Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 77

Văn bản gốc(Tây Tạng)

Trang 9 / 23 (50.000 ký tự/trang)
ཟླ་བའི་དཀྱིལ་འཁོར་ལ་དེའི་སྟེང་དུ་བརྒྱད་
པའི་བཞི་པ་དང་པོའི་བཅུ་དྲུག་པ་བདུན་པའི་གཉིས་པ་དང་པོའི་བཞི་པས་བརྒྱན་པའོ། །དེ་ཡོངས་སུ་གྱུར་པ་ལས་པདྨ་ཁ་ཟུམ་པ་སྟེ། ལྟེ་བའི་སྟེང་དུ་ཧཱུཾ་ཡིག་ཁ་འབྱེད་པ་བསམ་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སོར་གཅིག་ཙམ་སྤངས་ནས་འཁོར་ལོ་རྩི་བས་དྲུག་པ་འོད་
ཟེར་དང་བཅས་པའོ། །དེའི་རྩིབས་རྣམས་ལ་དབྱངས་ཡིག་བཅུ་གཉིས་ཡི་གེ་ཟུང་རེ་རེ་དགོད་པར་བྱའོ། །རྩིབས་སོ་སོའི་སྟེང་དུ་རྩ་བའི་སྔགས་ཀྱི་ཡི་གེ་རེ་རེ་རྣམ་པར་བཀོད་ནས་འཁོར་ལོའི་ནང་གི་ལྟེ་བ་ལ་དྷཱིཿཡིག་འོད་ཟེར་དང་བཅས་པ་མི་གཡོ་བར་བསྒོམ་པར་བྱའོ། །ཕྱིའི་མུ་ཁྱུད་ལ་ཀཱ་ལི་སྦྱོར་
བ་ཡང་དག་པར་འབར་བའི་ང་ཉ་ཎ་ན་མའི་ཡི་གེ་རྣམས་སྤངས་པར་བསྒོམ་པར་བྱའོ། །ཡང་དེའི་སྟེང་དུ་སོར་གཅིག་ཙམ་སྤངས་ནས་ཟླ་བའི་དཀྱིལ་འཁོར་ལ་དེའི་སྟེང་དུ་ཨ་ར་པ་ཙ་ན་ཞེས་པ་བལྟས་ནས་ཤིན་ཏུ་མྱུར་དུ་འཁོར་བའི་འཁོར་ལོ་བསྒོམ་པར་བྱའོ། །ཇི་སྲིད་ཟླ་བ་དྲུག་གི་བར་དུ་སྔགས་འདི་
བཟླས་པར་བྱའོ། །ཨོཾ་བཛྲ་ཏཱིཀྵྞ་མུཿཞེས་ཉི་མ་རེ་རེ་ལ་ཁྲི་ཕྲག་རེ་བཟླས་པར་བྱའོ། །དེ་ནས་ལྐུགས་པ་ཡིན་ཡང་ངག་གི་དབང་པོར་འགྱུར་ཞིང་བློ་དང་ལྡན་པར་འགྱུར་རོ། །གཞུང་སྟོང་ཕྲག་རེ་འཛིན་ནུས་སོ། །རྒྱུན་ཆད་མེད་པར་ལེགས་པར་སྦྱར་བའི་སྐད་དང་ལྡན་ཞིང་སྙན་ངག་མཁན་ཆེན་པོར་
གྱུར་ནས་བསྟན་བཅོས་ཐམས་ཅད་ཀྱི་མཐར་ཕྱིན་པར་འགྱུར་རོ། །གྲུབ་པར་གྱུར་ནས་རལ་གྲིའི་རིག་པ་འཛིན་པའི་བདག་པོར་འགྱུར་ཞིང་རིག་འཛིན་མ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་བྱེད་དོ། །འཁོར་ལོ་མཆོག་འདིར་མི་གསལ་བ་རྣམས་སློབ་དཔོན་གྱི་མན་ངག་ལས་ཁོང་དུ་ཆུད་པར་བྱའོ། །ཤེས་
རབ་འཁོར་ལོའི་མཆོག་གྱུར་འདི། །བྲིས་པའི་འབྲས་བུ་གང་ཐོབ་པ། །དེ་ཡིས་འཇིག་རྟེན་ཐམས་ཅད་འདིར། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་གི་སྒྲུབ་ཐབས་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། དྷརྨཱ་ཤཾ་ཁ་ས་མཱ་དྷི་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། ཆོས་ཀྱི་དུང་གི་ཏིང་ངེ་འཛིན་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ནི་ཆུའི་དཀྱིལ་འཁོར་ཟླུམ་པོ་དཀར་པོའི་སྟེང་དུ་གེ་སར་དང་བཅས་པའི་
པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་འཆི་བ་འཇོམས་ཤིང་ཆོས་ཐམས་ཅད་གསལ་བར་མཛད་པའི་ཕྱིར་མཾ་ཡིག་གི་ས་བོན་ལས་སྐྱེས་པའི་སྐུ་མདོག་དཀར་པོ་ཕྱག་གཉིས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་སྟེང་ན་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པ། གཞོན་ནུ་རྒྱན་དང་ལྡན་པ། ཟུར་ཕུད་ལྔ་དང་ལྡན་པ་གསལ་
ཞིང་དྲི་མ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་འཇམ་དཔལ་གྱི་སྐུར་བདག་ཉིད་བསྒོམ་པར་བྱའོ། །རང་གི་སྙིང་གར་ཟླ་བའི་སྟེང་དུ་པདྨ་ལ་བཾ་ཡིག་ལས་སྐྱེས་པའི་དུང་། དེའི་དབུས་སུ་ཨོཾ་བཛྲ་ཛི་ཧྭ་རཾ་ཞེས་པས་ལྕེ་རྡོ་རྗེའི་ལྕེའི་སྟེང་དུ་རིན་པོ་ཆེ་དང་པདྨ་ལ་ཏིང་ངེ་འཛིན་དང་ཡང་དག་པར་ལྡན་པའི་སངས་རྒྱས་འོད་
དཔག་མེད། དེའི་སྟེང་དུ་རྐན་ལ་བཾ་ཡིག་མགོ་ཐུར་དུ་བསྟན་པ་བདུད་རྩིའི་ཐིག་ལེ་འབབ་བཞིན་པའོ། །དེ་བཞིན་དུ་གོ་རིམས་བཞིན་དུ་ཟླ་བ་ཕྱེད་དང་། ཟླ་བ་དང་ཟླ་བ་དྲུག་གིས་མཐར་ཐུག་པ་བསྒོམ་པར་བྱའོ། །དངོས་གྲུབ་ཀྱི་མཚན་མ་མཐོང་ནས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ལ་ཕྱི་རུ་ཟུར་
བཞི་པ་སྒོ་བཞི་པ་སྒོ་རྐྱང་དང་ལྡན་པའོ། །སྒེག་མོ་མ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་དང་། མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་དཀྱིལ་འཁོར་གྱི་ཕྱིར་དགོད་པར་བྱའོ། །དེའི་ནང་དུ་སྒོ་མེད་པའི་རེ་ཁཱ་དཀར་པོ་ཟླུམ་པོ་ཅིག་བྲི་བར་བྱའོ། །དེའི་དབུས་སུ་
པདྨ་དཀར་པོ་དེ་བཞིན་དུ་བྲིས་ནས་སྨིན་དྲུག་དང་། དབོ་དང་ས་ག་ལ་སོགས་པའི་ཟླ་བ་གང་བ་ལ་ཞལ་ཟས་ལ་སོགས་པའི་མཆོད་པ་སྔོན་དུ་འགྲོ་བས་གཏོར་མ་ཕུལ་ནས། ཏིང་ངེ་འཛིན་དང་ལྡན་པས་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེ་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པའི་འཇམ་དཔལ་གྱི་སྐུ་ལ་ཡོངས་སུ་བསྐོར་
བའི་འོད་དཔག་མེད་ཀྱི་སྐུའི་བདག་ཉིད་ཆོས་ཀྱི་དབྱིངས་དང་མཚུངས་པའི་འོད་གསལ་བ་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱས་ཕྱོགས་ཐམས་ཅད་ནས་བྱོན་ཏེ་རང་གི་ལུས་ངག་ཡིད་རྣམས་ལ་རབ་ཏུ་ཞུགས་ཏེ་བརྟན་པར་གྱུར་ནས་སེམས་བརྟན་པར་བྱའོ། །

རང་གི་སྙིང་གར་ཟླ་བ་དང་པདྨ་ལ་གནས་པའི་དུང་གསལ་པོ་བལྟ་བར་བྱའོ། །དེ་ལ་ཡི་གེའི་རང་བཞིན་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཞིང་གནས་པའི་གེ་སར་གྱི་ཐིག་ལེ་ལས་ངག་གི་རྡུལ་ཕྲ་རབ་མགྲིན་པའི་ཕྱོགས་ནས་ཐོབ་པའི་དབྱངས་ཀྱི་གཟུགས་སུ་འགྱུར་རོ། །དབྱངས་ལ་
སྒྲ་ལས་ཡི་གེའི་གཟུགས་ཉིད་ལྕེ་ལས་བྱུང་ཞིང་རྡོ་རྗེའི་རྣམ་པས་རིམ་པ་བཞིན་དུ་ནམ་མཁའ་མ་ལུས་པ་གསལ་བར་མཛད་པས་ནམ་མཁའ་ཐམས་ཅད་དུ་འཕྲོས་པའི་སྒྲིབ་པ་དང་བྲལ་བའི་དབྱངས་བཅུ་དྲུག་གི་རྣམ་པར་བལྟ་བར་བྱ་ཞིང་། དབྱངས་ཀྱིས་ནམ་མཁའ་གང་བའོ། །ཨོཾ་ཝཱ་ཀྱཻ་དཾ་ན་མཿཞེས་
པའི་སྔགས་བཟླས་པར་བྱའོ། །སྐྱིལ་མོ་ཀྲུང་མ་བཤིག་པར་མཚན་མོ་རིལ་པོ་བཟླས་པས་དངོས་གྲུབ་ཀྱི་མཚན་མར་འགྱུར་ཏེ། ལྕེ་ལ་འོད་ཟེར་འཕྲོ་བར་འགྱུར་རོ། །གྲུབ་པ་བརྒྱད་ཅུའི་སྒྲ་ཡང་ཐོས་པར་འགྱུར་རོ། །མཆུ་དང་སོ་རྣམས་ལས་ཀྱང་སྣ་ཚོགས་པའི་འོད་ཟེར་འཕྲོ་བར་འགྱུར་རོ། །དེ་ནས་དེ་
ལྟ་བུ་ལ་སོགས་པའི་ཇི་ལྟར་སེམས་པའི་ཚིག་དང་ཚིགས་སུ་བཅད་པའི་ཚིག་དང་། ཚིགས་བཅད་དང་། སྔགས་དང་། རིག་པ་དང་། སྙིང་པོ་རྣམས་དུང་ལས་འབད་པ་མེད་པར་དེ་བཞིན་དུ་འབྱུང་བར་འགྱུར་རོ། །ཁོང་དུ་མ་ཆུད་པའི་བསྟན་བཅོས་རྣམས་ཀྱང་ཁོང་དུ་ཆུད་པར་འགྱུར་རོ། །ཐམས་ཅད་
མཁྱེན་པ་ཉིད་དང་ཡུན་མི་རིང་བར་ལྷ་ཉིད་དུ་འགྱུར་རོ་ཞེས་སོ། །ཆོས་ཀྱི་དུང་གི་ཏིང་ངེ་འཛིན་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱ་མ་སཾ་གཱི་ཏི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། འཕགས་པ་འཇམ་
དཔལ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒྲུབ་པ་པོས་སྔ་བར་ལངས་ཏེ་ཁ་བསང་བ་ལ་སོགས་པ་བྱས་ཏེ་བསམ་གཏན་གྱི་ཁང་པར་རབ་ཏུ་ཞུགས་ནས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། སྙིང་གར་པདྨ་དང་ཟླ་བ་ལ་དམར་ཞིང་དཀར་བའི་མུཿཡིག་བསྒོམ་པར་བྱའོ། །དེ་ནས་དེའི་འོད་ཟེར་གྱི་
ཚོགས་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བཀུག་སྟེ་འཆད་པར་འགྱུར་བའི་བཅོམ་ལྡན་འདས་སྐུ་མདོག་དང་ཞལ་དང་ཕྱག་མཚན་དང་སྟན་དང་ལྡན་པ་མདུན་དུ་རྣམ་པར་བསྒོམས་ནས། ཡིད་ཀྱིས་རང་བཞིན་གྱི་མེ་ཏོག་དང་། བདུག་སྤོས་ལ་སོགས་པས་ཡང་དག་པར་མཆོད་ལ་དེའི་མདུན་དུ་སྡིག་པ་བཤགས་པ་ལ་

སོགས་པ་ཐམས་ཅད་བྱས་ནས་བྱམས་པ་ལ་སོགས་པ་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ། །ཆོས་ཐམས་ཅད་སྟོང་པ་ཉིད་མངོན་དུ་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནམ་མཁའ་ལ་ཧཱུཾ་གི་ཡི་གེ་རྡོ་རྗེ་རྩེ་ལྔ་པའི་ས་བོན་དང་བཅས་
པ་བསྒོམས་ལ། དེའི་འོད་ཟེར་རྣམས་ཀྱིས་ཇི་ལྟར་སྤྱོད་པའི་རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་དང་། རྡོ་རྗེའི་རང་བཞིན་གྱི་ས་གཞིར་དམིགས་ནས། རྡོ་རྗེའི་རང་བཞིན་ལས་འོད་ཟེར་བྱུང་བས་རྡོ་རྗེའི་ར་བའི་ཕྱི་རོལ་དུ་ཕྱོགས་བཅིངས་པ་ལ་སོགས་པའི་གཟུགས་ཀྱིས་ཉེ་བར་གནས་པར་བལྟའོ། །དེའི་
རྗེས་སུ་རྡོ་རྗེ་ར་བའི་ནང་དུ་ཧྲཱིཿཡོངས་སུ་གྱུར་པ་ལས་པདྨའོ། །པདྨའི་སྟེང་དུ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཁ་དོག་དཀར་དམར་གྱི་མུཿཡིག་ལས་སངས་རྒྱས་དཔག་ཏུ་མེད་པ་སྤྲོ་བ་དང་བསྡུ་བའི་རྣམ་པར་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་དཔལ་དམར་ཞིང་
དཀར་བ་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། དང་པོའི་ཞལ་དམར་པོ། གཡས་པ་སྔོན་པོ། གཡོན་པ་དཀར་པོ་ཞེས་པའི་ཞལ་གསུམ་མོ། །ཕྱག་བཞིས་ཇི་ལྟ་བའི་སྦྱོར་བས་ཤེས་རབ་ཀྱི་པོ་ཏི་དང་། རལ་གྲི་དང་། གཞུ་དང་། མདའ་བསྣམས་པའོ། །རིན་པོ་ཆེའི་དབུ་
རྒྱན་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བརྒྱད་ཅུས་རྣམ་པར་མཛེས་པ། གཞོན་ཞིང་གཞོན་ནུའི་རྒྱན་གྱིས་བརྒྱན་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་སེམས་མ་དཀར་མོ་གཡོན་པ་དྲིལ་བུ་དཀུར་བརྟེན་པ།
གཡས་པ་རང་གི་སྙིང་གར་འདེགས་པར་བྱེད་པའི་སྦྱོར་བས་རྡོ་རྗེ་འཆང་བ། སྨིན་མཚམས་སུ་དེ་བཞིན་དུ་བཞུགས་པའི་རིན་ཆེན་རྡོ་རྗེ་མ་སེར་མོ་ཕྱག་གཉིས་ཀྱིས་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཆིང་བར་མཛད་པའོ། །མགྲིན་པར་པདྨ་རྡོ་རྗེ་མ་དཀར་དམར་གཡོན་པས་སྙིང་པོ་དང་བཅས་པའི་པདྨའི་སྡོང་བུ་འཛིན་
པ་གཡས་པས་དེའི་འདབ་མ་རྣམ་པར་འབྱེད་པར་མཛད་པ་སྔོན་མ་ཇི་ལྟ་བ་བཞིན་དུ་བཞུགས་པའོ། །སྤྱི་བོར་ལས་ཀྱི་རྡོ་རྗེ་མ་སྐུ་མདོག་ལྗང་གུ་རྡོ་རྗེ་རྩེ་གསུམ་དང་ལྡན་པའི་ཕྱག་གཉིས་བདག་ཉིད་ཀྱི་སྤྱི་བོར་འཆང་བར་མཛད་ཅིང་དེ་ཁོ་ན་བཞིན་དུ་གནས་པར་བསྒོམ་པར་བྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ། ཨོཾ་བཛྲ་

པཱ་ཤ་ཧཱུཾ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཞེས་པའི་སྔགས་ཀྱིས་པདྨ་དང་ཟླ་བའི་སྟེང་དུ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ། མཛུབ་མོ་དང་མཐེའུ་ཆུང་
རྣམས་ལྕགས་སྒྲོག་ཏུ་བྱས་ཏེ་སྤྲད་པ་གན་རྐྱལ་དུ་རང་གི་ཁར་གཞག་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱའོ། །མཆོད་ཡོན་དང་། ཞབས་བསིལ་དང་། མེ་ཏོག་དང་། བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྐད་ཅིག་གིས་རང་གི་ལུས་ལ་གཞུག་པར་བྱའོ། །དེའི་རྗེས་སུ་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ་སྔོན་དུ་འགྲོ་བས་མི་བསྐྱོད་པས་དབུ་བརྒྱན་པའི་བདག་ཉིད་དུ་རྣམ་པར་བསམ་པར་བྱའོ། །ཨོཾ་སརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷ་བཛྲ་ཙཀྵུ་ཨ་ཨཱ་ཨཾ་ཨཱཿཔྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨ་ཨཱཿསརྦ་ཏ་ཐཱ་
ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་ཝཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ་སརྦ་དྷརྨ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་པའི་སྔགས་ཀྱིས་དང་པོ་དང་བར་དང་མཐར་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བའི་རྗེ་བཙུན་མཚན་ཡང་དག་པར་བརྗོད་པ་ཉི་མ་སོ་སོ་ལ་སོ་སོའི་ཐུན་མཚམས་ལ་ལན་
གསུམ་མམ་ལན་གྲངས་དུ་མར་སྐྱིལ་མོ་ཀྲུང་མ་བཤིག་པར་ཏིང་ངེ་འཛིན་དང་ལྡན་པའི་མཁས་པས་བཀླག་པར་བྱའོ། །དེ་བཞིན་དུ་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་མཐོང་གི་བར་དེ་སྲིད་དུ་བསྒོམ་ཞིང་བཀླག་པར་བྱའོ། །དེའི་རྗེས་སུ་རྒྱུད་ཇི་ལྟ་བ་བཞིན་དུ་དངོས་གྲུབ་ཀྱི་ཐབས་ལ་རྗེས་སུ་
གནས་པར་བྱའོ་ཞེས་སོ། །འཕགས་པ་མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཛྲ་སཱ་དྷ་ནཾ། བོད་སྐད་དུ། འཇམ་པའི་རྡོ་རྗེའི་སྒྲུབ་ཐབས། དཔལ་འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །དོན་རྣམས་ཕུན་
སུམ་ཚོགས་གྱུར་པ། །བདག་ཉིད་འཇམ་དཔལ་རྡོ་རྗེར་བྱ། །སེམས་ཅན་རྣམས་ཀྱི་འཁྲུལ་བལྟས་ནས། །དང་པོར་ཡོངས་སུ་བསྒོམ་པར་བྱ། །སྙིང་གར་མཾ་ཡིག་དེ་ཉིད་དགོད། །མཆོད་ཅིང་མངོན་པར་ཕྱག་འཚལ་ནས། །བླ་མ་རྫོགས་པའི་སངས་རྒྱས་ཀྱི། །སྐུར་གྱུར་གསུམ་

ལ་སྐྱབས་འགྲོ་སོགས། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །དངོས་མེད་ངོ་བོ་ཉིད་ཀྱིས་སྟོང་། །མཚན་མེད་རྒྱུ་དང་བྲལ་བ་སྟེ། །སྨོན་པ་དང་བྲལ་དངོས་ཀུན་
གྱི། །རྟོག་པ་སྤངས་པ་ཉིད་དུ་འདོད། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། གྲུ་གསུམ་དཀར་པོ་མཐོ་བའི་དབྱིབས། །སྣ་ཚོགས་ཆུ་སྐྱེས་རྡོ་རྗེའི་དབུས། །མཆོད་རྟེན་ནང་དུ་རྫོགས་སངས་རྒྱས། །རྡོ་རྗེ་སེམས་དཔའ་རིག་བཅས་བསྒོམ། །དེ་ཡི་ཞལ་བཞུགས་དེ་བཞིན་དུ། །རང་སེམས་
རྡོ་རྗེ་ལས་འཐོན་ནས། །ཡི་གེ་གསུམ་བྱུང་ཆུ་སྐྱེས་ལ། །ཧོ་ཡིག་གཉིས་ཀྱིས་རྣམ་པར་བརྒྱན། །དེ་ལས་བྱུང་བའི་འོད་ཟེར་གྱིས། །དེ་ནས་ལུས་ནི་ཞུ་བར་བལྟ། །ཟླ་བ་ཁུ་བའི་འོད་ཟེར་ཞུ། །མེར་མེར་ལ་སོགས་ཡང་དག་འཛིན། །ཕྱོགས་ཀུན་ན་གནས་ལྷ་མོ་རྣམས། །གླུས་བསྐུལ་དེ་ཡི་ཕྱི་ནས་
ནི། །འགྲོ་རྣམས་བདེ་བར་རབ་བསྒྲུབ་པའི། །བདག་ཉིད་བཞེངས་པ་བསམ་པར་བྱ། །རྡོ་རྗེའི་ཐུགས་ཁྱོད་གནས་ཀྱི་དབང་ཕྱུག་སེམས་ཅན་ཁམས། །སྐྱོབ་པ་དག་ནི་དགའ་བ་ཡིད་འོང་དོན་ཆེན་འདོད། །གཉེན་ཆེན་སེམས་ཅན་ཡབ་ཉིད་བདག་ལ་འདོད་པ་ཡིས། །གལ་ཏེ་མགོན་པོས་བདག་ལ་འདོད་
མཛད་འཚོ་བར་འགྱུར། །རྡོ་རྗེའི་སྐུ་ཁྱོད་སེམས་ཅན་མངའ་བརྙེས་བཀའི་འཁོར་ལོ། །སངས་རྒྱས་ཆེད་དུ་དོན་དམ་བྱང་ཆུབ་ཕན་རྗེས་སྟོན། །ཆགས་པས་འདོད་ཆགས་དམ་ཚིག་མཱ་མ་ཀཱི་བདག་ལ། །གལ་ཏེ་མགོན་པོས་བདག་ལ་འདོད་མཛད་འཚོ་བར་འགྱུར། །རྡོ་རྗེ་གསུང་ཁྱོད་ཀུན་ལ་ཕན་མཛད་
བརྩེ་བ་ཅན། །འཇིག་རྟེན་དོན་གྱི་བྱ་མཛད་རྟག་ཏུ་ཡང་དག་འཇུག །འདོད་པས་བདག་ལ་ཤིན་ཏུ་སྤྱོད་མཛད་ཀུན་དུ་བཟང་། །གལ་ཏེ་མགོན་པོས་བདག་ལ་འདོད་མཛད་འཚོ་བར་འགྱུར། །རྡོ་རྗེའི་སྐུ་ཁྱོད་དམ་ཚིག་མཆོག་གི་ཕན་ཆེན་དོན། །རྫོགས་བྱང་རྒྱུད་ལ་འདོད་བཞིན་མཉམ་ཉིད་བརྩེ་བ་ཅན། །
འདོད་པས་བདག་ལ་ཡོན་ཏན་རིན་ཆེན་གཏེར་མང་འབྱུང་། །གལ་ཏེ་མགོན་པོས་བདག་ལ་འདོད་མཛད་འཚོ་བར་འགྱུར། །བཅོམ་ལྡན་དེ་ཉིད་ལ་གཤེགས་ཀྱང་། །ལྷ་མོ་རྣམས་ཀྱིས་གླུ་ཡིས་བསྐུལ། །དངོས་རྣམས་སྒྱུ་མ་ལྟར་རིག་ནས། །རང་གི་སྔགས་དོན་བསྒོམ་པར་བྱ། །སངས་རྒྱས་སྤྲུལ་

ཚོགས་འཕྲོ་བ་ཡིས། །འགྲོ་བ་གསུམ་པོ་རབ་ཏུ་བསྒྲུབ། །མཾ་ཡིག་ལས་བྱུང་རྟག་ལས་ནི། །འཇམ་པའི་རྡོ་རྗེ་རང་བྱོན་ཉིད། །སྐུ་མདོག་དམར་པོ་གུར་གུམ་འདྲ། །སྔོ་དང་དཀར་པོ་ཞལ་གསུམ་སྟེ། །ཕྱག་གཉིས་རང་འོད་རིག་མ་ལ། །མཉམ་འཁྱུད་མཆུ་ནི་ཞལ་གྱིས་འཛིན། །
ཕྱག་ན་རལ་གྲི་མདའ་དང་ནི། །གཞུ་དང་ཨུཏྤལ་སྔོན་པོ་བསྣམས། །སྣ་ཚོགས་ཆུ་སྐྱེས་ཟླ་བའི་གདན། །རྡོ་རྗེ་སྐྱིལ་ཀྲུང་ཟླ་འོད་བཞིན། །སྲིད་པར་ཆགས་ཤིང་འཁོར་བ་ལས། །ཡང་དག་ཆགས་ཤིང་ཆགས་བྲལ་མཛད། །དཔལ་འཇམ་རྡོ་རྗེར་ཀུན་བདག་ཉིད། །ཐམས་ཅད་སྒྱུ་མ་ལྟ་བུར་བསམ། །
ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། མིག་སོགས་རྣམས་ལ་འོད་ཟེར་གྱིས། །དེ་ནས་ས་བོན་ལ་གཞུག་བྱ། །ཀྵཱིཾ་ཛྲིཾ་ཁཾ་གཾ་སྐཾ་སཾ་ཞེས། །ས་བོན་རྣམས་ཀྱིས་ཉེར་བསྒྲུབ་བོ། །ས་དབང་རྡོ་རྗེ་ནམ་མཁའ་དང་། །འཇིགས་དབང་སྒྲིབ་སེལ་ཀུན་དུ་བཟང་། །དེ་བཞིན་རྡོ་རྗེ་སྐྱེ་མཆེད་རྣམས། །ཉི་མའི་དཀྱིལ་
འཁོར་ལ་ཞུགས་སོ། །རང་གི་མགོ་བོ་མགྲིན་སྙིང་ཟླ། །ཨོཾ་ཨཱཿཧཱུཾ་གི་སྔགས་འོད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །སྔགས་ཀྱི་བདག་པོ་བསྒོམ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་
བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་གསུམ་གྱི་མཚན་ཉིད་བལྟས། །སྙིང་གར་ཡེ་ཤེས་ས་བོན་ལས། །ཕྱོགས་རྣམས་ཀུན་བྱོན་རྫོགས་སངས་རྒྱས། །རིག་མ་མཆོད་ཅིང་རིག་དབང་འཛིན། །སྤྱན་དང་སྐུ་སོགས་བྱིན་གྱིས་བརླབ། །རང་སྔགས་ལས་བྱུང་འོད་གསལ་མ། །མགོ་བོ་སྙིང་ག་ལྟེ་གསང་
ཞབས། །སྐུ་སོགས་རྡོ་རྗེ་རྣམ་བལྟ་ཞིང་། །ཨོཾ་ཧཱུཾ་སྭཱ་ཨཱཿཧཱ་ཞེས་པའི། །ཡན་ལག་ལྔ་འོད་རབ་ཏུ་གསལ། །སྐུ་དབང་མི་གཡོ་རིན་ཆེན་དབང་། །འོད་དཔག་མེད་དང་དོན་ཡོད་གྲུབ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་ཆུ་སྐྱེས་སྦྱོར་ལས་བྱུང་། །ཕྱོགས་ཀུན་དུས་
གསུམ་བཞུགས་པ་ཡི། །རྫོགས་སངས་བསྒོམ་བྱ་རྣལ་འབྱོར་པས། །དེ་ཚེ་གཟུགས་རྡོར་མ་སོགས་ཀྱིས། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཆོས་ཀུན་ལྷ་ལ་བསྟོད་པ་ནི། །སྒྲ་སྙན་སྒྲ་ནི་བཟང་པོ་ཡིས། །རང་གི་ང་རྒྱལ་མཆོག་ཞུགས་ཤིང་། །རང་ཡིད་ལྷག་པའི་ཚིག་

འདི་སྟེ། །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་སྙིང་པོ་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །
སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །
ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཤུ་མུ་མ་ར་བི་སོགས་དང་། །ལྔ་ནི་ད་ཧ་ན་གོ་ཀུ། །ཡིད་གསུམ་
བདུད་རྩིའི་ཟས་ཀྱིས་ནི། །ལུས་ངག་ཡིད་ནི་དག་པར་བྱ། །རྒྱུ་ཡི་ནུས་པ་མི་བསམ་སྟེ། །འདོད་ཆགས་ལ་སོགས་འཁྲུལ་པ་བྲལ། །འདི་ཉིད་ཀྱིས་ཀྱང་ཕ་རོལ་གྱི། །བྱང་ཆུབ་ཐོབ་པར་ཐུབ་པས་གསུངས། །ཡི་གེ་གསུམ་གྱི་ནང་ཞུགས་སྔགས། །སྤྲོས་ནས་སྐུ་སོགས་རྡོ་རྗེ་ཡིས། །
མཁའ་ཁྱབ་སྔགས་མཐར་བསྡུ་བ་དང་། །མཁས་པས་དེ་ཡི་བཟླས་པ་བྱ། །དེ་བཞིན་བཟླས་པས་སྐྱོ་གྱུར་ན། །སྤྱི་བོར་ཟླ་བ་ཨོཾ་གཤེར་ལས། །ཚིམ་པ་ཉིད་དུ་འགྱུར་བའི་ཕྱིར། །བྱང་ཆུབ་སེམས་བཟླས་སླར་ཡང་ནི། །ཀུན་ལ་རྨི་ལམ་སྒྱུ་སོགས་བཞིན། །བྱ་བ་ཐམས་ཅད་འགྲོ་ཕན་ཕྱིར། །
འཇམ་པའི་རྡོ་རྗེ་ཉིད་བསྐྱེད་ནས། །རྒྱུན་མི་འཆད་པར་གཙོ་བོ་བསྒོམ། །སྔགས་པས་མཆོད་པ་ལ་སོགས་བྱ། །དམ་པའི་སྐྱེ་བོ་ལས་སྐྱེས་འདོད། །ཡི་གེ་གསུམ་ཕན་རྫོགས་སངས་བསྒོམ། །སྐུ་ལ་སོགས་པ་བརྟག་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་ཀྱིས། །དེ་ཉིད་འགྲོ་ལ་
འདིར་འདོད་ཅིང་། །འགྲོ་བའི་དེ་ཉིད་ལས་སྐྱེས་པའི། །སྨོན་ལམ་དག་ནི་སྤེལ་བར་བྱ། །དཔལ་ལྡན་འཇམ་དཔལ་རྡོ་རྗེ་ནི། །བསྒོམས་པ་ལས་ཐོབ་དགེ་བ་འདིས། །འཇམ་དཔལ་ཡེ་ཤེས་སྐུར་གྱུར་ནས། །འགྲོ་བ་ཀུན་ལ་མཆོག་སྦྱིན་ཤོག །གང་ཚེ་བལྟ་བར་འདོད་པ་དང་། །འགའ་

ཞིག་འདྲི་བར་འདོད་པ་ལ། །དེ་ལ་དེ་བཞིན་མགོན་འདི་བསྟན། །འཇམ་དཔལ་མགོན་པོ་བགེགས་མེད་ཅིང་། །ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པའི། །སེམས་ཅན་དོན་རྣམས་མ་ལུས་བསྒྲུབ། །ཇི་ལྟར་འཇམ་པའི་སྤྱོད་པ་བཞིན། །བདག་ཀྱང་སྤྱོད་ཅིང་བསྟེན་
པར་ཤོག །ཇི་སྲིད་དང་པོ་མཐར་ཐུག་པའི། །འཁོར་བའི་མཐའ་ཡང་སྤངས་གྱུར་པ། །དེ་སྲིད་སེམས་ཅན་ཕན་མཛད་ཉིད། །སྤྱོད་པ་ཚད་མེད་བདག་གིས་སྤྱད། །ཇི་སྲིད་སངས་རྒྱས་མ་ལུས་རྣམས། །ངེས་པར་མྱང་འདས་འཇིག་རྟེན་གཉེན། །དེ་རྣམས་ཀྱི་ཡང་བསྟན་པའི་ཕྱིར། །
དུས་རེ་དུས་རེར་བདག་གིས་སྤྱད། །བྱིས་པ་གཞོན་ནུའི་གཟུགས་ཀྱིས་ནི། །ཐམས་ཅད་དུ་ནི་བདག་གིས་སྤྱད། །སྔགས་ཀྱི་གཟུགས་ཀྱིས་སེམས་ཅན་རྣམས། །དེ་དང་དེ་ཚེ་བདག་གིས་འདུལ། །ལངས་ནས་འཇམ་དཔལ་མགོན་པོ་ཡི། །སྤྱོད་པའི་ང་རྒྱལ་མཉམ་གཞག་ལས། །ཐམས་
ཅད་ལྷ་ཡི་གཟུགས་ཀྱིས་ནི། །ཡུལ་གྱི་རྗེས་འབྲང་བཟླས་པར་བྱ། །དབང་པོ་གཉིས་ནི་རབ་སྦྱོར་བས། །ཞལ་གསུམ་ཕྱག་དྲུག་དེ་བཞིན་དུ། །འཁོར་ལོ་རྡོ་རྗེ་རིན་པོ་ཆེ། །པདྨ་རལ་གྲི་ཕྱག་ན་བསྣམས། །གཟུགས་དང་སྒྲ་དང་དྲི་དང་ནི། །རོ་དང་རེག་བྱ་ཆོས་རྣམས་དང་། །སྐུ་དང་རྡོ་རྗེ་རིན་དབང་
དང་། །འོད་དཔག་དོན་ཡོད་ངོ་བོས་བསྐྱེད། །ཡུལ་ལྔའི་གཟུགས་སུ་གྱུར་པ་ལས། །སངས་རྒྱས་ཐམས་ཅད་ཁོང་དུ་ཆུད། །རང་གི་ལྷག་པའི་ལྷར་སྦྱོར་བས། །རང་གཞན་དེ་བཞིན་མཆོད་པར་བྱ། །ཟ་དང་ཉལ་དང་ཁྲུས་དང་ནི། །དེ་བཞིན་སྟན་ལ་འདུག་པ་ཡང་། །རང་གི་ལྷག་པའི་ལྷར་སྦྱོར་
བས། །ཀུན་ཀྱང་རང་བཞིན་བརྟག་པར་བྱ། །མདོར་བསྡུས་ཡན་ལག་བཞི་པ་ཡི། །དོན་བྲིས་ལེགས་པར་བཤད་པ་ཡིས། །འཇམ་པའི་རྡོ་རྗེ་འདིར་གྱུར་ནས། །འཇིག་རྟེན་བདེ་འབྲས་རབ་སྦྱིན་ཤོག །འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།
ཨེ་ཀཱ་ཀྵ་ར་ཀ་ཏི་པ་ཡ་པྲ་ཡོ་གི། བོད་སྐད་དུ། ཡི་གེ་གཅིག་པའི་རབ་ཏུ་སྦྱོར་བ་ཅུང་ཟད་པ། འཕགས་པ་འཇམ་པའི་མགོན་ལ་ཕྱག་འཚལ་ལོ། །ཐླྷིཾ་ཞེས་པ་ནི་བྱ་བ་ཀུན་གྲུབ་ནུས། །རབ་མཆོག་ཤིན་ཏུ་གསང་བ་ལས་ཀུན་པ། །ཡི་གེ་གཅིག་པ་ཞེས་བྱ་རིག་སྔགས་རྒྱལ། །སེམས་ཅན་

ཀུན་གྱི་རིམ་ལས་འདའ་མི་བྱེད། །སེམས་ཅན་ཀུན་གྱི་མཐུ་དང་ནི། །སེམས་ཅན་ཀུན་གྱི་བཀྲ་ཤིས་ཏེ། །སྒྲུབ་པ་པོ་ཡི་གསང་སྔགས་ཀུན། །འཇིག་རྟེན་ཀུན་གྱི་གཙོ་བོ་སྟེ། །ནོར་རྣམས་ཀུན་གྱི་དབང་ཕྱུག་གོ། །སྡང་བ་ཀུན་གྱི་བྱམས་བདག་ཉིད། །སྐྱེ་བོ་ཀུན་གྱི་བརྩེ་བ་ཅན། །བགེགས་རྣམས་
ཐམས་ཅད་འཇོམས་པར་བྱེད། །མདོར་བསྡུས་ནས་ཇི་ལྟ་ཇི་ལྟར་རབ་ཏུ་སྦྱོར་བ་དེ་ལྟ་དེ་ལྟར་བྱེད་པར་འགྱུར་རོ། །མ་བསྒྲུབས་པར་ཡང་ལས་ཐམས་ཅད་བྱེད་དོ། །སྔགས་བཟླས་ནས་གང་ལ་རེག་པ་དེ་དབང་དུ་འགྱུར་རོ། །གོས་ལ་མངོན་པར་བསྔགས་ནས་གོན་ན་སྐལ་བ་དང་ལྡན་པར་འགྱུར་རོ། །
སོ་ཤིང་ལ་མངོན་པར་བསྔགས་ནས་ཟོས་ན་སོའི་ཟུག་རྔུ་འཇོམས་པར་འགྱུར་རོ། །ཀ་ར་བཱི་ར་དཀར་པོའི་ཤིང་ལ་ལན་བདུན་མངོན་པར་བསྔགས་ནས་ཟོས་ན་མ་བསླངས་པར་ཡང་ཟས་རྙེད་པར་འགྱུར་རོ། །མིག་གི་ཟུག་རྔུ་ལ་རྒྱམ་ཚ་ཕྱེ་མར་བྱས་ནས་ལན་བདུན་མངོན་པར་བསྔགས་ཏེ་མིག་ཏུ་བླུགས་ན་
མིག་གི་ཟུག་རྔུ་འཇོམས་པར་འགྱུར་རོ། །གླང་པོ་ཆེའི་ལྕི་བ་ལ་སྤྲིན་ལས་བྱུང་བའི་ཤ་མོ་པ་ལཱཀྵའི་ལོ་མ་ལ་དྲིལ་ནས་མེ་ཆུང་ངུ་ལ་བསྲེགས་ནས་ལེགས་པར་བླངས་ཏེ་དྲོད་བདེ་བ་ཙམ་བྱས་ནས་རྒྱ་ཚའི་ཕྱེ་མ་དང་སྦྱར་ཏེ། ལན་བདུན་མངོན་པར་བསྔགས་ནས་རྣ་བར་བླུགས་ན་དེའི་སྐད་ཅིག་ལ་ཟུག་རྔུ་
ཞི་བར་འགྱུར་རོ། །བུད་མེད་བུ་སྐྱེ་བའི་དུས་སུ་མངལ་དམ་ཞིང་ཟུག་རྔུར་གྱུར་པ་ལ་བ་ཤ་ཀའི་རྩ་བ་སྲོག་ཆགས་མེད་པའི་ཆུ་ལ་བཏབ་ནས་ལྟེ་བའི་ཕྱོགས་སུ་བྱུག་པ་བྱས་ན་བདེ་བར་སྐྱེ་བར་འགྱུར་རོ། །རྨ་རེད་ཅན་གྱི་སྐྱེས་བུ་ལ་མར་རྙིང་པ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་འཐུངས་ཤིང་དེའི་ཕྱོགས་སུ་བྱུགས་
ན་དེའི་སྐད་ཅིག་དེ་ལ་དེ་བཞིན་དུ་རྨ་རེད་པ་མེད་པར་འགྱུར་རོ། །མ་ཞུ་བ་དང་། ཟུག་པ་དང་། གཅོང་ཅན་ལ་ཡང་རྭ་ཚའམ་ཚྭ་ལ་ལན་བདུན་མངོན་པར་བསྔགས་ཏེ་བཟའ་བར་བྱས་ན་དེ་ནས་ནད་ལས་གྲོལ་ཞིང་དེའི་ཉིན་མོ་ནས་བདེ་བར་འགྱུར་རོ། །བུ་ཚ་སྐྱེ་བའི་ཆོས་ལྡན་མ་བུ་སྐྱེ་བར་འདོད་ན་རྟ་དྲིའི་རྩ་བ་དང་བའི་
འོ་མ་མཉེས་ཤིང་བསྲེས་ཏེ། ལན་ཉི་ཤུ་རྩ་ལྔ་བཟླས་ནས་རྡུལ་དང་ལྡན་པའི་དུས་སུ་བཏུང་བར་བྱའོ། །ཕ་རོལ་གྱི་བུད་མེད་སྤངས་ཏེ་རང་གི་ཆུང་མ་ལ་མངོན་པར་འགྲོ་བར་བྱས་ན་བུ་སྐྱེ་བར་འགྱུར་རོ། །རིམས་ཉིན་གཅིག་པ་དང་། ཉིན་གཉིས་པ་དང་། ཉིན་གསུམ་པ་དང་། ཉིན་བཞི་པ་དང་།

རྟག་པའི་རིམས་རྣམས་ལ་མར་དང་བཅས་པའི་ཐུག་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་ཟོས་ན་བདེ་བར་འགྱུར་རོ། །མཁའ་འགྲོ་མ་དང་གདོན་གྱིས་ཟིན་པ་རྣམས་ལ་བདག་ཉིད་ཀྱི་ཁར་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བལྟས་ན་བདེ་བར་འགྱུར་རོ། །བྱིས་
པའི་མ་མོ་དང་། ལུས་སྲུལ་པོ་དང་། རོ་ལངས་དང་། གཞོན་ནུའི་གདོན་ལ་སོགས་པ་རྣམས་དང་། མི་ཐམས་ཅད་ལ་གདུག་པ་མི་བཟད་པས་ཟིན་པ་རྣམས་བདག་ཉིད་ཀྱི་ལག་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་བཟུང་ཞིང་མགོ་བོ་ལ་རེག་ན་བདེ་བར་འགྱུར་རོ། །ལན་གཅིག་
བཟླས་ན་བདག་ཉིད་སྲུང་བར་འགྱུར་རོ། །གཉིས་བཟླས་ན་སྲུང་བ་ཆེན་པོར་འགྱུར་རོ། །གསུམ་བཟླས་ན་ཁྱིམ་སྲུང་བར་འགྱུར་རོ། །བཞི་བཟླས་ན་གྲོང་སྲུང་བར་འགྱུར་རོ། །ལྔ་བཟླས་ན་གྲོང་ཁྱེར་སྲུང་བར་འགྱུར་རོ། །དེ་བཞིན་དུ་ཇི་སྲིད་དྲུག་བཟླས་ན་དམག་ཚོགས་སྲུང་བར་
འགྱུར་རོ། །འདི་རྣམས་དང་གཞན་ལས་ཕྲ་མོ་མ་གསུངས་པ་ཡང་བྱེད་དོ། །སྔགས་འདིས་དེ་བཞིན་དུ་བུད་མེད་ཀྱི་མོ་ནད་ལ་སོགས་པ་རྣམས་ལ་ཨ་ལཾ་མུ་ཤའི་རྩ་བ་ལོ་མ་དང་མཉེས་ཤིང་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་འོ་མ་དང་བསྲེས་ཏེ་བཏུང་བར་བྱས་ན་བདེ་བར་འགྱུར་རོ། །ཏ་མཐའ་
ར་མཐའ་ཡང་དག་སྦྱོར། །ས་མཐའ་ཨི་ཡི་དབྱངས་ཀྱིས་མཛེས། །ཟླ་ཕྱེད་ཐིག་ལེས་མནན་པར་བྲི། །བླ་མའི་མན་ངག་བལྟ་ཞིང་བཟླས། །ཡི་གེ་གཅིག་པའི་རབ་ཏུ་སྦྱོར་བ་ཅུང་ཟད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ན་ཀལྤ། བོད་སྐད་
དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཆོ་ག་དང་བཅས་པ། འཕགས་པ་མི་གཡོ་བ་ལ་ཕྱག་འཚལ་ལོ། །པུས་མོའི་ལྷ་ང་སར་བཙུགས་ཕྱག་གཡས་རལ་གྲི་བསྣམས། །ཅིག་ཤོས་ཕྱག་ནི་ཁུ་ཚུར་སྡིགས་མཛུབ་ཞགས་པ་བསྣམས། །སྐུ་ལུས་སྲ་མཁྲེགས་གཏུམ་ཞིང་འབར་བ་ཁྲོ་
བའི་སྤྱན། །བགེགས་འཇོམས་མི་གཡོ་སྲིད་པའི་བགེགས་རྣམས་ཞི་བར་མཛད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའ་འདྲེན་པ་རྣམས། །དེ་རྣམས་རྣམ་པ་སྣ་ཚོགས་པའི། །མེ་ཏོག་ལ་སོགས་བློ་ཡིས་མཆོད། །སྡུག་བསྔལ་རྣམས་བལྟས་

བསྐྱབ་པའི་ཕྱིར། །བདག་གི་ལུས་ཉིད་དབུལ་བར་བགྱི། །སྔགས་པས་དགེ་བ་སྤེལ་བའི་ཕྱིར། །སྡིག་པ་རྣམས་ནི་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་སེམས་ཚོགས། །སློབ་དང་མི་སློབ་སེམས་ཅན་གྱི། །བསོད་ནམས་རང་བཞིན་མ་ལུས་པ། །དེ་ལ་རྗེས་སུ་ཡི་རང་ངོ་། །
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ། །རྫོགས་པའི་བྱང་ཆུབ་ངེས་པར་བསྟེན། །ཚད་མེད་པ་ཡི་གནས་བཞི་པོ། །རིམ་པ་ཇི་བཞིན་བསྒོམ་པར་བྱ། །མཚན་ཉིད་དང་བྲལ་སྟོང་པ་ཉིད། །རྒྱུ་དང་བྲལ་བས་མཚན་མ་མེད། །སྨོན་ལམ་ལས་ཀྱང་རྣམ་གྲོལ་བའི། །ངོ་བོ་ཉིད་ཀྱི་རང་
བཞིན་བསྒོམ། །སྣ་ཚོགས་པདྨ་ཉི་མའི་དབུས། །ཧཱུཾ་ཡིག་ལས་བྱུང་བཞུགས་པར་བསྒོམ། །དཔའ་བོ་སྤྱན་གཉིས་དམར་པོ་སྟེ། །ཕྱག་གཉིས་རིན་ཆེན་ཅོད་པན་ཅན། །མགོན་པོ་སྡིག་པ་འཕྲལ་དུ་སྤང་། །ཇི་ལྟར་འདོད་པ་ཡོངས་སུ་སྐོང་། །ཟར་མའི་མེ་ཏོག་ལྟ་བུའི་མདོག །སངས་རྒྱས་
དྲི་མེད་འོད་ཟེར་འགྱེད། །མཆེ་བས་མཆུ་ནི་ངེས་པར་མནན། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །གཡོན་པ་སྡིགས་མཛུབ་ཞགས་པ་སྟེ། །པུས་མོ་གཡོན་པ་ས་ལ་བཙུགས། །ཕྱག་ན་རལ་གྲི་བསྣམས་པ་ཡི། །དཔལ་ལྡན་ཁྲོ་བོ་གཏུམ་པོ་ཆེ། །འཇིགས་བྱེད་ཆེན་པོ་ཟུར་གྱིས་
གཟིགས། །མི་བཟད་འཇིགས་པར་བྱེད་པ་པོ། །ཡེ་ཤེས་སེམས་དཔའ་གཟི་བརྗིད་ཆེ། །དམ་ཚིག་སེམས་དཔའ་མཚུངས་པར་བལྟ། །སྔགས་པས་དེ་ཡི་ཐུགས་ཀ་རུ། །ས་བོན་མཚན་མ་ཡང་དག་ལྡན། །ལྷ་ཡི་རྣམ་པར་སྦྱོར་བ་ཡིས། །བསམ་གཏན་སྐྱོ་ན་སྔགས་བཟླས་བྱ། །དེ་ལས་
གསུངས་པའི་དངོས་གྲུབ་ནི། །ཐེ་ཚོམ་མེད་པ་ཉིད་དུ་འཐོབ། །དེ་ལ་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། །སྔགས་ཀྱི་རྒྱལ་པོ་འདི་ལན་ཅིག་བརྗོད་པས། སྡིག་པ་ཐམས་ཅད་ངེས་པར་སྲེག་ཅིང་ཐམས་ཅད་དུ་ངེས་པར་སྲུང་བ་དང་། སྦེད་པར་བྱེད་དོ། །སྲན་མ་
ལ་སོགས་པ་རྣམས་ཀྱིས་བྲབས་ན་འབྱུང་པོ་ལ་སོགས་པའི་འཇིགས་པ་འཇོམས་པར་བྱེད་དོ། །ཁམ་ཕོར་སོ་མ་བཏང་བ་ལ་ཐོད་ལེ་ཀོར་གྱིས་མངོན་པར་བྲིས་ནས་སྒོ་ལྟག་ལ་དཔྱངས་ན་བྱིས་པ་གསར་དུ་སྐྱེས་པ་རྣམས་སྲུང་བར་བྱེད་དོ། །སྤྲ་ཚིལ་གྱིས་གཟུགས་སོར་བཞིའི་ཚད་དུ་བྱས་ནས་

དེའི་སྙིང་གར་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་གྲོ་ག་ལ་མངོན་པར་བྲིས་ཏེ་བཅུག་ནས་དེའི་ཁར་ཚེར་མ་བཅུག་ན་ཕྱིར་རྒོལ་བ་ཕུར་བུས་འདེབས་པར་འགྱུར་རོ། །རྐང་པ་ལ་བཙུགས་ན་འགྲོ་འཕྲོ་ལ་རེངས་པར་འགྱུར་རོ། །སྙིང་གར་བཙུགས་ན་ཁྲོས་པ་ཞི་བར་འགྱུར་
རོ། །མིའི་རྗེ་ངར་གྱི་ཕུར་བུའམ། ལྕགས་ཀྱི་ཕུར་བུ་གང་དང་གང་གིས་མིང་བཟུང་སྟེ་ལུས་ལ་བཏབ་ན་དེ་དང་དེ་རྣམ་པར་འཇིག་པར་འགྱུར་རོ། །དགྲའི་སྒོ་ཁར་སྦས་ན་བརླག་པར་འགྱུར་རོ། །ཁྱི་ནག་པོའི་ཐོད་པ་ལ་མིང་དང་བཅས་པ་བྲིས་ནས་ཀླུའི་གནས་སུ་སྦས་ན་མཛེས་ཟིན་པར་འགྱུར་
རོ། །རབས་ཆད་ཀྱི་ཐོད་པ་ལ་སྔགས་དང་བཅས་ཏེ་བྲིས་ནས་རབས་ཆད་ཀྱི་དུར་ཁྲོད་དུ་སྦས་ན་རབས་ཆད་པར་འགྱུར་རོ། །རོ་མཚོ་ལྐུགས་པར་སྦས་ན་ཐམས་ཅད་རེངས་པར་འགྱུར་རོ། །མེ་ཐབ་ཏུ་སྦས་ན་རིམས་ཀྱིས་འཆིའོ། །དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་ནས་དགྲ་བོའི་སྒོ་གླེགས་
ལ་བཏགས་ན་དེ་སྐྲོད་པར་འགྱུར་རོ། །རལ་གྲི་ལ་མངོན་པར་བསྔགས་ནས་གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར་རོ། །བྱ་བ་གང་ལ་འཇུག་པ་ན་གཏོར་མ་བཏང་ན་དེ་འགྲུབ་པར་འགྱུར་རོ། །སྔགས་པས་དགེ་བ་དང་མི་དགེ་བའི་ལས་གང་དང་གང་འདོད་པ་བཟླས་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །
བདག་གིས་བྲིས་ལས་གང་ཐོབ་པའི། །དགེ་བས་སེམས་ཅན་དོན་གྲུབ་ཅིང་། །དེས་འདིར་འཇིག་རྟེན་མ་ལུས་པ། །རྫོགས་པའི་བྱང་ཆུབ་སྣོད་ལྡན་ཤོག །གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཆོ་ག་དང་བཅས་པ་རྫོགས་སོ།། །།སློབ་དཔོན་འོད་ཟེར་འབྱུང་གནས་གྲགས་པས་མཛད་པའོ།།
༄༅༅། །རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། གཏུམ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས། དེ་ནས་པདྨ་དཀར་པོའི་སྟེང་དུ་ཉི་མ་ལ་ཧཱུཾ་ཡིག་ནག་པོ་ཡོངས་སུ་གྱུར་པ་
ལས་བཅོམ་ལྡན་འདས་གཏུམ་པོ་ཆེན་པོ་ཟར་མའི་མེ་ཏོག་ལྟ་བུ་གཞན་གྱིས་མི་གཡོ་བ་ཞལ་གཅིག་པ་ཕྱག་གཉིས་པ། ཟུར་གྱིས་གཟིགས་པ། མཆེ་བ་གཙིགས་པ། མི་བཟད་པའི་ཞལ་ཆེན་པོ། རིན་པོ་ཆེའི་དབུ་རྒྱན་ཅན། མཆེ་བས་མ་མཆུ་མནན་པ། མགོ་བོའི་ཕྲེང་བས་དབུ་བརྒྱན་

པ། སྤྱན་གཉིས་དམར་བ། ཕྱག་གཡས་ན་རལ་གྲི་བསྣམས་ཤིང་ཕྱག་གཡོན་པ་ཞགས་པ་དང་སྡིགས་མཛུབ་ཐུགས་ཀར་གནས་པའོ། །སྦྲུལ་དཀར་པོས་སེ་རལ་ཁ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ཞབས་གཡོན་པ་ས་ལ་
རེག་པ། ཞབས་གཡས་པ་ཅུང་ཞིག་བཏེག་པ། ཉི་མའི་འོད་ཟེར་གྱི་ཕྲེང་བ་ཅན་གྱི་བདག་ཉིད་དུ་རྣམ་པར་བསམ་པར་བྱའོ། །དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་བསྒོམ་པ་སྔོན་དུ་འགྲོ་བས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་པར་བྱའོ། །དེ་ནས་བཟླས་པའི་སྔགས་ནི་
ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་ཡིད་དང་མཐུན་པའི་
གནས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ནག་པོ་བལྟ་བར་བྱའོ། །དེའི་འོད་ཟེར་གྱིས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ཏེ་ནམ་མཁའ་ལ་རྣམ་པར་བལྟ་བར་བྱའོ། །དེ་ནས་ཧཱུཾ་
ཡིག་ལས་འོད་ཟེར་བྱུང་སྟེ་མེ་ཏོག་ལ་སོགས་པ་ཉེར་སྤྱོད་ལྔས་དེ་རྣམས་ལ་ཡང་དག་པར་མཆོད་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་ལ་སོགས་པ་རྣམས་བྱའོ། །དེ་ནས་བྱམས་པ་ནི་
སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་དགའ་བའི་མཚན་ཉིད་དོ། །སྙིང་རྗེ་ནི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པ་རྣམས་ཡང་དག་པར་གདོན་པར་འདོད་པའོ། །དེ་ལ་རབ་ཏུ་དགའ་བའི་གཟུགས་ནི་དགའ་བའོ། །བཏང་སྙོམས་ནི་དམ་པ་མ་ཡིན་པའི་ཉེས་པ་ཡོངས་སུ་ཞི་བའི་
རང་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་ཁམས་གསུམ་པོ་སྟོང་པ་ཉིད་དུ་རྣམ་པར་བལྟས་ནས་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བར་སྣང་ལ་པདྨའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་རལ་གྲིའི་

ཆང་པར་ཧཱུཾ་ཡིག་གནས་པའི་བདག་ཉིད་ཡོངས་སུ་གྱུར་པ་ལས་མི་གཡོ་བ་གཏུམ་པོའི་སྐུར་བལྟ་བར་བྱའོ། །ཟླུམ་ཞིང་དམར་ལ་འབར་བའི་ཁྲོ་བོའི་སྤྱན་བགྲད་པ། དཔྲལ་བར་ཁྲོ་གཉེར་བསྡུས་པ། ཡ་སོས་མ་མཆུ་བསྡམས་པ། པུས་མོ་གཡོན་
པ་ས་ལ་བཙུགས་པ། ཞབས་གཡས་པས་བདུད་གདུག་པ་ཅན་གནོན་པ། ཕྱག་གཡས་པས་རལ་གྲི་བསྣམས་པ། གཡོན་པ་ཁུ་ཚུར་སྡིགས་མཛུབ་དང་བཅས་པའི་ཞགས་པས་སྲིད་པ་གསུམ་གྱི་འཇིགས་པ་འཇོམས་པ། ཨིནྡྲ་ནཱི་ལ་དང་མཚུངས་པའི་འོད་ཟེར་ཅན། མེ་འབར་
བའི་གཏུམ་པོ་ཆེན་པོའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་བཀུག་ནས་དམ་ཚིག་སེམས་དཔའ་ལ་རབ་ཏུ་བཅུག་སྟེ། དབང་བསྐུར་བླང་བར་བྱའོ། །དབང་བསྐུར་བའི་མཐར་སྤྱི་བོར་མི་བསྐྱོད་པར་བལྟ་བར་བྱའོ། །དེ་ནས་བསྒོམས་པས་ངལ་ན་
སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་མི་
གཡོ་བ་ལ་ཕྱག་འཚལ་ལོ། །ཡིད་དང་མཐུན་པའི་ས་ཕྱོགས་འགའ་ཞིག་ཏུ་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ནག་པོ་བསམ་པར་བྱའོ། །དེའི་འོད་ཟེར་གྱིས་ནམ་མཁའི་ཕྱོགས་བླ་མ་དང་། སངས་རྒྱས་
དང་། བྱང་ཆུབ་སེམས་དཔའ་དང་། འཆད་པར་འགྱུར་བའི་གཏུམ་པོ་ཆེན་པོ་གདན་དྲངས་ནས་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་དང་། མི་བྱེད་པར་སྡོམ་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་
དང་། བདག་ཉིད་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚད་མེད་པའི་གནས་བཞི་བསྒོམ་པར་བྱས་ནས། འགྲོ་བ་འདི་རྣམས་རང་བཞིན་མེད་པའི་ངོ་བོ་ཉིད་གཟུང་བ་

དང་འཛིན་པ་ལས་ངེས་པར་གྲོལ་བ་རྨི་ལམ་དང་སྒྱུ་མ་དང་ཆུ་བུར་ལྟར་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་སུ་དྲི་མ་མེད་པའི་ནམ་མཁའི་ཕྱོགས་སུ་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་
རལ་གྲིའི་ཆང་པར་ཧཱུཾ་ཡིག་གོ། །དེའི་འོད་ཟེར་རྣམས་ཀྱིས་སངས་རྒྱས་ཀྱི་ཚོགས་ཐམས་ཅད་གདན་དྲངས་ནས་ཧཱུཾ་གི་ཡི་གེ་ལ་རབ་ཏུ་གཞུག་པར་བྱའོ། །དེ་ནས་ཧཱུཾ་ཡིག་ལས་བྱུང་བའི་མེ་བསྐལ་པའི་མེ་ལྟ་བུར་འབར་བའི་ཕྲེང་བ་འཁྲིགས་པས་གདུག་པ་ཅན་གྱི་བདུད་འཇོམས་པ།
སྤྲིན་ནག་ཆེན་པོ་ལྟ་བུའི་སྐུ་མདོག་ཅན། སྣ་ཚོགས་པའི་རྒྱན་དང་རིན་པོ་ཆེས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན། གཞོན་ནུ་ཟུར་ཕུད་ལྔ་འཕྲོ་བ། ཀུནྡ་བཞིན་དུ་ཞལ་གཙིགས་ཤིང་ཡ་སོས་མ་མཆུ་བསྡམས་པ། གདུག་པ་ཅན་སྐྲག་པར་འཇིགས་སུ་རུང་བའི་སྐུ་ལ་བརྟེན་པ། ཁྲོ་
གཉེར་བསྡུས་པས་རབ་ཏུ་འཇིགས་ཤིང་སྤྱན་གཉིས་ཟུར་མིག་ཏུ་བལྟ་བ། ཞབས་ཀྱི་པུས་མོ་གཡས་པ་ཉི་མའི་དཀྱིལ་འཁོར་ལ་བཙུགས་པ། ཆུ་སྐྱེས་ལ་གནས་པའི་ཉི་མའི་སྟེང་དུ་ཞབས་གཡོན་པ་འདེགས་པར་འདོད་པ། ཕྱག་གཡས་ན་ཧཱུཾ་ཡིག་གི་ཆང་པ་ནས་འབར་བཞིན་པའི་རལ་གྲི་
ནག་པོ། གཡོན་པའི་ཁུ་ཚུར་སྡིགས་མཛུབ་ཀྱིས་དཔག་ཏུ་མེད་པར་འཁྲུགས་པའི་ཁྱབ་འཇུག་དང་། དབང་ཕྱུག་དང་། ཚངས་པ་ལ་སོགས་པ་རྣམས་ལ་བསྡིགས་ཤིང་ཉོན་མོངས་པའི་དགྲའི་ཚོགས་འཆིང་བའི་རྡོ་རྗེས་མཚན་པའི་གསེར་གྱི་ཞགས་པ་བསྣམས་པའོ། །འགྲོ་བ་རྣམས་
ཀྱི་མངོན་པར་འདོད་པ་ཕུན་སུམ་ཚོགས་པའི་དགའ་བ་སྟེར་བས་གཅིག་ཏུ་འབར་བའི་དཔལ་ལྡན་གཏུམ་པོ་ཆེན་པོ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོ་མི་གཡོ་བའི་ཐུགས་ཀར་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་ཆང་པ་ཧཱུཾ་གིས་མཚན་པའི་རལ་གྲི་
ཡོངས་སུ་གྱུར་པ་ལས་ཧཱུཾ་ཡིག་ལས་སྐྱེས་པའི་གཏུམ་པོ་ཆེན་པོ་གཉིས་པ་ཐུགས་ཀར་བཞུགས་པའི་བཅོམ་ལྡན་འདས་བསམ་པར་བྱའོ། །དེའི་ཡང་ཐུགས་ཀའི་པདྨ་དང་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་དྲང་པོར་སྐྱེས་པ། དེའི་རལ་གྲིའི་ཡུ་བ་ཧཱུཾ་ཡིག་གིས་མཚན་པ། དེའི་

འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་དང་འདྲ་བར་བལྟས་ནས་ཛཿཡིག་གིས་དགུག་ཅིང་། ཞལ་བསིལ་དང་བསང་གཏོར་ལ་སོགས་པས་ཕྱོགས་སུ་བྱོན་ནས་ཧཱུཾ་ཡིག་གིས་དེ་ལ་དེ་བཞིན་དུ་གཞུག་པར་བྱའོ། །བཾ་ཡིག་གིས་བཅིང་
བར་བྱའོ། །ཧོཿཡིག་གིས་མཉེས་པར་བྱ་སྟེ། འོ་མ་དང་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་ཏུ་གྱུར་པའི་གཙོ་བོ་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་སྤྱན་དག་དང་། སྙན་དག་དང་། ཤངས་ཀྱི་བུ་ག་དག་དང་། ཞལ་དང་། དབུ་དང་། ཐུགས་རྣམས་སུ་ཇི་ལྟར་སྦྱོར་བའི་རིམ་པས་རྣམ་པར་
སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། བདག་མེད་མ་རྣམས་ཏེ། ཡན་ལག་དྲུག་རྣམས་ལ་དགོད་པར་བྱའོ། །ཐུགས་ཀར་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ལྔ་དང་ལྷ་མོའི་
ཚོགས་རྣམས་བཀུག་ནས་བདུད་རྩི་ལྔས་གང་བའི་བུམ་པས་ཁྲུས་བྱ་ཞིང་མི་བསྐྱོད་པས་དབུ་བརྒྱན་པའོ། །ལྷ་མོ་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་གར་དང་། རོལ་མོ་ལ་སོགས་པ་སྣ་ཚོགས་པའི་མཆོད་པ་ལ་སོགས་པས་མཉེས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་གཞན་དོན་ལ་བརྩོན་
པས་སེམས་ཅན་ཐམས་ཅད་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཁྱབ་འཇུག་དང་། དབང་ཕྱུག་དང་། ཚངས་པ་དང་། འདོད་ལྷ་ལ་སོགས་པ་རྣམས་ཀྱི་གཏི་མུག་ཆེན་པོའི་དྲ་བ་དང་། ཞེ་སྡང་ཆེན་པོའི་དྲ་བ་དང་། འདོད་ཆགས་ཆེན་པོའི་དྲ་བ་རྣམས་ཀྱི་མ་རིག་པའི་
མུན་པས་སྲིད་པའི་འཁོར་ལོར་འཁྱམས་པ་དེ་རྣམས་བལྟ་བར་བྱའོ། །དེ་ནས་སྙིང་གའི་སྔགས་ལས་འཕྲོས་པའི་ཁྲོ་བོའི་རྒྱལ་པོ་ཆེན་པོ་དཔག་ཏུ་མེད་པས་བདུད་ཀྱི་དཔུང་གི་ཚོགས་རྣམས་གཅེར་བུ་སྐྲ་གྲོལ་བ་ངུ་བཞིན་པ་སྐྱབས་མེད་པ་རྣམས་ལ་རྡོ་རྗེའི་ཞགས་པས་བཅིངས་ཤིང་རལ་གྲི་རྣོན་པོས་དུམ་
བུར་གཏུབས་ཤིང་བཅད་ནས་སླར་ཡང་བྱམས་པའི་སེམས་ཀྱིས་དྲི་མ་མེད་པའི་ཆོས་ལ་བཅུག་ནས་རང་གི་གོ་འཕང་ལ་དགོད་པར་བྱའོ། །བསམ་གཏན་གྱིས་སྐྱོ་ན་སྔགས་བཟླས་པར་བྱའོ། །ཐུགས་ཀ་དང་སྨིན་མའི་བར་དུ་མཉམ་དུ་གནས་པས་སྣ་ཚོགས་དེ་བཞིན་ཉིད་གཅིག་ཏུ་གྱུར་པའི་སྐུ་མགོན་

པོ་གཏུམ་པོ་ཆེན་པོའི་སྔགས་བཟླས་པ་ཙམ་གྱིས་གདུལ་དཀའ་བ་རྣམས་འདུལ་བ་དང་། དུལ་བ་རྣམས་དབང་དུ་བྱ་བ་དང་། ཞི་བ་དང་། སྲུང་བ་དང་། སྦེད་པ་དང་། མཉེས་པ་དང་། རྒྱས་པ་དང་། དེ་བཞིན་དུ་བསྐྲད་པ་དང་། དགུག་པ་དང་། གསད་པ་དང་། སྐྲག་པའི་ལས་ཐམས་ཅད་འགྲུབ་
པར་འགྱུར་རོ། །ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཁ་དི་ར་བ་ནཱི་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་
མ་བཞིན་དུ་སྟོང་པ་ཉིད་མཐར་ཐུག་པ་བསྒོམས་ནས་ཏཱྃ་གི་ས་བོན་ཡོངས་སུ་གྱུར་པ་ལས། ཨུཏྤ་ལའི་ལྟེ་བར་ཏཱྃ་གི་ས་བོན་ནོ། །དེ་ཡོངས་སུ་གྱུར་པ་ལས་སྐུ་མདོག་ལྗང་གུ་དོན་ཡོད་གྲུབ་པས་དབུ་བརྒྱན་པ། མཆོག་སྦྱིན་དང་ཨུཏྤ་ལ་ནི་གཡས་དང་གཡོན་གྱི་ཕྱག་ན་བསྣམས་པའོ། །མྱ་ངན་མེད་པའི་
ཤིང་གི་འོད་ཟེར་ཅན་དང་། རལ་པ་གཅིག་མ་དག་གཡས་དང་། གཡོན་གྱི་ཕྱོགས་ཆར་གནས་པ། གཞོན་ནུ་མཛེས་ཤིང་རྒྱན་དང་ལྡན་མ། སེང་ལྡེང་གི་ནགས་སུ་སྣ་ཚོགས་པའི་སེམས་ཅན་གྱི་དོན་བྱེད་པར་བསམས་ལ་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་
ཞེས་པའི་སྔགས་བཟླས་ལ། དེ་ཉིད་ཀྱི་ཡིད་ཀྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཏཱ་རཱེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་ཆེན་མོའི་
སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་རང་གི་སྙིང་གར་ཟླ་བའི་དབུས་སུ་གནས་པའི་ཏཱྃ་གི་ས་བོན་ལས་བྱུང་བའི་འོད་ཟེར་རྫོགས་པ་ལས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བསམས་ཏེ། དེ་རྣམས་ལ་ཡང་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་ཡང་དག་
པར་མཆོད་ནས། དེའི་མདུན་དུ་བླ་ན་མེད་པའི་མཆོད་པ་བདུན་བྱའོ། །དེ་ནས་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་ཟླ་བ་ལ་ཏཱྃ་ལས་ཡང་དག་པར་བྱུང་བའི་ཨུཏྤ་ལ་དཀར་པོ་ལ་གནས་པའི་ཏཱྃ་ཡིག་ལས་བྱུང་བའི་སྒྲོལ་མ་སྔོན་མོ་ཕྱག་གཉིས་

པའི་གཡས་པ་མཆོག་སྦྱིན་པ། གཡོན་པ་སྡོང་བུ་དང་བཅས་པའི་ཨུཏྤ་ལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྒོམ་པར་བྱའོ། །ཐལ་མོ་སྦྱར་ནས་མཛུབ་མོ་གཉིས་ཀྱིས་གུང་མོ་དག་མནན་ཏེ། མཐེབ་
ཆེན་དག་ཆུ་སྐྱེས་ལ་རེག་པ་ནི་ཨུཏྤ་ལ་ཁ་བྱེ་བའི་ཕྱག་རྒྱའོ། །དེ་ནས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པའི་སྔགས་བརྗོད་པར་བྱའོ། །སྒྲོལ་མ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་ར་ད་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། མཆོག་སྦྱིན་སྒྲོལ་མའི་སྒྲུབ་ཐབས། འཕགས་
མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས་པཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་ཀྱི་དབུས་སུ་ཨཾ་ཡིག་ལས་སྐྱེས་པའི་ཟླ་བ་ལ་ཏཱཾ་ཡིག་ལྗང་གུ་ལས་སྐྱེས་པའི་སྒྲོལ་མ་སྐུ་མདོག་ལྗང་གུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་
ཨུཏྤ་ལ་བསྣམས་ཤིང་གཡས་པ་མཆོག་སྦྱིན་དང་ལྡན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །གཡས་ཕྱོགས་ལོགས་ན་མྱ་ངན་མེད་པའི་འོད་ཟེར་ཅན་སེར་མོ་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་ཅན། གཡོན་དང་གཡས་ཀྱི་ཕྱག་དག་གིས་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་བ་ཀུ་ལི་
བསྣམས་པའོ། །དེ་བཞིན་དུ་རྨ་བྱ་ཆེན་མོ་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་དག་གིས་རྨ་བྱའི་སྒྲོ་དང་རྔ་ཡབ་བསྣམས་པའོ། །གཡོན་ཕྱོགས་ལོགས་སུ་རལ་གཅིག་མ་ཐུང་ཞིང་གནག་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། སྤྱན་གསུམ་པ། ཞལ་མཆེ་བ་གཙིགས་པ། སྐྲ་ཁམ་
པ་གྱེན་དུ་འབར་བ། གྲི་གུག་དང་ཐོད་པ་བསྣམས་པའོ། །དེ་བཞིན་དུ་འཕགས་མ་དུག་སེལ་མ་ལྗང་གུ་གཡོན་པ་དང་གཡས་པའི་ཕྱག་དག་གིས་སྦྲུལ་ནག་པོ་དང་རྔ་ཡབ་བསྣམས་པ་བསྒོམ་པར་བྱའོ། །དེ་བཞིན་དུ་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་སོ། །
མཆོག་སྦྱིན་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་ཤྱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། དབང་དུ་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཏཱཾ་ཡིག་ལས་སྐྱེས་པའི་ཨུཏྤལ་ཏཱཾ་ཡིག་གི་དབུས་སུ་མནན་པར་བསམས་ལ། དེ་

ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་ཕྱག་གཡོན་པ་ན་ཨུཏྤ་ལ་བསྣམས་ཤིང་གཡས་པ་མཆོག་སྦྱིན་མཛད་པ་བཟང་པོའི་སྟན་ལ་བཞུགས་པ། དོན་ཡོད་གྲུབ་པས་དབུ་བརྒྱན་པར་བསམས་ནས་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོའི་
དབང་དུ་གྱིས་ཤིག་སྭཱ་ཧཱ། ཞེས་པས་བསྒྲུབ་བྱའི་མིང་དང་བཅས་པས་གོང་དུ་བསྟན་པའི་གྲངས་ངེས་པའི་བཟླས་པ་བྱའོ། །མདའ་ལ་སོགས་པའི་མཚན་མ་མེད་ཀྱང་ཨུཏྤ་ལས་བསྒྲུབ་བྱའི་སྐེ་བཅིངས་ཏེ། རང་གི་ལུས་ཀྱི་འོད་ཀྱི་ཚོགས་ཀྱིས་དེའི་ལུས་ལ་བཀང་སྟེ་རང་གི་དབང་དུ་བྱ་བའི་གནས་སུ་
གཞག་པར་བྱའོ་ཞེས་སོ། །དབང་དུ་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས། །འདོད་
པའི་དོན་ཀུན་སྒྲུབ་བྱེད་པའི། །རྡོ་རྗེ་སྒྲོལ་མ་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་པར་བྱ། །དེ་ལ་སྔགས་ཀྱི་ཚིག་ནི་འདི་རྣམས་སུ་འགྱུར་ཏེ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱཾ་པྲ་དུཥྚཱཾ་མ་མ་ཀྲ་
ཏེ་ཛམྦྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། སརྦ་དུཥྚཱཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། མ་མོའི་དཀྱིལ་འཁོར་དབུས་གནས་པའི། །ལྷ་མོ་སྒྲོལ་མ་བསྒོམ་པར་བྱ། །ཕྱག་བརྒྱད་ཞལ་བཞི་དང་ལྡན་པ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཡི། །གསེར་གྱི་མདོག་ཅན་བསྒོམ་བྱ་སྟེ། །
གཞོན་ནུ་མ་ཡི་མཚན་ལྡན་བརྗོད། །རྡོ་རྗེ་ཉི་མས་དབང་བསྐུར་སྐྱེས། །སངས་རྒྱས་ལྔ་ཡི་ཅོད་པན་ཆེ། །ལང་ཚོ་གཞོན་ཞིང་ཡིད་དུ་འོང་། །གསེར་གྱི་རྣ་རྒྱན་གཡོ་བ་ཅན། །འོད་ཟེར་དམར་པོས་རྣམ་བརྒྱན་ཅིང་། །སྣ་ཚོགས་པདྨའི་གདན་ལ་བཞུགས། །རྡོ་རྗེ་ཞགས་པ་དེ་བཞིན་
དུང་། །མདའ་རྣམས་བསྣམས་པ་གཡས་ཀྱི་ཕྱག །རྡོ་རྗེ་ལྕགས་ཀྱུ་ཨུཏྤལ་གཞུ། །སྡིགས་མཛུབ་རྣམས་ནི་གཡོན་གྱི་ཕྱག །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་གྱིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །མདུན་དུ་མེ་ཏོག་སྒྲོལ་མ་ནི། །དཀར་མོ་ཤིན་ཏུ་ཡིད་འོང་མ། །ཨོཾ་ཡིག་རྣམ་པ་

ཉིད་ལས་སྐྱེས། །མེ་ཏོག་ཕྲེང་བ་ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་མ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལྷོ་ཕྱོགས་བདུག་སྤོས་སྒྲོལ་མ་ནི། །གཟུགས་མཛེས་སྐུ་མདོག་ནག་མོ་སྟེ། །བདུག་སྤོས་སྣོད་ནི་ཕྱག་ན་བསྣམས། །རྒྱན་རྣམས་ཀུན་གྱིས་རྣམ་
པར་བརྒྱན། །ནུབ་ཕྱོགས་མར་མེའི་སྒྲོལ་མ་ནི། །རྒྱལ་ཆེན་སྐུ་མདོག་སེར་མོ་སྟེ། །གསེར་གྱི་རྣ་ཆ་གཡོ་བ་ཅན། །ཕྱག་ན་མར་མེའི་སྡོང་བུ་བསྣམས། །བྱང་ཕྱོགས་དྲི་ཡི་སྒྲོལ་མ་ནི། །དྲི་ཡི་དུང་ཆོས་ཕྱག་ན་བསྣམས། །ལྷ་མོ་སྐུ་མདོག་དམར་འབར་མ། །སྙིང་པོའི་དཀྱིལ་འཁོར་གསལ་བསྒོམ་བྱ། །ལྕགས་
ཀྱུ་ལ་སོགས་དབྱེ་བ་ཡིས། །དེ་ནས་སྒོ་སྐྱོང་བསྒོམ་པར་བྱ། །ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྐུ་མདོག་ནག་མོ་བཞིན་མཛེས་མ། །རྡོ་རྗེ་ལྕགས་ཀྱུ་ཨུཏྤལ་ཕྱག །ལྷོ་སྒོར་རྡོ་རྗེ་ཞགས་པ་མ། །སྐུ་མདོག་སེར་མོ་བཞིན་འཇིགས་མ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཕྱག་
ན་རྡོ་རྗེ་ཞགས་པ་བསྣམས། །ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྐུ་མདོག་དམར་མོ་བཞིན་འཇིགས་མ། །རྡོ་རྗེ་ལྕགས་སྒྲོག་ཕྱག་ན་བསྣམས། །བྱང་སྒོར་རྡོ་རྗེ་དྲིལ་བུ་མ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །སྐུ་མདོག་དཀར་མོ་བཞིན་འཇིགས་མ། །ཕྱག་ན་རྡོ་རྗེ་དྲིལ་བུ་བསྣམས། །
འདི་རྣམས་གཡས་བརྐྱང་ཞབས་ཀྱིས་བཞུགས། །ཉི་མའི་གདན་ལ་ཉི་འོད་བཞིན། །འབར་བའི་ཕྲེང་བས་ཀུན་ནས་འཁྲིགས། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པར་བལྟ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །འོག་ཏུ་གནོད་མཛེས་མ་ཉིད་བསྒོམ། །འཁོར་ལོ་སྦྲུལ་གྱི་ཞགས་བསྒོམས་ནས། །སྔགས་ནི་འཕྲོ་ཞིང་བཟླས་པར་
བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཡི་གེ་བཅུ་ཡིས་ལྷ་མོ་བཅུ། །ཕ་རོལ་ཕྱིན་པ་བཅུ་ལ་བརྟེན། །བསྒོམ་པ་རབ་ཏུ་སྦྱོར་བ་ཡིས། །དོན་རྣམས་ཐམས་ཅད་རབ་ཏུ་འགྲུབ། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པའི། །སྔགས་མཆོག་འདི་ནི་གཙོ་བོ་སྟེ། །བཀླགས་པ་ཡིས་ནི་དོན་འགྲུབ་འགྱུར། །མྱུར་དུ་རྡོ་རྗེའི་གུར་བསྒོམས་ནས། །
སྔགས་འདིས་གོས་ཀྱི་སྣ་ལ་ལན་བདུན་མངོན་པར་བསྔགས་བྱས་ནས། །མདུད་པ་བྱས་ན་འཇིགས་བཅས་གང་དུ་འགྲོ་ཡང་འཇིགས་མི་འགྱུར། །སྟག་དང་ཆོམ་པོ་ཆུ་སྲིན་སེང་གེ་གླང་ཆེན་མ་ཧེ་སྦྲུལ། །དོམ་དང་དྲེད་སོགས་རྣམས་ལ་མིང་དྲན་ཙམ་གྱིས་འཇིགས་མེད་འགྱུར། །སྔགས་འདིས་ཨུཏྤལ་ལ་བརྒྱ་རྩ་བརྒྱད་

སྦྱིན་སྲེག་བྱས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀི་མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ་ཞེས་སོ། །དེ་བཞིན་དུ་སྔགས་འདིས་བྱ་རོག་གི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་བཟླས་ཏེ་ཁང་པར་སྦས་ན་ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་གཱ་མི་ནི་དེ་བ་དཏྟཾ་ཨུཙྪཱ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ། དེ་ནས་
གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་ཨ་བྷི་དྷཱ་ནཱཾ་ཀུ་མཱ་རཱི་མ་ཧྱཾ་བྱི་བཱ་ཧེ་ན་ཏྱཱཿཔི་ཏཱ་པྲ་ཡཙྪ་ཏུ་སྭཱ་ཧཱ། མྱོས་བྱེད་གཏུམ་པོའི་ས་བོན་དང་། །དེ་བཞིན་མྱོས་བྱེད་འབྲས་བུ་དང་། །མྱ་ངན་མེད་པའི་མེ་ཏོག་བཅས། །སྦྱིན་སྲེག་སྟོང་ཕྲག་ལྔ་བྱས་ཏེ། །མར་དང་སྦྲང་རྩི་བུ་རམ་གྱི། །སྦྱིན་སྲེག་བུ་མོ་བསྒྲུབ་ལ་
བསྔགས། །དེ་ནི་ཞག་བདུན་སྦྱོར་བ་ཡིས། །རང་འདོད་བུ་མོ་ཐོབ་པར་འགྱུར། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་ཨ་བྷི་དྷཱ་ནཱཾ་སྭསྠཱ་ན་ཏེ་ཨཱ་ཀཪྵ་ཡ་མ་མཱནྟི་ཀེ་ཛཿསྔགས་འདི་རྒྱ་ཤུག་གི་ཚེར་མ་ལ་སྟོང་ཕྲག་ལྔ་ལྔ་བཟླས་ཤིང་རང་བྱུང་གི་མེ་ཏོག་ལ་བསྙུགས་ཤིང་སྦྱིན་སྲེག་བྱས་ན་
འདིས་རྒྱལ་པོའི་བུ་མོ་ཡང་འགུགས་པར་བྱེད་དོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། རང་བྱུང་གི་མེ་ཏོག་གིས་བསྐུས་པའི་རས་ལ་བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག་གཉིས་པ་ལྕགས་ཀྱུ་དང་ཨུཏྤ་ལའི་ཞགས་པ་བསྣམས་པ་བྲིས་ལ། དེའི་མདུན་དུ། ལྷ་རྫས་མེ་ཏོག་དམ་པ་འདི། །ཞེས་པ་
ལ་སོགས་པས་མཆོད་པ་བྱས་ལ་ཕྱི་ནས་བསྒོམ་པ་དང་ལྡན་པས་བཟླས་པ་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀི་མ་མ་ཨེ་པ་ཙི་ཏཾ་སྭ་པྣཾ་ཀ་ཐཱ་ཡ་ཧཱུཾ་ཕཊ། སྟོང་ཕྲག་ལྔས་འོང་བར་འགྱུར་རོ། །ཞགས་པས་སྐེ་བཅིངས་ཏེ་ལྕགས་ཀྱུས་ཕུག་ནས་བསྒྲུབ་བྱ་རྐང་པའི་མཐིལ་དུ་བསམས་ཏེ་བྲན་མོའི་གཟུགས་ཀྱིས་སྤྱད་པར་
བྱའོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། སྒྲོལ་མའི་གཟུངས་ལན་བདུན་མངོན་པར་བསྔགས་ཏེ་བདག་ཉིད་ཀྱི་མིག་གཉིས་ལ་བྱུགས་ནས་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་ན་དེ་ནས་རྒྱལ་པོ་དང་བཅས་པ་སློབ་མར་གྱུར་པས་གུས་པར་བྱེད་པར་འགྱུར་རོ། །འགལ་བར་སྨྲ་བར་མི་འགྱུར་རོ། །དད་པས་
འབུལ་བར་འགྱུར་རོ། །དགའ་བའི་གཏམ་བྱེད་པར་འགྱུར་རོ། །དེའི་གཡོག་བྱེད་པར་འགྱུར་རོ། །ཁྲོ་བ་ཡང་དབང་དུ་འགྱུར་རོ། །མཐོང་བའི་རྐྱེན་དུ་ཡང་དག་པར་འགྱུར་རོ། །དེ་ནས་གཞན་ལ་ཡང་སྦྱོར་བར་འགྱུར་ཏེ། སྒྲོལ་མའི་གཟུངས་ལན་བརྒྱ་བཟླས་ནས་སྦྲུལ་གདོང་གཉིས་པའི་མགོ་ཐལ་བར་

བྱས་ཏེ། བ་དམར་མོའི་མར་ལ་ཨརྐའི་བལ་ལ་སྡོང་བུ་བྱས་ཏེ་རབ་ཏུ་སྦར་ནས་མིག་སྨན་བྱས་ཏེ། དེའི་མིག་སྨན་དང་རྡོ་རྗེ་ཉི་མ་དང་རྡོ་རྗེ་ཆོས་དག་མཉེས་ཤིང་རྟ་མཆོག་གིས་བདུག་པར་བྱའོ། །ཐལ་བ་དང་ལྷན་ཅིག་མིག་སྨན་བྱས་ནས་གང་ལ་རྡོ་རྗེའི་མིག་གིས་བལྟས་པ་དེའི་གལ་
ཏེ་པདྨ་གར་དབང་འཛག་པར་མ་གྱུར་ན་དེའི་ཚེ་སྒྲོལ་མ་བདག་གིས་བཅོམ་ལྡན་འདས་ངེས་པར་བསླུས་པ་ཡིན་ནོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། སོ་མ་སྐྱེས་པའི་བུ་ཆུང་གི་ཁ་ཆུ་བླངས་ནས་སྒྲོལ་མའི་གཟུངས་ལན་བདུན་མངོན་པར་བསྔགས་ཏེ། བྷྲྀང་ག་རཱ་ཛའི་རྩ་བ་དང་། གི་ཝང་དང་
ལྷན་ཅིག་ཏུ་བྱས་ནས་དཔྲལ་བར་ཐིག་ལེ་བྱས་ན་གང་དང་གང་ལ་བལྟས་པ་དེ་དང་དེ་དབང་དུ་འགྱུར་ཏེ་གཞན་ལ་དགའ་བར་མི་འགྱུར་རོ། །གཞན་ལ་མི་འགྲོ་ཞིང་རང་སྤོང་བར་མི་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ལྟོ་བའི་སྲིན་བུ་ལ་སྒྲོལ་མའི་གཟུངས་ལན་བདུན་མངོན་པར་
བསྔགས་ཏེ་རྡོ་རྗེ་ཆོས་དང་བཅས་ཏེ་སོ་རྩི་གཞོན་ནུ་མ་ལ་བྱིན་ནས་དེས་ལོངས་སྤྱད་ན་སྦྱོར་བའི་མཆོག་འདི་མི་སྤོང་ཞིང་གཞན་ལ་དགའ་བར་མི་འགྱུར་ལ། གཞན་ལ་མི་འགྲོ་བར་རང་གི་བདག་པོ་ཡང་སྤོང་བར་མི་བྱེད་དོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཞག་ཆེན་པོ་རང་གི་ལུས་ལ་
བྱུགས་ཏེ། སྒྲོལ་མའི་གཟུངས་ཁྲི་ཕྲག་གཅིག་བཟླས་ཏེ་བསྒོམ་པ་དང་ལྡན་པས་བཟླས་པའི་མཐར་འབྲས་སཱ་ལུའི་ཟན་གྱི་དྲིལ་ཕྱིས་བྱས་པའི་དྲི་མ་བསྡུས་ཏེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་གཏོང་བར་མི་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཟླ་བ་གཟས་ཟིན་པའི་དུས་སུ་སྒྲོལ་
མའི་གཟུངས་བཟླས་ཤིང་བསྙེན་པ་བྱས་ལ། དེ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་བླངས་ལ་དུང་གི་ཕྱེ་མར་སྦྱར་བར་བྱའོ། །དེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འཇུག་པར་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། སྒྲོལ་མའི་གཟུངས་མྱོས་བྱེད་ཀྱི་འབྲས་བུ་ལ་ལན་
བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་འབྲས་བུ་དེ་རྟ་མགྲིན་དང་ལྷན་ཅིག་ཏུ་བྱས་ནས་བྱུགས་ན་དེ་དབང་དུ་འགྱུར་རོ། །དེ་ནས་གཞན་དུ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོའི་བནྡྷ་ན་མུཀྟིཾ་ཀུ་རུཿསྭཱ་ཧཱ། སྔགས་འདིས་ཨརྐའི་ལོ་མ་ལ་བསྒྲུབ་བྱའི་མིང་བར་དུ་བཅུག་སྟེ་ཡང་དག་པར་

བྲིས་ནས་སྲིན་བུ་སྡིག་པའི་ཚང་དུ་སྦས་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས། །
འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་འདི། །དེ་ནས་ཡང་དག་བཤད་པར་བྱ། །དེ་ལ་སྔགས་ཀྱི་ཚིག་ནི་འདི་རྣམས་སུ་འགྱུར་ཏེ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱཾཔྲ་དུཥྚཱཾ་མ་མ་ཀྲྀ་ཏེ་ཛམྦྷ་ཡ་
སྟཾ་བྷ་ཡ་མོ་ཧ་ཡ་བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུཥྚཱཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། དེ་ལ་དང་པོ་རེ་ཞིག་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཏཱཾ་ཡིག་གི་ས་བོན་བསྒོམ་པར་བྱས་ནས། དེའི་འོད་ཟེར་གྱིས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ཏེ། སྣ་ཚོགས་པའི་མཆོད་
པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་བརྗོད་པར་བྱའོ། །དེ་ནས་ཚད་མེད་པའི་གནས་བཞི་བསྒོམ་པར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་པཾ་ཡིག་ལས་
སྐྱེས་པའི། །པདྨ་ཟླ་བའི་དཀྱིལ་འཁོར་ཏེ། །སླར་ཡང་ས་བོན་ཏཱཾ་ཡིག་བསྒོམ། །དེ་ཉིད་ཡོངས་སུ་གྱུར་པ་ལས། །མ་མོའི་དབུས་སུ་བཞུགས་པ་ཡི། །ཡུམ་གྱུར་ལྷ་མོ་སྒྲོལ་མ་བསྒོམ། །ཞལ་བཞི་ཕྱག་ནི་བརྒྱད་པ་སྟེ། །རྒྱན་རྣམས་ཀུན་གྱིས་བརྒྱན་གྱུར་པ། །སྐུ་མདོག་གསེར་གྱི་འོད་འབར་
བའི། །གཞོན་ནུ་མ་ཡི་མཚན་ཉིད་ཅན། །སྣ་ཚོགས་པདྨ་ལ་གནས་པའི། །ཟླ་བའི་གདན་ལ་ཡང་དག་བཞུགས། །སེར་དང་གནག་དང་དཀར་དང་དམར། །གཡས་སྐོར་གྱི་ནི་ཞལ་བཞིའོ། །ཞལ་ནི་སོ་སོར་སྤྱན་གསུམ་སྟེ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །དབུ་རྒྱན་འོད་དམར་སངས་རྒྱས་བཞི། །
རྡོ་རྗེ་མདའ་དུང་མཆོག་སྦྱིན་རྣམས། །གཡས་ཀྱི་ཕྱག་ན་བསྣམས་པའོ། །ཨུཏྤལ་གཞུ་དང་རྡོ་རྗེ་ཡི། །ལྕགས་ཀྱུ་རྡོ་རྗེ་ཞགས་པ་དང་། །སྡིགས་མཛུབ་གཡོན་གྱི་ཕྱག་ན་བསྣམས། །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་གྱིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །དེ་མདུན་མེ་ཏོག་སྒྲོལ་མ་ནི། །སྐུ་མདོག་དཀར་ཞིང་

ཡིད་འོང་མ། །ཨོཾ་ཡིག་རྣམ་པ་ལས་སྐྱེས་པའི། །མེ་ཏོག་ཕྲེང་བ་ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་མ་སྟེ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལྷོ་རུ་བདུག་སྤོས་སྒྲོལ་མ་ནི། །སྐུ་མདོག་ནག་མོ་གཟུགས་མཛེས་མ། །རྒྱན་རྣམས་ཀུན་གྱིས་མཛེས་པ་ཡི། །ཕྱག་ན་
སྤོས་ཀྱི་སྣོད་བསྣམས་པའོ། །ནུབ་ཏུ་མར་མེའི་སྒྲོལ་མ་ནི། །སྐུ་མདོག་སེར་མོ་ཡིད་འོང་མ། །གསེར་གྱི་རྣ་རྒྱན་གཡོ་བས་མཛེས། །ཕྱག་ན་མར་མེའི་སྡོང་བུ་བསྣམས། །བྱང་དུ་དྲི་ཡི་སྒྲོལ་མ་ནི། །ཕྱག་ན་དྲི་ཡི་དུང་ཆོས་བསྣམས། །ལྷ་མོ་སྐུ་མདོག་དམར་ཞིང་འབར། །སྙིང་པོའི་དཀྱིལ་འཁོར་ལ་བསྒོམ་བྱ། །
འདི་རྣམས་ཞལ་གཅིག་ཕྱག་གཉིས་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་མ། །ལྷ་མོ་ལྔ་པོ་འདི་རྣམས་ནི། །ཅུང་ཟད་ཞལ་ནི་གཙིགས་པ་སྟེ། །རོལ་པའི་སྟབས་ཀྱིས་ཡང་དག་བཞུགས། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་བསམས་ལ། རང་གི་
སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་གདན་དྲངས་ལ། ཛཿཧཱུཾ་བཾ་ཧོཿཞེས་པས་འདིར་དགུག་པ་ལ་སོགས་པ་བྱའོ། །དེ་ནས་ཤར་སྒོར་བསྒོམ་བྱ་སྟེ། །རྡོ་རྗེ་ལྕགས་ཀྱུ་འོད་དཀར་མོ། །རྡོ་རྗེ་ལྕགས་ཀྱུའི་ཕྱག་མཚན་མ། །ཤིན་ཏུ་ཡིད་འོང་བདག་ཉིད་དོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་མ། །
ཤིན་ཏུ་འདོད་དགའ་སྐུ་མདོག་གནག །གཟུགས་མཛེས་རྒྱན་གྱིས་བརྒྱན་པ་སྟེ། །རྡོ་རྗེ་ཞགས་པ་འཆང་བའི་མཆོག །ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ། །ཕྱག་ན་རྡོ་རྗེ་ལྕགས་སྒྲོག་བསྣམས། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་སྟེ། །སྐུ་མདོག་སེར་མོ་བསམ་པར་བྱ། །བྱང་སྒོར་རྡོ་རྗེ་དྲིལ་བུ་མ། །ཕྱག་
ན་རྡོ་རྗེ་དྲིལ་བུ་མཆོག །ཤིན་ཏུ་གཟུགས་མཛེས་ཁ་དོག་དམར། །བཟང་མོའི་གཟུགས་ནི་བལྟ་བར་བྱ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །གཟུགས་མཛེས་སྐུ་མདོག་སེར་མོ་སྟེ། །བྱང་ཆུབ་འབྲས་བུ་སྦྱིན་མཛད་མ། །སྔགས་པས་འཁོར་ལོ་འཛིན་མ་བསྒོམ། །དེ་ནས་སྙིང་པོའི་དཀྱིལ་འཁོར་འོག །
དགེ་ཞིང་འོད་ཟེར་འབར་བའི་གཟུགས། །སྦྲུལ་གྱི་ཞགས་པ་ཕྱག་ན་བསྣམས། །སྐུ་མདོག་ནག་མོ་བསྒོམ་པར་བྱ། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །ཤེས་བྱ་ཀུན་མཁྱེན་ཡིད་འོང་མ། །ཡི་གེ་བཅུ་པོ་འདི་རྣམས་ཀྱིས། །ལྷ་མོ་བཅུ་ནི་རྣམ་པར་སྤྲུལ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ལས་ཀུན་རབ་ཏུ་

འགྲུབ་པར་བྱེད། །དེ་ལ་ཡི་གེ་བཅུ་རྣམས་ནི། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དེ་བཞིན་དུ་སྐུ་དང་གསུང་དང་ཐུགས་བྱིན་གྱིས་བརླབ་པ་དང་། དབང་བསྐུར་བ་དང་། ཐིག་ལེ་དང་། ཕྲ་མོའི་རྣལ་འབྱོར་དང་། བཟླས་པ་ལ་སོགས་པ་དང་། བསྒོམ་པར་ཡང་བྱའོ་ཞེས་སོ། །སྔགས་མཆོག་འདི་ནི་གཙོ་བོ་སྟེ། །སངས་
རྒྱས་ཀུན་གྱིས་ཕྱག་བྱས་པ། །བཀླགས་པ་ཡིས་ནི་དངོས་གྲུབ་བྱེད། །གསལ་པོར་རྡོ་རྗེ་གུར་ལས་གསུངས། །ཞེས་སོ། །དེ་ལ་འདིར་ཉེ་བར་སྤྱོད་པ་ནི་སྔགས་འདིས་གོས་ཀྱི་སྣ་ལ་བཟུང་ནས་ལན་བདུན་དུ་བསྔགས་ཤིང་མདུད་པ་བྱས་ན་འཇིགས་པ་དང་བཅས་པའི་ས་གང་དུ་འགྲོ་ཡང་འཇིགས་པར་མི་
འགྱུར་རོ། །སྟག་དང་། ཆོམ་པོ་དང་། ཆུ་སྲིན་དང་། སེང་གེ་དང་། སྦྲུལ་དང་། གླང་པོ་ཆེ་དང་། མ་ཧེ་དང་། དོམ་དང་། བ་ལང་དང་། རྟ་ལ་སོགས་པས་གནོད་པར་མི་བྱེད་དོ། །དེ་བཞིན་དུ་སྔགས་འདིས་ཨུཏྤ་ལ་ལ་བརྒྱ་རྩ་བརྒྱད་བཟླས་ནས་སྦྱིན་སྲེག་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀི་མེ་བ་ཤ་
མ་ནཱ་ཡ་སྭཱ་ཧཱ། ཞེས་པས་གང་འདོད་པ་དེ་དབང་དུ་བྱེད་པར་འགྱུར་རོ། །དེ་བཞིན་དུ་སྔགས་འདིས་བྱ་རོག་གི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་བཟླས་ཏེ་དགྲ་བོའི་ཁང་པར་སྦས་ན་ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་གཱ་མི་ནི་དེ་བ་དཏྟ་ཨུཙྪཱ་ཊ་ཡ་ཧཱུཾ་ཕཊ་ཅེས་པ་ནི་བསྐྲད་པའི་ཆོ་
གའོ། །དེ་ནས་གཞན་ལ་སྦྱོར་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷཱ་ནཱཾ་ཀུ་མཱ་རཱི་མ་ཧྱ་མུད་བཱ་ཧེ་ན་ཏ་སྱཱཿབི་ཏཱ་པྲ་ཡཙྪནྟུ་སྭཱ་ཧཱ། མྱོས་བྱེད་གཏུམ་པོའི་ས་བོན་དང་། །མྱོས་བྱེད་འབྲས་བུ་དེ་བཞིན་དུ། །མྱ་ངན་མེད་ཤིང་མེ་ཏོག་བཅས། །སྦྱིན་སྲེག་སྟོང་ཕྲག་ལྔ་བྱ་སྟེ། །མར་སྦྲང་བུ་རམ་སྦྱིན་
སྲེག་ནི། །བུ་མོ་སྒྲུབ་ལ་མཆོག་ཏུ་བསྔགས། །དེ་ནས་ཞག་བདུན་སྦྱོར་བ་ཡིས། །རང་འདོད་བུ་མོ་ཐོབ་པར་འགྱུར། །དེ་ནས་གཞན་ལ་རབ་ཏུ་སྦྱོར་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷཱ་ནཱཾ་སྭ་སྠཱ་ན་ཏ་ཨཱ་ཀཪྵ་ཡ་མ་མཱནྟི་ཀེ་ཛཿཞེས་པའི་སྔགས་འདིས་རྒྱ་ཤུག་གི་ཚེར་མ་ལ་སྟོང་ཕྲག་ལྔ་རང་བྱུང་གི་མེ་ཏོག་ལ་
བསྙུགས་ནས་སྦྱིན་སྲེག་བྱས་ན་འདིས་རྒྱལ་པོའི་བུ་མོ་ཡང་འགུགས་པར་བྱེད་དོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། རང་བྱུང་གི་མེ་ཏོག་གིས་བསྐུས་པའི་རས་ལ་བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག་གཉིས་མ་ལྕགས་ཀྱུ་དང་ཨུཏྤ་ལའི་ཞགས་པ་ཕྱག་གཉིས་ན་བསྣམས་པ་བྲིས་ལ། ལྷ་རྫས་མེ་

ཏོག་དམ་པ་འདི། །ཞེས་པ་ལ་སོགས་པས་དེའི་མདུན་དུ་མཆོད་པ་བྱས་ཏེ། བསྒོམ་པ་དང་ལྡན་པས་སྔགས་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱི་མ་མེ་པ་ཙི་ཏཾ་སྭཔྣཾ་ཀ་ཐཱ་ཡ་ཧཱུཾ་ཕཊ། སྟོང་ཕྲག་ལྔས་འོང་བར་འགྱུར་ཏེ། ཞགས་པས་མགུལ་པ་བཅིངས་ཤིང་ལྕགས་ཀྱུས་ཕུག་ལ་
ཨུཏྤལ་གྱིས་རྐང་པ་བཅིངས་ཏེ། བསྒྲུབ་བྱ་བཀུག་ནས་རྐང་པའི་འོག་ཏུ་བསམས་ནས་བྲན་མོའི་གཟུགས་ཀྱིས་ལོངས་སྤྱོད་པར་བྱའོ། །དེ་ནས་གཞན་ལ་རབ་ཏུ་སྦྱོར་བ་ནི། སྒྲོལ་མའི་གཟུངས་ལན་བདུན་དུ་མངོན་པར་བསྔགས་ནས་བདག་ཉིད་ཀྱི་མིག་གཉིས་ལ་བྱུགས་ནས་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་ན་རྒྱལ་པོ་
དང་བཅས་པས་བླ་མ་ལ་སོགས་པར་བྱེད་ཅིང་གཅིག་ཏུ་དབང་དུ་བྱེད་པར་འགྱུར་རོ། །དེ་ནས་གཞན་ལ་རབ་ཏུ་སྦྱོར་བ་ནི་སྒྲོལ་མའི་གཟུངས་ལན་བརྒྱ་རྩ་བརྒྱད་བཟླས་ལ་སྦྲུལ་གདོང་གཉིས་པའི་མགོ་ཐལ་བར་བྱས་ཏེ་བ་དམར་མོའི་མར་ལ་ཨརྐའི་བལ་ལ་སྡོང་བུ་བྱས་ཏེ་རབ་ཏུ་སྦར་ཏེ་མིག་སྨན་བསག་པར་བྱའོ། །དེའི་
མིག་སྨན་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་ཆོས་དག་ཡང་དག་པར་མཉེས་ལ་རྟ་མཆོག་གིས་བདུག་པར་བྱའོ། །དེའི་ཐལ་བ་དང་ལྷན་ཅིག་ཏུ་མིག་སྨན་མིག་ལ་བསྐུས་ན་གང་ལ་རྡོ་རྗེའི་མིག་གིས་བལྟས་པ་དེའི་པདྨ་གར་གྱི་དབང་ཕྱུག་འཛག་པར་འགྱུར་རོ། །དེ་ལྟར་མ་གྱུར་ན་སྒྲོལ་མ་བདག་གིས་སངས་རྒྱས་
བཅོམ་ལྡན་འདས་ངེས་པར་བསླུས་པ་ཡིན་ནོ། །དེ་ནས་གཞན་ལ་སྦྱོར་བ་ནི་ལྟོ་བའི་སྲིན་བུ་ལ་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་དུ་མངོན་པར་བསྔགས་ནས་རྡོ་རྗེ་ཆོས་དང་ལྷན་ཅིག་ཏུ་བྱས་ཏེ། དེ་སོ་རྩི་དང་སྦྱར་ལ་སྦྱིན་ནོ། །བྱ་བ་བྱེད་ཅིང་སྦྱོར་བའི་མཆོག་འདིས་མི་གཏོང་སྟེ། རང་གི་ཆུང་མ་བཞིན་དུ་སྤྱོད་
པར་འགྱུར་རོ། །དེ་ལས་གཞན་ལ་རབ་ཏུ་སྦྱོར་བར་འགྱུར་ཏེ། སོ་མ་སྐྱེས་པའི་བུ་ཆུང་གི་ལྕེ་བླངས་ཏེ་སྒྲོལ་མའི་གཟུངས་ལན་བདུན་དུ་མངོན་པར་བསྔགས་ཏེ་བྷྲྀངྒ་རཱ་ཛ་དང་། གི་ཝང་དང་ལྷན་ཅིག་ཏུ་བྱས་ཏེ་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བ་ནི་
ཞག་ཆེན་པོ་རང་གི་ལུས་ལ་བྱུགས་ཏེ་བསྒོམས་པ་དང་ལྷན་ཅིག་པས་སྒྲོལ་མའི་གཟུངས་ཁྲི་ཚོ་གཅིག་བཟླས་པར་བྱ་སྟེ། བཟླས་པའི་མཐར་འབྲས་སཱ་ལུའི་ཟན་གྱིས་དྲིལ་ཕྱིས་བྱས་ལ་དྲིལ་ཕྱིས་དེ་བསྡུས་ཏེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །དེ་ནས་གཞན་ལ་རབ་ཏུ་སྦྱོར་

བ་ནི་ཟླ་བ་གཟས་ཟིན་པའི་དུས་སུ་སྒྲོལ་མའི་གཟུངས་བཟླས་ཤིང་བསྙེན་པ་བྱས་ལ། དེ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གིས་དུང་གི་ཕྱེ་མ་སྦང་བར་བྱའོ། །དེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འཇུག་པར་འགྱུར་རོ། །གཞན་ཡང་རབ་ཏུ་སྦྱོར་བ་ནི་སྒྲོལ་མའི་གཟུངས་
མྱོས་བྱེད་ཀྱི་འབྲས་བུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ། འབྲས་བུ་རྡོ་རྗེ་རྟ་མགྲིན་དང་ལྷན་ཅིག་ཏུ་བྱས་ཏེ་བྱུགས་ན་དེ་དབང་དུ་འགྱུར་རོ། །གཞན་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་སྱ་བནྡྷཱ་ན་མུཀྟིཾ་ཀུ་རུ་སྭཱ་ཧཱ། སྔགས་འདིས་ཨརྐའི་
ལོ་མ་ལ་བསྒྲུབ་བྱའི་མིང་བར་དུ་བཅུག་སྟེ་བྲིས་ནས་སྡིག་པའི་ཚང་དུ་སྦས་ན། བཅིངས་པ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་
ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྐུ་མདོག་དཀར་མོ་ཡིད་འོང་མ། །རྡོ་རྗེ་སྒྲོལ་མ་ལ་ཕྱག་འཚལ། །སེམས་ཅན་ཀུན་གྱི་དོན་རྒྱུའི་ཕྱིར། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །འདིར་ལྷག་པར་བསྒོམ་པའི་རྣལ་འབྱོར་པས། རང་གི་སྙིང་གར་ཟླ་བའི་དཀྱིལ་
འཁོར་ལ་ཏཱཾ་ཡིག་བསམས་ལ་ཞལ་བསང་བ་ལ་སོགས་པ་བྱའོ། །ཤིན་ཏུ་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། འོད་ཟེར་དེས་རྗེ་བཙུན་སྒྲོལ་མ་གདན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་
སེམས་དཔའ་རྣམས་ཀྱི་ཡང་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། སྡིག་པ་བཤགས་ཤིང་མི་བྱེད་པར་སྡོམ་པ་དང་། རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པ་དང་། ཚད་མེད་པའི་
གནས་བཞི་བསྒོམས་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་སྟོང་པ་ཉིད་དུ་བསྒོམ་པར་བྱས་ནས་གཟུགས་རྫོགས་པར་བསྒོམ་པར་བྱ་བ་ཡང་བསྒོམ་པར་བྱའོ། །དེ་ནས་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ།

ཟླ་བའི་སྟེང་དུ་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དཀར་པོའོ། །ཨུཏྤ་ལའི་དབུས་སུ་ཟླ་བ། ཟླ་བའི་དབུས་སུ་ཏཱཾ་ཡིག་ཏཱཾ་ཡིག་ལས་ནམ་མཁའི་མཐིལ་དུ་ཁམས་གསུམ་ཡང་སྒྲོལ་མའི་སྐུར་སྤྲོས་ཏེ། སྒྲོལ་མའི་སྐུས་ས་གསུམ་ན་གནས་པའི་སེམས་ཅན་རྣམས་དང་གནས་
རྣམས་ཀྱང་སླར་ཡང་ཏཱཾ་ཡིག་དེ་ལ་དེ་བཞིན་དུ་བསྡུ་བར་བྱའོ། །ཨུཏྤལ་དང་ཟླ་བ་དང་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་སྒྲོལ་མའི་སྐུར་བདག་ཉིད་བལྟ་བར་བྱ་སྟེ། སྐུ་མདོག་དཀར་མོ་ཆུ་སྐྱེས་དཀར་པོའི་སྟེང་དུ་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཟླ་བ་དཀར་པོ་ལ་བརྟེན་པ། ལོ་
བཅུ་དྲུག་གི་ན་ཚོད་མ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ་མཆོག་སྦྱིན། གཡོན་པ་ཨུཏྤལ་བསྣམས་པ། བདུད་མ་ལུས་པ་འཇོམས་པར་མཛད་པ་ཉིད་ཀྱི་སྐུའི་བ་སྤུའི་ཁུང་བུ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་འཕྲོ་བ་བསྒོམ་པར་བྱའོ། །འདི་ལྟ་བུའི་བསྒོམ་པ་ལ་
བརྟན་པར་མཛད་ནས་སྔགས་བཟླས་པར་བྱའོ། །རང་གི་སྙིང་གར་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་རྣམ་པར་བསམས་ལ། རྩིབས་སོ་སོ་ལ་ཡི་གེ་བརྒྱད་རྣམ་པར་བསམས་ནས། དབུས་སུ་སྭཱ་ཧཱའི་ཡི་གེ་བྱིན་ནས་བཟླས་པར་བྱའོ། །ཡི་དམ་དག་གི་སྔགས་འདིའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། འདིས་
བསམས་པ་ཙམ་གྱིས་བདུད་ཐམས་ཅད་འཇོམས་པར་འགྱུར་རོ། །ཤེས་རབ་ཤིན་ཏུ་དྲི་མ་མེད། །སྙན་ངག་དང་ནི་སྨྲ་བར་ལྡན། །རྡོ་རྗེ་འཛིན་པ་རང་ཉིད་ཀྱིས། །བསྐལ་པའི་མཐར་ཡང་འཚོ་ཐབས་གསུངས། །རྒྱལ་པོའི་བཙུན་མོ་ནང་འཁོར་བཅས། །དེ་ཡི་དབང་དུ་འདུ་བར་འགྱུར། །དགྲ་རྣམས་ཀུན་
གྱིས་ཐམས་ཅད་དུ། །བ་སྤུའི་བདག་ཉིད་ཀྱང་མི་གཅོད། །རྡོ་རྗེ་སྒྲོལ་མ་གཟི་ཆེན་འཕགས། །དངོས་གྲུབ་ཐམས་ཅད་རབ་སྟེར་མ། །མཁས་ཤིང་བདག་ཉིད་ཆེན་མོ་ལ། །གསེར་རམ་ཡང་ན་དངུལ་ལ་སོགས། །ཡོན་ནི་དབུལ་བར་བྱས་ནས་ནི། །མཆོག་ཏུ་གུས་པས་མཉན་པར་བྱ། །མཆོག་གཉིས་མ་
ལུས་ཐོབ་པ་ནི། །བླ་མ་ལ་གུས་བདག་ཉིད་མཆོག །དེ་ཐོས་གྱུར་ལས་འདི་ཉིད་དུ། །རྒྱལ་བའི་ཚོགས་ཀྱིས་རྟག་ཏུ་གསུངས། །གལ་ཏེ་གཞན་དུ་དངོས་གྲུབ་མིན། །རྒྱལ་བ་ཉིད་ཀྱིས་མངོན་དུ་མཛད། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པ་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། བཛྲ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔགས་པས་དང་པོ་རེ་ཞིག་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེ་ལ་གནས་པའི་ཏཱཾ་ཡིག་ཁ་དོག་སེར་པོའོ། །དེ་ཡོངས་
སུ་གྱུར་པ་ལས་རྡོ་རྗེ་རྩེ་མོ་དགུ་པ། དེའི་ལྟེ་བ་ལ་ཏཱཾ་ཡིག་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་རང་བཞིན་གདན་དྲང་པར་བྱ་སྟེ། བཅོམ་ལྡན་འདས་མ་འཆད་པར་འགྱུར་བའི་ཕྱག་མཚན་ལ་སོགས་པས་བརྒྱན་པ། ཞལ་བཞི་ཕྱག་བརྒྱད་མ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་
པ། ལྷ་མོ་བཅུའི་འཁོར་གྱིས་བསྐོར་བ། ནམ་མཁའ་ལ་བལྟས་ཏེ། རང་གི་སྙིང་གའི་ས་བོན་ལས་འཐོན་ནས་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་ལྔའི་མཆོད་པས་ཡང་དག་པར་མཆོད་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་།
བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་རྣམས་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ཀྱི་བདག་ཉིད་ཀྱང་དཔེར་ན་རྨི་ལམ་ལྟ་བུ་རང་བཞིན་མེད་པ་གདོད་མ་ནས་མ་སྐྱེས་ཤིང་ལྷག་པར་གྲོལ་བའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་
བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་བྱང་ཆུབ་ཀྱི་སེམས་རྗེས་སུ་དྲན་པར་བྱ་སྟེ། ནམ་མཁའ་ལ་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར། དེ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་གསུམ་པའོ། །དེའི་འོད་ཟེར་ལས་ཡང་དག་པར་བྱུང་བ་ཇི་སྲིད་དུ་འདོད་པ་རྒྱ་ཆེ་བའི་འོད་ཟེར་གྱི་དྲ་བ་འཕྲོ་
བའི་རྡོ་རྗེའི་ར་བའོ། །དེའི་འོད་ཟེར་ལས་བྱུང་བའི་རྡོ་རྗེའི་གུར། རྡོ་རྗེའི་ས་གཞི་དང་། ཕྱི་རོལ་དུ་མཚམས་བཅིང་བ་ཡང་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་བགེགས་རྣམས་བསྐྲད་ནས་གུར་གྱི་དབུས་སུ་ནམ་མཁའི་རང་བཞིན་ཆོས་འབྱུང་ཨེ་ཡིག་གི་རྣམ་པ་སྨད་ཕྲ་བ་སྟེང་ཡངས་པ་དཀར་པོ་
བསྒོམ་པར་བྱའོ། །དེའི་དབུས་སུ་ནམ་མཁའི་རང་བཞིན་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གནས་པ་རྡོ་རྗེ་རྩེ་གསུམ་པ། དེའི་འཁྲིས་ཁྱབ་པའི་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་རྣམས་ནི་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི