་མོ་སྒྲོལ་མའི་བསྟོད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་རྒྱལ་བའི་སྙན་གྱི་ཞལ་སྔ་ནས། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་གྱིས་ལོ་ཙཱ་བ་བློ་གྲོས་རྒྱལ་
པོས་བསྒྱུར་བ་ལས་ཅུང་ཟད་དག་པར་བྱས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སྟོ་ཏྲ་ད་ཤ་དྭི་གཱ་ཐཱ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ་ཚིགས་སུ་བཅད་པ་བཅུ་གཉིས་པ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །བཟློག་དཀའི་སྲིད་
པའི་མུན་པ་ནི། །འཇོམས་བྱེད་ཉི་མའི་འོད་དང་མཚུངས། །ཐུགས་རྗེས་བརླན་པའི་ཐུགས་མངའ་བའི། །སྒྲོལ་མ་ལ་ནི་རྟག་ཏུ་འདུད། །ཤིན་ཏུ་རྨོངས་པའི་སེམས་ཅན་གྱིས། །གླང་པོ་ཆེ་རྣམས་གསོད་བྱེད་མ། །ལྷ་མོ་སེང་གེ་ཁྲོས་པ་ཡང་། །ཁྱོད་འདུད་པ་ལས་འཇིགས་ཤིང་བྲོས། །མཆེ་
བའི་མདུང་རྩེ་རྩེ་མོ་ཡིས། །བྲག་འཇོམས་ཤིང་དྲུང་རྩ་བ་འདོན། །ཁྱོད་ཀྱི་སྔགས་ཀྱིས་བཟླས་པ་ལས། །འཇིགས་ཤིང་གླང་པོ་འབྲོས་པར་འགྱུར། །ཕྱོགས་དང་ནམ་མཁའ་མ་ལུས་པའི། །དུ་བས་ཁྱབ་ཅིང་བཟོད་པར་དཀའ། །འབར་བ་ཡིས་ནི་ཁྲོ་ཚིག་པ། །ཁྱོད་བསྟོད་ཆར་པ་མེ་ཞིར་

འགྱུར། །མ་རུངས་གདེངས་ཀ་ལས་བྱུང་བའི། །ཕུཊ་སྒྲ་སྒྲོགས་ཤིང་དུག་མིག་ཅན། །སྦྲུལ་ནི་ལྷ་མོ་ཁྱོད་བསྟོད་པས། །ནམ་མཁའ་ལྡིང་ནི་བཞིན་དུ་འཇོམས། །རལ་གྲིས་གཅོད་པའི་འགྲོ་བ་རྣམས། །ཁྲག་གིས་ཡན་ལག་བསྐུས་པ་སྟེ། །ཁྱོད་ཀྱི་མིང་ཙམ་དྲན་པ་ཡིས། །ཆོམ་
རྐུན་ནུས་པ་མེད་པར་འགྱུར། །རྒྱལ་པོ་ཁྲོས་པའི་བྲན་རྣམས་ཀྱིས། །སྐྲ་ནས་བཟུང་ནས་ཞགས་པས་བཅིངས། །བཙོན་ར་སྤངས་ནས་ལྷ་མོ་ཀྱེ། །ཁྱོད་ལ་བསྟོད་བྱེད་འཇིགས་མེད་འགྱུར། །དབའ་རླབས་ཚོགས་ནི་ནམ་མཁའ་དང་། །ཕྱོགས་བཅུར་ཡང་ནི་ཁྱབ་བྱེད་པ། །གྲུ་ལོག་
ན་ཡང་རྒྱ་མཚོ་ལས། །ཁྱོད་ཀྱིས་འཕངས་ནས་ཕ་རོལ་ཕྱིན། །ཁྲག་དང་གླད་པའི་འདམ་གྱིས་བྱུགས། །དེ་དག་བཟའ་བ་ལ་ཆགས་པ། །ལྷ་མོ་ཁྱོད་ཀྱི་སྔགས་བཟླས་པས། །ཤ་ཟ་དེ་དག་འཇིགས་པར་འགྱུར། །ཡན་ལག་ཆད་ཅིང་དྲི་ངན་པའི། །ཁྲག་དང་ཞག་ནི་སྣ་ལ་འཛག །
ཁྱོད་ནི་དྲན་པ་ཙམ་གྱིས་ནི། །མཛེ་ཅན་འདོད་པའི་ལྷ་འདྲར་འགྱུར། །བཀྲེས་སྐོམ་གྱིས་གདུངས་གཅེར་བུ་དང་། །སློང་བའི་ཡི་དགས་འགྲོ་བ་ལ། །ཁྱོད་ལ་འདུད་པ་ཙམ་གྱིས་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འཇིགས་པ་ཆེན་པོ་འཇིགས་མེད་པ། །དེ་ལྟར་དད་པས་
ཁྱོད་བསྟོད་པས། །དགེ་བ་གང་བསགས་དེ་ཡིས་ནི། །འཇིག་རྟེན་བདེ་བ་ཅན་ཐོབ་ཤོག །རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བསྟོད་པ་སློབ་དཔོན་ཙནྡྲ་གོ་མིས་མཛད་པ། ཚིགས་སུ་བཅད་པ་བཅུ་གཉིས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་སྟོ་ཏྲཾ་བྷི་ས་ཀརྨཱ་
སཱ་དྷ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མའི་བསྟོད་པ་ཕྲིན་ལས་སྒྲུབ་པ་ཞེས་བྱ་བ། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཏཱཾ་ཡིག་ལྗང་གུ་ཨུཏྤལ་ལས་བྱུང་བའི། །སྒྲོལ་མ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །ཕྱག་གཉིས་སྐུ་ལ་རིན་ཆེན་སྣ་ཚོགས་སྤྲས། །ཡི་དམ་
སྒྲོལ་མ་ལྷ་ལ་ཕྱག་འཚལ་བསྟོད། །དོན་གྲུབ་ལ་སོགས་རིགས་ལྔས་དབུ་བརྒྱན་ཅིང་། །བཅུ་དྲུག་ལོ་ལོན་འཛུམ་པའི་བཞིན་དང་ལྡན། །གཟི་བརྗིད་བཟོད་དཀའ་སྣ་ཚོགས་ལྷག་པར་འདུད། །ཡི་དམ་སྒྲོལ་མ་ལྷ་ལ་ཕྱག་འཚལ་བསྟོད། །ཕྱག་གཡས་མཆོག་སྦྱིན་ཕྱག་གཡོན་ཨུཏྤལ་འཛིན། །སྣ་

ཚོགས་པདྨ་ཟླ་བའི་དཀྱིལ་འཁོར་ལ། །གཡས་བརྐྱང་གཡོན་བསྐུམ་ཚུལ་གྱིས་རབ་ཏུ་བཞུགས། །ཡི་དམ་སྒྲོལ་མ་ལྷ་ལ་ཕྱག་འཚལ་བསྟོད། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་རྟག་ཏུ་གཟིགས། །སྐུ་ལ་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་འཕྲོ། །འཁོར་བའི་སྡུག་བསྔལ་
ཀུན་ལས་སྒྲོལ་བྱེད་པའི། །ཡི་དམ་སྒྲོལ་མ་ལྷ་ལ་ཕྱག་འཚལ་བསྟོད། །ཞི་དང་རྒྱས་དང་དབང་དང་དྲག་པོ་དང་། །ལས་ཚོགས་ཐམས་ཅད་མྱུར་དུ་གྲུབ་མཛད་མ། །ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་བྱེད་པའི། །ཡི་དམ་སྒྲོལ་མ་ལྷ་ལ་ཕྱག་འཚལ་བསྟོད། །སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་
རྐུན་དང་། །ལྕགས་སྒྲོག་ཆུ་དང་བགེགས་དང་འཇིགས་པ་བརྒྱད། །འཇིགས་པ་ཀུན་ལས་ཡོངས་སུ་སྒྲོལ་བྱེད་པའི། །ཡི་དམ་སྒྲོལ་མ་ལྷ་ལ་ཕྱག་འཚལ་བསྟོད། །གདོན་དང་རིམས་དང་སྨྱོ་འབོག་ལ་སོགས་དང་། །གནོད་བྱེད་ལ་སོགས་དུས་མིན་འཆི་བས་སྐྲག །སྡུག་བསྔལ་ཐམས་ཅད་རབ་
ཏུ་ཞི་བྱེད་པའི། །ཡི་དམ་སྒྲོལ་མ་ལྷ་ལ་ཕྱག་འཚལ་བསྟོད། །སྐྱེ་བོ་སྔོན་བསགས་ལས་དང་ཉོན་མོངས་ཀྱི། །མཚམས་མེད་ལྔ་དང་མི་དགེ་བཅུ་སོགས་སྡིག །སྡིག་པའི་ལས་རྣམས་བདག་གིས་ཅི་བསགས་པ། །དེ་དག་ཐམས་ཅད་མ་ལུས་བྱང་བར་ཤོག །བདག་ནི་ད་ལྟར་སྐྱེ་བ་འདི་ལ་ཡང་། །
རྨི་ངན་མཚན་ངན་འཆི་ལྟས་དུས་མིན་སྐྲག །བཀྲ་མི་ཤིས་པ་ཐམས་ཅད་དག་གྱུར་ནས། །ཚེ་དང་བསོད་ནམས་ལོངས་སྤྱོད་རྒྱས་པར་ཤོག །བདག་ནི་མ་འོངས་སྐྱེ་བ་ཐམས་ཅད་དུ། །ཡི་དམ་སྒྲོལ་མ་རྗེས་སུ་དྲན་གྱུར་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ལ་སོགས་པ། །ལས་ཚོགས་
ཐམས་ཅད་ཡིད་བཞིན་གྲུབ་པར་ཤོག །ཡི་དམ་སྒྲོལ་མ་ཐུགས་རྗེ་ཆེ་ལྡན་པ། །བདག་གིས་རབ་ཏུ་བརྩེ་བའི་གདུང་སེམས་ཀྱིས། །བསྟོད་པ་བགྱིས་པའི་བསོད་ནམས་གང་བསགས་དེས། །ཡི་དམ་སྒྲོལ་མ་ལྷ་དང་མི་འབྲལ་ཤོག །འཕགས་མ་སྒྲོལ་མའི་བསྟོད་པ་ཕྲིན་ལས་ཐམས་ཅད་
སྒྲུབ་པ་ཞེས་བྱ་བ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་དེ་བཱི་སྟོ་ཏྲ་པུཥྤ་མཱ་ལི་ནཱ་མ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་མེ་ཏོག་ཕྲེང་བ་ཞེས་བྱ་བ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་

རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས་པའི། །ཞབས་ཀྱི་པདྨོ་ལ་ནི་བཏུད་དེ། །ཚོགས་གཉིས་རྫོགས་པར་བྱ་བའི་ཕྱིར་དུ། །ལྷག་པའི་ལྷ་ལ་བསྟོད་པར་བྱའོ། །ཕྱག་འཚལ་སྒྲོལ་མ་ལྷ་ཡི་ལྷ་ཁྱོད། །དངོས་གྲུབ་མ་ལུས་ཀུན་
གྱི་འབྱུང་གནས། །ཡིད་བཞིན་ནོར་བུ་རིན་པོ་ཆེ་ལྟར། །འདོད་པའི་འབྲས་བུ་སྟེར་བར་མཛད་མ། །ཕྱག་འཚལ་ངོ་མཚར་ཁྱད་དུ་འཕགས་པའི། །ཡོན་ཏན་ཐམས་ཅད་རྫོགས་པའི་སྐུ་ལ། །ཡེ་ཤེས་ལྔ་ཡི་རང་མདངས་རྒྱས་པས། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ་མ། །ཕྱག་འཚལ་
ཆུ་བཞིའི་ཕ་རོལ་ལེགས་གནས། །ལས་དང་ཉོན་མོངས་སྲིད་ལས་རྣམ་གྲོལ། །སངས་རྒྱས་ཡོན་ཏན་ཕྱིར་མི་ལྡོག་པའི། །ས་ལམ་མ་ལུས་མཐའ་རུ་ཕྱིན་མ། །ཕྱག་འཚལ་སྲིད་པའི་དྲ་བ་འཇོམས་མཛད། །ཐུགས་ཀྱི་སྙིང་པོ་ཡི་གེ་བཅུ་པས། །ཞི་དང་རྒྱས་དང་དབང་དང་
མངོན་སྤྱོད། །ཕྲིན་ལས་འོད་ཀྱིས་ནམ་མཁའ་གང་མ། །ཕྱག་འཚལ་འགྲོ་བའི་སྐྱབས་མཆོག་སྒྲོལ་མ། །བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ་མཛད། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་སྲས་མོ། །འཕགས་པའི་སྤྱན་ཆབ་ལས་ནི་འཁྲུངས་མ། །ཕྱག་འཚལ་འགྲན་ཟླ་མེད་
པའི་སྐུ་མཆོག །ཟག་མེད་བདེ་རྒྱས་ཟླ་བའི་གདན་ལ། །བཞུགས་པའི་ཞབས་ཀྱི་པདྨོ་ལ་ནི། །ལྷ་དང་ལྷ་མིན་ཅོད་པན་གཏུགས་མ། །ཕྱག་འཚལ་ཆེ་བའི་ནང་ན་ཆེ་མཆོག །འབྱུང་པོ་རོ་ལངས་མ་རུངས་ཚོགས་འཇོམས། །གཞན་གྱིས་མི་ཐུབ་དྲག་རྩལ་ཆེན་མོ། །སྟོབས་ཆེན་
ཕ་རོལ་གནོན་པར་མཛད་མ། །ཕྱག་འཚལ་སྒྲོལ་མ་འཁོར་བ་སྒྲོལ་མཛད། །བཅོམ་ལྡན་འདས་མ་ཁྱོད་ཀྱི་ཞབས་ལ། །སྐྱབས་པའི་མི་དེ་མྱ་ངན་འདས་ཐོབ། །མཆོག་གི་དོན་ཆེན་འགྲུབ་པར་མཛད་མ། །ཕྱག་འཚལ་སེང་ལྡེང་ནགས་ཀྱི་སྒྲོལ་མ། །རིགས་དྲུག་བུར་འཛིན་བརྩེ་བའི་ཐུགས་ཀྱི། །
སྙིང་རྗེ་ཆེན་པོའི་གྲུ་གཟིངས་ཀྱིས་ནི། །སྲིད་གསུམ་འཁོར་བའི་མཚོ་ལས་སྒྲོལ་མ། །ཕྱག་འཚལ་ཕོངས་པ་ཀུན་ལས་སྐྱོབ་མཛད། །འཚོ་བས་མནར་ཏེ་མཆུ་མགུལ་སྐམས་ནས། །བཀྲེས་པས་ཁྱོད་ལ་གསོལ་བ་བཏབ་པས། །ལོངས་སྤྱོད་མི་ཟད་ཆར་རྒྱུན་འབེབས་མ། །ཕྱག་འཚལ་

དཔའ་མོ་རྡོ་རྗེ་སྒྲོལ་མ། །འཛམ་བུ་ཆུ་བོའི་གསེར་གྱི་མདོག་ཅན། །རྡོ་རྗེ་ལ་སོགས་ཕྱག་མཚན་བརྒྱད་ཀྱིས། །ཕྲིན་ལས་རྣམས་ཀྱི་འགྲོ་དོན་མཛད་མ། །ཕྱག་འཚལ་སྐྱེ་འགྲོ་རྣམས་ལ་དབང་སྒྱུར། །འཇིག་རྟེན་གསུམ་ན་མཐུ་རྩལ་ལྡན་པའི། །དྲེགས་པས་མྱོས་པ་རྣམས་ཀྱི་
ཅོད་པན། །ཁྱོད་ཀྱི་ཞབས་ཀྱི་མཐིལ་གྱིས་བརྫིས་མ། །ཕྱག་འཚལ་ཐུབ་དབང་སྟོབས་བཅུའི་རྩལ་ལྡན། །སྐུ་ལྔའི་རང་བཞིན་ཁྱབ་བདག་ཆེན་མོ། །བསྲུང་མེད་གསུམ་དང་མ་འདྲེས་དྲན་གསུམ། །ཡོངས་སུ་དག་པ་བཞི་པ་མངའ་མ། །ཕྱག་འཚལ་སྲིད་པའི་འཆིང་བ་ལས་གྲོལ། །ཡེ་ཤེས་
སྐུ་ལ་རྫུ་འཕྲུལ་ཐོགས་མེད། །ཐབས་དང་ཤེས་རབ་མཆོག་ལ་མངའ་བརྙེས། །སྡུག་བསྔལ་འཁོར་བའི་དྲི་མ་དག་མ། །ཕྱག་འཚལ་མཐུ་སྟོབས་བདག་མོའི་སྙིང་པོ། །ཡི་གེ་བཅུ་པ་སྤྱི་བོར་བཏགས་ནས། །དཔུང་ཚོགས་སྡེ་བཞིའི་ནང་དུ་ཕྱིན་པས། །ཕ་རོལ་དམག་གི་གཡུལ་ངོ་བཟློག་མ། །
ཕྱག་འཚལ་མཁྱེན་དང་བརྩེ་བའི་བདག་ཉིད། །བསམ་གཏན་ཏིང་འཛིན་རྣམ་ཐར་མང་པོས། །བརྒྱན་པའི་གཏེར་མཛད་དཔལ་གྱི་བེའུར། །ཤེས་བྱའི་དཀྱིལ་མཐའ་རྟག་ཏུ་ཆུད་མ། །ཕྱག་འཚལ་ཉི་མ་འབུམ་གྱི་མདངས་ཅན། །ཤེས་རབ་ཆེན་པོའི་འོད་ཟེར་འབར་བས། །ཁམས་གསུམ་སེམས་
ཅན་རྣམས་ཀྱི་རྒྱུད་ལ། །མ་རིག་སྒོ་ངའི་མུན་རུམ་སེལ་མ། །ཕྱག་འཚལ་ཡེ་ཤེས་ལྔ་ཡི་བདག་ཉིད། །དཔལ་ལྡན་དྲི་མ་མེད་པའི་སྐུ་ལ། །མཚན་མཆོག་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན། །དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་མ། །ཕྱག་འཚལ་ཁམས་གསུམ་དབང་དུ་སྡུད་མ། །ཚངས་པ་ཁྱབ་
འཇུག་མ་ཧཱ་དེ་བ། །ལྷ་ཆེན་རྣམས་ཀྱི་དབུ་ཡི་ཅོད་པན། །ཁྱོད་ཀྱི་ཞབས་ལ་རབ་ཏུ་བཏུད་མ། །ཕྱག་འཚལ་འཇིགས་པ་ཀུན་ལས་སྐྱོབ་མཛད། །མེ་དང་ཆུ་དང་རྒྱལ་པོའི་ཆད་པ། །སྟག་དང་སེང་གེ་སྦྲུལ་དང་སྲིན་པོ། །གླང་པོ་ཆེ་ཡི་བྲེད་དངངས་སེལ་མ། །ཕྱག་འཚལ་བྱིན་རླབས་རྨད་དུ་གྱུར་
མ། །འབྱུང་བ་འཁྲུགས་དང་གདོན་གྱིས་བསྐྱེད་པའི། །སྲོག་འཕྲོག་ནད་ཀྱི་བྱེ་བྲག་མ་ལུས། །ཁྱོད་ལ་གསོལ་བཏབ་གདུང་བ་སེལ་མ། །ཕྱག་འཚལ་བཙུན་མོ་རིན་ཆེན་ཆ་བྱད། །སྨིན་མའི་བར་ནས་མཛོད་སྤུ་འོད་འབར། །སྤྱན་དཀྱུས་ཨུཏྤལ་འདབ་འདྲའི་འཛུམ་མདངས། །ཐུགས་རྗེ་ཆགས་པས་

འགྲོ་ལ་གཟིགས་མ། །ཕྱག་འཚལ་སྟོང་ཉིད་སྙིང་རྗེའི་ལྕགས་ཀྱུས། །འཁོར་བའི་འདམ་ནས་འགྲོ་བ་འདྲེན་མཛད། །ཤུལ་ནོར་འཕྲང་ལ་ཐུགས་རྗེས་བཟུང་ནས། །ཐར་པའི་ལམ་ལ་ཁྲིད་པར་མཛད་པ། །ཕྱག་འཚལ་བདུད་བཞི་འཇོམས་པར་མཛད་མ། །སངས་རྒྱས་ཀུན་དངོས་རྗེ་བཙུན་མ་ཁྱོད། །
ཕུང་པོ་ལྔ་སྤངས་ལྔ་ཡི་བདག་ཉིད། །ཡེ་ཤེས་ལྔ་རྫོགས་ཉོན་མོངས་སྤངས་མ། །ཕྱག་འཚལ་དགེ་ལེགས་གཟི་བརྗིད་ཆེན་མོ། །ཞལ་བཟངས་བཅུ་དྲུག་ཟླ་བ་རྒྱས་འདྲའི། །འོད་ཀྱིས་སྐྱེ་འགྲོ་རྣམས་ཀྱི་རྒྱུད་ལ། །ཤེས་རབ་དཔལ་དང་བློ་གྲོས་སྤེལ་མ། །ཕྱག་འཚལ་བུད་མེད་སྒྱུ་
འཕྲུལ་ཁྱོད་ལ། །མཱ་མ་ཀཱི་དང་སྤྱན་མ་གོས་དཀར། །ལྷ་དང་ཀླུ་དང་གནོད་སྦྱིན་རྣམས་ཀྱིས། །ཆེ་བའི་ཆེ་མཆོག་རྣམས་ཀྱིས་བསྟོད་མ། །ཕྱག་འཚལ་ཧཱུཾ་གི་སྦྱོར་བ་དང་ལྡན། །གནས་གསུམ་དུ་ནི་དེ་ཉིད་བཀོད་པས། །ནུས་པའི་རྫུ་འཕྲུལ་མཐའ་ལ་རྒྱས་ནས། །ཕྲིན་ལས་བཞི་ཡི་རྩལ་དང་
ལྡན་མ། །ཕྱག་འཚལ་དགེ་བ་རྒྱས་པར་མཛད་མ། །ཇི་ལྟར་ཉི་མའི་དཀྱིལ་འཁོར་ཤར་བས། །མུན་པ་རང་སར་དག་པ་བཞིན་དུ། །ཁྱོད་བསྒོམས་སྒྲིབ་པ་སྤོང་བར་བྱེད་མ། །ཕྱག་འཚལ་ཕྲིན་ལས་དུ་མའི་བདག་མོ། །ཁྱོད་སྐུ་སྣ་ཚོགས་ངོ་བོ་ཤེལ་བཞིན། །སྐུ་མདོག་ཕྱག་མཚན་གཅིག་ཏུ་
མ་ངེས། །གང་ལ་ཉེ་བར་ཐ་དད་འཆར་མ། །ཕྱག་འཚལ་དོན་དམ་རྒྱལ་བའི་ཡུམ་ལས། །མ་གཡོས་ཀུན་རྫོབ་ལྷ་མོའི་གཟུགས་ཅན། །སྐུ་མདོག་སྔོ་ལྗང་གར་གྱི་ཉམས་དགུས། །བདེ་གསལ་མི་རྟོག་པ་ཡིས་འགྱིང་མ། །ཕྱག་འཚལ་འཁོར་བའི་གཡུལ་ངོ་བཟློག་མ། །ང་བདག་
དངོས་པོར་ཞེན་པའི་སྙིང་ལ། །སྤྲོས་བྲལ་ཡེ་ཤེས་རལ་གྲི་བསྣུན་ནས། །གཟུང་འཛིན་འཁྲུལ་པའི་དཔའ་བོ་གསོད་མ། །ཕྱག་འཚལ་ཚོགས་གཉིས་རྫོགས་པའི་དབུ་སྐྲ། །མཐོན་མཐིང་ལྕང་ལོ་འཁྱིལ་པའི་དབུས་ན། །རྫོགས་པའི་སངས་རྒྱས་འོད་དཔག་མེད་ལས། །ཐུགས་རྗེའི་
འོད་ཟེར་ཕྱོགས་བཅུར་འཕྲོ་མཛད། །གང་གིས་མེ་ཏོག་ཕྲེང་བའི་བསྟོད་པ། །ཀློག་གམ་ཁ་དོན་འདོན་པར་བྱེད་པ། །དེ་ཡིས་བསོད་ནམས་དཔག་མེད་འཐོབ་ཅིང་། །སྡིག་སྒྲིབ་སྟོབས་ཆེན་མ་ལུས་དག་འགྱུར། །གང་ཞིག་སྐྱེ་བོ་ཐ་མལ་རྣམས་ཀྱིས། །འདི་འདོན་པ་དེ་དགེ་སྦྱོང་དུ་འགྱུར། །

གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱིས་བྱིན་གྱིས་རློབ་འགྱུར། །སུ་ཡིས་བློ་ལ་བསྟོད་པ་འདི་འཛིན། །འདུལ་ཁྲིམས་སྡོམ་པ་དམ་ཚིག་རྣམས་ཀྱི། །ཉེས་བྱས་སྦོམ་པ་རྩ་ལྟུང་དྲི་མ། །མ་ལུས་དག་ནས་དངོས་གྲུབ་ཐོབ་འགྱུར། །འདི་འདོན་བློ་ཡི་པདྨ་
ཁ་འབྱེད། །རྒོལ་བ་ངན་པའི་ལུང་རིགས་ཚར་གཅོད། །རིག་པའི་གནས་ལ་ཤེས་རབ་ཆེན་པོ། །ཟླ་བ་ཡར་ངོ་བཞིན་དུ་འཕེལ་འགྱུར། །ཨེ་མ་བསྟོད་པའི་རྒྱལ་པོ་འདི་ནི། །ལན་ཅིག་ཡིད་ལ་དྲན་པ་ཙམ་གྱིས། །ཞིང་མཆོག་དམ་པ་བདེ་བ་ཅན་དེར། །ཐེ་ཚོམ་མེད་པར་ངེས་པར་སྐྱེ་འགྱུར། །འགྲོ་
བའི་སྐྱབས་མཆོག་རྗེ་བཙུན་མ་ལ། །བདག་གིས་མེ་ཏོག་ཕྲེང་བས་བསྟོད་པའི། །དགེ་བ་གྲུ་གཟིངས་ལྟ་བུ་དེས་ནི། །སྲིད་གསུམ་འཁོར་བའི་མཚོ་ལས་སྒྲོལ་འགྱུར། །མེ་ཏོག་ཕྲེང་བའི་བསྟོད་པ་འདི་ནི། །རྗེ་བཙུན་མ་ལ་ལྔ་བརྒྱ་པ་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཁུར་ཆེ་བའི་ཡོན་
ཏན་དུ་མ་དང་ལྡན་པ། སློབ་དཔོན་ཙནྡྲ་གོ་མི་ཞེས་བྱ་བས་བསྟོད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རེ་དེ་བཱི་སྟོ་ཏྲ་ནཱ་མ། བོད་སྐད་དུ། འཕགས་མ་ལྷ་མོ་སྒྲོལ་མ་ལ་བསྟོད་པ་ཞེས་བྱ་བ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །
བཟློག་དཀའ་སྲིད་པའི་མུན་པ་ནི། །འཇོམས་བྱེད་ཉི་མའི་འོད་དང་མཚུངས། །ཐུགས་རྗེས་བརླན་པའི་ཐུགས་མངའ་བ། །སྒྲོལ་མ་ལ་ནི་རྟག་ཏུ་འདུད། །ཤིན་ཏུ་རྣོ་བའི་སེམས་རྣམས་ཀྱིས། །གླང་པོ་ཆེ་རྣམས་གསོལ་བྱེད་པ། །ལྷ་མོ་སེང་གེ་ཁྲོས་པ་ཡང་། །ཁྱོད་བསྟོད་པ་ལས་
འཇིགས་ཤིང་འབྲོས། །མཆེ་བའི་མདུང་རྩེ་རྣོན་པོ་ཡིས། །བྲག་འཇོམས་ཤིང་གི་རྩ་བ་འདོན། །ཁྱོད་ཀྱི་སྔགས་ནི་བཟླས་པ་ལས། །འཇིགས་ཤིང་གླང་ཆེན་འབྲོས་པར་འགྱུར། །ཕྱོགས་དང་ནམ་མཁའ་མ་ལུས་པ། །དུ་བས་ཁྱབ་ཅིང་བཟོད་པར་དཀའ། །འབར་བ་ཡིས་ནི་ཁྲོ་ཚིག་པ། །ཁྱོད་
བསྟོད་ཆར་པས་མེ་ཞིར་འགྱུར། །མ་རུངས་གདེངས་ཀ་ལས་བྱུང་བའི། །ཕུཊ་སྒྲ་སྒྲོགས་ཤིང་དུག་མང་ཅན། །སྦྲུལ་ནི་ལྷ་མོ་ཁྱོད་བསྟོད་པས། །ནམ་མཁའ་ལྡིང་ནི་བཞིན་དུ་འཇིགས། །རལ་གྲིས་གཅོད་ཅིང་འདྲལ་བ་རྣམས། །ཁྲག་གིས་ཡན་ལག་བསྐུས་པ་སྟེ། །ཁྱོད་ཀྱི་མིང་ཙམ་དྲན་པ་

ཡིས། །ཆོམ་རྐུན་ནུས་པ་མེད་པར་འགྱུར། །རྒྱལ་པོ་ཁྲོས་པས་བྲན་རྣམས་ཀྱི། །སྐྲ་ནས་བཟུང་ཞིང་ཞགས་པས་བཅིངས། །བཙོན་ར་སྤངས་ཏེ་ལྷ་མོ་ཀྱེ། །ཁྱོད་ལ་བསྟོད་བྱེད་འཇིགས་མེད་འགྱུར། །དབའ་རླབས་ཚོགས་ཀྱིས་ཕྱོགས་བཅུ་དང་། །ནམ་མཁའ་ཡང་དག་ཁྱབ་བྱེད་པ། །གྲུ་
ལོག་ན་ཡང་རྒྱ་མཚོ་ལས། །ཁྱོད་ཀྱི་འཕངས་ནི་ཕ་རོལ་ཕྱིན། །ཁྲག་དང་ཀླད་པའི་འདམ་གྱིས་བྱུགས། །དེ་དག་བཟའ་བ་ལ་ཆགས་པ། །ཁྱོད་ལ་བསྟོད་པ་ཙམ་གྱིས་ནི། །ཤ་ཟ་དེ་ལྟར་འཇིགས་པར་འགྱུར། །ཡན་ལག་ཆད་ཅིང་དྲི་ང་བ། །ཁྲག་དང་རྣག་ནི་སྣ་ནས་འཛག །ཁྱོད་ལ་བསྟོད་པ་
ཙམ་གྱིས་ནི། །མཛེ་ཅན་འདོད་པའི་ལྷ་འདྲར་འགྱུར། །བཀྲེས་སྐོམ་གྱིས་གདུངས་གཅེར་བུ་དང་། །སློང་བ་ཡི་དགས་དང་འདྲ་བ། །ཁྱོད་ལ་བསྟོད་པ་ཙམ་གྱིས་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འཇིགས་པ་ཆེན་པོ་འཇིགས་བྱེད་པ། །དེ་ལྟར་སེམས་ནས་ཁྱོད་བསྟོད་པས། །དགེ་བ་གང་
བསགས་དེ་ཡིས་ནི། །འཇིག་རྟེན་བདེ་བ་ཅན་ཐོབ་ཤོག །འཕགས་མ་སྒྲོལ་མའི་བསྟོད་པ་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།སེང་གེ་གླང་ཆེན་མེ་སྦྲུལ་ཆོམ་རྐུན་དང་། །ལྕགས་སྒྲོག་ཆུ་དང་ཤ་ཟའི་འཇིགས་པ་ནི། །འཇོམས་མཛད་ཟླ་འོད་ཕུང་པོ་ལྟར་འཛིན་མ། །སྒྲོལ་
མ་བཅོམ་ལྡན་འདས་ལ་ཕྱག་འཚལ་འདུད།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱཥྚ་བྷ་ཡ་ཏྲ་ཏ་ནཱ་མ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པ་ཞེས་བྱ་བའི་སྒྲུབ་པའི་ཐབས། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་རྒྱལ་བའི་བདག་
པོ་ལྷན་ཅིག་སྐྱེས་པའི་ཆོས་སྐུ་དེ་བཞིན་དུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ་སྟེ་པདྨའི་འདབ་མ་བཞིན་དུ་ཡངས་པའི་སྤྱན། །རྣལ་འབྱོར་དག་པར་རྣམ་པར་ཐར་གྱུར་སྲིད་དང་སྲིད་ལས་བྲལ་བའི་སྐུ་གསུང་ཐུགས་ཆགས་པ། །ཐབས་དང་ཤེས་རབ་གཉིས་མེད་ལྷ་དང་ལྷ་མིན་མིས་མཆོད་དེ་
ལ་ཕྱག་འཚལ་ཏེ། །སྐྱེ་འཇིག་རྣམ་པར་སྤངས་ཕྱིར་ཆོས་ཉིད་མི་འགྱུར་ཡང་དག་ཉིད་དུ་དབྱེར་མེད་ཀྱང་། །འཁྲུལ་བཅས་འགྲོ་བའི་དོན་ཕྱིར་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཁྱད་པར་གསང་སྔགས་ལམ། །སྒྲིབ་པ་མྱུར་འཇོམས་སྣ་ཚོགས་ཕྱག་རྒྱའི་གཟུགས་འཕྲོས་སངས་རྒྱས་ཐམས་ཅད་སྐྱེད་བྱེད་ཡུམ། །

འཇིགས་པ་བརྒྱད་ལས་སྒྲོལ་བ་འདི་དེང་སྒྲུབ་ལ་དགའ་ཕྱིར་དད་པས་བརྩམ་པར་བྱ། །དད་ལྡན་རབ་བརྩོན་དམ་ཚིག་ལྡན། །རྗེ་བཙུན་སྒྲུབ་ལ་དགའ་བ་ཡིས། །རྣམ་པར་འཚེ་མེད་དབེན་པའི་གནས། །ཉམས་དགའ་དངོས་གྲུབ་འབྱུང་གནས་སུ། །རྟེན་དང་མཆོད་རྫས་སྣ་
ཚོགས་པ། །བཤམས་ནས་བདེ་བའི་སྟན་ཉིད་ལ། །རྫོགས་སངས་རྒྱས་ཀྱི་བཞུགས་ཚུལ་གྱིས། །ཕྱི་ནང་ཁྲུས་ཀྱིས་དག་བྱས་ཏེ། །དེ་ནས་རང་གི་སྙིང་ག་རུ། །ང་རོ་དང་པོ་ལས་བྱུང་བའི། །ཆུ་ཤེལ་དབུས་སུ་ཡི་གེ་ནི། །སྡེ་ཚན་བཞི་པའི་དང་པོ་ལ། །ལྔ་པའི་ཐ་མའི་ཐིག་ལེས་བརྒྱན། །དེ་ཡི་འོད་
ཀྱིས་རྗེ་བཙུན་དང་། །འཕགས་པའི་ཚོགས་རྣམས་སྤྱན་དྲངས་ཏེ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཏི་མུག་ལྡོངས་པའི་སེམས་ཅན་གྱི། །མ་རིག་མུན་པ་སེལ་མཛད་མ། །བདེ་གཤེགས་སྒྲོལ་མ་ཕྱག་འཚལ་ལོ། །དྲི་ཞིམ་མེ་ཏོག་ཐམས་ཅད་དང་། །ཨ་ག་རུ་སོགས་བདུག་སྤོས་
དང་། །རབ་ཏུ་མུན་སེལ་སྒྲོན་མེ་དང་། །ག་པུར་ལ་སོགས་དྲི་ཡི་མཆོག །གཙང་སྦྱར་བཤོས་དང་གཞན་ཡང་ནི། །སྒྲ་སྙན་ལ་སོགས་མཆོད་པའི་ཚོགས། །ཐམས་ཅད་དབུལ་ཏེ་སྔགས་དང་ནི། །ཕྱག་རྒྱའི་རྒྱས་ཀྱང་གདབ་པར་བྱ། །འཁོར་བ་ཐོག་མ་མེད་བར་དུ། །སྡིག་བགྱིས་
གང་ལགས་མ་ལུས་པ། །ད་ལྟ་ཉིད་དུ་བཤགས་བགྱིས་ནས། །སླན་ཆད་ནམ་ཡང་མི་བགྱིད་དོ། །རྫོགས་སངས་རྒྱས་སོགས་འཕགས་རྣམས་དང་། །འགྲོ་བ་ཀུན་གྱི་དགེ་བ་ནི། །ཟག་མེད་ཟག་དང་བཅས་པ་ལ། །བསམ་པས་རྗེས་སུ་ཡི་རང་ངོ་། །འགྲོ་མགོན་སྤྲིན་བྲལ་ཉི་མ་ཡི། །
དཀྱིལ་འཁོར་རྒྱས་པར་གྱུར་རྣམས་ལ། །འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྒྱལ་བ་ཟག་མེད་དབྱིངས་ཉིད་དུ། །མྱ་ངན་འདས་གཟིགས་བཞེད་རྣམས་ལ། །ཇི་སྲིད་འཁོར་བ་གནས་ཀྱི་བར། །མྱ་ངན་མི་འདའ་བཞུགས་པར་གསོལ། །དོན་
དམ་རང་བཞིན་མཚན་མ་མེད། །རྣམ་པར་མི་རྟོག་ཆོས་སྐུ་ལས། །གཟུགས་སྐུ་ལྟ་བུའི་ཚུལ་འཆང་བའི། །འགྲོ་མགོན་ཁྱེད་ལ་སྐྱབས་སུ་མཆི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ལྟར། །བདག་ཀྱང་འགྲོ་རྣམས་བསྒྲལ་བའི་ཕྱིར། །བྱང་ཆུབ་

མཆོག་ཏུ་སེམས་བསྐྱེད་དོ། །ཕྱག་འཚལ་ལ་སོགས་བགྱིས་པ་ལས། །བདག་གིས་བསོད་ནམས་གང་ཐོབ་དེས། །སེམས་ཅན་མ་ལུས་སངས་རྒྱས་ཀྱི། །ས་ནི་མྱུར་དུ་ཐོབ་པར་ཤོག །འགྲོ་བ་བདེ་དང་ཕྲད་ལ་སོགས། །ཚད་མེད་བཞི་ཡང་བསྒོམ་པར་བྱ། །དེ་ནས་འཕགས་རྣམས་
གཤེགས་བྱས་ལ། །བརྟན་གཡོའི་ཆོས་ཀུན་སྟོང་པར་བསྒོམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ཆུ་སྐྱེས་སྟེང་དུ་ནི། །ཆུ་ཤེལ་དེ་སྟེང་ས་བོན་ནོ། །དེ་ཡོངས་གྱུར་ལས་ཨུཏྤ་ལ། །ས་བོན་ཉིད་ཀྱིས་མཚན་པའོ། །དེ་ཡི་འོད་ཀྱིས་སྐྱེ་དགུ་རྣམས། །སྦྱངས་ནས་ཡོངས་གྱུར་
བཅོམ་ལྡན་མ། །ཞལ་གཅིག་ཕྱག་གཉིས་དཱུར་བའི་མདོག །བཅུ་དྲུག་ན་ཚོད་རྒྱན་རྣམས་རྫོགས། །མཆོག་སྦྱིན་པ་དང་ཨུཏྤ་ལ། །གཡས་དང་གཡོན་དུ་ཤེས་བྱ་སྟེ། །ཕྱེད་ཀྲུང་གིས་བཞུགས་འཛུམ་པའི་བཞིན། །མཚོ་སྟེང་རིན་ཆེན་བྲག་ཕུག་ནང་། །ལྟོས་འགྲོས་ཞབས་བརྟེན་བསྒོམ་
པར་བྱ། །གཡས་དང་གཡོན་གྱི་དང་པོ་ནི། །མཾ་དང་པྲཾ་ལས་ལྷ་མོ་ནི། །འོད་ཟེར་ཅན་དང་སོ་སོ་འབྲང་། །གསེར་མདོག་ཞལ་གཅིག་ཕྱག་གཉིས་མ། །རྒྱན་མཛེས་གཡོན་ན་ཤིང་ལོ་ནི། །མྱ་ངན་མེད་དང་རྡོ་རྗེ་བསྣམས། །གཡས་པ་འདུད་པའི་ཚུལ་དུའོ། །གཡས་ཀྱི་འོག་མར་ཕག་གདོང་
མ། །པཱ་ལ་ཤ་མདོག་རྒྱན་གྱིས་མཛེས། །ཆོས་འཆད་པ་ཡི་ཕྱག་རྒྱ་ཅན། །གཡོན་གྱི་འོག་མར་ཁྲོ་གཉེར་མ། །མིག་སྨན་མདོག་ཅན་ཁྲོ་མོའི་ཚུལ། །གྲི་གུག་ཐོད་ཁྲག་བསྣམས་པའོ། །དེ་དག་རྣམས་ཀྱི་ཕྱོགས་མཚམས་ནི། །བརྒྱད་ན་འཇིགས་པ་རྣམ་པ་བརྒྱད། །བགེགས་དང་དགྲ་དང་
གླང་ཆེན་དང་། །མེ་དང་སྦྲུལ་དང་མི་རྒོད་དང་། །ལྕགས་སྒྲོག་གིས་བཅིངས་ཆུ་རྣམས་ལས། །སྐྱོབ་བྱེད་སྒྲོལ་མ་བརྒྱད་འཕྲོ་བ། །རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །དེ་ནས་སྙིང་གའི་ས་བོན་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་ནི། །སྔ་མའི་ཚུལ་ཅན་སྤྱན་དྲངས་ལ། །མཆོད་
ནས་ཡི་གེ་བཞི་པོ་ཡིས། །གཉིས་སུ་མེད་པར་བསྟིམ་པར་བྱ། །ཡི་གེ་གསུམ་གྱིས་གནས་གསུམ་དུ། །བྱིན་གྱིས་བརླབ་བྱ་དེ་ཡི་རྗེས། །དབང་བསྐུར་རིགས་ཀྱི་བདག་པོ་ནི། །དོན་ཡོད་གྲུབ་པས་སྤྱི་གཙུག་བརྒྱན། །དེ་ནས་ས་བོན་ལས་བྱུང་བའི། །འོད་ཀྱི་སྤྲོ་བསྡུ་ཅུང་ཟད་བྱ། །སྐྱོ་ན་གསང་

སྔགས་བཟླས་པ་ནི། །ཡི་གེ་བཅུ་པ་བགྲང་བར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འབུམ་ཕྲག་གསུམ་མམ་ཡང་ན་དྲུག །འབུམ་ཕྲག་བཅུ་ཡིས་ལས་རྣམས་འགྲུབ། །གལ་ཏེ་འབྱུང་པོ་རྣམས་ལ་ནི། །གཏོར་མ་སྦྱིན་ན་སྣོད་གཙང་དུ། །ཟན་བླུགས་ཆོ་གས་
བྱིན་བརླབས་ཏེ། །ལག་གཉིས་ཐལ་མོ་སྦྱར་བ་ལས། །མཛུབ་གཉིས་གུང་མོ་གཉིས་པོ་ལ། །ལེགས་བཅང་བ་ནི་ཨུཏྤ་ལ། །ཁ་འབྱེད་པའི་ནི་ཕྱག་རྒྱ་སྟེ། །གནས་གསུམ་དག་ཏུ་གཏུགས་བྱས་ནས། །འབྱུང་པོ་རྣམས་ལ་གཏོར་མ་སྦྱིན། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱདྱ་
ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ལས་ཀྱི་ཡན་ལག་ཐམས་ཅད་ནི། །རྒྱས་པར་རྒྱུད་ལས་གསུངས་པའི་ཕྱིར། །འདི་རུ་མ་བཀོད་དེ་རུ་བལྟ། །རྣལ་འབྱོར་པ་ནི་གང་ཞིག་གིས། །འདི་དོན་ཉམས་སུ་ལེན་བྱེད་ན། །དངོས་དང་དངོས་མེད་ཟད་གཙོ་བོ། །ཐོག་མ་ཐ་མ་མེད་ཞི་བ། །སྐྱེ་དང་ཟག་
པ་རྣམ་སྤངས་པ། །དཔལ་ལྡན་ཡུམ་ཉིད་ཐོབ་འགྱུར་ཏེ། །བུམ་པ་བཟང་སོགས་དངོས་གྲུབ་དང་། །གཞན་ཡང་གསད་དང་བསྐྲད་དང་དབྱེ། །དགུག་དང་ཞི་དང་རྒྱས་པ་ཡི། །ལས་འགྲུབ་འགྱུར་བ་སྨོས་ཅི་དགོས། །དེ་ལྟར་སྟོང་དང་སྙིང་རྗེའི་བདག་ཉིད་སྲིད་པ་གསུམ་སྐྱེས་ཟད་
དངོས་ཤེས་དང་ནི། །ཤེས་བྱ་གཉིས་སུ་མེད་སྐུ་ཀུན་དུ་བཟང་པོ་སྤྱོད་པའི་བདག་ཉིད་སྣ་ཚོགས་ཡུམ། །བཅོམ་ལྡན་འདས་མའི་སྒྲུབ་ཐབས་རྒྱུད་བཞིན་ལེགས་བཀོད་པ་ལས་བསོད་ནམས་དྲི་མ་མེད། །བདག་གིས་གང་ཐོབ་དེས་ནི་འགྲོ་བ་མ་ལུས་རྟག་བདེ་མྱ་ངན་འདས་ཐོབ་ཤོག །འཕགས་པ་
འཇིགས་པ་བརྒྱད་ལས་སྐྱོབ་པ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ་ལས། སླད་ཀྱི་རྒྱ་གར་གྱི་མཁན་པོ་བྱང་ཆུབ་སེམས་དཔའ་དཱ་ན་ཤཱི་ལ་དང་།
བོད་ཀྱི་ལོ་ཙཱ་བ་མལ་གྱོ་བློ་གྲོས་གྲགས་པས་བཅོས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སཱི་ཏ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །ཆེད་དུ་ཟླ་བ་དྲུག་གི་བར། །སྒྲོལ་མའི་

འཁོར་ལོ་བསྒོམ་པའོ། །དངོས་གྲུབ་ཐམས་ཅད་འཐོབ་འགྱུར་ཞིང་། །འཆི་བའི་སྐྱོན་གྱིས་མི་གོས་སོ། །ངག་གི་དབང་ཕྱུག་གནང་བྱས་པ། །འཆི་བདག་སླུ་བ་བསྡུས་པ་ལས། །ཕྱུང་ནས་སྒྲོལ་མ་དཀར་མོ་ནི། །བསྒོམས་ན་འཇིགས་པ་ཉམས་བྱེད་པ། །བཞི་པའི་སྡེ་ཚན་དང་པོ་ཨ། །བཅས་ལས་
ནམ་མཁར་འོད་ཟེར་འཕྲོ། །པད་དཀར་ཟླ་བའི་གདན་བལྟས་ལ། །གསུམ་ལ་སྐྱབས་འགྲོ་ཡང་བརྗོད་ལ། །རང་བཞིན་སྒྲོ་བཏགས་གཞོམ་ཕྱིར་དུ། །སྐད་ཅིག་སྟོང་པ་ཉིད་དུ་བལྟ། །དེ་ནས་སྔོན་གྱི་སྨོན་ལམ་དབང་། །བྱང་ཆུབ་སེམས་ཀྱི་ཡི་གེ་བསྒོམ། །པདྨ་དཀར་པོའི་དབུས་གནས་པའི། །
ཟླ་བའི་གདན་གྱི་སྟེང་དུ་ནི། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་མ། །མཆོག་སྦྱིན་པ་དང་ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བའི་འོད་གནས་ཅན། །ཟླ་བ་ལ་ནི་རྒྱབ་བརྟེན་ཅིང་། །རྒྱན་རྣམས་ཐམས་ཅད་རབ་ཏུ་རྫོགས། །བཅུ་དྲུག་ལོ་ལོན་ལུས་ཅན་མ། །སངས་རྒྱས་ཀུན་དང་དེ་སྲས་ཀྱི། །ཡུམ་ནི་
འདོད་པའི་གཟུགས་ཅན་མ། །སྒྲོལ་མ་དེ་ཡི་ཐུགས་ཀར་བསྒོམ། །འཁོར་ལོ་དཀར་པོ་འོད་ཟེར་ཅན། །རེའུ་མིག་བརྒྱད་ལ་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བར་བྱ་བའོ། །ཨོཾ་ཧཱ་གསལ་བྱེད་དབུས་གནས་པའི། །བསྒྲུབ་བྱའི་མིང་ནི་ལྟེ་བར་བྱ། །ཟླ་དྲུག་རྩེ་གཅིག་པ་ཡི་ཡིད། །ངེས་པར་
བརྟན་པ་རྟག་ཏུ་བྱ། །ཡི་གེ་བཅུ་པའི་སྔགས་འདི་ནི། །མི་སྐྱོའི་ཡིད་ཀྱིས་བཟླས་བྱ་སྟེ། །ཨོཾ་གྱི་ཡི་གེ་དང་པོར་སྦྱིན། །ཕྱིས་ནི་ཏཱ་རེ་རབ་ཏུ་སྦྱར། །ཏུཏྟཱ་རེ་ལ་ཏུ་རེ་ཕྱིས། །སྭཱ་ཧཱ་མཐའ་རུ་ལས་ཀུན་བྱེད། །ཚངས་དབང་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་
རྩེ་མོའང་གཅོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་ནད། །དབུལ་པ་ལ་སོགས་མདོར་བསྡུ་ན། །སེང་སོགས་འཇིགས་པ་ཆེན་པོ་བརྒྱད། །སྡུག་བསྔལ་རབ་ཏུ་འཇོམས་བྱེད་ཅིང་། །བསྐུལ་བ་མེད་པར་གོས་བཏུང་བ། །ཁང་བཟངས་རིན་ཆེན་ཚོགས་ཀྱང་
འདུ། །རལ་གྲི་དང་ནི་མིག་སྨན་དང་། །རྐང་པ་བུམ་པ་བཟང་སོགས་འགྲུབ། །ཚིགས་བཅད་མཁན་དང་ངག་སྙན་དང་། །བློ་རྣོ་ཤེས་རབ་དྲི་མེད་འགྱུར། །གཞན་ཡང་ཅི་འདོད་དངོས་གྲུབ་ནི། །འཁོར་ལོ་དེ་ལས་འབྱུང་བར་འགྱུར། །སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས། །ནད་དང་འཇིགས་པ་རྣམས་ཉམས་

པ། །གང་ཞིག་ཕྱུང་ནས་དགེ་བསགས་པ། །དེས་ནི་སྐྱེ་འགྲོ་སྒྲོལ་མར་ཤོག །སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ལོ་ཙཱ་བ་ཁམས་པ་དགེ་སློང་བ་རིས་
བསྒྱུར་བའོ།། ༄། །སྒྲོལ་མའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་མདོར་བསྡུས་བཞུགས།། ༄༅༅། །བཅོམ་ལྡན་འདས་མ་ལ་ཕྱག་འཚལ་ལོ། །མདོར་བསྡུས་པ་ལ་དགའ་རྣམས་ཕྱིར། །སྡོམ་ཚིག་ལེའུར་བྱས་པ་ཡིན། །ཕྱོགས་རྣམས་གཙང་མཉེན་བདེ་བ་དང་། །ཀུན་དུ་
དྲི་ངད་ལྡང་གྱུར་པ། །བདེ་བ་ཅན་གྱི་ཞིང་ཁམས་ལྟར། །ས་གཞི་བྱིན་གྱིས་བརླབ་པར་བགྱི། །ཕྱི་ནང་མ་བསྒྲིབས་གསལ་བ་དང་། །རིན་ཆེན་རྣམས་ལས་གྲུབ་པ་ཡི། །ཐུབ་པའི་དབང་པོ་སྲས་བཅས་ཀྱི། །གཞལ་ཡས་ཁང་དུ་བྱིན་བརླབ་བོ། །བླ་མ་དཀྱིལ་འཁོར་ལྷ་ཚོགས་དང་། །ཕྱོགས་
བཅུར་བཞུགས་པའི་སངས་རྒྱས་སྲས། །བཀའ་སྡོད་ཕྱོགས་སྐྱོང་མ་ལུས་པ། །དེ་རིང་སྤྱན་འདྲེན་གཤེགས་སུ་གསོལ། །གཙང་ཞིང་དྲི་ཞིམ་བསིལ་བ་ཡི། །དྲི་ཆབ་བདུད་རྩིའི་རྒྱུན་ལྟ་བུས། །རྒྱལ་བ་སྲས་བཅས་མ་ལུས་ལ། །ཆུ་གསུམ་གྱིས་ནི་མཉེས་པར་བགྱིའོ། །དུས་གསུམ་
བཞུགས་པའི་བླ་མ་ལྷ། །རིན་ཆེན་གསུམ་ནི་ནམ་མཁའ་ལ། །ཏིལ་གྱི་གང་བུ་ལྟར་དམིགས་ནས། །སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །མེ་ཏོག་ལ་སོགས་ཉེར་སྤྱོད་དང་། །རྒྱལ་སྲིད་བདུན་དང་གྲུབ་པའི་རྫས། །མཆོད་སྤྲིན་ནམ་མཁའ་གང་དམིགས་ཏེ། །འགྲོ་བ་བསྒྲལ་
ཕྱིར་དབུལ་བར་བགྱིའོ། །བདག་དང་སེམས་ཅན་མཁའ་མཉམ་གྱིས། །ཐོག་མེད་དུས་ནས་ད་ལྟའི་བར། །མ་ལུས་སྡིག་པ་ཅི་བགྱིས་པ། །ཤིན་ཏུ་འགྱོད་པས་བཤགས་པར་བགྱིའོ། །མངོན་མཐོ་ངེས་ལེགས་རྒྱུར་གྱུར་པའི། །སྐྱེ་བོའི་དགེ་བ་གང་བགྱིས་དང་། །འཕགས་པའི་
ཚོགས་ཀྱིས་གང་བགྱིས་ལ། །ལྷག་པར་སྤྲོ་བས་ཡི་རང་ངོ་། །སྒོ་གསུམ་ཉམས་ལེན་མི་དགེ་བཅོམ། །ཆེད་དུ་བྱ་བ་གཞན་དོན་བརྩོན། །ལམ་བདེ་ཚེགས་ཆུང་འཇུག་པ་ཟབ། །སྡོམ་པ་གསུམ་ལ་གནས་པར་བགྱིའོ། །བཏང་བར་དཀའ་བའི་ལུས་འདི་ནི། །མགོན་དང་བདེ་

གཤེགས་སྲས་བཅས་ལ། །བྲན་གཡོག་ཉིད་དུ་དབུལ་ལགས་ཀྱིས། །དེང་ནས་ཁྱེད་ཀྱི་འབངས་སུ་མཆིའོ། །རྒྱལ་སྲིད་བུ་དང་ཆུང་མ་དང་། །འབྲུ་དང་རྟ་གླང་བྲན་དུ་བཅས། །ས་གཞི་གསེར་སོགས་རིན་པོ་ཆེ། །གུས་པས་ཐུབ་མཆོག་རྣམས་ལ་མཆོད། །སྦྱིན་དང་ཚུལ་ཁྲིམས་སྒོམ་པ་
དང་། །ཐོས་བསམ་ཚོགས་གཉིས་ཅི་བསགས་པ། །དུས་གསུམ་བསྡུས་པའི་དགེ་བ་གང་། །ཐུབ་པ་ཆོས་ཀྱི་སྤྱན་ལ་དབུལ། །སྒེག་འཛུམ་ལྡེམ་ཞིང་བརྗིད་པ་དང་། །རྔམ་ཞིང་ཁྲོས་པ་ཁྲོ་བོའི་གཟུགས། །སྲས་བཅས་སྐུ་ཡི་དཀྱིལ་འཁོར་ལ། །དད་པས་མིག་མི་འཛུམས་
པས་བལྟའོ། །སངས་རྒྱས་བྱང་ཆུབ་མ་ལུས་པའི། །ཚེ་དང་ཡོན་ཏན་མཐུ་སྟོབས་དང་། །སྐུ་གསུམ་མཛད་པ་མ་ལུས་ལ། །རྟག་ཏུ་གུས་པས་སྐྱབས་སུ་མཆི། །བླ་མ་རྡོ་རྗེ་སློབ་དཔོན་དང་། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཏེ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་ཏུ་
གུས་པས་སྐྱབས་སུ་མཆིའོ། །རྒྱལ་བ་བྱང་ཆུབ་མཆོག་བརྙེས་ནས། །ཅུང་ཟད་སྙོམས་པར་བཞུགས་པ་ལ། །ཚངས་པ་ལྟ་བུར་གུས་པ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །བྱང་ཆུབ་མཛད་པ་མཐར་ཕྱིན་ནས། །བདེ་གཤེགས་མྱ་ངན་འདའ་བཞེད་ལ། །ཇི་སྲིད་
འཁོར་བ་མཐའ་ཡོད་པར། །སེམས་ཅན་དོན་དུ་བཞུགས་སུ་གསོལ། །ཇི་ལྟར་སྔོན་གྱི་སྐྱོབ་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པ་ལྟར། །དེ་བཞིན་བདག་ཀྱང་སེམས་ཅན་ཕྱིར། །བྱང་ཆུབ་ཆེན་པོར་སེམས་བསྐྱེད་དོ། །རྒྱལ་སྲས་འཇིག་རྟེན་སྐྱོང་རྣམས་ལ། །སྐུ་གསུམ་གྲུབ་
དང་རིག་པ་འཛིན། །ལས་ཚོགས་ཕྲིན་ལས་རྣམ་དབྱེ་སོགས། །ལས་བཅོལ་དེ་ནི་གྲུབ་པར་མཛོད། །འདིར་ནི་ཉེས་པ་གང་བགྱིས་པ། །གང་ཡང་ལུས་ཅན་སྐྱབས་གྱུར་ལ། །མ་འཚལ་བ་རྣམས་བཤགས་པར་བགྱི། །གཙོ་བོས་ཅིས་ཀྱང་བཀའ་གནང་འཚལ། །འབྲས་བུ་མཆོག་དང་ཐུན་མོང་སྟེ། །མ་
ནོར་ཚིག་དོན་ཤེས་རབ་དང་། །སྤོབས་པ་མཐུ་རྩལ་ཕུན་ཚོགས་པའི། །དངོས་གྲུབ་དེ་དག་གནང་བར་རིགས། །དུས་གསུམ་བསགས་པའི་དགེ་བ་ནི། །ཚོགས་གཉིས་བདུད་རྩི་ལྟ་བུ་འདིས། །སྐུ་གསུམ་འབྲས་བུ་གྲུབ་གྱུར་ནས། །གཞན་དོན་འབད་མེད་འབྱུང་བར་ཤོག །དཀྱིལ་འཁོར་དུ་འཇུག་པའི་

ཆོ་ག་མདོར་བསྡུས་པ། སློབ་དཔོན་བྷ་བ་བྷ་ཊས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱ་མཎྜ་ལ་ཨ་བ་ཏཱ་ར་ཀྲི་ཏཱ་ནཱ་མ། བོད་སྐད་དུ། འཕགས་པ་སྒྲོལ་མའི་དཀྱིལ་འཁོར་ལ་འཇུག་པ་ཞེས་བྱ་བ། མགོན་པོ་ཐུགས་རྗེ་ཆེན་
པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷ་མོ་ཤེས་རབ་ཕ་རོལ་ཕྱིན། །གོས་པ་མེད་པའི་ཡེ་ཤེས་ནི། །སྣ་ཚོགས་གཟུགས་ཅན་ནོར་བུ་ལྟར། །མ་ལུས་མཛད་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་གཤེགས་ཐམས་ཅད་དང་། །སྣ་ཚོགས་
འགྲོ་བའི་མ་ཁྱོད་ལ། །གུས་པའི་བློ་ཡིས་སྒྲོལ་མ་ཡི། །ཆོ་གའི་རིམ་པ་བརྗོད་པར་བྱ། །དེ་ལ་འདིར་ལྷ་མོ་སྒྲོལ་མ་ལ་ལྷག་པར་གུས་པའི་གང་ཟག་གང་ཡང་རུང་བས། གནས་ཁང་བརྒྱན་ཅིང་བྱི་དོར་ལེགས་པར་བྱས་པ་ལ་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། ཁྱད་པར་དུ་སྒྲོལ་མའམ། ཐུགས་
རྗེ་ཆེན་པོའི་རྟེན་བཞུགས་སུ་གསོལ། ཚུལ་ཇི་ལྟ་བ་བཞིན་དུ་དཀྱིལ་འཁོར་བཞེངས་ནས། དེར་ཚོགས་པ་རྣམས་ཤ་ཆང་སྒོག་བཙོང་སྤངས་ནས་ཁྲུས་ལེགས་པར་བྱས་ལ་ལུས་ལ་དྲི་བཟང་པོས་བྱུགས་ཏེ། གོས་གཙང་མ་གྱོན་ལ། མཆོད་པའི་ཡོ་བྱད་རྣམས་དང་། བའི་ལྕི་བ་ས་ལ་མ་ལྷུང་བ་ཡང་སྟ་
གོན་བྱ། གཞན་ཡང་ཉེ་བར་མཁོ་བ་རྣམས་ཀྱང་ཚོགས་པ་དང་ལྡན་པར་བྱའོ། །དེ་ནས་ཐམས་ཅད་ཀྱིས་རང་རང་གི་མདུན་དུ་ས་ལ་བའི་ལྕི་བས་བྱུགས་ལ་མཎྜལ་གྱི་ཆོ་ག་ལས་བྱུང་བ་ལྟར་མེ་ཏོག་སིལ་མའི་ཚོམ་བུ་བཅུ་དགུ་པའི་དབུས་ཀྱི་རི་རབ་ཀྱི་སྟེང་དུ་པོ་ཏ་ལ་ནས་སྤྱན་དྲངས་པའི་སྒྲོལ་མ་འཁོར་
དང་བཅས་པ་བཞུགས་པར་བསམས་པ་ལ་ཐོག་མར་ཕྱག་བྱ། ཉེ་བར་སྤྱོད་པ་ལྔས་མཆོད་ལ་མཚན་གྱི་དངོས་གཞི་བསྟོད་པ་ལན་གསུམ་བརྗོད། སྙིང་པོ་བརྒྱ་རྩ་བརྒྱད་བཟླས་ལ་ཙོག་ཙོག་པོར་འདུག་པས་གསོ་སྦྱོང་བླང་བར་བྱའོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་དང་མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བདག་ལ་དགོངས་སུ་གསོལ། བཅོམ་ལྡན་འདས་སྒྲོལ་མ་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། ས་ཆེན་པོ་ལ་

རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་བདེ་བར་བྱ་བའི་ཕྱིར་དང་། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་
ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། གསོ་སྦྱོང་ངེས་པར་བྱས་ཏེ་ཡང་དག་པར་བླངས་པ་དེ་བཞིན་དུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་ནས་སང་གདུགས་རྩེ་ཤར་གྱི་བར་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དང་། བདེ་བར་བྱ་བའི་ཕྱིར་དང་།
ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་ངེ་འཛིན་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་གསོ་སྦྱོང་ངེས་པར་བྱས་ཏེ། ཡང་དག་པར་བླང་བར་བགྱིའོ། །དེང་ནས་སྲོག་གཅོད་
མི་བྱ་ཞིང་། །གཞན་གྱི་ནོར་ཡང་བླང་མི་བྱ། །འཁྲིག་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲའོ། །སྐྱོན་ནི་མང་པོ་མཉམ་བསྟེན་པའི། །ཆང་ནི་ཡོངས་སུ་སྤང་བར་བྱ། །ཁྲི་སྟན་མཐོན་པོ་མི་བྱ་ཞིང་། །དེ་བཞིན་དུས་མ་ཡིན་པའི་ཟས། །དྲི་དང་ཕྲེང་བ་དང་ནི་རྒྱན། །གར་
དང་གླུ་སོགས་སྤང་བར་བྱ། །ཇི་ལྟར་དགྲ་བཅོམ་རྟག་ཏུ་ནི། །སྲོག་གཅོད་ལ་སོགས་མི་བྱེད་པ། །དེ་ལྟར་སྲོག་གཅོད་ལ་སོགས་སྤང་། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །སྡུག་བསྔལ་མང་དཀྲུགས་སེམས་ཅན་ཀུན། །སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་པ་ལན་གསུམ་དུ་བྱའོ། །དེ་
ལྟར་གསོ་སྦྱོང་བླངས་ནས་དུས་ཀྱི་ཁྱད་པར་ལ་ཉིན་གཅིག་གམ། མཚན་གཅིག་གམ་ཐུན་གཅིག་ལ་སོགས་པ་ཡང་བྱའོ། །དེ་ལ་སྨྱུང་བར་གནས་པའམ་དཀར་གསུམ་ལ་བརྟེན་པ་ཡང་རུང་བས་འཕགས་མ་སྒྲོལ་མ་ལ་ལྷག་པར་གུས་པའི་བློ་རྩེ་གཅིག་པར་བྱའོ། །དེ་ནས་སློབ་དཔོན་གྱིས་
དེར་གནས་པ་ཐམས་ཅད་ཀྱི་བསམ་པ་བཅོས་ལ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བར་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུང་བདག་གིས་གཟུང་སྙམ་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བདག་གིས་སྤྱད་སྙམ་པ་དང་། མཐའ་ཡས་པའི་སེམས་ཅན་ཐམས་ཅད་བདག་གིས་

བསྒྲལ་སྙམ་པའི་བསམ་པ་རྒྱུན་མི་ཆད་པར་ཆོ་ག་ཐམས་ཅད་བྱའོ། །དེ་ནས་ས་གཞི་བྱིན་གྱིས་བརླབ་པར་བྱ་སྟེ། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་ས་ཕྱོགས་འདི་རྣམས་ཐམས་ཅད་གསེར་གྱི་ས་གཞི་བརྡལ་བ་ལ་རིན་པོ་ཆེ་
སྣ་བདུན་དང་བཻ་ཌཱུརྱས་མིག་མངས་རིས་སུ་བྲིས་པའམ་ཤེལ་བཞིན་བསྟར་བ་ལ་རིན་པོ་ཆེ་སྣ་ཚོགས་པའི་འཕྲ་བཀོད་པའི་ཚུལ་ཁྱད་པར་འཕགས་པ། ཀུན་ནས་རབ་ཏུ་དང་བ་དང་ལྡན་པ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་ཚད་རབ་ཏུ་མཉམ་པར་གྲུབ་པ་སྟེ། རེག་ན་བདེ་ཞིང་འཇམ་
ལ་མཉེན་པ་ཕྱོགས་མཚམས་རྣམས་ཀྱང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱུ་ལས་བྱས་པའི་ས་གཞི་བསྟར་བ་ཁོ་ན་ལ་རབ་ཏུ་མཛེས་པ་དུ་མས་བརྒྱན་པ། ནམ་མཁའ་འམ་ལག་མཐིལ་ལྟར་མཉམ་པ། ཡངས་ཤིང་བདེ་བ་འབྱོར་པ་དང་ལྡན་པ་མནན་ན་ནེམ་ཞིང་བཏེག་ན་འཕར་བ། ངམ་གྲོག་དང་གཡང་ས་
དང་གཅོང་རོང་དང་བྱ་སྐྱིབས་དང་བྲལ་བ། གསེག་མ་དང་གྱོ་དུམ་དང་ཚེར་མ་ལ་སོགས་པ་དང་བྲལ་བ་སྟེ། རྣམ་པར་འཕྲུལ་པ་དང་བཀོད་པ་བསམ་གྱིས་མི་ཁྱབ་པས་བརྒྱན་ཅིང་མཛེས་པར་སྤྲས་པའི་ས་གཞི་ལ་ཉེ་བར་འཚེ་བ་མེད་པའི་ཆུ་ཡན་ལག་བརྒྱད་དང་ལྡན་པ་སྒྲ་སྙན་པ་འབབ་པ། མཚོ་དང་
རྫིང་བུ་དང་ལྟེང་ཀ་ལ་སོགས་པ་ལ་མེ་ཏོག་རྣམ་པ་སྣ་ཚོགས་པས་ཁེབས་པ། མྱ་ངན་མེད་པ་དང་ཨུ་དུམྺཱ་ར་དང་ནྱ་གྲོ་དྷ་ལ་སོགས་པའི་ཤིང་ལྗོན་པ་རྣམས་ལ་ཡིད་དུ་འོང་བའི་མེ་ཏོག་དང་འབྲས་བུ་གཡུར་ཟ་བ་དང་ལྡན་པ་དུ་མས་བརྒྱན་པ། རྨ་བྱ་དང་ཁྲུང་ཁྲུང་དང་བཞད་དང་ས་ར་ས་ལ་སོགས་པ་
གཡོར་ཞིང་ལྡེམ་པ་དང་བཅས་པའི་བྱ་རྣམ་པ་སྣ་ཚོགས་པས་བདག་མེད་པའི་སྒྲ་སྒྲོགས་པ་དང་ལྡན་པ། སེང་གེ་དང་གླང་པོ་ཆེ་རོལ་པ་དང་། ཀྲི་ཎ་ཛ་ཊི་དང་ལྟོ་འཕྱེ་ལ་སོགས་པའི་རི་དྭགས་རྣམས་ཀྱང་འཁྲུལ་པ་མེད་པའི་སེམས་ཀྱིས་དགའ་ཞིང་རྩེ་བར་སྤྱོད་པས་བྱམས་པ་ལ་གནས་པ་དང་། པདྨ་
དང་ཀུ་མུ་ད་དང་པུཎྜ་རཱི་ཀ་དང་ཨུཏྤ་ལ་དང་པདྨ་གེ་སར་ལ་སོགས་པ་ཁ་དོག་དང་དྲི་ལ་སོགས་པ་ཕུན་སུམ་ཚོགས་པ་སྣ་ཚོགས་པས་ཉེ་བར་མཛེས་པར་བྱེད་པའི་ས་གཞི་དམ་པ་དང་། ཕྱོགས་མཚམས་ཐམས་ཅད་ཀྱང་ག་བུར་དང་གླ་རྩི་དང་ཨ་ག་རུ་དང་ཙནྡན་སྦྲུལ་གྱི་སྙིང་པོ་ལ་སོགས་པས་སའི་ཕྱོགས་ཀུན་

དྲི་བསུང་ཆེན་པོས་ཡོངས་སུ་ཁྱབ་པས་སེམས་ཅན་ཐམས་ཅད་ཀྱི་ཡིད་ཚིམ་པར་བྱེད་པ། རིག་པ་འཛིན་པ་ལ་སོགས་པ་དང་མིའམ་ཅི་ལ་སོགས་པའི་ཚོགས་རབ་ཏུ་ཡང་དག་པར་རྒྱུ་ཞིང་ལྷའི་བུ་དང་བུ་མོ་དང་དྲི་ཟའི་བུ་མོ་ལ་སོགས་པའི་ཚོགས་རྣམས་ཀྱང་དམ་པའི་ཆོས་ཀྱི་སྒྲ་དང་ལྡན་པའི་ཡིད་དུ་འོང་
བའི་གླུ་དབྱངས་དུ་མ་སྒྲོགས་པ། ཆོས་ཀྱི་རོའི་དགའ་བ་ཕུན་སུམ་ཚོགས་པ་དང་ལྡན་པས་རང་དང་གཞན་གྱི་རྒྱུད་ཡོངས་སུ་དང་བ་ཆེན་པོ་བསྐྱེད་པ་ཐོབ་པར་འགྱུར་བ་ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་གྱི་སྒོ་དུ་མ་དང་ལྡན་པའི་ཆོས་ཀྱི་དབྱིངས་རང་བཞིན་ལས་གྲུབ་པས་ཉེ་བར་འཚེ་བའི་གནོད་
པ་དང་བྲལ་བའི་ས་ཕྱོགས་དམ་པ་སྟེ། མདོར་ན་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྣམ་པར་བཀོད་པ་དང་མཚུངས་པར་འབྱོར་ཞིང་དར་བ། བདེ་ཞིང་སྐྱིད་པ་ཉམས་དགའ་བ་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཡོངས་སུ་གང་བའི་ས་ཕྱོགས་དམ་པར་བྱིན་གྱིས་བརླབ་པར་བྱ་སྟེ། དེ་ཡང་ཆོས་
ཀྱི་དབྱིངས་ཀྱི་བྱིན་གྱི་རླབས་དང་། དཀོན་མཆོག་གསུམ་གྱི་བདེན་པའི་བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང་། རིག་སྔགས་ཀྱི་རྒྱལ་པོ་འདིའི་བྱིན་གྱི་རླབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཨོཾ་ན་མོ་བྷ་ག་བ་ཏེ་བཻ་རོ་ཙ་ན་པྲ་བྷ་རཱ་ཛཱ་ཡ་ཏཱ་ཐཱ་ག་ཏ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ།
ཏདྱ་ཐཱ། ཨོཾ་སུ་ཀྵྨེ་སུཀྵྨེ། ས་མེ་ས་མ་ཡེ་ཤཱནྟེ་དཱནྟེ་ཨ་ས་མ་རོ་བེ། ཨ་ན་ལམྦྷེ་ཏ་རམྦྷེ། ཡ་ཤོ་བ་ཏི་མ་ཧཱ་ཏེ་ཛོ་ནི་ར་ཀུ་ལེ་ནི་ར་བ་ཎེ་སརྦ་བུདྡྷ་ཨ་དྷིཥྛཱ་ན་ཨདྷིཥྛི་ཏེ་སྭཱ་ཧཱ་ཞེས་སྔགས་དང་བཅས་པ་འདི་ལན་གསུམ་བརྗོད་དོ། །དེ་ནས་ས་ཕྱོགས་དམ་པ་རྒྱ་ཡོངས་སུ་མ་ཆད་པ་དེ་དག་གི་དབུས་སུ་སྔོན་གྱི་དེ་བཞིན་
གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དེ་དག་གི་སྔོན་གྱི་སྨོན་ལམ་གྱི་མཐུ་ཁྱད་པར་ཅན་ལས་གྲུབ་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་སྣ་ཚོགས་པའི་རིན་པོ་ཆེ་ལས་གྲུབ་པའི་གཞལ་ཡས་ཁང་དམ་པ་ལ་ཁོར་ཡུག་ཆེན་པོའི་རྒྱན་གྱིས་ཉེ་བར་མཛེས་པར་སྤྲས་པ། དེ་བཞིན་གཤེགས་
པའི་འོད་ཟེར་གྱིས་ཕྱི་དང་ནང་ཀུན་དུ་གང་བས་དྲི་མ་མེད་ཅིང་འོད་གསལ་བ་ལས་བྱུང་བའི་བདེ་བར་གཤེགས་པའི་གཞལ་ཡས་ཁང་ཆེན་པོར་ཡོངས་སུ་གྲུབ་པ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུས་མ་བྱས་པ་ཉིད་ཀྱི་ཕྱིར་སྒོ་བཞི་དང་ལྡན་

པ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་ལྡན་པའི་ཕྱིར་གྲུ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་ལྡན་པའི་ཕྱིར་བསིལ་ཁང་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པས་ཁྲུས་ཁང་གི་རྫིང་བུ་བཞིས་སྤྲས་པ་དང་། འཕགས་པའི་ལམ་ཡན་ལག་བརྒྱད་དང་ལྡན་
པ་ཉིད་ཀྱི་ཕྱིར་ཀ་བ་བརྒྱད་དང་ལྡན་པ་སྟེ། རིན་པོ་ཆེའི་སྟེགས་གྲུ་བཞི་ལ་གནས་ཤིང་བུམ་པ་ལས་བྱུང་བའི་རིན་པོ་ཆེའི་ཀ་བ་ལས་ནོར་བུ་དུ་མས་མཛེས་པར་བཅིངས་པ། རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུ་གཉིས་དང་ལྡན་ཞིང་གསུང་རབ་ཡན་ལག་བཅུ་གཉིས་རྣམ་པར་དག་པས་བང་རིམ་བཅུ་
གཉིས་དང་ལྡན་