Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 5 / 23 (50.000 ký tự/trang)
ི་ཕྱག་རྒྱས་རང་གི་གནས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། ཐལ་ མོ་སྦྱར་ནས་མཛུབ་མོ་གཉིས་དང་མིང་མེད་གཉིས་ཀྱང་ཚིགས་དབུས་མ་བཀུག་ནས་ནང་དུ་བཅུག་སྟེ། ཀ་བ་བཞི་བཞིན་དུ་བྱས་ནས། ལྷག་མ་རྩེ་མོར་བྱས་པ་ནི་རྡོ་རྗེའི་གཞལ་ཡས་ཁང་གི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཧཾ་ཧཱུཾ། བཛྲཱ་གྲ་བྷུ་བ་ནི་མཾ་ཧཱུཾ་ཕཊ། དེ་ནས་རྡོ་རྗེའི་ར་བའི་ ཕྱག་རྒྱ་དེ་ལ་དགོད་པར་བྱ་སྟེ། ཐལ་མོ་གན་རྐྱལ་དུ་བྱས་ནས་མིང་མེད་གཉིས་དབུས་སུ་བྱས། གུང་མོ་རྩེ་མོར་བྱས་ཏེ། མཛུབ་མོ་གཉིས་རྡོ་རྗེའི་རྣམ་པས་ཚིགས་གསུམ་པར་དགོད་དོ། །མཐེ་བོ་དག་ལ་ལོགས་སུ་བྱས་པ་ནི། ར་བའི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཧཾ་ཧཱུཾ། བཛྲ་མཎྜ་ལེ། བན་དྷ་བན་དྷ་ཧཱུཾ་ཕཊ། དེ་ནས་དེའི་སྟེང་དུ་རྡོ་རྗེའི་གུར་ཏེ། དེའི་ཕྱག་རྒྱ་དགོད་པར་བྱ་སྟེ། ཐལ་མོ་སྦྱར་ནས་མིང་མེད་གཉིས་དང་། མཛུབ་མོ་གཉིས་ཕྱིར་བཟློག་ནས་རྒྱབ་ཏུ་བཅག་སྟེ། གུང་མོ་རྩེ་མོར་བྱའོ། །དེ་བཞིན་དུ་མཐེའུ་ཆུང་དང་མཐེ་བོ་དགོད་དེ་གུར་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཧཾ་ཧཱུཾ། བཛྲཱ་གྲ་བྷུ་བ་ནེ་ཧཱུཾ་ཧཱུཾ་ཕཊ། དེ་ནས་རྡོ་རྗེ་འབར་བ་ནི་ཕྱི་རོལ་ཏེ་དེའི་ཕྱག་རྒྱ་དགོད་པར་བྱ་སྟེ། ལག་པ་མི་འཇིགས་པར་བྱ་བའི་སྟེང་དུ། ལག་པ་གཡོན་པའི་སོར་མོའི་ཚིགས་གཡས་སུ་བསྐོར་བ་ནི་རྡོ་རྗེ་འབར་བའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཧཾ་ཧཱུཾ། བཛྲཱ་ཛྭ་ལེ་ཧཱུཾ་ཕཊ། དེ་ནས་མཚམས་བཅིང་བར་བྱ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅིངས་ནས། སྡིགས་མཛུབ་བསྒྲེང་སྟེ་གཡས་སུ་བསྐོར་བ་ནི་མཚམས་མེད་པ་སྟེ་མཚམས་བཅིང་བའོ། །དེའི་སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ། ཨོཾ་ཧཾ་ཧཱུཾ། མ་ཧཱ་སི་མ་བནྡྷེ། བནྡྷ་བནྡྷ། བཛྲ་བཛྲི་ཎི་ཧཱུཾ་ཕཊ། དེ་ནས་དེ་བཞིན་དུ་སྲུང་བ་དང་། ཡོ་བྱད་དང་བཅས་པས་རང་གི་གནས་སུ་གནས་ནས། ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་རྣམས་མཆོད་པའི་ཕྱག་རྒྱས་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་དངོས་གྲུབ་ཀྱི་མཆོག་སྟེར་བ་པོ་རྣམས་ཀྱིས་དགོངས་པར་འགྱུར་ རོ། །ལག་པ་ཁུ་ཚུར་བཅིངས་ནས་མཐེའུ་ཆུང་ནས་དགྲོལ་བ་ནི་དེ་བཞིན་གཤེགས་པ་རྣམས་མཆོད་པའི་ཕྱག་རྒྱའོ། །སྔགས་ནི། ན་མཿསརྦ་བུདྡྷ་བོ་དྷི་ས་ཏྭཱ་ནཱཾ་ཨཿཨ་མ་ལ་བི་ཀྲནྟ་ཏེ་ཛི་ནི། ཨ་ར་ཛེ་སྭཱ་ཧཱ། དེ་ནས་ཕྱིའི་དྲི་དང་ཉེ་བར་སྤྱད་ཀྱི་ཡོ་བྱད་ལ་རྡོ་རྗེ་མི་གཡོ་བའི་ཕྱག་རྒྱས་ཡོངས་སུ་སྦྱངས་ ཏེ་དྲི་ལ་སོགས་པ་རྣམས་སོ་སོ་ལ་རང་གི་སྔགས་ཀྱིས་ལན་བརྒྱད་དུ་མངོན་པར་བསྔགས་ནས་མཆོད་པར་བྱའོ། །དེ་ལ་དྲིའི་སྔགས་ནི། ན་མ་སྟྲཻ་ཡཾ་དྷྭི་ཀཱ་ནཱཾ་སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་ས་མ་གནྡྷོ་ཏ་མེ་བྷ་བཱ་ཏི། སྤ་ར་ཧི་མཾ་ག་ག་ན་ཀཾ་མ་ཧོ་ད་ཡེ། སརྦཱརྠ་སཱ་དྷ་ནི་སྭཱ་ཧཱ། མེ་ཏོག་གི་སྔགས་ནི། ན་མ་སྟྲཻ་ཡ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་བརྟཱ་བརྟ་མ་ཧཱ་སུ་ཁ་བ་ཏི་སྭཱ་ཧཱ། བདུག་སྤོས་ཀྱི་སྔགས་ནི། ན་མསྟྲཻ་ཡཾ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་གྲེ་ཨ་གྲ་ནི་ཁེ། ཨ་གྲ་ཤི་ཥེ་དྷུ་མ་ཤི་ཥེ་སྭཱ་ཧཱ། མར་མེའི་སྔགས་ནི། ན་མསྟྲཻ་ཡཾ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ་ཨ་ལནྟེ་ཛྭཱ་ལནྟེ་དཱི་པ་ཛྱེ་ཏི་ཤི་ཁེ་སྭཱ་ཧཱ། ཞལ་ཟས་ཀྱི་སྔགས་ནི། ན་མསྟྲཻ་ཡཾ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཨ་ར་ར། པ་ར་ར། ཀ་ར་ར། བ་ལི་དེ་བ་ལི་ད་དཱ་ཧི་མ་ཧཱ་བ་ལི་སྭཱ་ཧཱ། དེ་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་སྣ་ཚོགས་པའི་མཆོད་པ་གཞན་ཡང་དབུལ་བར་བྱའོ། །ཕྱག་འཚལ་བའི་ཐལ་མོ་སྦྱར་ནས། བདག་པོས་ཡོངས་སུ་མ་བཟུང་བའི་ཕྱོགས་བཅུའི་འཇིག་རྟེན་གྱི་ ཁམས་ཀྱི་མཆོད་པའི་ཡན་ལག་ཁྱད་པར་དུ་འཕགས་པ་ཐང་ལས་སྐྱེས་པའི་རིན་པོ་ཆེའི་རི་བོ་དང་། དཔག་བསམ་གྱི་ཤིང་ལ་སོགས་པ་རྣམས་དང་། ཆུ་ལས་སྐྱེས་པ་རྒྱ་མཚོའི་རིན་པོ་ཆེ་ལ་སོགས་པ་གསེར་དང་། ཆུ་སྐྱེས་ལ་སོགས་པ་རྣམས་དང་། གཞན་ཡང་འཇིག་རྟེན་གྱི་ ཁམས་རྣམས་ན་གང་ཞིག་ལྷ་དང་མི་སྣ་ཚོགས་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་དེ་རྣམས་ཐམས་ཅད་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་བདག་གིས་དབུལ་བར་བགྱིའོ་ཞེས་བརྗོད་པར་བྱའོ། །ཡིད་ཀྱིས་རང་བཞིན་གྱི་མཆོད་པའི་སྤྲིན་དེ་བཞིན་དུ་རབ་ཏུ་ དབུལ་བར་བྱའོ། །གང་བའི་ཕྱག་རྒྱ་རྩེ་མོ་ཅུང་ཟད་བཀུག་ནས་ཕྱག་འཚལ་བའི་ཐལ་མོ་སྦྱར་བའི་མཚན་ཉིད་བཅིངས་ནས་དེ་བཞིན་དུ་བྱས་ཏེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་སྟོབས་དང་། བདག་གི་སྨོན་ལམ་དང་། བསོད་ནམས་ཀྱི་སྟོབས་དང་། རིག་ སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་མངོན་པར་ཐོབ་པའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་བསམས་ནས། འདིར་མཆོད་པ་བྱིན་གྱིས་བརླབ་པར་བྱ་སྟེ། རིག་པ་ཆེན་མོའི་རྒྱལ་མོ་ལན་བརྒྱད་དུ་བརྗོད་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ནཱཾ། སརྦ་ཐཱ་ཁཾ། ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མནྟཿསྭཱ་ཧཱ། དེ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྣ་ཚོགས་པའི་ཡོན་ཏན་བརྗོད་ཅིང་། གླུ་དབྱངས་ཀྱི་སྤྲིན་གྱི་རྒྱ་མཚོ་དང་། ཆོས་ ཀྱི་གླུ་དབྱངས་ཀྱི་སྤྲིན་གྱི་རྒྱ་མཚོ་རྣམས་ཡོངས་སུ་དག་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་དབུལ་བར་བསམ་མོ། །འདིར་གླུ་དབྱངས་ཀྱི་བསྟོད་པའི་སྤྲིན་རྣམས་ཀྱིས་མཆོད་པར་བྱས་ནས་རིག་པའི་རྒྱལ་མོ་འདི་ལན་བརྒྱད་དུ་བཟླས་པར་བྱའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ས་ཏྲ་སཾ་ཀུ་སུ་ མི་ཏཱ་བི་ཛྙཱ་རཱ་ཤི་ནི་ན་མ་སྟུ་ཏེ་སྭཱ་ཧཱ། དེ་ནས་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོ་ཐམས་ཅད་ཀྱི་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཀྱི་རང་བཞིན་དང་། མཉམ་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྲུལ་པའི་སྤྲིན་ཚོགས་རྣམས་ཀྱི་ངེས་པར་སྤྱོད་པའི་མཛད་པ་ཀུན་གྱིས་སེམས་ ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བ་དང་། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཇི་སྙེད་པ། ཀུན་དུ་བཟང་པོ་ལ་སོགས་པ་ཡོངས་སུ་དག་པ་ཐོབ་པར་བསམ་པར་བྱས་ནས་རིག་པའི་རྒྱལ་མོ་ཆེན་མོ་འདི་ལན་བརྒྱད་བཟླས་པར་བྱའོ། །ན་མཿསརྦ་བུདྡྷ་ བོ་དྷི་སཏྭཱ་ནཱཾ། ན་མ་སྟུ་ཏེ་མ་ཧཱ་བཛྲ་སརྦ་སཏྭ་ཧི་ཀ་ར། ཏིཥྛ་སརྦ་ཏྲ་སརྦེ་ཥཱཾ། སརྦ་དྷརྨཱ་ཎཱཾ། ཨ་དྷིཥྛ་ཡ་སྭཱ་ཧཱ། འདི་རྣམས་ཐམས་ཅད་མཆོད་པ་ལ་སོགས་པའི་སྔགས་ཀྱི་སྟོབས་ཀྱིས་བདེན་པའི་རང་བཞིན་དུ་མོས་པ་བྱ་ཞིང་དགེ་བའི་རྩ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་ བསྔོ་བར་བྱའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་དུ་རྗེས་སུ་མཁྱེན་ནས་ཡོངས་སུ་བསྔོ་བ་དང་ལྡན་པ་བཞིན་དུ་དགེ་བའི་རྩ་བ་འདི་ཡང་དེ་བཞིན་དུ་བདག་གིས་ཡོངས་སུ་བསྔོ་བར་བྱའོ། །བསོད་ནམས་འདིས་བདག་ཀུན་དུ་བཟང་པོའི་སྤྱོད་པས་མངོན་པར་བྱང་ཆུབ་ནས་སེམས་ཅན་ ཐམས་ཅད་ཀྱང་ཀུན་དུ་བཟང་པོའི་སྤྱོད་པ་དག་པ་ལ་རབ་ཏུ་གནས་པར་གྱུར་ཅིག །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་སོ་སོར་ཐོབ་པའི་དོན་དུ་དེའི་ཕྱག་རྒྱ་བཅིངས་ནས་སྔོན་དུ་གསུངས་པའི་ཡི་གེ་བརྒྱ་པ་རྗེས་སུ་དྲན་པར་བྱའོ། །ཡང་ན་ཡི་གེ་ལྔ་པའོ། །ལག་པ་ གཉིས་ཕན་ཚུན་རྒྱབ་སྦྱར་ནས་སོར་མོ་རྣམས་སྟེང་དུ་ཁ་སྦྱར་ཏེ། མཛུབ་མོ་དང་། མཐེའུ་ཆུང་དག་ལྕགས་སྒྲོག་གི་རྣམ་པར་བྱས་ནས་གུང་མོ་དང་མིང་མེད་དབུས་སུ་རྩེ་མོར་བྱས། མཐེབ་ཆེན་གཉིས་མཉམ་དུ་སྟེང་དུ་རྩེ་མོ་བསྟན་པ་ནི་ཡི་གེ་བརྒྱ་པའི་ཕྱག་རྒྱའོ། །ཡི་གེ་ལྔ་པའི་ཕྱག་རྒྱ་ནི་ཐལ་མོ་ཡང་དག་པར་ སྦྱར་ནས་མཛུབ་མོ་གཉིས་ཀྱིས་མཐེབ་ཆེན་གྱི་རྩེ་མོ་བསྡམས་ནས། ལྷག་མ་ནི་དེ་བཞིན་དུ་རྩེ་མོའི་རྣམ་པའོ། །སྔགས་ནི། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱཿབཱི་ར་ཧཱུཾ་ཁཾ། དེ་ནས་ཕྱག་རྒྱ་ཐམས་ཅད་ཡང་དག་པར་བསྡུས་པ་ལས་བྱུང་བ་ཀུན་གྱི་གཙུག་ཏོར་སྣང་བ་ཆོས་ཀྱི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གན་རྐྱལ་དུ་མཉམ་དུ་བརྐྱང་ནས། མི་འཇིགས་པའི་ལག་པས་མིང་མེད་ལག་པའི་དཀྱིལ་དང་། མཐེབ་ཆེན་གྱི་རྩེ་མོར་སེན་མོས་སེན་མོ་ཡོངས་སུ་བཟུང་སྟེ་མཐེབ་ཆུང་རྩེ་མོའི་རྣམ་པར་བྱས་ཏེ། ཚིགས་ཀྱི་རྩེ་མོ་དེ་བཞིན་དུ་གུང་མོ་དང་མཉམ་དུ་སེན་མོའི་རྩེ་མོར་བྱས་པ་ནི་གཙུག་ཏོར་ཀུན་དུ་སྣང་ བའོ། །དེ་བཞིན་དུ་དེ་རྣམས་ཀྱི་མཛུབ་མོ་དག་བཀུག་ནས་སེན་མོའི་རྩེ་མོ་ལ་སྦྱར་ཏེ། མཎྜལ་གྱི་རྣམ་པ་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །སྔགས་འདི་དག་གོ་རིམས་ཇི་ལྟ་བ་བཞིན་དུའོ། །ཨཱཾ་མཾ་ཧཾ་ཨོཾ་དྷུ་ན་ཡ་ཏ་ཡཙྪནྡ་ཙ་ཀྲེ་ན་བཛྲི་ཎི་ཧཱུཾ། འདི་དག་གིས་སྔགས་གཞན་ ཡང་བཅིངས་ནས་ལན་ཅིག་བརྗོད་དེ། གནས་ཤིང་འདུག་ནས་བཟླས་པར་བྱའོ། །བདུད་ལ་སོགས་པ་རྣམས་ཟིལ་གྱིས་གནོན་ཅིང་། དངོས་གྲུབ་རྣམས་མངོན་དུ་བྱེད་པར་འགྱུར་རོ། །དེ་ནས་དངོས་གྲུབ་མྱུར་བའི་དོན་དུ་ཆོས་འབྱུང་གི་ཕྱག་རྒྱས་བཅིངས་ནས་དེའི་སྔགས་རྗེས་སུ་དྲན་པར་བྱའོ། །ལག་ པ་གཡོན་པས་ཁུ་ཚུར་བཅངས་ནས་མཛུབ་མོ་དང་མཐེའུ་ཆུང་སྟེང་དུ་བརྐྱང་བ་ནི་ཆོས་འབྱུང་གི་ཕྱག་རྒྱའོ། །སྔགས་ནི། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་ཨཿསརྦ་ཐཱ་སརྦ་ཏྲཱན་ཀེ་སྭཱ་ཧཱ། རང་གི་ཕྱག་རྒྱས་ཀྱང་སྔགས་ལན་ཅིག་བརྗོད་ནས་དམ་ཚིག་བལྟ་བར་བྱའོ། །རང་གི་ཕྱག་རྒྱས་ཇི་ལྟར་སྦྱར་བར་རིག་ པར་བྱའོ། །དེ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བར་དམིགས་ནས་བཟླས་པ་བརྩམ་པར་བྱ་སྟེ། ཇི་ལྟར་འདོད་པ་བཞིན་ནོ། །སྔགས་མྱུར་བ་དང་། བུལ་བ་དང་། མི་བདེན་པའི་རྟོག་པ་སྤངས་ནས། སྔགས་ཀྱི་ཡི་གེ་ལ་སེམས་ཇི་སྲིད་ངལ་བར་མ་གྱུར་ པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ལངས་ནས་འཕགས་པ་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ལན་ཅིག་རྗེས་སུ་དྲན་པར་བྱས་ཏེ་བཀླག་པར་བྱའོ། །མཆོད་པའི་མཐར་ཕྱག་འཚལ་ནས་ཟས་བཟའོ། །ཟས་ཟ་བའི་དུས་སུ་ཡང་སྔགས་འདིས་ཟས་ལ་ལན་བརྒྱད་དུ་ མངོན་པར་བསྔགས་ནས་ཕུད་ཀྱི་ཆང་བུ་བཞག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཞལ་ཟས་ཕུལ་ནས་བར་མ་ལ་ལོངས་སྤྱོད་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨོཾ་བ་ལིཾ་ད་དཱ་ཏེ་ཛོ་མ་ལི་ནི་སྭཱ་ཧཱ། ཟས་ཟོས་པའི་ལྷག་མ་འཕགས་པ་མི་ གཡོ་བ་དོན་ཡོད་གཏུམ་པོའི་སྙིང་པོས་ལན་ཅིག་མངོན་པར་བསྔགས་ནས་ལྷག་མའི་ཆང་བུ་སྦྱིན་པར་བྱའོ། །དེ་དང་རྗེས་སུ་འབྲེལ་པས་དངོས་གྲུབ་ཅི་བདེ་བ་སྟེར་བར་འགྱུར་རོ། །ཟོས་པ་དང་ངལ་བསོས་པའི་མཐར་ཡང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་དམ་པའི་ཆོས་ཀྱི་གཏམ་ལ་སོགས་ པས་གནས་པར་བྱའོ། །གལ་ཏེ་ནུས་པར་འགྱུར་ནའོ། །ཕྱི་དྲོའི་དུས་སུ་ཡང་ཐམས་ཅད་བསྲུང་བ་ལ་སོགས་པ་ཡོངས་སུ་བྱ་བ་དང་། མཆོད་པ་ལ་སོགས་པ་བྱས་ནས་བཟླས་པ་བྱའོ། །ཡང་ན་སྔ་དྲོའི་ཐུན་ལ། དེ་བཞིན་དུ་སྲུང་བ་ལ་སོགས་པ་མ་གཤེགས་པར་གནས་པ་ལ། དེ་བཞིན་དུ་མོས་པ་བརྟན་ པོས་འཕགས་པ་མི་གཡོ་བའི་རྡོ་རྗེའི་ཕྱག་རྒྱས་བགེགས་ཐམས་ཅད་བསྐྲད་ནས། ཡི་གེ་ལྔ་པ་ལ་སོགས་པ་རྣམས་ཀྱི་ཕྱག་རྒྱ་གཞན་དང་བཅས་པས་སྲུང་བ་བྱས་ནས། མཆོད་པ་དང་བསྟོད་པ་ལ་སོགས་པའི་ཆོ་ག་སྔོན་བཞིན་དུ་བྱས་ཏེ། བཟླས་པ་བྱའོ། །ཕྱི་དྲོའི་དུས་སུ་ཡང་ར་བ་དང་གུར་ལ་ སོགས་པ་གཤེགས་ནས་འོད་ཟེར་ཕྲེང་བས་གོ་ཆ་བྱའོ། །ཕན་ཚུན་དུ་སོར་མོ་རྣམས་འཁྱུད་པ་ནང་དུ་ཁུ་ཚུར་བཅངས་ཏེ་གུང་མོ་རྩེ་མོའི་རྣམ་པར་བྱས་ནས་བརྐྱང་པ་ལ་མཛུབ་མོ་གཉིས་དེའི་ཚིགས་གསུམ་པར་བཞག་སྟེ། མཐེ་བོང་དག་ལ་ལོགས་སུ་བྱས་པ་ནི། འོད་ཟེར་གྱི་ཕྲེང་བའི་ཕྱག་རྒྱའོ། །སྔགས་ ནི། ན་མཿསྟྲཻ་ཡ་དྷྭི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ་མ་ཧཱ་ས་མ་ཡ་ག་ཏེ་ག་ཏེ། ས་མ་ཏེ་ས་མ་ཏེ། ས་མ་སརྦ་ཐཱ་སཏྭཱ་ཏྲ་ཎ་ཀེ། དྷརྨ་དྷཱ་ཏྭརྱ་ན་ཏཱ་སཾ་ག་ཏེ་སྭཱ་ཧཱ། ནམ་གྱི་ཆ་སྟོད་དང་། ཆ་སྨད་ལ་མི་ཉལ་བར་དམ་པའི་ཆོས་ཀྱི་ཁ་ཏོན་ལ་སོགས་པ་བྱའོ། །གུང་ཐུན་ལ་ཁྲི་ལ་སོགས་པ་སྤངས་པའི་ཉལ་ས་ལ་ སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་བ་བཞིན་དུ་ཉལ་བར་བྱའོ། །ཞུ་བ་ཡང་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་སྟེར་བ་པོ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བར་དུ་གཅོད་པ་ཐམས་ཅད་ རབ་ཏུ་ཞི་བར་མཛད་དུ་གསོལ་ཞེས་སོ། །དེ་བཞིན་དུ་ཆོ་ག་འདིས་ཉི་མ་སོ་སོ་ལ་ཇི་སྲིད་ཟླ་བ་གང་གང་གི་བར་དུ་འབུམ་བཟླས་པར་བྱའོ། །ཡང་ན་ཇི་སྲིད་དངོས་གྲུབ་ཀྱི་མཚན་མ་མ་བྱུང་གི་བར་དུའོ། །དེ་ནས་ཟླ་བ་ལ་སོགས་པའི་ཚེས་གྲངས་ལ་ཟས་བཅད་ཅིང་སྨྱུང་བར་གནས་ནས་གསོ་སྦྱོང་གི་སྡོམ་པ་གཟུང་ བར་བྱ་བ་ནི། ཤིང་ལོའམ། ཀུ་ཤའི་ཆུན་པོའི་སྟེང་དུ་ཉེ་བར་བསྡད་ནས་མཆོད་རྟེན་དང་། ཐང་སྐུ་དང་པོ་ཏི་དང་། སྐུ་གཟུགས་ལ་སོགས་པ་གཞན་ཇི་ལྟར་རྙེད་པའི་དྲུང་དུ་མེ་ཏོག་སིལ་མ་གཅལ་དུ་བཀྲམ་པའི་མཎྜལ་བྱས་ནས་སྲུང་བ་དང་། མཆོད་པའི་བྱ་བ་བྱས་ནས། སྔོན་བཞིན་ཆོས་འབྱུང་གི་ ཕྱག་རྒྱ་བཅིངས་ནས། དེའི་སྔགས་རྗེས་སུ་དྲན་པར་བྱའོ། །དེ་ནས་རང་གི་ལྷའི་ཕྱག་རྒྱ་བཅིངས་ཏེ། དེའི་སྔགས་བདུན་ནམ་བརྒྱད་བཟླས་ནས་དམ་ཚིག་བལྟ་བར་བྱའོ། །དེ་ནས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ཏེ་འཁོར་ལོ་དང་རྡོ་རྗེ་ ལ་སོགས་པ་འཛིན་པའི་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོའི་སྐུ་ལ་སོགས་པ་དག་ཅིང་རང་གིས་མངོན་པར་འདོད་པའི་དངོས་གྲུབ་ཀྱི་སྙིང་པོ་བླང་བའི་ཕྱིར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བར་དམིགས་ནས། བཟླས་པ་བརྩམ་ཞིང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་ལ་ཡིད་ཀྱིས་གོམས་པར་བྱས་ནས་ཉི་མ་ནུབ་པ་ལ་སོགས་པ་ནས། ཇི་སྲིད་ནམ་ཕྱེད་ཀྱི་བར་རམ། ཉི་མ་ཤར་གྱི་བར་དེ་སྲིད་དུ་བཟླས་པས་འཁོར་ལོ་ལ་སོགས་པ་རབ་ཏུ་འབར་བར་འགྱུར་རོ། །འབར་བ་ དང་ནམ་མཁའ་ལ་སངས་རྒྱས་ལ་སོགས་པ་བྱོན་པ་བཞིན་དུ་རྟགས་ཆེན་པོ་རྣམས་དང་། མེ་ཏོག་གི་ཆར་དང་། རྔའི་སྒྲ་དང་། ལྷའི་དབྱངས་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ཞེས་བརྗོད་པ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཞིང་གཡོ་བ་ལ་སོགས་པ་ཤིན་ཏུ་ངོ་མཚར་བ་རྣམས་ཀྱང་ འབྱུང་བར་འགྱུར་རོ། །རིག་པ་འཛིན་པའི་རིག་པ་ཐམས་ཅད་ཀྱང་འབྱུང་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མངོན་པར་དབང་བསྐུར་བར་འགྱུར་ཞིང་། མངོན་པར་ཤེས་པ་ལྔ་ཐོབ་པ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་། རིག་པ་འཛིན་པའི་རྒྱལ་པོར་འགྱུར་རོ། །རིག་པ་མཐའ་ཡས་པ་འཛིན་པའི་བུད་མེད་ཀྱི་འཁོར་ལུས་མ་ཉམས་པ་རྣམས་ཀྱིས་བདེ་བར་རྗེས་སུ་འཇུག་པར་འགྱུར་རོ། །དེ་བཞིན་དུ་ཡང་ལུས་ ལ་སོགས་པའི་རིམ་པས་ཚོགས་བསགས་པས་བྱང་ཆུབ་སེམས་དཔའི་ས་ཐམས་ཅད་ནོན་པར་འགྱུར་ཞིང་མངོན་པར་བྱང་ཆུབ་པར་འགྱུར་རོ་ཞེས་སོ། །གཞན་ཡང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་པ་དང་། ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་ལ་སོགས་པ་ འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །འདིས་དེ་བཞིན་དུ་ཆོ་ག་སྤྱིར་ཁྱད་པར་དུ་འཕགས་པའི་རིམ་པར་བལྟ་བའམ། ཆོ་ག་རྒྱུད་ལས་བལྟས་ན་ཐེ་ཚོམ་མེད་པར་ངེས་པར་བསྒྲུབས་པས་དངོས་གྲུབ་ཏུ་འགྱུར་རོ་ཞེས་སོ། །འདིར་ཐབས་དང་ལྡན་པ་ རྣམས་ཀྱིས་སྒྲུབ་ཐབས་ཀྱི་ཆོ་གས་ཇི་ལྟར་ནུས་པ་བཞིན་བསྒྲུབ་པར་བྱའོ། །ཇི་ལྟར་གསུངས་པ་བདག་གིས་ནུས་པ་བཞིན་བྱའོ། །མཐར་གཅིག་པུ་ཡང་བདག་ཉིད་སྲུང་བར་བྱས་ནས། མཚམས་བཅད་པ་དང་། མཆོད་པ་ལ་སོགས་པ་ཡིད་ཀྱིས་བྱས་ནས། དེའི་སྔགས་བརྗོད་ཅིང་ཇི་སྲིད་འདོད་ ཀྱི་བར་དུ་བཟླས་ཤིང་བསྒྲུབས་པས། བརྩོན་འགྲུས་དང་མཐུན་པ་གཉིས་ལས་ཀྱི་རྗེས་སུ་མཐུན་པའི་དངོས་གྲུབ་ངེས་པར་འགྱུར་རོ། །གཅིག་གིས་ཀྱང་འཇིག་རྟེན་གསུམ་བསྲུང་ནུས་པར་རྒྱུད་ལས་གསུངས་སོ། །དོན་ཡོད་གྲུབ་པ་འདི་ཡང་དམ་ཚིག་གསུམ་གྱི་རྒྱལ་པོ་ལས་བགེགས་མེད་ པའི་དངོས་གྲུབ་ཏུ་འགྱུར་ཏེ། ཡིད་ལ་འདོད་པའི་རྣམ་པ་ཉིད། །ཅེས་སོ། །སྔོན་དུ་བསྙེན་པ་ལ་སོགས་པའི་ཆོ་ག་དང་བྲལ་ཡང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་པ་ཙམ་བྱས་ནས། སེམས་ཀྱིས་སྔགས་བཟླས་པར་བྱའོ། །འདིར་ཡང་གང་དང་གང་ གི་ཆོ་ག་ཡིད་ཀྱིས་འདོད་པས་སྔགས་པ་རྣམས་སྒྲུབ་པ་དང་ལྡན་པས་དངོས་གྲུབ་ཏུ་འགྱུར་རོ། །ཇི་ལྟར་འདིར་གསུངས་པ་དབེན་ཞིང་སྐྱེ་བོ་མེད་པའི་གནས་སུ་སྨྲ་བ་ཡོངས་སུ་སྤངས་ནས་སེམས་ཅན་རྣམས་ལ་གནོད་པ་མ་ཡིན་པས་མཆོད་པ་མེད་པ་དང་། སྟན་མེད་པ་དང་ཁྲུས་མ་བྱས་པ་ལ་སོགས་ པ་ཆོ་གའི་ཚོགས་མ་ཚང་བ་ཡང་ངེས་པར་བསྒྲུབས་པས་དངོས་གྲུབ་ཏུ་འགྱུར་རོ། །ཡང་གསུངས་ཏེ། འདིར་ཡང་ཤིན་ཏུ་ངོ་མཚར་བ་གཉིས་ཏེ། སྔགས་རྣམས་ཀྱིས་ཇི་ལྟ་ཇི་ལྟར་བསྒྲུབས་པའི་མཐའ་ལ་དེ་ལྟ་དེ་ལྟར་རྗེས་སུ་མཐུན་པར་འགྱུར་རོ། །ཡང་གང་དང་གང་གི་ཆོ་ག་སྦྱོར་བའི་ མཐའ་ལ་དེའི་མཐའ་བཞིན་དུ་དངོས་གྲུབ་ཏུ་འགྱུར་རོ། །སླར་ཡང་གསུངས་པ། གང་གིས་བྱང་ཆུབ་སེམས་བརྟན་ཞིང་། །རྟོག་པ་མེད་པའི་བློ་གྲོས་གྱུར། །ཐེ་ཚོམ་མེད་པས་དེ་བཞིན་སྒྲུབ། །དེ་འདིར་དངོས་གྲུབ་ངེས་པར་འགྱུར། །ཞེས་སོ། །དེའི་ཕྱིར་བརྩོན་འགྲུས་བསྐྱེད་ནས་ཐེ་ཚོམ་ མེད་པར་བསྒྲུབས་པས་ངེས་པར་དངོས་གྲུབ་ཏུ་འགྱུར་རོ། །འདི་ཡང་དངོས་གྲུབ་ཀྱི་དོན་དུ་དམ་ཚིག་མཆོག་ཏུ་བསྟན་པར་འབད་པས་བསྲུངས་པར་འགྱུར་བས་དེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་འགྱུར་རོ། །དམ་ཚིག་དེ་ཡང་དམ་པའི་ཆོས་ཕྱིར་སྤང་བར་མི་བྱ་བ་དང་། བླ་མ་ ལ་སྨད་པར་མི་བྱའོ། །ཆང་བཏུང་བར་མི་བྱའོ། །ཁྲི་ལ་ཉལ་བར་མི་བྱའོ། །རྡོ་རྗེའི་རྣམ་པ་ལྟ་བུ་བཟའ་བར་མི་བྱ་ཞིང་འགོད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནི་ངེས་པར་རྒྱུད་ལས་ཤེས་པར་བྱ་སྟེ། མངས་པའི་འཇིགས་པས་འདིར་མ་བྲིས་སོ། །ཁྲུས་བྱེད་པར་འདོད་ན་ཡང་དམ་ཚིག་གསུམ་ བཟླས་པའི་འཕགས་པ་མི་གཡོ་བའི་སྙིང་པོ་དོན་ཡོད་གཏུམ་པོས་དེ་བཞིན་དུ་རྡོ་རྗེའི་ཕྱག་རྒྱ་དང་ལྡན་པས་ས་ལ་སོགས་པར་ཁྲུས་བྱས་པའི་རྫས་ཐམས་ཅད་ལ་མངོན་པར་བསྔགས་ཏེ། གདུག་པ་ཅན་ཐམས་ཅད་བསྐྲད་ནས། མཚམས་ལ་སོགས་པ་བཅད་པར་བྱས་པའི་མཐར་བགེགས་ ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ་ཞེས་སོ། །དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་ཆེན་པོ་ཀུ་མུ་ཏ་འབྱུང་བའི་བློ་གྲོས་ཞབས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏཱྀ་ས་མ་ཡ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། དམ་ཚིག་ གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མི་མཉམ་མི་གཡོ་ཤིན་ཏུ་ཡང་དག་ཆོས་ཀྱི་སྙིང་། །སྙིང་རྗེའི་བདག་ཉིད་འགྲོ་བ་རྣམས་ཀྱི་སྡུག་བསྔལ་འཇོམས། །མཉམ་མེད་ཡོན་ཏན་ཀུན་དང་དངོས་གྲུབ་སྟེར་མཛད་པ། ། དྲི་མེད་མི་གཡོ་མཚུངས་མེད་རབ་མཆོག་ཆོས་རྣམས་ནི། །ནམ་མཁའ་དང་མཚུངས་དེ་རྣམས་དཔེ་མེད་ཡོན་ཏན་གྱི། །ཆ་ཤས་རྡུལ་ཕྲན་ཟེགས་མས་ཀྱང་ནི་མཚམས་མེད་པ། །རྟག་ཏུ་སེམས་ཅན་ཁམས་བྱེད་དངོས་གྲུབ་སྦྱིན་པ་པོ། །དཔེ་དང་བྲལ་ཞིང་མ་ལུས་པ་ཡི་དངོས་གྲུབ་རྣམས། ། རྟག་ཏུ་དྲི་མེད་སྙིང་རྗེའི་ཤུགས་ཀྱིས་ལངས་ནས་ནི། །སྨོན་ལམ་གྲུབ་ཅིང་འགོག་པ་མེད་པའི་ཆོས་ཉིད་དོ། །འགྲོ་བའི་དོན་དུ་སྒྲུབ་ཐབས་གཞན་ཡང་མཐའ་མེད་པ། །བརྩེ་བ་ཆེན་པོའི་བདག་ཉིད་རྟག་ཏུ་རྣམ་པར་མཛེས། །འགག་མེད་སྙིང་རྗེའི་སྤྱོད་པ་གཡོ་བ་མེད་པ་ཡིས། །འཇིག་རྟེན་ གསུམ་བགྲོད་མཆོག་གི་དངོས་གྲུབ་སྦྱིན་པ་པོ། །གཞལ་བྱ་གཞལ་བྱེད་དང་བྲལ་ལེགས་པར་ཡོངས་རྫོགས་ཤིང་། །ཀྱེ་མ་ཆོས་ཉིད་དེར་འཇུག་ལེགས་པར་ཁོང་དུ་ཆུད། །དམ་ཚིག་གསུམ་མཆོག་དངོས་གྲུབ་མཆོག་སྦྱིན་སྟེར་མཛད་པ། །སྦྱིན་པའི་མཆོག་དེ་བདག་ལ་རྟག་ཏུ་ལེགས་པར་སྩོལ། ། འཇིག་རྟེན་གསུམ་ཀུན་མཆོག་སྦྱིན་མཆོག་གི་སྒྲུབ་པ་པོ། །མགོན་པོ་དུས་གསུམ་གཤེགས་རྣམས་ཀུན་ནས་སྒྲིབ་མེད་པ། །དམ་ཚིག་གསུམ་རྒྱལ་རྟོག་པར་གསུངས། །རྡོར་འཛིན་གླུ་དང་བསྟོད་པ་བྱ། །དེ་འདིར་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་རྒྱ་ཆེན་ཕུལ་དུ་བྱུང་། །ལན་ཅིག་ ཙམ་དུ་བརྗོད་པས་ཀྱང་། །སྔགས་རྣམས་ཐམས་ཅད་ངེས་པར་འགྲུབ། །བསྟོད་པའི་རྒྱལ་པོ་འདི་ཡིས་ནི། །དེ་བཞིན་གཤེགས་རྣམས་ངེས་པར་མཉེས། །དངོས་གྲུབ་རྒྱ་ཆེན་སྟེར་བར་བྱེད། །རྟོག་པ་ལ་གནས་རྟོག་ལས་གསུངས། །མགོན་པོ་རྣམ་པར་སྣང་མཛད་ཆེ། །མི་བསྐྱོད་རིན་ཆེན་ འབྱུང་ལྡན་དང་། །རྒྱལ་བ་དག་པ་འོད་དཔག་མེད། །དོན་ཡོད་གྲུབ་པ་རྒྱལ་པོ་ཀུན། །རོ་དང་རོ་བཅུད་དེ་ཉིད་དང་། །མཆོག་ཏུ་སྟེར་བར་མཛད་པ་སྟེ། །མ་ལུས་དངོས་གྲུབ་དག་དང་ནི། །དགའ་བ་རྒྱ་ཆེན་ཕུན་ཚོགས་གནས། །བསམ་པ་ཐམས་ཅད་ཡོངས་སུ་གང་། །ཡིད་ཀྱི་འདོད་པ་ཡོངས་ སུ་སྟེར། །ཡེ་ཤེས་ཚེ་དང་སྟོབས་ཀྱི་ཤུགས། །དགེ་བའི་མཆོག་རྣམས་སྟེར་བ་པོ། །ཞེས་སོ། །དེ་བཞིན་དུ་བསྟོད་པ་འདི་རྡོ་རྗེའི་གུར་གྱིས་བརྒྱན་པ། རྣལ་འབྱོར་རྒྱུད་ཆེན་པོའི་རྗེས་སུ་འབྲང་ནས་བརྗོད་པར་བྱའོ་ཞེས་སོ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །སངས་རྒྱས་སྲས་ཀྱི་རང་ བཞིན་དང་། །དུས་གསུམ་སངས་རྒྱས་ཕྱག་འཚལ་ནས། །འཆད་འགྱུར་དམ་ཚིག་ཅུང་ཟད་རྣམས། །དཔལ་ལྡན་དམ་ཚིག་གསུམ་ལས་གསུངས། །དམ་ཆོས་སྨད་པར་མི་བྱ་ཞིང་། །གང་དུའང་སྤང་བར་མི་བྱའོ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །དེ་རྣམས་མི་གུས་སྤང་བར་ བྱ། །བླ་མའི་བཀའ་ལས་འདའ་མི་བྱ། །ལུས་ཅན་རྣམས་ནི་གསད་མི་བྱ། །རང་གི་སྔགས་དང་ཕྱག་རྒྱ་ཡང་། །དོན་མེད་པ་དང་ཉམས་མི་བྱ། །སེར་སྣ་ཆང་གི་བཏུང་བ་ནི། །ཐམས་ཅད་དུ་ཡང་བྱ་བ་མིན། །རྡོ་རྗེའི་རྣམ་པ་མི་འགོང་ཞིང་། །བཟའ་བར་བྱ་བའང་མ་ཡིན་ནོ། །ཁྲི་ཡི་སྟེང་དུ་མི་ ཉལ་ཞིང་། །ཕྱག་རྒྱ་མི་གུས་སྤང་བར་བྱ། །བླ་མ་དང་ནི་ལྷ་རྣམས་དྲུང་། །བྱིས་པའི་ཆོས་ཉིད་མི་བྱའོ། །མངོན་སྤྱོད་བྱ་བ་མ་ཡིན་ཞིང་། །ཚུལ་ཁྲིམས་ལྡན་པ་སྨད་མི་བྱ། །བྱ་མིན་བྱ་བ་མི་བྱ་ཞིང་། །སྡིག་ལ་རྗེས་སུ་ཡི་རང་མིན། །རང་གཞན་རྗེས་སུ་མི་མཐུན་པའི། ། བྱ་བ་རྣམས་ནི་སྤང་བར་བྱ། །རྟོག་པ་ཆེན་པོའི་དམ་ཚིག་འདི། །དཔལ་ལྡན་དམ་ཚིག་གསུམ་ལས་ཤེས། །འཚོ་བ་འགྱོད་བཅས་མི་བྱ་ཞིང་། །ཚོགས་སྨྲ་དགའ་བས་ཆོག་པར་བྱ། །ཐེ་ཚོམ་ཉིད་དུ་གྱུར་པ་དང་། །ཡོ་བྱད་ཡོངས་སུ་འཛིན་པ་དང་། །ལེ་ལོ་དང་ནི་ཞུམ་པའི་སེམས། །དེ་བཞིན་ བདག་ལ་བསྟོད་ལ་སོགས། །བར་དུ་གཅོད་པའི་ཆོས་རྣམས་སུ། །རྟོག་པའི་རྒྱལ་པོ་ཉིད་ལས་གསུངས། །ཉེས་པ་འདི་རྣམས་ལས་ངེས་པར་གྲོལ་ཞིང་སྔོན་དུ་གསུངས་པའི་དམ་ཚིག་ལ་གནས་ནས་ཆགས་པ་ཐམས་ཅད་སྤངས་ཏེ། དད་པ་དང་བརྟན་པའི་ཡང་དག་པའི་བྱང་ཆུབ་ཀྱི་སེམས་ ཀྱིས་འགྲོ་བ་གསུམ་པོ་ལ་ཕན་པ་དང་ལྡན་པའི་ལུས་དང་། ངག་དང་ཡིད་རྣམས་ཀྱིས་བྱེད་པ་དང་། དམ་ཚིག་གསུམ་ལས་གསུངས་པའི་སྒྲུབ་ཐབས་ཀྱི་ཆོ་གས་འདོད་པའི་དངོས་གྲུབ་ཏུ་འགྱུར་རོ། །རིན་ཆེན་འབྱུང་གནས་སྦས་པའི་ཞབས་ཀྱིས་མཛད་པ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཨཱ་ས་ན་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། དཔལ་རྡོ་རྗེ་གདན་ལ་ཕྱག་འཚལ་ལོ། །ཡོན་ཏན་ཚོགས་ཀྱི་གཞིར་གྱུར་གཞན་དོན་བླ་མེད་དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་ལོ། ། དཔལ་ལྡན་རྡོ་རྗེ་གདན་ཞེས་ཕུན་སུམ་ཚོགས་མིན་འཇོམས་ཤིང་འཁོར་བའི་སྐྱོན་གྱིས་མ་གོས་པ། །གང་ཞིག་དུལ་ཞིང་ཞི་བ་མཆོག་གི་སངས་རྒྱས་ཉིད་ཀྱི་དེ་ཉིད་སྒྲུབ་པའི་ཐབས་གྱུར་པ། །སྣ་ཚོགས་ཁ་དོག་གིས་སྤྲས་བརྒྱན་པའི་དེ་བཞིན་གཤེགས་པ་ལ་སོགས་བདག་གིས་བྲི་བར་བྱ། །དེ་ལ་ མདུན་དུ་འོག་ནས་འབྱུང་བའི་ཆོ་གས་བཅོམ་ལྡན་འདས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པ་རྣམ་པར་བསམས་ཏེ། མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །ཨོཾ་ན་མཿཨཀྵོ་བྷྱཱ་ཡ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། སོ་སོར་ལན་གསུམ་དུ་དབུལ་བར་བྱའོ། །ཨོཾ་ན་མོ་བཻ་རོ་ཙཱ་ན་ཡ་ཨོཾ་ཨོཾ་བཛྲ་ པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་རཏྣ་སཾ་བྷ་བཱ་ཡ་ཏྲཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཨ་མི་ཏཱ་བྷཱ་ཡ་ཧྲཱིཿ ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཨ་མོ་གྷ་སིདྡྷ་ཡེ་ཨཿ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ལོ་ཙ་ནཱ་ཡཻ་ལཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་མཱ་མ་ཀཻ་མཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿཔཎྜ་རཱ་ཡཻ་པཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿསྟྲཱ་རཱ་ཡཻ་ཏཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། སླར་ཡང་མི་བསྐྱོད་པའི་གཟུགས་ལ་སོགས་པས་རྡོ་རྗེ་གདན་ལ་མང་ཞིང་ཆེས་རབ་ཏུ་མང་བའི་མེ་ཏོག་དབུལ་བར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཏེ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ་སྭཱ་ཧཱ། ཨོཾ་ བཛྲ་དཱི་པེ་ཧཱུཾ་སྭཱ་ཧཱ། ཞེས་པ་ལ་སོགས་པས་མཆོད་པའི་ཆོ་ག་བྱས་ནས་བྱམས་པ་ལ་སོགས་པ་བསྒོམ་པ་སྔོན་དུ་འགྲོ་བས་སོ། །དེ་ནས་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ཡིག་གསེར་གྱི་ཁ་དོག་ལྟ་བུ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བལྟས་ལ། དེ་ནས་ཁྲུས་དང་མེ་ཏོག་ལ་སོགས་པ་མཆོད་པའི་སྤྲིན་རབ་ཏུ་འཕྲོས་པས་ཡང་དག་པར་མཆོད་དོ། །དེ་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དགེ་བ་ཡོངས་སུ་བསྔོ་བ་དང་། གསུམ་ལ་ སྐྱབས་སུ་འགྲོ་བ་དང་། རྒྱལ་བའི་ལམ་ལ་བརྟེན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡང་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་མེད་པའི་ངོ་བོ་ཉིད་རྣམ་པར་ བསྒོམས་ནས། ཡི་གེའི་གཟུགས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བའི་བདག་ཉིད་བལྟ་བར་བྱའོ། །བརྟན་པར་བྱ་བའི་དོན་དུ་སྔགས་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་བཞིན་དུ་འོད་ཟེར་གྱི་གཟུགས་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་ འཁོར་རོ། །དེའི་སྟེང་དུ་ཧཱུཾ་གི་ཡི་གེ་ལ་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །གཞན་ཡང་ཀ་ཡིག་ལ་སོགས་པའི་སྡེ་ཚན་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ཐམས་ཅད་ཁ་དོག་དཀར་པོ་སྟེ། མ་ལུས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་ གཟུགས་སུ་བསམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ཡིག་གི་ས་བོན་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཁ་དོག་སེར་པོའོ། །དེ་ལ་ཡང་རྡོ་རྗེའི་ལྟེ་བ་ལ་ཧཱུཾ་ཡིག་གོ། །དེ་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གདན་གྱི་སྐུ་གསེར་གྱི་མདོག་ལྟ་བུའོ། །དེའི་གདན་བདུད་རྣམ་ པ་བཞི་སྟེ། དེ་ཡང་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་བདུད་རྣམས་སེར་པོ་དང་། དམར་པོ་དང་། ནག་པོ་དང་། སྔོན་པོའི་ཁ་དོག་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་གཟུགས་འདི་རྣམས་རྣམ་པར་བསྒོམ་པར་བྱའོ། །བདུད་འདི་རྣམས་ཀྱིས་ཡོངས་སུ་བྱས་པའི་སེང་གེའི་ཁྲི། དེའི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་བཞུགས་པའི་བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ། གཡོན་པ་གན་རྐྱལ་དུ་པང་དུ་བཞག་པའོ། །ན་བཟའ་དམར་པོ་སྐུ་ལ་བསྣམས་པ་ཞི་བའི་བདག་ཉིད་རྣལ་འབྱོར་པས་ བསྒོམ་པར་བྱའོ། །དེ་ནས་ང་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ན་བྱང་ཆུབ་སེམས་དཔའ་བྱམས་པ་སྐུ་མདོག་སེར་པོ། ཕྱག་གཉིས་པ་རལ་པའི་ཅོད་པན་འཛིན་པ། ཕྱག་གཡས་པ་ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ། གཡོན་ ན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །དེ་བཞིན་དུ་གཡོན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་ཕྱག་གཡས་ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ། གཡོན་ན་པདྨ་བསྣམས་པ། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་འཁོད་པ་བསྒོམ་པར་བྱའོ། །དེ་ནས་ ཡན་ལག་དྲུག་ཏུ་ཡི་གེ་དྲུག་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་གཉིས་ལ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ཀྵིཾ་ཁ་དོག་དཀར་པོའོ། །སྙན་གཉིས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཛྲཱཾི་ཡིག་ཁ་དོག་སྔོན་པོའོ། །ཤངས་གཉིས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཁཾ་ཡིག་ཁ་དོག་སེར་པོའོ། ། ལྗགས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཾ་ཡིག་ཁ་དོག་དམར་པོའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཀཾ་ཡིག་ཁ་དོག་ལྗང་གུའོ། །ནུ་མའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སཾ་ཡིག་ཁ་དོག་དཀར་པོའོ་ཞེས་བྱ་བ་ནི་ཡན་ལག་དྲུག་ལ་དགོད་པ་བསྒོམ་པར་བྱའོ། །དེ་ནས་རང་གི་ སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ། དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ཡིག་གོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཡེ་ཤེས་སེམས་དཔའ་བཞིན་དུ་བསམ་པར་བྱའོ། །སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་འཁོར་ ལོ་ཁ་དོག་དཀར་པོ། དེའི་དབུས་སུ་ཟླ་བ་ལ་གནས་པའི་ཨོཾ་ཡིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་རྣམ་པར་དག་པ་བསྒོམ་པའོ། །མགྲིན་པར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་ཁ་དོག་དམར་པོ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ གནས་པའི་ཨཱཿཡིག་ཅེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རྣམ་པར་དག་པ་བསྒོམ་པའོ། །ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཁ་དོག་ནག་པོ། དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་ཡིག་ཅེས་པ་ནི་བཅོམ་ལྡན་འདས་ཀྱི་ཐུགས་ རྣམ་པར་དག་པར་བསྒོམ་པ་སྟེ། སངས་རྒྱས་སྒྲུབ་ཅིང་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བའོ་ཞེས་སོ། །དེ་ནས་ནམ་མཁའ་ལ་གནས་པའི་བཅོམ་ལྡན་འདས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས་ཛཿཧཱུཾ་བཾ་ཧོཿཞེས་པའི་ཡི་གེ་བཞིས་མདུན་དུ་དགོད་པར་བྱའོ། །དེ་ནས་མཆོད་ཡོན་དང་ ཞབས་བསིལ་དང་ཞལ་བསིལ་དང་། བསང་གཏོར་རྣམས་དབུལ་བར་བྱའོ། །ཕྱི་ནས་འོ་ཐུག་ལ་སོགས་པའི་སྟོན་མོ་དབུལ་བར་བྱའོ་ཞེས་པ་ནི་བདུད་རྩི་མྱང་བར་བྱའོ། །དེ་ནས། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པ་འདིས་བསྟོད་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་ དང་དམ་ཚིག་སེམས་དཔའ་གཅིག་ཏུ་བྱས་ཏེ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ་ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་སྔགས་འདིས་གཉིས་སུ་མེད་པར་བྱའོ། །དེ་ནས་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ཨོཾ་ཨཱཿབཛྲ་ཧཱུཾ་སྭཱ་ཧཱ་ཞེས་པའི་སྔགས་བཟླས་པར་བྱའོ། །ཕྱི་ནས་བསོད་ནམས་ ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ནས་གཤེགས་སུ་གསོལ་ཏེ་ཇི་ལྟར་འདོད་པར་གནས་པར་བྱའོ། །བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་མྱུར་དུ་ཐོབ་པར་གྱུར་ཅིག །རྗེ་བཙུན་རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཀྱི་མན་ངག་གི་ཆོ་ག་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བཛྲཱ་ས་ན་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གདན་གྱི་སྒྲུབ་ཐབས། བྱང་ཆུབ་ཆེན་པོ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས་རྒྱུན་མ་ཆད་པར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་སྔོན་པོ་ལ། ཨ་ཡིག་ལ་སོགས་ པའི་དབྱངས་དཀར་པོ་བཅུ་དྲུག་གིས་བསྐོར་བའོ། །དེ་ནས་ཀ་ཡིག་ལ་སོགས་པའི་གསལ་བྱེད་དཀར་པོ་སུམ་ཅུ་རྩ་བཞིས་ཡོངས་སུ་བསྐོར་བའོ། །དེ་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་སླར་ཡང་ལྷའི་ས་བོན་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་པོ་ དེའི་ལྟེ་བ་ལ་ཧཱུཾ་ཡིག་སེར་པོ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྗེ་བཙུན་སངས་རྒྱས་དཔལ་ལྡན་རྡོ་རྗེ་གདན་གྱི་བདག་ཉིད་མྱུར་དུ་བསྒོམ་པར་བྱ་སྟེ། ཕྱག་གཉིས་པ། ཞལ་གཅིག་པ་སེར་པོའོ། །བདུད་བཞི་ལས་བྱས་པའི་སེང་གེའི་ཁྲི་ཆེན་པོ་མཆོག་ལ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་ རྡོ་རྗེ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡོན་པ་པང་དུ་བཞག་པ། གཡས་པ་ས་གནོན་གྱི་ཕྱག་རྒྱ་མཛད་པ། སྐུ་ལ་ན་བཟའ་དམར་པོ་བསྣམས་པ། ཡན་ལག་དང་ཉིང་ལག་ཐམས་ཅད་རྒྱས་པའི་སྐུ་རུ་བསྒོམ་པར་བྱའོ། །ཨོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་ ཀྱིས་གཉིས་སུ་མེད་པའི་ང་རྒྱལ་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་གཡས་ན་བྱང་ཆུབ་སེམས་དཔའ་བྱམས་པ་གསེར་གྱི་མདོག་ལྟ་བུ་སེར་པོ་ཕྱག་གཉིས་པ་རལ་པའི་ཅོད་པན་བཅིངས་པ། ཕྱག་གཡས་ན་རྔ་ཡབ་བསྣམས་པ། ཕྱག་གཡོན་ན་ཀླུ་ཤིང་གི་ཡལ་ག་འབྲས་བུ་དང་བཅས་པ་ བསྣམས་པའོ། །དེ་བཞིན་དུ་གཡོན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར་པོ་རལ་པའི་ཅོད་པན་ཅན་ཕྱག་གཡས་པ་རྔ་ཡབ་འཛིན་པ། གཡོན་ན་ཆུ་སྐྱེས་འཛིན་པའོ། །དེ་དག་གཉིས་ཀྱང་བཅོམ་ལྡན་འདས་ལ་ཞལ་མངོན་པར་ཕྱོགས་ཤིང་བལྟ་བའོ། །དེ་ནས་ཡན་ལག་ དྲུག་ཏུ་ཡི་གེ་དྲུག་དགོད་པར་བྱའོ། །བཅོམ་ལྡན་འདས་ཀྱི་སྤྱན་དག་ལ་ཟླ་བ་ལ་གནས་པའི་ཀྵིཾ་ཡིག་དཀར་པོའོ། །སྙན་དག་ལ་ཟླ་བ་ལ་གནས་པའི་ཛྲྀཾ་ཡིག་སྔོན་པོའོ། །ཤངས་ཀྱི་བུ་ག་དག་ལ་ཟླ་བ་ལ་གནས་པའི་ཁཾ་ཡིག་སེར་པོའོ། །ལྗགས་ལ་ཟླ་བ་ལ་གནས་པའི་གཾ་ཡིག་དམར་པོའོ། ། དཔྲལ་བ་ལ་ཟླ་བ་ལ་གནས་པའི་ཀཾ་ཡིག་སེར་པོའོ། །ནུ་མ་ལ་ཟླ་བ་ལ་གནས་པའི་སཾ་ཡིག་དཀར་པོའོ། །དེ་ནས་ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ་ལས་སྐྱེས་པའི་རྡོ་རྗེ། དེའི་ལྟེ་བ་ལ་ཡང་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ཅེས་པ་ནི་ཐུགས་རྣམ་པར་དག་པ་བསྒོམ་པའོ། །མགྲིན་པར་ཟླ་ བའི་དཀྱིལ་འཁོར་ལ་ཨཱཿཡིག་དམར་པོ་ལས་སྐྱེས་པའི་པདྨའི་ལྟེ་བ་ལ་གནས་པའི་ཨཱཿཡིག་ཅེས་པ་ནི་གསུང་རྣམ་པར་དག་པ་བསྒོམ་པའོ། །སྤྱི་བོར་ཟླ་བ་ལ་ཨོཾ་ཡིག་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པའི་ཨོཾ་ཡིག་ཅེས་པ་ནི་སྐུ་རྣམ་པར་དག་པ་བསྒོམ་པའོ། །ལྟེ་བའི་ སྟེང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་བཅས་པའི་ཧཱུཾ་ཡིག་ཅེས་པ་ནི་ཐུགས་རྣམ་པར་དག་པ་བསྒོམ་པའོ། །དེ་ནས་སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་བཀུག་ནས་མཆོད་ཡོན་དང་། ཞབས་བསིལ་དང་རྣམ་པ་སྣ་ཚོགས་པའི་མཆོད་པས་མཉེས་པར་བྱས་ཏེ། བསྟོད་ཅིང་ཕྱག་འཚལ་ བ་སྔོན་དུ་འགྲོ་བས་དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱས་ནས། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་འདིས་གཉིས་སུ་མེད་པའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ཨོཾ་ཨཱཿབཛྲ་ཧཱུཾ་སྭཱ་ཧཱ། རྡོ་རྗེ་ གདན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲཱ་ས་ན་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གདན་གྱི་སྒྲུབ་ཐབས། དཔལ་རྡོ་རྗེ་གདན་ལ་ཕྱག་འཚལ་ལོ། །དང་པོར་ཁ་ལ་སོགས་པ་བསང་བའི་ཆོ་ག་བྱས་ནས་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་ ལ་ཧཱུཾ་ཡིག་སེར་པོ་བལྟ་བར་བྱའོ། །དེའི་འོད་ཟེར་གྱིས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་བཀུག་ནས་མཆོད་པར་བྱའོ། །དེ་ནས་ཡང་སྡིག་པ་བཤགས་པ་ལ་སོགས་པའི་ཆོ་ག་བྱས་ནས། སྟོང་པ་ཉིད་མངོན་དུ་བྱས་ཏེ་དེའི་སྔགས་ཀྱིས་བྱིན་གྱིས་བརླབ་ པར་བྱའོ། །དེ་ནས་སྔོན་གྱི་སྨོན་ལམ་གྱིས་ཡང་དག་པར་བསྐུལ་ནས་གཟུགས་ཀྱི་སྐུ་མངོན་པར་སྤྲུལ་ནས་སེམས་ཅན་གྱི་དོན་གྱི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུཾ་ཡིག་སེར་པོ་བལྟས་ནས། ཨ་ཡིག་ལ་སོགས་པའི་དབྱངས་དཀར་པོ་བཅུ་དྲུག་གིས་བསྐོར་ཏེ། དེ་ནས་ཕྱི་རོལ་དུ་ཀ་ཡིག་ ལ་སོགས་པའི་ཡི་གེའི་ཚོགས་དཀར་པོ་རྣམས་ཀྱིས་བསྐོར་བའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་པོའི་གདན་གྱི་བདག་ཉིད་བསྒོམ་པར་བྱའོ། ། དེའི་སྟེང་དུ་སངས་རྒྱས་བཅོམ་ལྡན་འདས་ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱ། གཡོན་པ་པང་དུ་བཞག་པ། སྐུ་ལ་ངུར་སྨྲིག་གི་ན་བཟའ་བསྣམས་པ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་སྟེ། བདུད་བཞིའི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་བཞུགས་པ། ཞི་ཞིང་མཚན་དང་དཔེ་ བྱད་ཀྱིས་སྤྲས་པའི་སྐུའོ། །བཅོམ་ལྡན་འདས་དེའི་གཡས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་སེར་པོ་ཕྱག་གཉིས་པ་རལ་པའི་ཅོད་པན་བཅིངས་པ། ཕྱག་གཡས་ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ། གཡོན་ན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །དེ་བཞིན་དུ་གཡོན་ན་འཇིག་ རྟེན་དབང་ཕྱུག་དཀར་པོ་ཕྱག་གཡས་ན་རྔ་ཡབ་བསྣམས་པ། ཕྱག་གཡོན་ན་ཆུ་སྐྱེས་བསྣམས་པ། བཅོམ་ལྡན་འདས་ལ་ཞལ་བལྟ་བ་གཞན་དག་བསྒོམ་པར་བྱའོ། །དེ་ནས་ཡན་ལག་དྲུག་ཏུ་ཡི་གེ་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་དག་ལ་ཟླ་བ་ལ་གནས་པའི་ཀྵིཾ་ཡིག་དཀར་པོའོ། ། སྙན་དག་ལ་རི་བོང་འཛིན་པ་ལ་གནས་པའི་ཛྲཱྀཾ་ཡིག་སྔོན་པོའོ། །ཤངས་ཀྱི་བུ་ག་ལ་ཟླ་བ་ལ་གནས་པའི་ཁཾ་ཡིག་སེར་པོའོ། །ལྗགས་ལ་ཟླ་བ་ལ་གནས་པའི་གཾ་ཡིག་དམར་པོའོ། །དཔྲལ་བ་ལ་ཟླ་བ་ལ་གནས་པའི་ཀཾ་ཡིག་སྔོན་པོའོ། །ནུ་མའི་དབུས་སུ་ཟླ་བ་ལ་གནས་པའི་སཾ་ཡིག་དཀར་པོ་བསམ་ པར་བྱའོ། །དེའི་རྗེས་སུ་ཡེ་ཤེས་སེམས་དཔའ་བསྒོམས་ནས་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དཀར་པོའོ། །དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཨོཾ་ཡིག་གོ། །མགྲིན་པར་ཟླ་བའི་སྟེང་དུ་ཨཱཿཡིག་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པ་དེའི་དབུས་སུ་ ཟླ་བ་ལ་གནས་པའི་ཨཱཿཡིག་གོ། །སྙིང་གར་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་རང་གི་ས་བོན་གྱི་སྙིང་པོ་ཅན་ནོ། །ལུས་དང་ངག་དང་ཡིད་རྣམ་པར་དག་པ་སྟེ་གསུམ་པོ་བསྒོམ་པར་བྱའོ། །ཇི་སྲིད་དུ་བཅོམ་ལྡན་འདས་བསྒོམས་པས་སྐྱོ་ན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་ འདི་ཡིན་ཏེ། ཨོཾ་ཨཱཿབཛྲ་ཧཱུཾ་སྭཱ་ཧཱ། ཞེས་སོ། །རྡོ་རྗེ་གདན་གྱི་སྒྲུབ་པའི་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཥ་ཊ་ཀྵ་རཱི་མ་ཧཱ་བིདྱཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་མ་རིག་པ་ཆེན་པོའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དང་ པོར་རེ་ཞིག་སྔགས་པས་སྟན་བདེ་བ་ལ་འདུག་སྟེ། ཁ་བསང་བ་ལ་སོགས་པ་བྱས་ནས་རང་གི་སྙིང་གར་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དཀར་པོ་ལས་འོད་ཟེར་འཕྲོས་ནས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བལྟས་ཏེ་ཡང་དག་པར་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་ བ་ལ་སོགས་པ་བྱ་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པས་ཇི་སྲིད་སེམས་ཅན་རྣམས་དང་། སེམས་ཅན་གྱི་ཁོངས་སུ་གཏོགས་ཤིང་བསྡུས་པ་རྣམས། སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་ སྐྱེས་པ་དང་། གཟུགས་ཅན་དང་། གཟུགས་མེད་པ་དང་། འདུ་ཤེས་ཅན་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་ཡོད་མིན་མེད་མིན་དང་། གང་ཡང་ཅུང་ཟད་སེམས་ཅན་གྱི་ཁོངས་སུ་གཏོགས་ཤིང་བགྲང་བ་དེ་དག་ཐམས་ཅད་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ གཞག་པར་བྱའོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ་སྐད་ཅིག་གིས་སྟོང་པར་དམིགས་ཤིང་། དེ་ནས་རང་གི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿཡིག་དཀར་པོ། དེ་ལ་འོད་ཟེར་ བརྒྱ་སྟོང་དཔག་ཏུ་མེད་པ་འབྱུང་བར་བསམས་ལ། སེམས་ཅན་ཐམས་ཅད་ཀྱི་དུས་ཐོག་མ་མེད་པ་ནས་བསགས་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་མ་ལུས་པ་རྣམ་པར་དག་པར་བྱས་ནས། སླར་ཡང་དེ་ཉིད་ལ་དེ་བཞིན་དུ་ཞུགས་ནས་གང་དེ་ཉིད་ཡོངས་སུ་གྱུར་པ་ ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་པོ་ཕྱག་བཞི་པ་གཡོན་པདྨ་བསྣམས་པ། གཡས་ན་བགྲང་ཕྲེང་བསྣམས་པ། ཕྱག་གཞན་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། འོད་དཔག་མེད་ཀྱི་རལ་པའི་ཅོད་པན་ཅན་བསྒོམ་ པར་བྱའོ། །གཡས་ཕྱོགས་སུ་ནོར་བུ་འཛིན་པ་དེ་དང་སྐུ་མདོག་ཕྱག་མཚན་མཚུངས་པ་པདྨའི་ནང་གི་སྟེང་དུ་གནས་པའོ། །དེ་བཞིན་དུ་གཡོན་དུ་པདྨ་གཞན་གྱི་སྟེང་དུ་ཡི་གེ་དྲུག་མའི་རིག་བྱེད་མ་ཆེན་མོ་འཇིག་རྟེན་དབང་ཕྱུག་དང་འདྲ་བའི་སྐུ་མདོག་དང་ཕྱག་མཚན་ བསྒོམ་པར་བྱའོ། །དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཨ་ལ་ལ་ལ་ལ་ཧོ། ཨཿཨཿཨཿཨཱཿཞེས་བྱ་བས་བྱིན་གྱིས་བརླབས་པའི་སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱའོ། །དེ་བཞིན་དུ་བསྒོམས་ནས་དེ་ནས་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་ལ་ བགྲང་ཕྲེང་གི་རྣམ་པ་ལྟ་བུ་ཁ་དོག་དཀར་པོ་ཞལ་ནས་ཕྱུང་སྟེ། ལྟེ་བར་འཇུག་ཅིང་འཁོར་ལོ་ལྟར་འཁོར་བའི་སྦྱོར་བས། སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་རྟོག་པའི་སྔགས་ཀྱི་རྒྱལ་པོ་ཡིད་བཞིན་གྱི་ནོར་བུ་འདི་མཚན་མ་མེད་པའི་སྦྱོར་བས་བལྟ་ཞིང་དེ་ནས་བཟླས་པ་བྱའོ། །དེ་ནས་འཁོར་ཞིང་འཛག་ པ་ལ་སོགས་པ་ཐོབ་ནས་དད་པ་དང་། སྙིང་རྗེ་དང་ལྡན་ཞིང་བླ་མ་ལ་གུས་པའི་རྣལ་འབྱོར་པས་དུས་མི་རིང་བས་དངོས་གྲུབ་ཏུ་འགྱུར་རོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །དེ་ནས་ལྡང་བའི་དུས་སུ་སྔགས་ཀྱི་རྒྱལ་པོ་འདི་བརྗོད་ནས་ལྡང་བར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་ པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་བརྗོད་ནས་ཅི་བདེར་གནས་པར་ བྱའོ། །ཡི་གེ་དྲུག་མའི་སྒྲུབ་ཐབས། དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། ཡི་གེ་དྲུག་པའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མགོན་པོ་ པདྨའི་རིགས་ལས་བྱུང་། །ཐམས་ཅད་མཁྱེན་པའི་ཅོད་པན་ཅན། །ནད་རྣམས་ཐམས་ཅད་ཞི་བའི་ཕྱིར། །ཕྱག་བཙལ་ནས་ནི་སྒྲུབ་ཐབས་བརྩམ། །དང་པོར་རེ་ཞིག་དངོས་གྲུབ་སློབ་དཔོན་གྱི་རྗེས་སུ་འཇུག་པས། དེའི་ཕྱིར་ཐམས་ཅད་དུ་སྒོམ་པ་དང་། བླ་མའི་མཆོད་པ་ལ་བརྩོན་པར་བྱ་སྟེ། བླ་མ་ཡོངས་སུ་མཉེས་པས་ཐམས་ཅད་དུ་ལས་རྣམས་འགྲུབ་པར་འགྱུར་ཞིང་དཀྱིལ་འཁོར་དུ་རབ་ཏུ་ཞུགས་པས་དངོས་གྲུབ་ཐོབ་པར་ཡང་འགྱུར་ཏེ། རང་གི་དམ་ཚིག་དང་སྡོམ་པ་བསྲུངས་པས་ངེས་པར་དངོས་གྲུབ་ཐོབ་བོ། །སྔོན་དུ་ཁ་བསང་བ་ལ་སོགས་པ་བྱས་ནས་ལྷ་ཁང་དུ་རྗེ་བཙུན་གྱི་ཐང་སྐུ་ ལ་སོགས་པ་བཀྲམ་ནས་རང་གི་ཐུགས་ཀར་དང་པོའི་ཡི་གེ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བརྒྱད་པའི་བཞི་པའི་ས་བོན་ལ་བདུན་པའི་གཉིས་པའི་གདན་དང་། དང་པོའི་བཞི་པས་བརྒྱན་ཅིང་། བཅུ་དྲུག་པ་དང་ཡང་དག་པར་ལྡན་པ་ཁ་དོག་དཀར་ཞིང་ཡིད་དུ་འོང་བའོ། །དེ་ལས་སྣ་ ཚོགས་པའི་འོད་ཟེར་འཕྲོས་ཏེ། འོད་ཟེར་དེ་རྣམས་ཀྱི་ཚོགས་ལས་བླ་མ་རྫོགས་པའི་སངས་རྒྱས་ཀྱི་སྐུར་བསྒོམས་ནས་མཆོད་པ་དང་། ཕྱག་དང་བསྟོད་པ་བྱ་སྟེ། སྔགས་འདིས་སོ། །ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། ཞེས་ སོ། །དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །རང་གཞན་དོན་ནི་ རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བདག་གིས་བསྐྱེད། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །མངོན་འདོད་བྱང་ཆུབ་མཆོག་སྤྱད་པས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །སྨོན་པ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་བདག་མེད་པར་ བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སོ། །ས་བོན་སྒྱུ་མའི་དཔེར་བྱས་ནས། །ཁམས་གསུམ་པ་ནི་མ་ལུས་པ། །བལྟ་ཞིང་རེག་ནས་དེ་བཞིན་དུ། །ཇི་ལྟར་ཐམས་ཅད་སྒྱུ་མ་བཞིན། །ཐམས་ཅད་དེ་བཞིན་དམིགས་མེད་པས། །འགྲོ་བ་གནས་པ་རྟག་ཏུ་གྲོལ། ། དེས་ན་ཐོག་མ་མེད་པའི་དུས་ནས་རྣམ་རྟོག་ངན་པའི་ས་བོན་ལས་བྱུང་བའི་རང་བཞིན་ལས་གྲོལ་བར་བྱས་ཏེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། དེ་ནས་སྔོན་དུ་གསུངས་པའི་ས་བོན་ཡོངས་སུ་གྱུར་པ་ལས་པདྨའོ། །དེའི་སྟེང་དུ་ཧྲཱིཿཡིག་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་དཔལ་ ལྡན་འཇིག་རྟེན་མགོན་པོ་རྡོ་རྗེ་དང་། པདྨའི་སྙིང་པོ་ལ་ཟླ་བའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། རི་བོང་འཛིན་པའི་འོད་ཟེར་ལྟ་བུ། ཀུནྡ་དང་ཟླ་བའི་ཁ་དོག་འབར་བ་ལས། རལ་པའི་ཅོད་པན་ཅན་ཞི་ཞིང་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། སྟག་གི་པགས་ པའི་ཤམ་ཐབས་བསྣམས་པ། ཕྱག་བཞི་པ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་ན་བགྲང་ཕྲེང་བསྣམས་པ། ཕྱག་གཡོན་ན་པདྨ་དང་ནོར་བུས་རྣམ་པར་བརྒྱན་པ། ཕྱག་གཉིས་ཐལ་མོ་སྦྱར་བ། རྒྱལ་བའི་དབང་པོ་ཀུན་གྱི་ཕྱག་རྒྱ་ཐུགས་ཀར་གནས་པའོ། །དེ་ནས་ང་ རྒྱལ་བསྒོམ་པར་བྱ་སྟེ། བདག་ཉིད་འཇིག་རྟེན་དབང་ཕྱུག་གོ། །ཞེས་སོ། །དེ་ནས་ཇི་ལྟར་ཉེ་བར་བསྟན་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། རང་གི་སྔགས་ཀྱིས་མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཕྱག་རྒྱ་བསྡུས་ནས་གཅིག་ཏུ་བྱས་ཏེ། སྔགས་འདིས་ ལྷན་ཅིག་ཏུ་དགོད་དོ། །ཨོཾ་སུ་ར་ཏ་སྟྭཾ། བཛྲ་ཨ་ལ་ལ་ལ་ལ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཞེས་སོ། །ཇི་ལྟར་ཉེ་བར་བསྟན་པས་དབང་བསྐུར་བ་དང་། གོ་ཆ་དང་། དར་དཔྱངས་བཅིངས་པས་ལྷག་པར་གྲོལ་བར་འགྱུར་རོ། །དུས་ཐམས་ཅད་དུ་མཆོད་པ་དང་། བསྟོད་ པ་དང་། བསྒོམ་པ་སྔོན་དུ་འགྲོ་བར་བྱས་ནས་བཟླས་པ་བྱའོ། །རང་གི་སྙིང་གར་ཟླ་བའི་སྟེང་དུ་ཡི་གེ་དྲུག་པ་འོད་ཟེར་གྱི་ཕྲེང་བ་བཞིན་དུ་བྱས་པའི་ཁྱིམ་གྱི་ནང་དུ་བལྟ་བར་བྱའོ། །སྔགས་ནི་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་ཡི་གེ་འབུམ་དུ་བཟླས་སོ། །དེ་ནས་གཉིས་པ་དང་གསུམ་པས་སྡིག་པ་དག་པར་ འགྱུར་རོ། །མཚམས་མེད་པ་ལྔ་བྱེད་པས་ཀྱང་བྱེ་བ་བཟླས་པས་དངོས་གྲུབ་ཏུ་འགྱུར་རོ། །དེ་ལས་ལྡང་བར་འདོད་ན་མཆོད་ཡོན་ལ་སོགས་པ་ཕུལ་ནས། ཁྱད་པར་འཕགས་པའི་ང་རྒྱལ་གྱིས་གནས་པར་བྱའོ། །ཐུན་མཚམས་བཞིར་བཟླས་ཤིང་དགེ་བའི་རྩ་བ་མངོན་པར་འདོད་པའི་དངོས་གྲུབ་ཏུ་ བསྔོའོ། །ནམ་ཕྱེད་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ལ་ཡི་གེ་བརྒྱ་པ་བརྗོད་ཅིང་། ལུས་དང་། ངག་དང་། ཡིད་བསྲུང་བར་བྱས་ནས་ཅི་བདེར་གནས་པར་བྱ་སྟེ། གལ་ཏེ་ནད་ལ་སོགས་པ་ཞི་བར་འདོད་ན། དེ་ལ་ཇི་ལྟར་ཉེ་བར་བསྟན་པས་སྐར་མ་རྒྱལ་ལས་ལ་མ་ལྷུང་བའི་བའི་ ལྕི་བས་རྗེ་བཙུན་གྱི་དྲུང་དུ་མཎྜལ་གྲུ་བཞི་བྱ་སྟེ། མངོན་པར་འདོད་པ་ལ་ཡི་གེ་དྲུག་པ་དང་སྦྱར་ནས་ལན་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཟླ་བ་དྲུག་གིས་ཐེ་ཚོམ་མེད་པར་འགྲུབ་བོ་ཞེས་སོ། །ཟ་མ་ཏོག་བཀོད་པའི་མན་ངག་གིས་མཛད་པའི་ཡི་གེ་དྲུག་པའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ལོ་ཀ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འདིར་སྔོན་གྱི་ཆོ་གས་ཟླ་བའི་དཀྱིལ་འཁོར་ལ་བདུན་པའི་གསུམ་པའི་ས་བོན་བཅུ་གསུམ་པས་གནོན་པ། ཟླ་བའི་ཐིག་ལེས་རྣམ་པར་བརྒྱན་པ། དེ་རྣམས་ཡོངས་སུ་གྱུར་པ་ལས་དཔལ་ལྡན་འཇིག་རྟེན་མགོན་པོ་ཞི་བ་རལ་པའི་ཅོད་པན་འཆང་བ། སྐུ་ཟླ་བ་བཞིན་དུ་དྲི་མ་མེད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་པདྨ་བསྣམས་པ། གཡས་པ་མཆོག་སྦྱིན་པ། ཕྱག་གཉིས་ཁུ་ཚུར་བཅིངས་ནས་གུང་མོ་པདྨ་ཁ་མ་བྱེ་བ་ ལྟ་བུ། པདྨ་དང་ཟླ་བའི་གདན་ལ་བཞུགས་པར་བསྒོམ་པར་བྱའོ། །འདིའི་ཕྱག་རྒྱས་རྒྱས་གདབ་པར་བྱའོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་ཡི་གེ་འབུམ་དུ་བཟླས་པས་སྡིག་པ་ཐམས་ཅད་དག་པར་འགྱུར་རོ། །གཉིས་དང་གསུམ་གྱིས་རྨི་ལམ་དུ་མཐོང་བར་འགྱུར་རོ། །བྱེ་བ་བཟླས་ན་མཚམས་མེད་ པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ། །དཔལ་ལྡན་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། ཡི་གེ་དྲུག་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པ་ལ་ཕྱག་འཚལ་ལོ། །ལུས་ཅན་ གཞན་ལ་ཡང་དག་པར། །ཡིད་ཀྱིས་ཕན་པར་དམིགས་བྱ་སྟེ། །སྡུག་བསྔལ་མ་ལུས་ཉེར་ཞི་ཞིང་། །དམ་པའི་བདེ་ལ་དགོད་པར་བྱ། །དེ་ནས་ཡིད་ཀྱིས་སྙིང་ག་རུ། །ཟླ་བ་དཀར་པོ་ཡང་དག་བསྒོམ། །དེ་ལས་འོད་ཟེར་འཕྲོས་གྱུར་པས། །རང་ལུས་འོད་ཀྱིས་གང་བར་བསམ། །ངལ་བསོས་ སྔགས་པས་ཆོ་ག་བཞིན། །ངན་པའི་རྣམ་རྟོག་བསྡུས་ནས་ནི། །འོད་ཟེར་དཀར་པོ་འཕྲོ་བ་ཡིས། །སྔགས་ནི་གསལ་པོར་བརྗོད་པར་བྱ། །ལྟེ་བའི་དཀྱིལ་འཁོར་ལ་ཞུགས་ནས། །ཉིད་ཀྱི་སྙིང་གར་ཡང་དག་བསྡུ། །ལུས་ངག་ཡིད་ནི་དག་བྱའི་ཕྱིར། །ལན་གསུམ་དུ་ནི་བསྒོམ་པར་བྱ། ། དེ་ནས་རང་གི་ལུས་གནས་ལ། །བདག་གི་ལུས་ལ་སོགས་པ་དག །སྔགས་ནི་ཕྱི་རོལ་འཐོན་གྱུར་ནས། །སྲོག་ཆགས་རྣམས་ལ་ཕོག་པར་བསམ། །བལྟ་ཞིང་བརྗོད་པའི་སྔགས་ལས་བསྐྱེད། །མདུན་དུ་ལྷ་རྣམས་གསུམ་ཡིན་ཏེ། །སྔགས་ནི་བརྗོད་ནས་ཡང་ དག་བསྡུ། །རིམ་པས་སོ་སོར་རེ་རེར་དཔྱད། །སྣ་ཚོགས་མཆོད་པ་སྤྲུལ་ནས་ནི། །དེ་བཞིན་དེ་ལ་ངེས་པར་འབུལ། །ཡོངས་སུ་གང་ཞིང་དེ་ནས་དག །འདོད་པའི་དོན་རྣམས་ཡོངས་སུ་བསྔོ། །སྔགས་ནི་དེ་ལས་བཟླས་པར་བྱ། །ཆོ་གའི་མཐའ་ལ་བཟླས་པ་དང་། །མཆོད་པ་ལ་སོགས་ སྔོན་བཞིན་བྱ། །ལྷ་རྣམས་ཐུགས་ཀར་ཡང་དག་བསྡུ། །ཏིང་འཛིན་སོ་སོར་དམིགས་ལ་སོགས། །ཐུན་མཚམས་དག་ནི་བཞི་རྣམས་སུ། །སྐྱེ་བོས་དབེན་པའི་ཁྱིམ་སོགས་སུ། །སྔགས་པས་འབུམ་ཕྲག་གཅིག་ཏུ་བཟླས། །རླུང་དང་སེམས་ཀྱི་བྱེད་པ་སྤངས། །བཟླས་པ་སྤྲོ་ཞིང་ ཡང་དག་བསྡུ། །སྡིག་པ་ཀུན་ནས་ཟད་སོགས་ལ། །མཎྜལ་གྲུ་བཞིར་བྱས་ནས་ནི། །བྲིས་སྐུ་ལ་སོགས་བཀྲམ་བྱས་ལ། །དེ་ཡི་མདུན་དུ་གཙོ་བོ་བསྒོམ། །དཀྱིལ་འཁོར་མཆོད་པར་བྱ་བ་ནི། །ཆོ་ག་འདི་ཡིས་མཆོད་པར་བྱ། །དེ་ལ་འདིར་ལྷའི་རྣམ་པའི་ཉེ་བར་བསྟན་པ་ནི། དཀར་ ཞིང་སྐྱིལ་ཀྲུང་བགྲང་ཕྲེང་དང་། །ཆུ་སྐྱེས་དང་བཅས་ཐལ་མོ་སྦྱོར། །གཙོ་བོ་བལྟ་ཞིང་དེ་ཡི་སྐུ། །ལྷ་མོ་དཔའ་བོའི་སྟན་ལ་རྟེན། །འཕགས་མ་སེར་མོ་བསམ་པར་བྱ། །གཡོན་ན་རིན་ཆེན་ཕྲེང་བ་བསྣམས། །གཡས་པའི་ཕྱག་ནི་སྟོང་པ་སྟེ། །རིན་པོ་ཆེ་ཡི་ཅོད་པན་ཅན། །དཔའ་བོའི་སྟན་ དང་ལྡན་པའོ། །ཞེས་པ་ནི་འཕགས་པ་ཡི་གེ་དྲུག་མའི་རིག་སྔགས་ཆེན་མོ་རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་མན་ངག་རྒྱ་ཆེར་བརྒྱུད་པའི་སྒྲུབ་ཐབས་ཀྱི་ཆོ་གའོ། །ཡི་གེ་དྲུག་པའི་སྒྲུབ་ཐབས་ཁ་ཅིག་ལས་བཅོམ་ལྡན་འདས་ནོར་བུ་དང་བཅས་པའི་པོ་ཏིས་མཚན་པ་དང་། པདྨ་བསྣམས་པ་དང་། ནོར་ བུ་འཛིན་པ་ནི་པོ་ཏི་དང་བྲལ་ཞིང་ནོར་བུ་དང་པདྨ་འཛིན་པའོ། །ཡི་གེ་དྲུག་མ་ནི་ནོར་བུ་དང་བྲལ་ཞིང་པོ་ཏི་དང་པདྨ་འཛིན་པའོ། །མཆོད་པའི་སྔགས་ནི། ཨོཾ་ལོ་ཀེ་ཤྭ་ར་པུཥྤཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་དྷཱུ་པཾ། དཱི་པཾ་ཞེས་པ་ལ་སོགས་པ་ཡང་ཤེས་པར་བྱའོ། །ལྷ་གཞན་རྣམས་ལ་ཡང་འདིས་ཤེས་པར་ བྱའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དགུག་པའི་སྔགས་འདིའོ། །ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཨ་ལ་ལ་ལ་ལ་ཧོ། ཨཿཨཿཨཿཨཱཿཞེས་སོ། །ཡི་གེ་དྲུག་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཁརྶ་པཱ་ཎི་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་ སྐད་དུ། འཕགས་པ་ཁརྶ་པཱ་ཎི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་སྟན་བདེ་བ་ལ་འདུག་སྟེ། ཞལ་བསང་བ་ལ་སོགས་པ་བྱས་ཤིང་། སྦྱངས་ནས་རང་གི་སྙིང་གར་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར་ བསྒོམ་པར་བྱའོ། །དེའི་སྟེང་དུ་ཧྲཱིཿཡིག་དཀར་པོ། དེའི་འོད་ཟེར་གྱིས་མདུན་གྱི་ནམ་མཁའི་མཐིལ་དུ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་སྤྱན་དྲངས་ནས། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་ཚོགས་རྣམས་ཀྱིས་ཡང་དག་ པར་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔོན་བཞིན་དུ་ཧྲཱིཿཡིག་རྣམ་པར་བསྒོམས་ནས། ནམ་ མཁའི་མཐིལ་དུ་སྤྲོ་བ་དང་བསྡུ་བའི་རིམ་པས་དེ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གི་བདག་ཉིད་བསྒོམ་པར་བྱ་སྟེ། འོད་ཟེར་དཀར་པོ་བྱེ་བ་དང་ལྡན་པ་རལ་པའི་ཅོད་པན་ཅན། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་ པས་བཞུགས་པ། ཕྱག་གཡས་པ་མཆོག་སྦྱིན། གཡོན་པ་པདྨ་བསྣམས་པའོ། །གཡས་ཕྱོགས་ལོགས་ན་འཕགས་མ་སྒྲོལ་མ་དང་། ནོར་བཟངས་གཞོན་ནུ་གཉིས་སོ། །གཡོན་གྱི་ལོགས་ན་ཁྲོ་གཉེར་ཅན་དང་རྟ་མགྲིན་གཉིས་སོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྤྱི་བོར་ཨོཾ་ཡིག །མགྲིན་ པར་ཨཱཿཡིག །སྙིང་གར་ཧཱུཾ་ཡིག་བསྒོམས་ལ་ཇི་སྲིད་མི་སྐྱོ་བའི་བར་དུའོ། །སྐྱོ་ན་སྔགས་བཟླས་པར་བྱ་སྟེ། དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པ་ནི་འཕགས་པ་འཇིག་རྟེན་དབང་ཕྱུག་ཁརྶ་པཱ་ཎིའི་སྒྲུབ་ཐབས་སོ། །སློབ་དཔོན་རྙོག་པ་མེད་པས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཁརྶ་པཱ་ཎིའི་སཱ་དྷ་ནཾ། བོད་སྐད་དུ། ཁརྶ་པཱ་ཎིའི་སྒྲུབ་ཐབས། ཁརྶ་པཱ་ཎི་ལ་ཕྱག་འཚལ་ལོ། །མངོན་འདོད་འབྲས་སྟེར་འོད་གསལ་དཔལ་གྱི་དཔག་བསམ་ཤིང་། །བདེ་གཤེགས་ཚུལ་གྱི་ལམ་ཆེན་འཇུག་ནས་དེད་དཔོན་མཛད། །སྲིད་ཞིའི་ངོས་ མཉམ་དངོས་པོ་ཀུན་གྱི་ངོ་བོ་ཉིད། །དེ་འདིར་ཆུ་སྐྱེས་ཕྱག་གིས་འགྲོ་རྣམས་སྡིག་པ་ཞི་མཛད་དོ། །སྔ་བར་ཁ་སོགས་དག་བྱས་ནས། །འཇམ་ཞིང་ཡངས་པའི་སྟན་ལ་འདུག །བདག་ཉིད་དབེན་པར་ཆོ་ག་འདིས། །སྙིང་གར་ཟླ་བའི་ས་བོན་འོད། །རང་གི་སྙིང་གར་བསྒོམ་པར་བྱ། །ཟླ་བ་ གང་བའི་འོད་ཟེར་འཕྲོ། །དེ་ཡི་འོད་ཟེར་རྩེ་མོས་བསྐུལ། །ཡང་དག་གདན་དྲངས་མཁའ་ལ་འཕགས། །དཔལ་མགོན་ཁརྶ་པཱ་ཎི་དང་། །བླ་མ་སངས་རྒྱས་དེ་སྲས་ཚོགས། །མཆོད་སྤྲིན་ས་བོན་ལས་བྱུང་བའི། །སྣ་ཚོགས་རྣམས་ཀྱིས་མཆོད་པར་བྱ། །དེ་ནས་མངོན་པར་ཕྱག་འཚལ་ ཞིང་། །སྡིག་པ་བཤགས་པ་ལ་སོགས་བྱ། །གང་ཞིག་ཤིན་ཏུ་ཐོག་མ་མེད་པ་ནས། འཁོར་བར་འཁོར་བའི་ཚེ་བདག་གིས་མི་དགེ་བ་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་ཐམས་ཅད་བཅོམ་ལྡན་འདས་ཀྱི་མདུན་དུ་བདག་གིས་བཤགས་པར་བགྱིའོ། ། རྫོགས་སངས་རྒྱས་དང་སྲས་དང་འཕགས། །གཞན་ཡང་གང་ཞིག་དགེ་མཛད་པ། །དེ་ལ་ངེས་པར་རྗེས་ཡི་རང་། །ཡང་དག་རྫོགས་པའི་བྱང་ཆུབ་བསྔོ། །སྙིང་རྗེའི་རང་བཞིན་མཆོག་གྱུར་པའི། །སངས་རྒྱས་ལ་ནི་སྐྱབས་སུ་མཆི། །ཆོས་ཀུན་རྒྱུན་མི་འཆད་པར་ནི། །གཅིག་ཏུ་དགའ་ གཟུགས་ཆོས་དང་ནི། །རབ་དགའ་ལ་སོགས་ས་ལ་བཞུགས། །བྱང་ཆུབ་སེམས་དཔའི་ཚོགས་དེ་བཞིན། །མྱ་ངན་འདའ་བར་བཞེད་རྣམས་ལ། །སངས་རྒྱས་གཞན་ལ་ཕན་པའི་ཕྱིར། །ཡུན་རིང་རྣམས་སུ་བཞུགས་པར་ཡང་། །བདག་གིས་གསོལ་བ་གདབ་པར་བགྱི། །སྒྲིབ་པ་ ཐམས་ཅད་རྩད་ནས་ཟད་བྱེད་པའི། །རྒྱུར་གྱུར་བྱང་ཆུབ་སེམས་ནི་བདག་གིས་བསྐྱེད། །བདེ་གཤེགས་སྲས་དང་བཅས་པའི་ལམ་ལ་ཡང་། །རྣམ་དག་བསམ་པས་ཡང་དག་བསྟེན་པར་བགྱི། །གཡོ་དང་མི་གཡོའི་འགྲོ་འདི་མ་ལུས་རྣམས། །གཅིག་དང་དུ་བྲལ་སྟོང་པ་ཉིད་ཅེས་བསམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པར་བྱ། བྱིན་རླབས་རང་བཞིན་རྣམ་པར་དག་པ་འདིས། །ཆོས་ཀུན་དེ་བཞིན་བདག་མེད་བལྟ་བར་བྱ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་བདག་ཉིད་རྣམ་པར་ཤེས་པ་ཙམ་ དུ་བསྒོམས་ནས། སྔོན་གྱི་སྨོན་ལམ་གྱིས་བསྐུལ་ནས་པཾ་ཡིག་ཡོངས་སུ་གྱུར་པ་ལས་སྣ་ཚོགས་ཆུ་སྐྱེས་ལ་ཨཾ་ཡིག་ལས་སྐྱེས་པའི་ཟླ་བ་གང་བའི་དཀྱིལ་འཁོར་དྲི་མ་མེད་པ་དེའི་སྟེང་དུ་ཧྲཱིཿཡིག་ཤིན་ཏུ་འོད་གསལ་ཞིང་འོད་ཟེར་གྱི་ཚོགས་འཕྲོ་བས་ནམ་མཁའི་ཁམས་ཁྱབ་པ་རྣམ་པར་བསྒོམ་པར་ བྱའོ། །དེ་ཡོངས་སུ་གྱུར་པ་ལས་རང་གི་ས་བོན་ཟེའུ་འབྲུ་དང་། སྡོང་བུས་བརྒྱན་པའི་ཆུ་སྐྱེས་ཁ་འབུས་པ་བལྟ་བར་བྱའོ། །འདིར་དེ་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་སུ་བསྒོམ་པར་བྱའོ། །བསིལ་ཟེར་བྱེ་བའི་འོད་ཀྱིས་དཀར་བའི་སྐུའི་དབུ་ལ་ རལ་པའི་ཅོད་པན་དང་། འོད་དཔག་ཏུ་མེད་པས་བརྒྱན་པ། སྣ་ཚོགས་པདྨ་དང་ཟླ་བའི་དཀྱིལ་འཁོར་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། སྐུ་ལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་འཛུམ་ཞིང་ལོ་བརྒྱད་གཉིས་ལོན་པ་ལྟ་བུ་ཕྱག་གཡས་པ་མཆོག་སྦྱིན། ཕྱག་གཡོན་ན་སྡོང་ བུ་དང་བཅས་པའི་ཆུ་སྐྱེས་བསྣམས་པ། ཕྱག་ནས་བདུད་རྩིའི་རྒྱུན་འབབ་པ་ལ་སྲེད་པ་ཅན་རྣམས་པྲེ་ཏ་འོག་ནས་སྟེང་དུ་ཁ་གདངས་ཤིང་། ལྟོ་བ་ཆེ་ཞིང་ཤིན་ཏུ་རིད་པ་ཁ་དོག་གནག་པ་ཁབ་ཀྱི་ཁ་ཅན་རྣམས་ཚིམ་པར་མཛད་པ་དཔལ་ལྡན་གྲུ་འཛིན་གྱི་རི་ལ་བཞུགས་པ། སྙིང་རྗེའི་ སྣུམ་མདངས་དང་ལྡན་ཞིང་སྒེག་པའི་ཉམས་དང་ལྡན་པ། ཤིན་ཏུ་ཞི་བ་རྒྱན་སྣ་ཚོགས་པས་བརྒྱན་པ། དེའི་མདུན་དུ་སྒྲོལ་མ། གཡས་ཕྱོགས་ལོགས་ན་ནོར་བཟངས་གཞོན་ནུའོ། །དེ་ལ་སྒྲོལ་མ་ལྗང་གུ། ཕྱག་གཡོན་པ་ན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་བསྣམས་པ། ཕྱག་ གཡས་པ་མཆོག་སྦྱིན་བརྐྱང་པ། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ལང་ཚོ་དར་ལ་ནུ་མ་རྒྱས་པའོ། །ནོར་བཟངས་གཞོན་ནུ་ཐལ་མོ་སྦྱར་ཞིང་གསེར་མདོག་ལྟར་གསལ་བ། གཞོན་ནུའི་ཚུལ་འཛིན་པ། ཕྱག་གཡོན་ན་པོ་ཏི་དང་བཅས་ཤིང་རྒྱན་ཐམས་ཅད་དང་ལྡན་པའོ། ། རྒྱབ་ན་ཁྲོ་གཉེར་ཅན་ནོ། །གཡོན་ན་རྟ་མགྲིན་ནོ། །དེ་ལ་ཁྲོ་གཉེར་ཅན་ཕྱག་བཞི་པ་གསེར་མདོག་ལྟ་བུ། རལ་པའི་ཚོགས་དང་ལྡན་པ། ཕྱག་གཡོན་ན་དབྱུ་གུ་རྩེ་གསུམ་དང་སྤྱི་བླུགས་བསྣམས་པ། ཕྱག་གཡས་ཕྱག་འཚལ་བའི་ཚུལ་དང་། བགྲང་ ཕྲེང་བསྣམས་པ། སྤྱན་གསུམ་དང་ལྡན་པའོ། །རྟ་མགྲིན་ནི་སྐུ་མདོག་དམར་པོ་ཐུང་ཞིང་ལྟོ་བ་འཕྱང་བ། སྐྲ་དམར་སེར་གྱེན་དུ་འབར་བ། སྦྲུལ་གྱི་སེ་རལ་ཁར་བྱས་པ། སྨ་ར་སེར་པོས་ཞལ་གྱི་དཀྱིལ་འཁོར་བརྒྱན་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། སྨིན་མཚམས་སུ་ཁྲོ་གཉེར་ བསྡུས་པ། སྟག་གི་པགས་པའི་ན་བཟའ་ཅན། དབྱུག་པའི་མཚན་མ་དང་ལྡན་ཞིང་ཕྱག་གཡས་པ་ཕྱག་འཚལ་བའི་ཚུལ་དང་ལྡན་པའོ། །དེ་རྣམས་ཐམས་ཅད་རང་གི་གཙོ་བོའི་ཞལ་ནས་བསྐུལ་ཞིང་བལྟ་བ་ཇི་ལྟར་མཛེས་པ་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་རྣམ་པར་བསྒོམ་པར་བྱའོ། །དེ་བས་འོད་ཟེར་རྣམ་པ་སྣ་ཚོགས་པ་འཕྲོས་ཏེ། ཁམས་གསུམ་ཁེངས་ནས་སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་བཀོད་ནས་སླར་ཡང་དེ་བཞིན་དུ་འོད་ཟེར་ས་བོན་གྱི་ཡི་གེ་ལ་གཞུག་པར་བྱའོ། ། ཡང་དེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། དམ་ཚིག་སེམས་དཔའ་དང་ལྷན་ཅིག་ཏུ་འོ་མ་དང་ཆུ་འདྲེས་པ་བཞིན་དུ་གཟུགས་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནས་ལུས་ངག་ཡིད་གསུམ་རྣམ་པར་དག་པའི་ཕྱིར་རིམ་པ་ཇི་ལྟ་བ་བཞིན་དུ་སྤྱི་བོར་ཨོཾ་ཡིག་དཀར་པོ། །མགྲིན་པར་ཨཱཿ ཡིག་དམར་པོ། །སྙིང་གར་ཧཱུཾ་ཡིག་ནག་པོ་བསྒོམ་པར་བྱའོ། །འདིར་ཡང་རྒྱུན་མི་འཆད་པར་འོད་ཟེར་གྱི་དྲ་བ་མཐའ་ཡས་པ་བྱུང་སྟེ། སེམས་ཅན་གྱི་ཕུང་པོ་མ་ལུས་པའི་སྡིག་པ་ཡང་དག་པར་འཇོམས་པ་བསྒོམ་པར་བྱ་ཞིང་ཇི་ལྟར་ནུས་པར་སྤྲོ་བར་བྱའོ། །མཁས་ཤིང་འཛིན་པའི་ ཤེས་རབ་དང་། །སྐལ་བཟང་ནད་མེད་ཕུན་སུམ་ཚོགས། །སྒོམ་པའི་སྦྱོར་བས་ཐོབ་འགྱུར་ཏེ། །བརྩོན་འགྲུས་ལྡན་པས་མངོན་སུམ་བྱེད། །བསྒོམས་པས་ངལ་ན་སེམས་རྩེ་གཅིག་པས་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿསྭཱ་ཧཱ། འདིའི་ཁ་དོག་སྟོན་ ཀའི་སྐར་མའི་ཕྲེང་བ་དྲི་མེད་ལྟར། །རབ་ཏུ་འོད་གསལ་དཔག་ཏུ་མེད་པའི་འོད་ཟེར་འཕྲོ་བ་ཅན། །བཟླས་པས་སྐྱོ་བར་གྱུར་ན་བསོད་ནམས་ཡོངས་སུ་བསྔོས་ནས་ལྡང་། །ལྷ་ཡི་ང་རྒྱལ་དང་བཅས་ཅི་བདེ་བར་ནི་གནས་པར་བྱ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་གི། །སྒྲུབ་ཐབས་ཆོ་ག་འདི་ བྱས་པའི། །བདག་གིས་བསོད་ནམས་གང་བསགས་དེས། །འགྲོ་རྣམས་དེ་ཡི་གནས་ཐོབ་ཤོག །པོ་ཏ་ལའི་ཁརྶ་པཱ་ཎིའི་སྒྲུབ་ཐབས། སློབ་དཔོན་པདྨ་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཁརྶ་པཱ་ཎི་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཁརྶ་པཱ་ཎིའི་སྒྲུབ་ཐབས། དཔལ་ལྡན་ཁརྶ་པཱ་ཎི་ལ་ཕྱག་འཚལ་ལོ། །འདིར་དགེ་བསྙེན་དགེ་བྱེད་ཅེས་བྱ་བ་དགེ་བའི་ལས་ལ་བརྩོན་ཞིང་སྙིང་རྗེ་དང་ལྡན་པ་ཞིག་ཡོད་པར་གྲགས་པ་དེས། པོ་ཏ་ལ་ཀེར་འགྲོ་བར་བརྩམས་ཏེ་ཆས་ནས་ཁ་ཌི་མཎྜ་ལ་ཁརྶ་པཱ་ཎི་ཞེས་གྲགས་ པའི་གྲོང་ཞིག་ཡོད་པར་བསྡད་པ་ན། དེར་བཅོམ་ལྡན་འདས་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་གནང་བ་བྱིན་ཏེ། ཁྱོད་རང་མ་འགྲོ་བར་འདིར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཀྱི་རྒྱལ་པོའི་རིམ་པས་ངའི་སྐུ་གཅིག་གྱིས་དང་། དེས་སེམས་ཅན་ཐམས་ཅད་ཀྱི་དོན་ཆེན་ པོར་འགྱུར་རོ་ཞེས་གསུངས་ནས། དེ་ནས་དེས་བཅོམ་ལྡན་འདས་ཀྱི་སྐུ་གཅིག་མྱུར་དུ་བཞེངས་སོ་ཞེས་ཐོས་སོ། །དེ་ལ་བཅོམ་ལྡན་འདས་བསྒྲུབ་པའི་ཕྱིར་ལྟ་བ་ཕུན་སུམ་ཚོགས་ན་དགེ་སློང་མཆོག་གི་ཚུལ་ཁྲིམས་ཉམས་ཀྱང་སླའི། ལྟ་བ་ཉམས་པ་ནི་དེ་ལྟ་མ་ཡིན་ནོ། །འདིར་དེ་ལ་ རེ་ཞིག་ཆོས་ཐམས་ཅད་བདག་མེད་པར་རྣམ་པར་བལྟས་ནས་རྣམ་པར་རྟོག་པ་མཐའ་དག་སྤངས་ཏེ། བརྩེ་བའི་བསམ་པས་ཀྱེ་མ་སེམས་ཅན་འདི་རྣམས་ཉོན་མོངས་པ་ལ་སོགས་པའི་ལས་ཀྱི་བར་དུ་གཅོད་པས་སྡུག་བསྔལ་བ་སྟེ། དེ་ལ་སྐྱེ་བ་དང་། རྒས་པ་དང་། ནད་དང་། འཆི་བའི་ སྡུག་བསྔལ་རྣམས་ཀྱིས་ཤིན་ཏུ་མནར་བ་དང་ལྡན་པའི་སེམས་ཅན་རྣམས་དཔག་ཏུ་མེད་པའི་སྡུག་བསྔལ་བར་གྱུར་པ་རྣམས་ལ། དེའི་ཕྱིར་བདག་ཉིད་འཇིག་རྟེན་དབང་ཕྱུག་བསྒྲུབས་ཏེ། དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་བསལ་ཞིང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་ དགོད་པར་བྱའོ་ཞེས་དམ་བཅས་ནས། རང་གི་སྙིང་གར་པཾ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་སྟོང་གི་ལྟེ་བའི་དབུས་སུ་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཏཱཾ་སུཾ་བྷྲིཾ་ཧཾ་ཞེས་པའི་ས་བོན་ལྔ་བཀོད་ལ། དེ་རྣམས་ཀྱི་འོད་ཟེར་གྱིས་ཡང་དག་པར་ བསྐུལ་ཞིང་བླ་མ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ཏེ། མདུན་གྱི་ནམ་མཁའི་མཐིལ་དུ་བཞུགས་ནས་ཕྱག་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་མཆོད་པ་རྣམ་པ་བདུན་ནམ་བཅུ་གཅིག་བྱས་ཏེ། བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་སྟོང་པ་ཉིད་ཀྱི་བྱང་ཆུབ་ཏུ་བྱས་ནས་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་རྣལ་འབྱོར་དུ་བདག་ཉིད་ བྱས་ཏེ། དེ་ཡང་སྟོན་ཀའི་ཟླ་བ་བཞིན་དུ་དཀར་ཞིང་རལ་པའི་ཅོད་པན་འོད་དཔག་མེད་ཀྱི་དབུ་ལ་བརྒྱན་ཅིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེ་དང་། སེང་གེའི་གདན་གྱི་སྟེང་ན་པདྨ་འདབ་མ་སྟོང་ལ་རོལ་པའི་ཚུལ་གྱིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། གཡོན་ པདྨ་བསྣམས་པ། གཡས་ན་བདུད་རྩིའི་ཆུ་རྒྱུན་འབབ་པའི་མཆོག་སྦྱིན་པའོ། །མདུན་ན་སྒྲོལ་མ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གསེར་སྔོན་པོའི་མདོག་ལྟ་བུ་དཀར་ཞིང་མཁྲེགས་ལ་མཐོ་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ན་ཨུཏྤལ་སྡོང་བུ་དང་ བཅས་པ་བསྣམས་ཤིང་སྤྱན་གྱིས་གཟིགས་པའོ། །དེའི་རྗེས་སུ་ནོར་བཟངས་གཞོན་ནུ་གསེར་འབར་བ་ལྟ་བུ་རིན་པོ་ཆེའི་རྒྱན་དང་། རིན་པོ་ཆེའི་ཅོད་པན་ཅན། ཕྱག་གཡོན་ན་ཀ་པཱ་ལི་བསྣམས་ཤིང་ཐལ་མོ་སྦྱར་བའོ། །དེའི་རྗེས་སུ་ཁྲོ་གཉེར་ཅན་རལ་པའི་ཅོད་པན་སྟེང་དུ་བརྫེས་ པས་བརྒྱན་པ། གསེར་འབར་བ་ལྟ་བུ་ན་བཟའ་དམར་པོ་ཡོངས་སུ་བསྣམས་པ། ཕྱག་གཡས་པ་ཕྱག་འཚལ་བའི་ཚུལ་དུ་བྱས་པ། གཞན་ན་བགྲང་ཕྲེང་འཛིན་པ། གཡོན་པ་དག་གིས་དབྱུ་གུ་རྩེ་གསུམ་དང་། རིལ་བ་སྤྱི་བླུགས་བསྣམས་པ། དེའི་རྗེས་སུ་རྟ་མགྲིན་དབུ་སྐྲ་ དམར་སེར་གྱེན་དུ་འབར་བ། སྐུ་མདོག་དམར་པོ་ཀླུའི་རྒྱན་དང་ལྡན་པ། ལྟོ་བ་འཕྱང་ཞིང་སྟག་གི་པགས་པའི་ན་བཟའ་བསྣམས་པ། ཕྱག་ན་དབྱུག་པ་བསྣམས་པ། དེ་བཞིན་དུ་ལྔའི་བདག་ཉིད་བཅོམ་ལྡན་འདས་འཁོར་དང་བཅས་པ་བསྒོམ་པར་བྱའོ། །དེ་ནས་མཎྜལ་བྱས་ཏེ་ཆོ་ག་འདིས་ མཆོད་པར་བྱའོ། །དེ་ནས་དང་པོ་མཎྜལ་བྱས་ནས་བསྲུང་བ་བྱ་སྟེ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་ས་རེ་རཀྵ་རཀྵ་མཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་རེ་ཁེ་ཧཱུཾ། མཎྜལ་གྱི་སྔགས་སོ། །ཨོཾ་ཨཱ་གཙྪ་བྷ་ག་ཝཱན་མཎྜལ་ཀ་སིཾ་ཧཱ་ས་ནེ་ཨོཾ་ཨཱཿཞེས་པའི་སྔགས་བརྗོད་ནས་གསོལ་བ་གདབ་པར་བྱ་སྟེ། མཎྜལ་ གྱི་དབུས་སུ་སེང་གེའི་གདན་གྱི་སྟེང་དུ་པདྨ་འདབ་མ་སྟོང་ལ་བཞུགས་པ། ལྔའི་བདག་ཉིད་མཆོད་པར་བྱའོ། །དེ་ལ་མཆོད་པའི་སྔགས་ནི། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ཨཱ་ཧཱ་རེ་ཧཱུཾ། མཆོད་ཅིང་བསྟོད་དེ་སྔགས་བཟླས་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ ཛ་མེ་གྷ་པྲ་ས་རཱ་མུ་ཧེ་ཧཱུཾ། མཆོད་པ་བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་ཨཱ་ཏཱཾ་བྷྲཱིཾ་ཧཾ་ཕཊ་སྭཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ལ་ལི་ཏ་ན་མི་རཻཏ་ན་མཱ་མི་བྷ་ག་ཝཱན་ཏཾ་ཛཿཧཱུཾ་བཾ་ཧོཿཔྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལིན་ནཱ་ཐ་ཧོ། ཞེས་པ་ནི་ཕྱག་འཚལ་བའི་སྔགས་སོ། །ཨོཾ་མུཿསྭཱ་ཧཱ་ཞེས་པ་ནི་གཤེགས་སུ་ གསོལ་བའི་སྔགས་སོ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། གྲྀཧྞ་གྲྀཧྞ་ཏུ་སརྦ་བྷཱུ་ཏི་ཀཱ་ཨི་མཾ་བ་ལིཾ་སྭཱ་ཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །དེ་ནས་མཆོད་པ་རྩོམ་པའི་དུས་སུ་དེ་བཞིན་དུ་བརྗོད་ནས་སེམས་སྦྱང་བར་བྱའོ། །གང་ཡང་སྤྱོད་པ་ངན་པ་རྣམས། བདག་གིས་སྤང་ཞིང་སངས་རྒྱས་དང་། བྱང་ ཆུབ་སེམས་དཔའི་བསླབ་པ་རྣམས་ལ་བསླབ་པོ། །བདག་གིས་ཇི་སྲིད་ནུས་པས་མཆོད་པ་བསྒྲུབ་པོ། །གང་ཡང་མི་བྱ་བ་ནི་དེ་ཡང་འདོད་ཆགས་ལས་སྐྱེས་པ་དང་། ཞེ་སྡང་ལས་སྐྱེས་པ་དང་། གཏི་མུག་ལས་སྐྱེས་པའི་མི་དགེ་བའི་རྩ་བ་རྣམས་སོ། །འདིར་ཐམས་ཅད་དེ་བཞིན་དུ་སེམས་ ཅན་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བསམ་པ་ཅན་རྣམས་དང་། དེ་བཞིན་དུ་འདོད་ཆགས་ལས་སྐྱེས་པའི་དགེ་བའི་རྩ་བ་ནི་ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་དག་གོ། །ཞེ་སྡང་ལས་སྐྱེས་པ་ནི་རཱ་མ་ཎའོ། །གཏི་མུག་ལས་སྐྱེས་པ་ནི་གནོད་སྦྱིན་རྣམ་ཐོས་སྲས་སོ། །དེའི་ཕྱིར་འདོད་ཆགས་ དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་ཡོངས་སུ་སྤངས་ནས་སེམས་སྦྱངས་ཏེ། ཐམས་ཅད་དེ་བཞིན་དུ་སྙིང་རྗེའི་སེམས་ཀྱི་རང་བཞིན་གྱིས་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་བྱའོ། །སློབ་དཔོན་དགེ་བྱེད་ཀྱིས་མཛད་པའི་ཁརྶ་པཱ་ཎིའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཁརྶ་པཱ་ཎི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་མཁའ་སྤྱོད་ཀྱི་སྒྲུབ་ཐབས། འཕགས་པ་མཁའ་སྤྱོད་ལ་ཕྱག་འཚལ་ལོ། །སྡུག་བསྔལ་ཅན་གྱི་མགོན་གྱུར་པའི། །མགོན་པོ་མཁའ་སྤྱོད་ལ་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་བསྡུས་པ་ལས། ། ཅུང་ཟད་རྒྱས་པར་བྲི་བར་བྱ། །དང་པོ་རེ་ཞིག་སྔགས་པས་རྐང་པ་དང་། ལག་པ་ལ་སོགས་པ་ཆུས་བཀྲུས་ཤིང་མཆོག་ཏུ་གཙང་བར་བྱས་ནས་རི་ཕུག་སྐྱེ་བོས་དབེན་པར་གནས་ཏེ། ཁ་བསང་བར་བྱའོ། །ཁ་ཅིག་ནས་ཡིད་དང་མཐུན་པའི་གནས་སུ་འཇམ་ཞིང་ཡངས་པའི་གདན་ལ་ཉེ་བར་འདུག་ ནས། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ཡིད་ཀྱིས་བསམ་པར་བྱ་སྟེ། དེའི་དབུས་སུ་སྟོན་ཀའི་ཟླ་བ་བརྒྱའི་འོད་ཟེར་གྱི་ཕྲེང་བ་རབ་ཏུ་འབར་བའི་ཧྲཱིཿཡིག་གི་ས་བོན་བལྟ་བར་བྱའོ། །དེ་ནས་ཡང་ཧྲཱིཿཡིག་གི་ས་བོན་ལས་འཕྲོས་ཏེ། འགྲོ་བ་རྣམས་ ཀྱིས་མ་རིག་པའི་མུན་པ་འཇོམས་པར་བྱེད་ཅིང་འོད་ཟེར་གྱི་ལྕགས་ཀྱུའི་རྣམ་པར་འཕྲོས་ཏེ། ཕྱོགས་བཅུ་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་རྣམས་ཐམས་ཅད་སྣང་བར་མཛད་ནས། དེ་ན་བཞུགས་པའི་ཡང་གྲངས་མེད་དཔག་ཏུ་མེད་པའི་བླ་མ་དང་། སངས་རྒྱས་དང་། བྱང་ ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་པར་བྱའོ། །ཕྱི་ནས་དེ་རྣམས་ནམ་མཁའི་ཕྱོགས་སུ་འཁོད་ཅིང་། མཆོག་གི་སྙིང་རྗེ་དང་ལྡན་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་ལ་སོགས་པ་ཤིན་ཏུ་ཕུལ་དུ་བྱུང་བའི་མཆོད་པའི་རྣམ་པས་མཆོད་ཅིང་། སྡིག་པ་བཤགས་པར་བྱའོ། །གང་