Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 77

Văn bản gốc(Tây Tạng)

Trang 8 / 23 (50.000 ký tự/trang)
པ་ཅན། ཕྱག་གཡས་པ་ན་མི་ཤེས་པ་མ་ལུས་པ་གཅིག་ཏུ་གཅོད་པར་བྱེད་པའི་རལ་གྲི་བསྣམས་པ། གཡོན་ན་ཐབས་སུ་གྱུར་པ་མ་ལུས་པའི་
བསྟན་བཅོས་ཀྱི་པོ་ཏི་ཕྱག་ན་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་དམར་པོ་མནབས་པ། བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ། པདྨ་རབ་ཏུ་རྒྱས་པའི་ཞལ་མངའ་བ། པདྨའི་སྤྱན་མངའ་བ། སྐྱེས་བུ་ཆེན་པོའི་མཚན་གྱིས་སྤྲས་པ། ཨིནྡྲ་ནཱི་ལའི་ནོར་བུ་ལྟ་བུའི་དབུ་སྐྲའི་ཚོགས་ཟུར་
ཕུད་ལྔ་དང་ལྡན་པ། ཆུ་སྐྱེས་དཀར་པོ་འདབ་མ་བརྒྱད་པ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་འཇམ་དཔལ་གྱི་སྐུར་བདག་ཉིད་བསྒོམས་ལ། དེ་ལྟར་རྣལ་འབྱོར་པ་དམ་ཚིག་སེམས་དཔའི་ང་རྒྱལ་དང་ལྡན་པས་རང་གི་སྙིང་གར་ཨ་ཡིག་
ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ། འོད་ཟེར་གྱི་ཚོགས་འཕྲོ་བས་མི་ཤེས་པ་མ་ལུས་པ་འཇོམས་པར་བྱེད་པ་མྱུར་དུ་གཡས་སུ་འཁོར་བར་བྱེད་པའི་རིམ་པ་བལྟས་ལ། དེའི་སྟེང་དུ་བར་སྣང་ལ་དབྱངས་ཡིག་དང་པོ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཡི་གེ་ལྔ་རིམ་པ་ཇི་ལྟ་བ་བཞིན་དུ་མར་མེ་
འབར་བའི་རྣམ་པ་ལྟ་བུས་འོད་ཟེར་དང་བཅས་པས་མི་ཤེས་པ་མཐའ་དག་གཅོད་པར་བྱེད་པ་བླ་མའི་མན་ངག་གིས་བསྒོམ་པར་བྱའོ། །ལྷའི་རྣམ་པ་རྫོགས་པ་ལས་སྔགས་པས་ལེ་ལོ་མེད་པར་སྤྲོ་བ་ལ་སོགས་པ་བྱས་ནས་བཟླས་པ་བྱའོ། །ཡང་ན་སྙིང་གའི་ཟླ་བའི་དབུས་སུ་ཨ་ཡིག་དཀར་པོའི་རྣམ་པ་

རྫོགས་པ་ལས་ཨ་ར་པ་ཙ་ན་ཞེས་པ་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དགའ་བའི་བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ། ཕྱག་གཡས་པ་དང་གཡོན་པ་དག་གིས་རལ་གྲི་དང་པོ་ཏི་བསྣམས་པ། ཨིནྡྲ་ནཱི་ལ་ལྟ་བུའི་རལ་པའི་ལྕང་ལོ་ལྔ་དང་ལྡན་པ།
འོད་འཕྲོ་བའི་ཟླ་བའི་ཞལ་ཟླ་བ་ལྟ་བུས་སྨྲ་བའི་མཆོག་གོ། །ཟླ་བ་ལ་རང་གི་ས་བོན་དང་བཅས་པ་སྙིང་གར་བསྒོམས་ལ། དེའི་མདུན་དུ་ར་ཡིག་དཀར་པོ་ལས་བྱུང་བའི་དྲ་བ་ཅན་གྱི་འོད་རང་གི་ས་བོན་གནས་པར་བལྟའོ། །དེའི་རྗེས་སུ་རྒྱབ་ཏུ་པ་ཡིག་དཀར་པོ་ལས་བྱུང་བའི་ཟླ་འོད་རང་གི་སྙིང་གའི་ཟླ་བ་ལ་ས་
བོན་དང་ལྡན་པར་བལྟའོ། །དེ་ནས་གཡས་སུ་ཙ་ཡིག་དཀར་པོ་ལས་བྱུང་བའི་སྐྲ་ཅན་མ་དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ནུ་མ་རྒྱས་པ་རང་གི་སྙིང་གའི་ས་བོན་དང་ལྡན་པ་བསྒོམ་པར་བྱའོ། །དེ་ནས་གཡོན་དུ་ན་ཡིག་དཀར་པོ་ལས་བྱུང་བའི་ཉེ་བའི་སྐྲ་ཅན་མ་རང་གི་སྙིང་གའི་ཟླ་བ་ལས་ས་བོན་དང་
ལྡན་པར་བསྒོམ་པར་བྱའོ། །ཐམས་ཅད་ཨ་ར་པ་ཙ་ན་དང་འདྲ་བར་རྣམ་པར་བསམ་པར་བྱའོ། །ལྷའི་ཚོགས་འདི་རྣམས་སྙིང་གའི་ས་བོན་གྱི་འོད་ཟེར་ལས་སྤྲོ་བ་དང་བསྡུ་བས་འགྲོ་བ་རྣམས་ཀྱི་མི་ཤེས་པའི་ཚོགས་གཅོད་ཅིང་ཆོས་ཀྱི་བདུད་རྩི་དང་། བསྟན་བཅོས་མཐའ་དག་དང་། བཟོའི་ཚོགས་རྣམས་
ཀྱིས་སེམས་ཅན་ཐམས་ཅད་ཡང་དང་ཡང་དུ་ཡང་དག་པར་ཚིམ་པར་མཛད་པ། དྲི་མ་མེད་ཅིང་ཐོགས་པ་མེད་པའི་རང་བཞིན་དུ་བདག་ཉིད་བསྒོམ་པར་བྱའོ། །བླ་མའི་མན་ངག་གིས་ཏིང་ངེ་འཛིན་དང་སྔགས་བཟླས་པར་བྱ་སྟེ། ཨོཾ་ཡིག་དང་པོར་བྱས་ལ་ས་བོན་གྱི་ཡི་གེ་ལྔ་པོ་དབུས་སུ་བྱས་ནས་དམ་
ཚིག་སེམས་དཔའི་ས་བོན་གྱི་མཐར་སྔགས་སོ། །གང་གི་ཚེ་ལྡང་བར་འདོད་པ་དེའི་ཚེ་རང་གི་སྔགས་བླ་མའི་མན་ངག་གིས་བཟླས་པར་བྱའོ། །དེའི་རྗེས་སུ་ཡི་གེ་བརྒྱ་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ།
སུ་ཏོ་ཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཞེས་པའི་ཡི་གེ་བརྒྱ་པ་བཀླགས་ནས་སྤྲོ་བ་དང་བསྡུ་བ་ལ་སོགས་པ་བྱས་ནས། དམ་ཚིག་

སེམས་དཔའི་ང་རྒྱལ་གྱིས་ཅི་བདེར་གནས་པར་བྱའོ། །ཏིང་ངེ་འཛིན་དང་ལྡན་པའི་རྣལ་འབྱོར་པས་ཡང་དག་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཕ་རོལ་དུ་ཕྱིན་པར་གྱུར་ནས་དུས་རིང་པོར་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ་ཞེས་སོ། །ཚིག་ལྷུག་གསལ་པོ་འདི་ཡིས་ནི། །
དཀར་པོའི་སྒྲུབ་ཐབས་ཡང་དག་བྲིས། །པདྨའི་འབྱུང་གནས་བསོད་ནམས་གང་། །དེ་ཡིས་སྲིད་ལས་གྲོལ་བར་ཤོག །ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་བྷཊྚཱ་ར་ཀ་བྷཱ་བ་ནོ་པ་དེ་ཤ །བོད་སྐད་དུ། རྗེ་བཙུན་འཕགས་པ་
འཇམ་དཔལ་བསྒོམ་པའི་མན་ངག །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དབུས་སུ་འཇམ་དཔལ་སྐུ་མདོག་དམར་པོ་དགོད་པར་བྱའོ། །མདུན་དུ་དྲ་བ་ཅན་གྱི་འོད་སྐུ་མདོག་ལྗང་གུ་ར་ཡིག་ལས་སོ། །གཡས་སུ་སྐྲ་ཅན་མ་སྐུ་མདོག་དམར་མོ་པ་ཡིག་ལས་སོ། །རྒྱབ་ཏུ་ཟླ་འོད་སྐུ་མདོག་ཟླ་བ་
ལྟ་བུ་ཙ་ཡིག་ལས་སོ། །གཡོན་དུ་ན་ཡིག་ལས་ཉེ་བའི་སྐྲ་ཅན་མ་སྐུ་མདོག་དམར་མོ་བསྒོམ་པར་བྱའོ། །ཕྱག་ན་མཆོག་སྦྱིན་དང་ཨུཏྤ་ལ་ནི་འཇམ་དཔལ་གྱིའོ། །ཕྱག་གཡོན་ན་པདྨ་བསྣམས་ཤིང་གཡས་མཆོག་སྦྱིན་ནི་དྲ་བ་ཅན་གྱི་འོད་དོ། །ཨུཏྤལ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་ནི་ཉེ་བའི་སྐྲ་ཅན་
མའོ། །མཆོག་སྦྱིན་དང་པདྨའི་ཕྱག་ནི་ཟླ་འོད་དོ། །པདྨ་དམར་པོ་བསྣམས་ཤིང་མཆོག་སྦྱིན་གྱི་ཕྱག་ནི་སྐྲ་ཅན་མའོ། །ལྟེ་བའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པ་འཁོར་བཞིན་པ་མེའི་འོད་དང་མཚུངས་པའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་འཁོར་ལོ་རྩིབས་བཞི་པའོ། །འཁོར་
ལོའི་བར་དུ་ཡི་གེ་གཞན་རྣམས་བསྒོམ་པར་བྱའོ། །དེ་བཞིན་དུ་སྔགས་ཀྱི་ཡི་གེ་རྣམས་ལྷ་རྣམས་ཀྱི་གཟུགས་སོ། །དེ་རྣམས་ཀྱི་ཐུགས་ཀར་ཡི་གེ་གཞན་རྣམས་དེ་བཞིན་དུའོ། །དེ་ནས་ཡི་གེ་མཐའ་དག་ཡོན་ཏན་ཀུན་གྱི་རོ་དང་ལྡན་པས་ཕྱོགས་བཅུ་ཇི་སྙེད་པ་རྣམས་ཁྱབ་པར་བལྟ་བར་བྱའོ། །རྗེ་བཙུན་
འཕགས་པ་འཇམ་དཔལ་བསྒོམ་པའི་མན་ངག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སདྱོ་ནུ་བྷ་བཱ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ན་འཕྲལ་དུ་ཉམས་སུ་མྱོང་བའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བློ་ངན་མུན་པའི་དུག་འཇོམས་ཤིང་། །སྐྱེ་བོའི་

ཤེས་རབ་དོན་སྟེར་བ། །འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱི། །སྒྲུབ་ཐབས་ལེགས་པར་བཤད་པར་བྱ། །དང་པོ་རེ་ཞིག་རྣལ་འབྱོར་པས་ཡིད་དང་མཐུན་པའི་ས་ཕྱོགས་འགའ་ཞིག་ཏུ་དབྱངས་ཡིག་ཨ་ལས་བྱུང་བའི་ཟླ་བའི་སྟེང་དུ་དྷཱིཿཡིག་ས་བོན་ལས་བྱུང་བའི་འོད་ཟེར་ལྕགས་ཀྱུའི་རྣམ་པས་ཨ་ར་པ་ཙ་
ན་ལ་སོགས་པ་གདན་དྲངས་ནས་མཆོད་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་སེམས་ཀྱི་རྣམ་པ་ཡོངས་སུ་གྱུར་པ་ལས་ཀུ་མུ་དའི་གཉེན་གྱི་སྟེང་དུ་དྷཱིཿཡིག་མངོན་པར་གྱུར་པ་ལས་རལ་གྲི་རྣོན་པོ་བལྟ་བར་བྱའོ། །དེའི་རྩེ་མོ་ལ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཆུ་སྐྱེས་དེའི་
སྟེང་དུ་རལ་གྲི་ལ་ས་བོན་ནོ། །དེ་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས། རལ་གྲི་དང་པོ་ཏི་བསྣམས་པ། རལ་པའི་ཐོར་ཚུགས་ལྔ་དང་ལྡན་པ། སྒེག་པའི་ཚུལ་འཛིན་པ་ཞལ་རྒྱས་ཤིང་འཛུམ་པ། རི་བོང་འཛིན་པའི་འོད་དང་མཚུངས་ཤིང་མཛེས་པ་སྣ་ཚོགས་ཆུ་སྐྱེས་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་
པ། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་མ་རེག་པར་འཁོར་ལོ་རྩིབས་བརྒྱད་པར། དེའི་སྟེང་དུ་དབྱངས་ཡིག་དང་པོ་ལས་བྱུང་བའི་སོར་གཅིག་ཙམ་གྱིས་མ་རེག་པར་ཟླ་བའི་དཀྱིལ་འཁོར།
དེ་ལ་ཟླ་བ་ལ་གནས་པའི་ས་བོན་ལས་སྐྱེས་པའི་རལ་གྲི། དེའི་རྩེ་མོ་ལ་སྔོན་དུ་གསུངས་པའི་རལ་གྲིའི་ས་བོན་གྱིས་རྣམ་པར་བརྒྱན་པའོ། །རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཡང་དེ་བཞིན་དུ་འཇམ་པའི་དབྱངས་བསྒོམ་པར་བྱའོ། །དེའི་མདུན་དུ་ཡང་ར་ཡིག་བསྒོམས་ལ། རལ་གྲི་དང་
དབྱངས་དང་པོ་ལས་སྐྱེས་པའི་ཟླ་བ་ལ་གནས་པའི་ར་ཡིག་བསྒོམས་ལ་རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དྲ་བ་ཅན་གཞོན་ནུ་བཅོམ་ལྡན་འདས་ཀྱི་གཟུགས་ལྟ་བུ་བལྟ་བར་བྱའོ། །དེ་བཞིན་དུ་རྒྱབ་ཏུ་ལྔ་པའི་དང་པོའི་ཡི་གེ་ལས་ཟླ་འོད་དོ། །དེ་བཞིན་དུ་གཡས་སུ་ཙ་ཡིག་ལས་སྐྲ་ཅན་
མ་ནུ་མ་རྒྱས་པས་རྣམ་པར་བརྒྱན་པ་མགོ་བོའི་གཟུགས་སོ། །དེ་བཞིན་དུ་གཡོན་དུ་ཉེ་བའི་སྐྲ་ཅན་མ་ན་ཡིག་ལས་སོ། །དེ་རྣམས་ཐམས་ཅད་རང་གི་སྙིང་གར་ཟླ་བ་ལ་རང་རང་གི་ས་བོན་དཀར་པོ་བསམ་པར་བྱའོ། །དེ་ནས་འདྲེན་པའི་ཐུགས་ཀའི་ས་བོན་ལས་འཐོན་ཏེ་ཡེ་ཤེས་སེམས་དཔའ་

དང་ལྷན་ཅིག་བཀུག་ནས་འཁོར་ལོ་མྱུར་དུ་འཁོར་ཞིང་ཟླ་བ་ལ་གནས་པའི་ལྷ་བཞི་པོ་རྣམས་དང་བཅས་པའི་བདག་ཉིད་བརྟན་ཞིང་མ་ལུས་པའི་ངག་གི་རང་བཞིན་སྤྲོ་བ་དང་བསྡུ་བ་བསྒོམ་པར་བྱའོ། །བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ཀྱི་རྒྱལ་
པོ་འདིའོ། །ཨ་ར་པ་ཙ་ན་དྷཱིཿཞེས་སོ། །འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱི། །སྒྲུབ་ཐབས་ལས་བྱུང་བསོད་ནམས་ཚོགས། །གང་བྱས་དེ་ཡིས་འཇིག་རྟེན་རྣམས། །རྟག་ཏུ་འཇམ་དཔལ་མཚུངས་པར་ཤོག །འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྫོགས་སོ།། །།
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ས་བོན་ལས་སྤྲོས་འོད་ཟེར་ལས། །སྤྲོ་བས་མགོན་པོའི་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་གདན་དྲངས་ནས། །ས་བོན་དགུག་གཞུག་ལ་སོགས་བྱ། །ངལ་ན་ཡེ་ཤེས་སེམས་དཔའ་སོགས། །ས་བོན་སྤྲོ་དང་བསྡུ་བྱས་ནས། །རྟག་ཏུ་
དྷཱིཿཡིག་བརྟན་བྱས་ལ། །འགྲོ་དང་འོང་བའི་རིམ་པ་ལས། །རལ་གྲི་ཟླ་བ་མཆོག་གི་ས་བོན་ཟླ་བའི་དཀྱིལ་འཁོར་སྟེང་གནས་པ། །རིམ་པར་གྱུར་པ་ཡོངས་སུ་གྱུར་པ་ལས་ནི་ཉེས་བྱས་ལྷུང་བ་རྣམ་པར་དག །དེ་ཡི་རྗེས་སུ་བློ་གྲོས་དང་བཅས་འཇམ་པའི་དབྱངས་ལ་སོགས་པ་ཡི། །སྐུར་གྱུར་
གཡོ་བའི་འཁོར་ལོས་བློ་གྲོས་ངན་ལས་གྲོལ་བ་རབ་ཏུ་སྟེར། །ཟླ་ལ་ས་བོན་རལ་གྲི་དང་། །དེ་ཚད་ཟླ་བའི་ས་བོན་འོད། །འོད་ཟེར་སྤྲོ་དང་བསྡུ་བྱས་ནས། །ལྷ་རྣམ་ལྔ་ནི་བསྒོམ་པར་བྱ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཨ་ནཾ་ག་སཱ་དྷ་ནཾ། བོད་སྐད་དུ། ཡན་ལག་མེད་པའི་རྡོ་རྗེའི་
སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས། སྣ་ཚོགས་པདྨ་དང་ཉི་མ་ལ་པྃ་ཡིག་སེར་པོའི་ས་བོན་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་རྗེ་བཙུན་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེར་བདག་ཉིད་བསྐྱེད་དེ།
སྐུ་མདོག་སེར་པོ་ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་དྲུག་པ་རལ་པའི་ཅོད་པན་ཅན། ལོ་བརྒྱད་གཉིས་ལོན་པ་ལྟ་བུ་སྒེག་པ་དང་བཅས་པ། ཞབས་གཡོན་བརྐྱང་བ། རལ་གྲི་དང་མདའ་དང་། མེ་ལོང་རྣམས་ནི་གཡས་ཀྱི་ཕྱག་གསུམ་ནའོ། །གཞུ་བཀང་བ་དང་། ཨུཏྤ་ལ་དང་།

ལོ་མ་དང་བཅས་པའི་མེ་ཏོག་རྣམས་ནི་གཡོན་གྱི་ཕྱག་གསུམ་ན་བསྣམས་པའོ། །མཛེས་པའི་རྒྱན་དང་ན་བཟས་བརྒྱན་པ། མི་བསྐྱོད་པའི་ཅོད་པན་ཅན་བསྒོམས་ནས། མྱོས་བྱེད་རབ་ཏུ་སྦྱོར་བར་བསྒོམ་པར་བྱའོ། །དེ་བཞིན་དུ་མདའ་ཡིས་ནུ་མ་ཕུག་ནས་མྱ་ངན་མེད་པའི་ཡལ་གས་བརྡུང་ཞིང་ཁྲིད་
ནས་རལ་གྲིས་བསྒྲུབ་བྱ་སྐྲག་ཅིང་མེ་ལོང་དེ་ལ་བསྟན་པར་བྱའོ། །ཨུཏྤལ་གྱིས་རྐང་པ་བཅིངས་ནས་མྱོས་ཤིང་སྐྲ་གྲོལ་ཏེ། དགུག་པར་བྱའོ། །ཨོཾ་ཆེ་གེ་མོ་ཨཱ་ཀཱཪྵ་ཡ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་པ་ནི་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཨ་
ནཾ་ག་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས། དཔལ་ལྡན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སྟོང་པ་ཉིད་བསྒོམས་ཏེ། དེ་ནས་ཧཾ་ཡིག་ལས་སྐྱེས་པའི་ཧཾ་ཡིག་མནན་པའི་ལྟེ་བའི་དབུས་
སུ་མདའ་དང་བཅས་པའི་གཞུ་བསྒོམས་ནས་དེ་ཡོངས་སུ་གྱུར་པ་ལས། འཕགས་པ་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ་སྐུ་མདོག་སེར་པོ་ཕྱག་དྲུག་པ། རྩ་བའི་ཕྱག་དག་གིས་ཨུཏྤལ་དམར་པོའི་མདེའུ་དང་བཅས་པའི་མདའ་བཀང་བ་དང་མེ་ཏོག་གི་གཞུ་བསྣམས་པ། གཡས་པ་གཉིས་ཀྱིས་
རལ་གྲི་དང་། མེ་ལོང་བསྣམས་པ། གཡོན་པ་གཉིས་ཀྱིས་ཨུཏྤ་ལ་དམར་པོ་དང་། མྱ་ངན་མེད་ཀྱི་མེ་ཏོག་དང་བཅས་པའི་ཡལ་ག་བསྣམས་པའོ། །མི་བསྐྱོད་པ་དང་རལ་པའི་ཅོད་པན་གྱིས་དབུ་ལ་བརྒྱན་པ། ཞབས་གཡོན་བརྐྱང་བ། ལོ་བཅུ་དྲུག་ལོན་པ་ལྟ་བུ་ཤིན་ཏུ་སྒེག་པའི་གཟུགས་སུ་
བལྟའོ། །ཡང་ན་ཕྱག་བཞི་པ་མེ་ལོང་དང་། མྱ་ངན་མེད་པའི་ཡལ་ག་འཛིན་པའི་ཕྱག་གཉིས་དང་བྲལ་བ་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་བྱས་ཏེ། ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་པའི་སྔགས་བཟླས་པར་བྱའོ། །འབུམ་བཟླས་ན་འཇིག་རྟེན་གསུམ་པོ་ཡང་མངག་གཞུག་
པ་བྱེད་པར་འགྱུར་རོ། །ཡང་ན་འགའ་ཞིག་དགུག་པར་འདོད་པས་དེའི་ཚེ་དེ་ནས་གསུངས་པ་བཞིན་དུ་བསྒོམ་པར་བྱས་ནས་དེའི་ང་རྒྱལ་བརྟན་པོ་བྱས་ནས་ཡིད་ཀྱིས་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་མངོན་པར་འཕྱང་བའི་སྡོང་བུ་དང་བཅས་པ་དམིགས་ནས་དེའི་སྡོང་བུའི་རྩ་བར་ཡི་གེ་ཧཱུཾ་ཡིག་

དམར་པོ་དགུ་བལྟའོ། །དེའི་འདབ་མ་རྣམས་ལ་གཡས་སྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་བསྒོམ་པར་བྱས་ནས་དེའི་ཟེའུ་འབྲུའི་སྟེང་དུ་ཉིན་མོ་དང་ནུབ་མོ་ཇི་ལྟར་བྱུང་བའི་ཉི་མ་དང་ཟླ་བ་དག་གི་དཀྱིལ་འཁོར་དམར་པོའོ། །དེའི་དབུས་སུ་ཧྲཱིཿཡིག་དམར་པོ་གཉིས་ཀྱི་བར་དུ་བརྟེན་པའི་
འཆད་པར་འགྱུར་བའི་རང་གི་སྔགས་བལྟ་བར་བྱའོ། །དེ་ནས་དབྱངས་ཡིག་དམར་པོ་དེ་རྣམས་ལ་སྦྲང་མ་དགའ་བ་རྒྱས་པ་དག་བསྒོམས་ནས་རང་གི་སྔགས་ཀྱི་འོད་ཟེར་གྱི་ཚོགས་བཅུག་སྟེ། དེ་སྙེད་མངོན་པར་འདོད་པའི་བུད་མེད་ཀྱི་གནས་སུ་སོང་ནས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་སྟོབས་ཀྱིས་གཞག་པར་
བྱའོ། །འོད་ཟེར་གྱི་རང་བཞིན་གྱི་ཞགས་པས་མགུལ་ནས་ལེགས་པར་བཅིངས་ཏེ། ལྕགས་ཀྱུ་བརྟན་པོས་ཆོས་འབྱུང་ཕུག་ནས་མདུན་དུ་ཡང་དག་པར་བཀུག་སྟེ་ཐལ་མོ་སྦྱར་ཞིང་མགལ་མེའི་འཁོར་ལོའི་ཚུལ་དུ་འཁོར་བའི་ནང་དུ་བཅུག་ནས་ཧཱུཾ་ཡིག་དམར་པོས་མིག་དང་སྙིང་ག་དང་ཡན་ལག་དང་ཉིང་
ལག་ཐམས་ཅད་གང་བར་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་གར་ཡང་དབྱངས་ཡིག་དམར་པོ་བཅུ་དྲུག་དང་བཅས་ཤིང་སྡོང་བུ་ལ་ཧཱུཾ་ཡིག་དང་བཅས་པའི་ཆུ་སྐྱེས་འདབ་མ་བཅུ་དྲུག་པ་བལྟ་བར་བྱའོ། །འོན་ཀྱང་དྲི་མ་དང་བཅས་པའི་ཁ་དོག་ཅན་ནོ། །དེའི་དབུས་སུ་ཧྲཱིཿཡིག་གིས་བརྟེན་པའི་མིང་གི་
ཡི་གེ་བསམ་པར་བྱའོ། །དེ་ནས་རང་གི་སྔགས་ཀྱི་ཡི་གེའི་འོད་ཟེར་ལས་བྱུང་བའི་ཤིན་ཏུ་དམར་ཞིང་ཕྲ་བའི་ལྕགས་ཀྱུ་རྣོན་པོས་པདྨའི་སྡོང་བུ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་སྟེང་དུ་འགྲོ་ཞིང་བསྐུལ་ནས་སྦྲང་རྩི་བྱེད་པའི་ཚོགས་ཀྱི་རྗེས་སུ་འགྲོ་བ་དང་ལྡན་པས་རང་གི་སྣ་བུག་གཡས་པ་ནས་ཅིག་ཤོས་སུ་
ཞུགས་ཤིང་འཐོན་ནས་བསྒྲུབ་བྱའི་སྣ་བུག་གཡས་པ་ནས་ཞུགས་ནས་དེའི་སྙིང་གར་ཞུགས་ཏེ། ལྕགས་ཀྱུས་དེའི་མིང་གི་ཡི་གེ་ལ་གནས་པ་འགུགས་པར་བྱེད་ཅིང་སྦྲང་འཐུང་དེ་རྣམས་ཀྱིས་ཀྱང་དགའ་བས་པདྨ་དེ་ལས་བྱུང་ཞིང་རང་དབང་གིས་དེའི་དབྱངས་རྣམས་འཇིབ་ཅིང་རྣམ་པར་རྙིངས་པར་བྱེད་དོ་
ཞེས་ཤིན་ཏུ་ཡུན་རིང་དུ་མི་གཡོ་བར་བལྟ་བར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་དབུགས་ཀྱིས་བསྐུལ་བའི་ལྕགས་ཀྱུ་དེའི་མིང་སྟོབས་ཀྱིས་བླངས་ཏེ། སྦྲང་བུ་དེ་རྣམས་ཀྱིས་ཀྱང་རང་གི་དབྱངས་ཡིག་དེའི་སྣ་བུག་གཡོན་པའི་ལམ་དུ་ཞུགས་ཤིང་འཐོན་པར་བལྟ་བར་བྱའོ། །ཡང་བླངས་ཏེ་དབུགས་

ཀྱི་རླུང་གིས་ལྕགས་ཀྱུས་སྦྲང་མ་རྣམས་ཡང་དག་པར་བཀུག་སྟེ། རང་གི་སྣ་བུག་གཡས་པའི་སྒོ་ནས་ཞུགས་ཏེ། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱིས་དྲག་ཏུ་མནན་ནས། དབྱངས་རྣམས་འདབ་མ་སོ་སོ་ལ་སྦྲང་བུ་མཆོག་གིས་དབང་དུ་བྱས་པར་རྣམ་པར་བསམ་པར་བྱའོ་ཞེས་པ་འདིའི་རིམ་པས་
རང་གི་རྣམ་པར་ཤེས་པ་དང་། དེའི་རྣམ་པར་ཤེས་པ་གཅིག་ཏུ་བལྟ་བར་བྱའོ། །དེ་ནས་དེའི་ནུ་མ་ཨུཏྤལ་དམར་པོའི་མདེའུ་རྣོན་པོ་དང་ལྡན་པའི་མདས་ཕུག་ནས་འདོད་ཆགས་ཆེན་པོས་བརྒྱལ་ཏེ། འགྱེལ་བར་བལྟ་ཞིང་ལྕགས་སྒྲོག་ལྟ་བུའི་རྒྱུད་ཀྱིས་དེའི་རྐང་པ་གཉིས་དམ་པོར་བཅིངས་ནས།
རང་གིས་བཟུང་བའི་ཨུཏྤ་ལའི་སྡོང་བུའི་རང་བཞིན་གྱི་ཞགས་པས་མགུལ་ནས་བཅིངས་ཏེ་ཡང་དག་པར་བཀུག་ནས་རང་གི་རྐང་པ་གཉིས་ཀྱི་བར་དུ་ལྷུང་བར་བྱས་ནས་མྱ་ངན་མེད་པས་སྙིང་གར་བསྣུན་ཅིང་མངོན་པའི་ང་རྒྱལ་མེད་པར་བྱས་ནས་རལ་གྲིས་འཇིགས་པར་བྱས་ཤིང་སྐྱབས་གཞན་མེད་པར་བྱས་
ཏེ། ཡང་མེ་ལོང་གི་བདག་ཉིད་ཇི་ལྟར་གནས་པ་སྐྲ་གྲོལ་ཞིང་གཅེར་བུ་ཤིན་ཏུ་ཆགས་པས་མྱོས་ཤིང་བྲལ་བས་འཇིགས་པ་ཤིན་ཏུ་གུས་པས་བརྟན་པར་བྱའོ། །རང་རིག་པས་རྗེས་སུ་ཆགས་པར་བྱའོ། །ཨོཾ་ཆེ་གེ་མོ་ཨཱ་ཀཪྵ་ཡ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་པའི་རང་གི་སྔགས་མིང་དང་བཅས་པ་རྩེ་
གཅིག་པའི་སེམས་ཀྱིས་བཟླས་པར་བྱའོ། །དེ་ནས་གོང་དུ་གསུངས་པའི་རིམ་པས་དཀར་པོའི་མཆོག་གི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་ཚེས་བཅུ་བཞིའི་བར་དུ་ཁྲི་ཕྲག་གཅིག་ཙམ་བཟླས་པར་བྱའོ། །ཡང་ཚེས་བཅོ་ལྔ་ལ་མཆོད་པ་རྣམ་པ་རྒྱ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་པར་
བྱའོ། །དེ་ནས་ཐོ་རངས་ངེས་པར་འོང་བར་འགྱུར་རོ། །འོངས་པ་ན་དེ་ལ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རང་གི་ལྷ་རྣམས་མཆོད་པའི་བསམ་པས་ཇི་ལྟར་བདེ་བར་ལོངས་སྤྱད་པར་བྱའོ། །འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།
དྷརྨ་དྷཱ་ཏུ་བཱ་གཱི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་ཉིད་བཞིན་དུ་སྟོང་པ་ཉིད་ལ་སོགས་པ་བསྒོམས་པའི་རྗེས་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཨཱཿཡིག་དཀར་པོའི་ས་བོན་ལས་དཔལ་ལྡན་ཆོས་

ཀྱི་དབྱིངས་ངག་གི་དབང་ཕྱུག་ཡན་ལག་ཐམས་ཅད་དཀར་པོ་ཞལ་བཞི་པ། ཕྱག་བརྒྱད་པ། སངས་རྒྱས་ལྔ་དང་རིན་པོ་ཆེའི་ཅོད་པན་གྱིས་དབུ་བརྒྱན་པ། ལྷའི་རྒྱན་དང་གོས་དང་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། ཕྱག་གཉིས་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་མཚན་
པ། རལ་གྲི་དང་། མདའ་དང་། རྡོ་རྗེ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། གཞུ་དང་། དྲིལ་བུ་ནི་གཡོན་གྱི་ཕྱག་གསུམ་ནའོ། །རྡོ་རྗེའི་སྐྱིལ་མོ་ཀྲུང་དང་ལྡན་པར་བདག་ཉིད་བསྐྱེད་ནས། སྙིང་གར་ཟླ་བ་ལ་ཧཱུཾ་སྔོན་པོ་ལས་སྐྱེས་པའི་ས་བོན་དང་བཅས་པའི་རྡོ་རྗེ་
ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །སྨིན་མཚམས་སུ་ཏྲཱྃ་ཡིག་སེར་པོ་ལས་ས་བོན་དང་བཅས་པའི་རིན་པོ་ཆེ་ནི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ནོ། །མགྲིན་པར་ཧྲཱིཿཡིག་དམར་པོ་ལས་སྐྱེས་པའི་ས་བོན་དང་བཅས་པའི་པདྨ་ནི་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་ནོ། །སྤྱི་བོར་ཨཱཿཡིག་ལྗང་གུ་ལས་སྐྱེས་པ་
ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེ་ནི་ལས་ཀྱི་ཕྱག་རྒྱའི་རང་བཞིན་ནོ། །འདིར་ཕྱག་རྒྱ་བཞི་དང་ལྡན་པར་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ་སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །
དེ་ནས་རྡོ་རྗེའི་ཁུ་ཚུར་བཅིངས་ལ་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པ་ནི་རལ་གྲིའི་རྣམ་པར་བཟུང་ནས་མཛུབ་མོ་གཉིས་མཐེབ་ཆེན་ལངས་པའི་སྟེང་དུ་བཀུག་ནས་བཟུང་བ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་རང་གི་ལྕེ་ལ་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དམར་པོའི་ས་བོན་གྱིས་བྱིན་གྱིས་བརླབ་པར་བསམ་
མོ། །ཁྲོ་བོའི་ངག་གིས་སྔགས་བཟླས་པར་བྱའོ། །དེ་ལ་འདིའི་བཟླས་པའི་སྔགས་ནི་ཨོཾ་བཛྲ་ཏཱིཀྵྟ་དུཿཁཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿམཚན་བརྒྱ་རྩ་བརྒྱད་པ་དང་། མཚན་ཡང་དག་པར་བརྗོད་པ་འདི་ལྟར་དུས་གསུམ་དུ་བཀླག་པར་བྱའོ་ཞེས་པ་ནི་ཆོས་ཀྱི་དབྱིངས་ངག་གི་དབང་
ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་བཱ་གཱི་ཤྭ་ར་སཱ་དྷ་ནཾ་བ་ཤྱ་བི་དྷིཿ། བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱིས་དབང་དུ་བྱ་བའི་ཆོ་ག །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་

པ་ཉིད་དུ་བསྒོམས་པའི་རྗེས་ལ་པདྨ་དང་ཟླ་བ་ལ་གནས་པའི་ཧོཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཕྱག་བརྒྱད་པ་ཞལ་བཞི་པ། རྩ་བའི་ཞལ་དཀར་དམར། གཡས་ཀྱི་གུར་གུམ་ལྟར་དམར་བ། རྒྱབ་ཀྱི་པདྨ་རཱ་ག་ལྟར་དམར་བ། གཡོན་གྱི་དམར་སེར་རོ། །རྩ་བའི་ཕྱག་གཉིས་ཀྱིས་གཞུ་དང་། མདའ་
བསྣམས་པ། ཕྱི་མ་དག་གིས་ཞགས་པ་དང་། ལྕགས་ཀྱུ་བསྣམས་པ། ཡང་ཕྱི་མ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། རལ་གྲི་བསྣམས་པ། དེ་བཞིན་དུ་ཕྱི་མ་དག་གིས་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ཆགས་པ་ཆེན་པོས་སྒེག་པའི་ཉམས་འབར་བ། སྣ་ཚོགས་པདྨ་དང་ཟླ་བ་ལ་
རོལ་པའི་སྟབས་ཀྱིས་བཞུགས་པ། ལྷའི་གོས་དང་། རྒྱན་དང་འོད་དཔག་ཏུ་མེད་པ་དང་། རལ་པའི་ཅོད་པན་གྱིས་བརྒྱན་པ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སེམས་ཅན་རྣམས་བཀུག་ནས་རང་དབང་མེད་པའི་གནས་ལ་བཀོད་དེ་སྔགས་བཟླས་པར་བྱའོ། །ཨོཾ་མ་ཧཱ་རཱ་ག་བཛྲ་རཱ་ག་ཡ་སརྦ་སཏྭ་ན་ཧོ།
ཞེས་སོ། །ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཀྱིས་དབང་དུ་བྱ་བའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་སཏྭ་བ་ཤཱི་ཀ་ར་ཎ་ས་མཱ་དྷི། བོད་སྐད་དུ། སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཏིང་ངེ་འཛིན། འཇམ་དཔལ་མགོན་པོ་ལ་ཕྱག་འཚལ་ལོ། །སྟོང་
པ་ཉིད་བསྒོམ་པ་སྔོན་དུ་འགྲོ་བས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧོཿཡིག་ལས་བདག་ཉིད་བསྐྱེད་དེ། ཆགས་པ་ཆེན་པོའི་གཟུགས་དཀར་དམར་སྒེག་པའི་ཉམས་འབར་བ་རོལ་པའི་སྟབས་ཀྱིས་བཞུགས་པ། ཞལ་བཞི་པ། ཕྱག་བརྒྱད་པའོ། །དང་པོའི་ཞལ་དཀར་དམར། གཡས་
གུར་གུམ་ལྟར་དམར་བ། རྒྱབ་པདྨ་རཱ་ག་ལྟར་དམར་བ། གཡོན་དམར་སེར་རོ། །རྩ་བའི་ཕྱག་གཉིས་ཀྱིས་གཞུ་དང་མདའ་བསྣམས་པ། ཕྱི་མ་དག་གིས་ཞགས་པ་དང་ལྕགས་ཀྱུ་བསྣམས་པ། དེ་བཞིན་དུ་ཕྱི་མ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་རལ་གྲི་བསྣམས་པ།
ཡང་དེ་བཞིན་དུ་ཕྱི་མ་དག་གིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། དེ་བཞིན་དུ་ཅོད་པན་དང་ལྡན་པ་བསྒོམ་པར་བྱའོ། །ཅོད་པན་ལས་འོད་ཟེར་བྱུང་སྟེ་སྟེང་དུ་སོང་ནས་སྣང་བར་བྱས་ཏེ་མཆོག་གི་དམར་པོ་ཆེན་པོའི་སྐུར་བལྟའོ། །ཇི་ལྟར་ཤར་དང་། ལྷོ་དང་། ནུབ་དང་། བྱང་དང་། སྟེང་དང་། འོག་

གི་ཕྱོགས་རྣམས་སུ་གནས་པ་རྣམས་ལ་དང་པོ་དང་གཉིས་པ་དང་གསུམ་པ་དང་བཞི་པའི་འོད་ཟེར་གྱི་རྐང་པ་རྣམས་ཀྱིས་གང་ནས་རྗེས་སུ་ཆགས་པས་རང་གི་དབང་དུ་གནས་པར་ཡིད་ཀྱིས་བསམས་ནས་དེ་ནས་སྔགས་བཟླས་པར་བྱའོ། །ཨོཾ་མ་ཧཱ་རཱ་ག་བཛྲ་རཱ་ག་ཡ་སརྦ་སཏྭ་
ན་ཧོཿདེ་ནས་སེམས་ཅན་ཐམས་ཅད་ངེས་པར་དབང་དུ་འགྱུར་རོ་ཞེས་པའི་ངེས་པ་ཤིན་ཏུ་བསྒོམས་པས་ཆགས་པ་ཆེན་པོའི་གཟུགས་ཀྱི་སྐུའི་མཆོག་འཇམ་པའི་རྡོ་རྗེའོ། །སེམས་ཅན་ཐམས་ཅད་དབང་དུ་བྱེད་པའི་ཏིང་ངེ་འཛིན་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྷརྨ་ངྷཱ་ཏུ་བཱ་གཱི་ཤྭི་
ར་སཱ་དྷ་ནཾ། བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་བསྒོམས་ནས་ཆུའི་དཀྱིལ་འཁོར་ལ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་འཆི་བ་འཇོམས་པ་ཆོས་ཐམས་ཅད་ལྷག་
པར་གྲོལ་བ་ཞེས་བྱའོ། །ཟླ་བ་ལ་གནས་པའི་ཨཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཞལ་གཅིག་ཕྱག་གཉིས་པ་མདོག་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་གི་སྟེང་དུ་ཕྱག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན། གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟུར་ཕུད་ལྔ་དང་ལྡན་པའི་རྗེ་བཙུན་འཇམ་དཔལ་
གྱི་སྐུར་བདག་ཉིད་སྐད་ཅིག་གིས་བསྐྱེད་ནས། རང་གི་སྙིང་གར་ཟླ་བ་དང་པདྨའི་སྟེང་དུ་ཁཾ་ཡིག་ལས་སྐྱེས་པའི་དུང་། དེའི་དབུས་སུ་ཨོཾ་བཛྲ་ཛི་ཧཱ་རཾ་ཞེས་པས་རྡོ་རྗེའི་ལྕེའོ། །ལྕེའི་སྟེང་དུ་རིན་པོ་ཆེ་དང་། པདྨ་དེའི་སྟེང་དུ་སངས་རྒྱས་འོད་དཔག་མེད་བསམ་པར་བྱའོ། །རང་གི་རྐན་གྱི་ཕྱོགས་སུ་
ཁ་ཐུར་དུ་བསྟན་པ་བདུད་རྩི་འབབ་བཞིན་པའི་བཾ་ཡིག་དཀར་པོ་བསྒོམ་པར་བྱའོ། །ཨོཾ་བཱ་ཀྱེ་དཾ་ན་མ་ཞེས་པའི་སྔགས་བཟླས་པར་བྱའོ། །ཆེན་པོའི་རྗེས་སུ་འབྲང་བ་འདི་དུང་ཆོས་ཀྱི་ཏིང་ངེ་འཛིན་མཚོན་པ་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དང་པོར་ས་ཕྱོགས་གཙང་མ་ཡིད་དུ་འོང་བ་སྐྱེ་བོས་དབེན་པའི་ས་ཕྱོགས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་

སྟེ། སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་སེམས་ཅན་གྱི་ཁམས་མཐའ་ཡས་པ་ལ་བལྟས་ཏེ། སེམས་ཅན་གྱི་རང་བཞིན་དེ་རྣམས་འཇམ་པའི་དབྱངས་ཀྱི་གོ་འཕང་ཐོབ་ཅིང་དེའི་གོ་འཕང་དང་དེ་བཞིན་དུ་ཁྱད་པར་མེད་པར་རབ་ཏུ་དགོད་པར་བྱའོ་ཞེས་པའི་སྙིང་རྗེ་ལ་ཉེ་བར་གནས་པས་བླ་ན་
མེད་པའི་སེམས་ཀྱི་ཁྱད་པར་ཆ་བཞི་དང་བཞིས་ཉེ་བར་མཛེས་པ་ཟླ་བ་དང་རིན་པོ་ཆེ་ལས་བྱས་པའི་དྲི་གཙང་ཁང་གི་མཐིལ་ལ་བ་དན་སྣ་ཚོགས་བརྐྱང་ཞིང་འཕྱང་བ་དང་ལྡན་པ། སྤོས་ཀྱི་ཕྱེ་མའི་ཕུར་མ་དྲིས་ཡོངས་སུ་ཁྱབ་པས་གང་བ། འདོད་པའི་དྲི་བསུང་འབྱུང་ཞིང་སྦྲང་མ་དགའ་བའི་
གཤོག་པ་བསྐྱོད་པས་མེ་ཏོག་ཁ་ཕྱེ་བ་སྤྲུལ་པའི་རིན་པོ་ཆེ་སྣ་ཚོགས་ལས་བསྒྲུབས་པའི་སེང་གེའི་གདན་ལ་བཞུགས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཡིད་ཀྱིས་དམིགས་ཏེ་ཉེ་བར་སྤྱད་པ་ལྔ་དང་། གར་དང་གླུ་དང་རོལ་མོ་ལ་སོགས་པའི་རང་བཞིན་གྱི་མཆོད་
པས་ཡང་དག་པར་མཆོད་ནས། བདག་ནི་དབུལ་ཏེ་ཅི་ཡང་མ་མཆིས་པས་དེའི་ཕྱིར་བདག་གི་ལུས་དབུལ་ཞིང་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པའི་ཚིག་གིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་ལྡན་པས་སྡིག་པ་བཤགས་པར་བྱའོ། །སླར་ཡང་མི་བྱེད་པར་སྡོམ་པ་
དང་། བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱས་ནས་སྐད་ཅིག་གིས་ཐམས་ཅད་སྟོང་པར་བལྟའོ། །དེ་ནས་ངེས་པར་དེ་བཞིན་དུ་དེའི་དོན་བལྟ་ཞིང་རང་བཞིན་དག་པའི་སྔགས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ་ཡང་དེ་བཞིན་དུ་སྟོང་པ་ཉིད་ཀྱི་ཚིག་གིས་སྔགས་ཡང་ལན་གསུམ་བརྗོད་
པར་བྱའོ། །དེ་ནས་སྐད་ཅིག་གིས་འཇིག་རྟེན་གསུམ་པོ་འོད་ཀྱི་རང་བཞིན་གྱིས་སྣང་བར་བྱས་ནས། དེའི་རྗེས་སུ་རང་གི་སྙིང་གའི་མཆོག་གི་ཡི་གེ་ཡོངས་སུ་གྱུར་པ་ལས་བདུད་རྩི་འོད་ཟེར་གྱི་གཟུགས་དག་ཅིང་གསལ་བའི་དྷཱིཿཡིག་ཡོངས་སུ་གྱུར་པ་ལས་རལ་གྲི་སྔོན་པོ་རྣོན་པོ་གཟུང་བར་བྱའོ། །དེའི་
ཆང་པའི་གནས་སུ་དང་པོའི་ཡི་གེ་ལས་སྐྱེས་པའི་ཡིད་ཀྱི་འོད་ཟེར་གྱི་རལ་གྲིའི་ས་བོན་ལ་བལྟའོ། །བདག་ཉིད་དང་ལྷན་ཅིག་ཁ་དོག་ལྔ་པོ་ཡོངས་སུ་གྱུར་པ་ལས་ཕྱག་གཡོན་ན་པོ་ཏི་བསྣམས་པ། རིན་པོ་ཆེ་ལྔའི་རྒྱན་གྱིས་ཅོད་པན་བྱས་པ། རལ་པའི་ལྕང་ལོ་ལྔ་དང་ལྡན་པ། བནྡྷུ་ཀའི་མདོག་ལྟ་

བུའི་ན་བཟའ་ཟུང་དང་ལྡན་པ། ཇི་ལྟ་ཇི་ལྟར་རིག་པའི་གནས་ཀྱི་ཚུལ་འཛིན་པས་མཛེས་ཤིང་སྒེག་པ། རྒྱན་གྱིས་བརྒྱན་པ་འཛུམ་ལ་འཕྲོ་བས་འགྲམ་པའི་གནས་ལ་སྟོན་ཀའི་ཟླ་བ་ཚོགས་པ་ལྟ་བུའོ། །གཅིག་ཏུ་བྱས་པའི་གནས་ལ་མུན་པ་སངས་པ་ལྟ་བུའི་ཚོགས་སུ་བྱས་པ་བལྟ་བར་བྱའོ། །
དེ་ནས་རང་གི་སྙིང་གའི་ཡི་གེའི་ཚོགས་པ་ཐམས་ཅད་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་འཁོར་བཞིན་པ་སོར་གཅིག་ཙམ་གྱིས་མ་རེག་པ་དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེ་ལ་ཡང་དེ་ལས་སྐྱེས་པའི་རལ་གྲིའོ། །དེ་ནས་བརྒྱད་པོ་ཡང་དེ་བཞིན་ཉིད་དུ་གྱུར་པའི་ཚོགས་ལ་རང་གི་ལུས་འོད་ཟེར་རབ་
ཏུ་འབར་བཞིན་པ་ལས་རྐྱལ་པ་བཞིན་དུ་རྒྱུན་མི་འཆད་པར་ཕྱོགས་ཀྱི་མཐར་ཐུག་པ་འོད་ཟེར་དཀར་པོས་སྣང་བར་མཛད་ནས། སྣ་ཚོགས་པདྨའི་འདབ་མའི་སྟེང་དུ་ཟླ་བ་དྲི་མ་མེད་པའི་དཀྱིལ་འཁོར་གྱིས་སྤྲས་ཤིང་བརྟན་པ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའི་འཇམ་དཔལ་དུ་བདག་ཉིད་བལྟ་བར་བྱའོ། །དེ་ནས་རང་
གི་སྙིང་གའི་ཡི་གེའི་ཚོགས་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་འཁོར་བཞིན་པ་སོར་གཅིག་ཙམ་གྱིས་མ་རེག་པ་དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དེ་ལ་ཡང་དེ་ལས་སྐྱེས་པའི་རལ་གྲིའོ། །དེའི་ཆང་པ་ལ་ཡང་དེ་བཞིན་ཉིད་དུ་གྱུར་པའི་ཟླ་བའོ། །དེ་ལ་ཡང་དེ་བཞིན་དུ་སྲོག་ཆེན་པོའི་ཡི་གེ་
བལྟའོ། །རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དང་པོར་གསུངས་པའི་སྐུ་མདོག་དང་མཚན་མ་ལ་སོགས་པ་དང་ལྡན་པའི་འཇམ་པའི་དབྱངས་བསྒོམ་པར་བྱའོ། །དེའི་མདུན་དང་རྒྱབ་ཏུ་རང་རང་གི་ས་བོན་ལས་སྐྱེས་པའི་རལ་གྲི་བསྐྱེད་ནས་ཟླ་བའི་དཀྱིལ་འཁོར་ལ་བདག་ཉིད་ཀྱི་རྒྱུས་ཉི་མའི་འོད་དང་། ཟླ་
བའི་འོད་གཙོ་བོ་བཞིན་དུ་བསམ་པར་བྱའོ། །འདིས་ཆོ་ག་བཞིན་དུ་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་བདག་ཉིད་ཇི་ལྟ་བའི་རྒྱན་གྱིས་བརྒྱན་པའི་སྐྲ་ཅན་མ་དང་། ཉེ་བའི་སྐྲ་ཅན་མ་དག་གཡས་དང་གཡོན་དག་ཏུ་བསྒོམ་པར་བྱའོ། །ལྔ་པོ་རྣམས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ལྷ་རྣམས་ཀྱི་རྣམ་པ་
དེ་བཞིན་དུ་རང་གི་སྙིང་གར་ཟླ་བ་ལ་རང་རང་གི་ས་བོན་ལས་ན་བུན་བྱེད་པ་དཀར་པོ་རལ་པ་དང་ལྡན་པར་བལྟའོ། །དེ་ནས་གཙོ་བོའི་ཡི་གེའི་མཐར་གནས་པའི་ས་བོན་གྱི་འོད་ཟེར་གྱི་སྦུབས་ལས་རྩེ་མོ་འཁྱོག་པོ་སྤྱི་བོ་ལས་བྱུང་སྟེ། ཁམས་གསུམ་མཐའ་དག་སྣང་བར་བྱས་ནས་པདྨའི་གདན་ལ་གནས་ནས་དམ་ཚིག་

སེམས་དཔའ་དང་ཡེ་ཤེས་སེམས་དཔའི་རང་བཞིན་དབྱེར་མེད་པར་བསྒོམ་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་གནས་ནས་ཡིད་ཀྱིས་ཕྱིའི་མཆོད་པ་སྣ་ཚོགས་པས་མཆོད་དེ། ཧཱུཾ་བཾ་ཛཿཧོཿཞེས་བརྗོད་ནས་གཅིག་ཏུ་བལྟ་བར་བྱའོ། །དེ་ནས་སྐད་ཅིག་གིས་བརྟན་པ་ལ་གཡས་ཕྱོགས་སུ་མྱུར་དུ་འཁོར་བཞིན་པའི་
འཁོར་ལོ་རྩིབས་བརྒྱད་པའོ། །ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ལྷ་ལྔ་པོ་རྣམས་མི་གཡོ་བར་བལྟའོ། །དེ་ནས་བ་སྤུའི་ཁུང་བུ་ནས་ཞུགས་ཤིང་འཐོན་ཏེ་འཇིག་རྟེན་ཐམས་ཅད་སྣང་བར་བྱས་ནས་ཟླ་བའི་གདན་ལ་རབ་ཏུ་བཞུགས་ཏེ། འོད་ཟེར་གྱི་ཚོགས་ཀྱིས་ཇི་སྲིད་མི་ངལ་གྱི་བར་དུ་ཡང་དང་ཡང་དུ་བསམ་
པར་བྱའོ། །བསམ་གཏན་གྱིས་ངལ་ན་ཡང་རིམ་པ་ཡོངས་སུ་གྱུར་པ་ལས་སྟོན་ཀའི་ཟླ་བ་ལྟར་དཀར་བའི་ཞལ་ནས་ཡི་གེ་རྣམས་འཐོན་པར་བསམ་ཞིང་ཡི་གེ་དྲུག་པའི་སྔགས་ཀྱི་རྒྱལ་པོ་བཟླས་པར་བྱའོ། །འདིར་ཡང་ངལ་ཞིང་ལྡང་བར་འདོད་ནས་ཇི་ལྟར་བདེ་བར་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །
ཕྱག་ན་རལ་གྲི་བསྣམས་ཤིང་གསུང་མཆོག་ཤིན་ཏུ་རྣོ། །ངག་གི་དབང་ཕྱུག་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས། །ལེགས་བྲིས་བདག་གིས་ཡང་དག་གང་ཐོབ་འདི་ཡིས་ནི། །འགྲོ་ལ་ཕན་ཕྱིར་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།
བཱ་གཱ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཉེས་པའི་དྲི་འཇོམས་དཔལ་ལྡན་རྡོ་རྗེ་ཆོས། །ངག་གི་དཀྱིལ་འཁོར་འོད་ཟེར་དྲ་བ་འཕྲོ། །རྫོགས་སངས་ཀུན་གྱི་གསུང་གི་རང་བཞིན་ལ། །ཕྱག་འཚལ་ནས་ནི་ངག་གི་སྒྲུབ་ཐབས་བཤད། །མཁས་
པས་བརྩོན་འགྲུས་རླུང་གིས་རབ་བསྐྱོད་ནས། །སྔགས་ཀྱི་རང་བཞིན་རྣམ་དག་གཟུགས་བརྗོད་ཅིང་། །འཇིག་རྟེན་ཚོགས་པ་འདི་རྣམས་སྒྱུ་མ་དང་། །སྨིག་རྒྱུ་ཆུ་ཟླའི་རྟོག་པ་བཞིན་དུ་བསྒོམ། །པྃ་ཡིག་ས་བོན་ལས་བྱུང་སྣ་ཚོགས་པད། །བསྒོམ་བྱ་རྣམ་པར་དག་པ་ཀུན་གྱི་གཟུགས། །ཨཾ་ཡིག་
ལས་སྐྱེས་འོད་ཟེར་མཐའ་ཡས་པ། །རྣམ་དག་ཟླ་བ་ཆ་ཤས་ཀུན་རྫོགས་པ། །སླར་ཡང་གསང་བ་མཆོག་གྱུར་དག་པ་ཡི། །ས་བོན་ཡི་གེ་འོད་ཟེར་དྲ་བ་འགྱེད། །བནྡྷུའི་མེ་ཏོག་འོད་ཟེར་དང་མཚུངས་པའི། །ངག་གི་སྤྲོས་པ་བརྐྱང་མཛད་རྒྱུ་གཅིག་པོ། །ས་བོན་ལས་བྱུང་སྐྱོན་དུ་མ་གྱུར་པའི། །

ཏིང་འཛིན་ཕྱག་རྒྱ་ཚིམ་མཛད་པདྨའི་ཕྱག །བརྩེ་བས་མངོན་དགའ་རྡོ་རྗེའི་གདན་ལ་བཞུགས། །རྡོ་རྗེའི་ཆགས་པ་དཔལ་ལྡན་ཡོངས་དག་ཆགས། །བ་སྤུའི་ཁུང་བུ་ལས་བྱུང་སངས་རྒྱས་ཀྱི། །སྤྲིན་ཚོགས་དྲ་བ་འགྲོ་ལ་ཕན་པར་མཛད། །འགྲོ་བ་རྣམས་ཀྱི་རང་བཞིན་ཐམས་ཅད་ཀྱང་། །
ཤིན་ཏུ་རྣམ་དག་བློ་ཡིས་བསྒོམ་པར་བྱ། །སྙིང་གར་ཟླ་བའི་དཀྱིལ་དུ་རྡོ་རྗེ་ཡི། །འོད་ཟེར་དྲ་བས་འཇིག་རྟེན་ཀུན་གསལ་བལྟ། །མགོན་པོ་ཧཱུཾ་ཡིག་ལས་ནི་སྐྱེས་གྱུར་པ། །སྐུ་ལྔའི་བདག་ཉིད་ལས་བྱུང་སངས་རྒྱས་སྤྲིན། །དེ་དབུས་རྩེ་མོ་འཕྲོ་བའི་མེ་ཡི་ཁྲོད། །སྐུ་གནས་སྲིད་པ་གསུམ་པོ་སྣང་བར་
མཛད། །འབྱུང་པོའི་རྒྱུད་ཀྱི་སྡུག་བསྔལ་ཀུན་ཁྱབ་རྣམས། །ཡི་གེ་ཆེན་པོས་གང་བ་རྣམ་པར་འཇོམས། །བརྗོད་པ་རབ་མཛེས་འོད་ཟེར་གྱིས་ཁྱབ་པས། །དྲི་མེད་ཉི་མ་འཆར་ཀ་དགའ་བས་ཆགས། །ལྗགས་སྐྱེས་ལེགས་གསུང་ཤེས་རབ་མཆོག་གི་སྤྲིན། །རྡོ་རྗེ་ལས་བྱུང་སྡིག་པ་རྣམ་པར་
འཇོམས། །དེ་ཡི་རྩེ་མོར་གཡོ་ཞིང་རབ་ཆགས་པའི། །འོད་ཟེར་རྒྱ་ཆེན་དེ་ཉིད་བསམ་པར་བྱ། །བདག་གི་བརྩོན་འགྲུས་མཐུ་ཡིས་གཞན་ཟིལ་གནོན། །མཆོག་གི་མཐུ་ལྡན་རྒོལ་བ་ངེས་པར་འཇོམས། །སྐད་ཅིག་ལ་གོམས་སྟོབས་ལས་སྐྱེས་གྱུར་པ། །ངག་འགྲུབ་དངོས་གྲུབ་རྣམས་ནི་ཉེར་
ཐོབ་འགྱུར། །ཚིགས་བཅད་རྐྱང་པས་རྟག་ཏུ་སྨྲ་འགྱུར་ཞིང་། །རྣལ་འབྱོར་བསྟན་བཅོས་སྣ་ཚོགས་རིག་པ་དང་། །བསྟན་བཅོས་སྣ་ཚོགས་ངེས་པར་རྩོམ་འགྱུར་ཞིང་། །རང་ཉིད་འགྲོ་བའི་ཆེད་དུ་དོན་ཆེན་འགྱུར། །གཞན་གྱི་སེམས་ཀྱིས་འཇུག་པའང་འདུ་ཤེས་འགྱུར། །ཆགས་སོགས་སྡིག་པ་
རྣམས་ཀྱང་དེ་ཡིས་འཇོམས། །དེ་ལ་ཏིང་འཛིན་བརྟན་པ་ཐོབ་གྱུར་ནས། །ཤིན་ཏུ་ཕྲ་ཞིང་རྣོ་འཕྲོ་ངེས་པ་ཡིས། །སངས་རྒྱས་གོ་འཕང་ཀུན་ཐོབ་གཟུགས་འཛིན་འགྱུར། །དེ་དག་འདིར་ནི་རྣམ་པར་སྤྱད་བྱ་མིན། །རྣལ་འབྱོར་གོམས་པར་གྱུར་ན་སྐྱེས་བུ་ཡི། །འབྱུང་དང་མ་བྱུང་བ་རྣམས་མདུན་གནས་
འགྱུར། །འདོད་པས་འཁྲུགས་བཞིན་དགའ་ཞིང་ཆགས་པ་ཡིས། །སེམས་ཀྱི་རྗེས་འཇུག་སྦྱོར་བ་དང་ལྡན་གྱུར། །འདི་བྱས་བདག་གིས་དགེ་བ་ཉེར་བསགས་གང་། །འགྲོ་རྣམས་རྒྱལ་བའི་དཔལ་མཆོག་འཛིན་གྱུར་ཅིག །རི་བོང་འཛིན་པའི་འོད་ཟེར་ཉེ་བ་ཡིས། །མྱ་ངན་ཟུག་རྔུ་ཡིད་འཇིགས་དང་

འབྲལ་ཤོག །རྒྱུན་མི་འཆད་པས་དགེ་ལ་ཡིད་ཆགས་པས། །བློ་མཆོག་ལས་རྙེད་བདེ་བའི་མན་ངག་གི། །རང་བཞིན་འདི་ཡིས་པདྨའི་རིགས་འཇུག་ཅིང་། །དཔལ་ནི་རྗེས་འཇུག་ཏིང་འཛིན་དགའ་བར་ངེས། །བདག་ཀྱང་ལེགས་པའི་སྐྱེ་བོ་སྲིད་རྩེ་འདིས། །འབར་བའི་ཕྲེང་བའི་དབུས་ཀྱི་སྐུར་
གྱུར་ཅིག །བླ་མ་མཆོག་གི་བརྩེ་བས་ཐོད་ཕྲེང་གི། །ཆུ་འཛིན་གྱིས་གང་མངོན་རོལ་དཔལ་ཚོགས་ཤོག །ངག་གི་སྒྲུབ་ཐབས་མཆོག་གྱུར་པ། །སྐྱེ་བོ་བཟང་པོས་ལེགས་སྦྱར་བ། །འདི་ཡིས་ངག་ནི་བསྒྲུབས་བྱས་ནས། །ངག་གི་དབང་ཕྱུག་ཐོབ་པར་ཤོག །ངག་གི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། སིདྡྷེ་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་ཀྱི་དོན་དུ། མཎྜལ་གྲུ་བཞི་བྱས་ནས་དེའི་དབུས་སུ། ཨོཾ་བཛྲ་སཏྭ་སིདྡྷ་
ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་བར་བྱའོ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཨོཾ་བཱི་ར་སཏྭ་ཨ་དྷིཥྛཱ་ན་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་ས་མ་ཡ་སཏྭ་བཱི་ར་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་ཨཀྵ་ཡ་སཏྭ་ཛྙཱ་ན་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་ཛྙཱ་ན་སཏྭ་བཛྲ་ཧཱུཾ་སྭཱ་ཧཱ་
ཞེས་པས་མེ་ཏོག་དབུལ་ལོ། །དེ་བཞིན་དུ་སྤོས་ལ་སོགས་པ་དབུལ་ལོ། །ཤར་ལ་སོགས་པའི་ཕྱོགས་རྣམས་སུ་ཡང་། ཨོཾ་ཡ་མཱནྟ་ཀཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་པྲཛྙཱནྟ་ཀཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་པདྨཱནྟ་ཀཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་བིགྷྣཱནྟ་
ཀཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །མེ་ལ་སོགས་པའི་ཕྱོགས་མཚམས་རྣམས་སུ་ཨོཾ་ཊཀྐི་རཱ་ཛཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །ཨོཾ་ནཱི་ལ་དཎྜཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་ལོ། །དེ་བཞིན་དུ་ཨོཾ་མ་ཧཱ་བཱ་ལཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པ་དང་། ཨོཾ་ཨཱ་ཙ་ལཱ་ཡ་ཧཱུཾ་སྭཱ་ཧཱ་ཞེས་པས་མེ་ཏོག་དབུལ་བར་བྱའོ་ཞེས་པས་མཎྜལ་ཇི་ལྟར་རིགས་པར་
མཆོད་པར་བྱའོ་ནང་གི་མཆོད་པས་ཀྱང་ངོ་། །སྤྱོད་ལམ་གཙང་མར་བྱས་ནས་ཡིད་དང་མཐུན་པའི་ས་ཕྱོགས་སུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་པྃ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོའི་ཟེའུ་འབྲུ་ལ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་དཀར་པོ་ལས་ཁ་

དོག་ལྔའི་འོད་ཟེར་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་འོད་ཟེར་གྱིས་རྐང་པའི་མཐིལ་ནས་སྐྲའི་རྩེ་མོའི་མཐར་ཐུག་པ་ཁྱབ་པར་བསྒོམས་ཏེ། དེའི་འོད་ཟེར་གྱི་སྣང་བས་ཕུང་པོ་ལྔ་པོ་རྣམ་པར་སྦྱངས་ཏེ། ཐོག་མ་མེད་པའི་དུས་ནས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་པས་
བསགས་པ་དེ་རྣམས་མེད་པར་བྱས་ནས། དེ་ནས་ཕུང་པོ་ལྔ་པོ་དེ་བཞིན་གཤེགས་པ་ལྔའི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་ནས་དེ་རྣམས་ཀྱི་འོད་ཟེར་ས་བོན་གྱི་ཡི་གེ་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་སེམས་ཅན་རྣམས་ཀྱི་རྒྱུད་དྲི་མ་མེད་པར་བྱས་ནས་བྱམས་པ་དང་། སྙིང་རྗེ་དང་
དགའ་བ་དང་། བཏང་སྙོམས་བསྒོམ་པར་བྱ་སྟེ། དེ་ནས་འགྲོ་བ་རྣམས་ལ་བུ་གཅིག་པ་བཞིན་དུ་དགའ་བ་ནི་བྱམས་པའི་མཚན་ཉིད་དོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུར་གྱུར་པ་ཡང་དག་པར་བསལ་བར་འདོད་པ་ནི་སྙིང་རྗེའོ། །བྱ་བ་ཡང་དག་པར་འགྲུབ་པའི་ཐབས་མཐོང་བ་ལས་རབ་ཏུ་
དགའ་བ་ནི་དགའ་བའོ། །འཇིག་རྟེན་གྱི་ཆོས་བརྒྱད་རྣམས་ལ་བཏང་སྙོམས་སུ་བྱེད་པ་ནི་བཏང་སྙོམས་སོ་ཞེས་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ། །ས་བོན་གྱི་ཡི་གེ་ལས་འཇམ་དཔལ་དབྱངས་ཀྱི་སྐུར་བདག་བསྐྱེད་ཅིང་གཟུང་བར་བྱའོ། །ཡང་ས་བོན་གྱི་ཡི་གེ་ལས་འོད་ཟེར་འཐོན་ཏེ་
འགྲོ་བ་དྲུག་གི་སེམས་ཅན་གྱི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་ལ་སོགས་པའི་ཉེས་པ་ཐམས་ཅད་བཅོམ་སྟེ། སེམས་ཅན་རྣམས་ཀྱི་ཉོན་མོངས་པ་རྣམས་མེད་པར་བྱས་ནས་འོད་ཟེར་རྣམས་སླར་ལོག་སྟེ། ས་བོན་གྱི་ཡི་གེ་ལ་གཞུག་པར་བྱའོ། །ཡང་ས་བོན་གྱི་ཡི་གེ་ལས་
འོད་ཟེར་རྣམས་བྱུང་སྟེ། སེམས་ཅན་གྱི་ཁམས་ཡོངས་སུ་སྦྱངས་ཏེ། རང་གི་འོད་ཀྱིས་སྣང་བའི་འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྐུས་ནམ་མཁའི་མཐིལ་གང་ནས་འོད་ཟེར་རྣམས་སླར་ལོག་ནས་རང་གི་ས་བོན་ལ་རབ་ཏུ་གཞུག་པར་བྱའོ། །ཡང་ས་བོན་གྱི་ཡི་གེའི་འོད་ཟེར་
ལས་བྱུང་ཞིང་འཕྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་རྗེ་བཙུན་འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པ་ལ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་ནས་མཁས་པས་རབ་ཏུ་དད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་མདུན་དུ་སྡིག་པ་བཤགས་པ་དང་། མི་བྱེད་པའི་སྡོམ་པ་དང་

བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ལ་ཡོངས་སུ་བསྔོ་བ་དང་། བདག་ཉིད་དབུལ་བ་དང་། ལམ་ལ་བརྟེན་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་བྱས་ནས། ཕྱི་ནས་མཆོད་པའི་ལྷ་མོ་རྣམས་ས་བོན་གྱི་ཡི་གེ་ལ་གཞུག་པར་བྱའོ། །ཕྱི་ནས། ཁྱོད་
ཀྱིས་སེམས་ཅན་ཐམས་ཅད་ཀྱི། །ཇི་ལྟའི་དོན་མཛད་དངོས་གྲུབ་སྩོལ། །རྗེས་འཇུག་སངས་རྒྱས་ཡུལ་གཤེགས་ཀྱང་། །སླར་ཡང་འདིར་ནི་འབྱོན་པར་ཞུ། །མུཿཞེས་པས་གཤེགས་སུ་གསོལ་ལོ། །འདིའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་དོན་རྣལ་འབྱོར་པས་འགྲོ་བ་རྣམས་ལ་ཀུན་ནས་
བགྲང་བར་བྱའོ། །གང་ལ་འདིར་བུམ་པ་དང་། སྣམ་བུ་དང་། ཤིང་རྟ་དང་། གནས་དང་། ལྷ་ཁང་དང་། རི་ལ་སོགས་པ་མི་གཡོ་བ་དང་། གཡོ་བ་རྣམས་དེ་ཐམས་ཅད་གཟུགས་བརྙན་ཙམ་སྟེ། རྣམ་པར་བརྟགས་ན་དཔེར་ན་གཟུགས་བརྙན་དང་། སྒྱུ་མ་དང་། རྨི་ལམ་ལྟ་བུའོ། །བདག་
ཀྱང་རང་བཞིན་མེད་པ་རྨི་ལམ་ལྟ་བུ་ཞེས་པས་སྟོང་པ་ཉིད་བསྒོམ་ཞིང་སྟོང་པ་ཉིད་བརྟན་པར་བྱེད་པའི་སྔགས་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བསམས་ནས་རང་བཞིན་གྱི་ལུས་ཀྱི་ང་རྒྱལ་སྤངས་ཏེ། ངོ་མཚར་བའི་སྦྱོར་བ་ཙམ་གྱིས་གནས་པར་བྱའོ། །ཕྱི་ནས་
བསམ་པར་བྱ་སྟེ། ཅིའི་ཕྱིར་བདག་ཉིད་སྟོང་པ་ཉིད་ལ་གནས་ན་བདག་གིས་འགྲོ་བ་རྣམས་ཀྱི་དོན་བྱའོ་ཞེས་དེ་བཞིན་དུ་བསམ་པར་བྱའོ། །དེའི་སྙིང་གར་པཾ་ཡིག་དཀར་པོའི་གཟུགས་བལྟའོ། །དེ་ཡོངས་སུ་གྱུར་པ་ལས་པདྨ། དེའི་ཟེའུ་འབྲུ་ལ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་
འཁོར་ལ་ཨ་ཡིག་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་པོ་ཡོན་ཏན་ཉིས་འགྱུར་དུ་བྱས་པ་ནི་མཚན་སུམ་ཅུ་རྩ་གཉིས་རྣམ་པར་དག་པའོ། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཨོཾ་ཡིག་དཀར་པོ་བསྒོམ་པར་བྱའོ། །ཨཱ་དཪྴ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་
ཞེས་བརྗོད་པར་བྱའོ། །དེ་ནས་ཀ་ཡིག་ལ་སོགས་པ་ཡི་གེ་སུམ་ཅུ་རྩ་བཞི་ལ་ཡི་གེ་དྲུག་ཞུགས་ཏེ་ཡི་གེ་བཞི་བཅུ་ཡོན་ཏན་ཉིས་འགྱུར་དུ་བྱས་པ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །དེ་དག་གི་རང་བཞིན་གཅིག་ཏུ་མཉམ་པ་ཉིད་

དེ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྡན་པ་སྟེ། ས་མནྟ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་རྒྱུ་དང་འབྲས་བུར་གྱུར་པའི་ཨུཏྤ་ལ་སྔོན་པོ་བསྒོམ་པར་བྱའོ། །དེའི་ཟེའུ་འབྲུ་ལ་ཟླ་བ་ལ་
གནས་པའི་ཨོཾ་ཡིག་བསྒོམ་པར་བྱའོ། །དེ་ནས་སོ་སོར་རྟོག་པའི་ཡེ་ཤེས་དང་ལྡན་པ་སྟེ། པྲ་ཏྱ་བེཀྵ་ཎ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་ས་བོན་གྱི་ཡི་གེ་ལས་བྱུང་བའི་འོད་ཟེར་གྱིས་འགྲོ་བ་དྲུག་གི་སེམས་ཅན་རྣམས་བཀུག་ནས་དེ་དག་དཔའ་བོ་གཅིག་ཏུ་གྲུབ་པའི་སྐུར་བསྐྱེད་ནས།
བདག་ལ་བླངས་ཏེ་ལུས་ལ་ཞུགས་ནས་འཇམ་དཔལ་གྱི་བདེ་བ་ཇི་ལྟ་བ་ལ་ལོངས་སྤྱོད་པའོ། །མགྲོན་དུ་གཉེར་བ་དེ་རྣམས་འོད་ཟེར་གྱི་ས་བོན་ལ་གཞུག་པར་བྱའོ། །དེ་ལ་བྱ་བ་གྲུབ་པའི་ཡེ་ཤེས་དང་ལྡན་པ་སྟེ། ཀྲཱི་ཏྱཱ་ནུཥྛཱ་ན་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ནས་ས་བོན་གྱི་ཡི་གེ་
ལས་འོད་ཟེར་འཕྲོས་པས་འགྲོ་བ་དྲུག་པོའི་སེམས་ཅན་རྣམས་བཀུག་ནས་ས་བོན་གྱི་ཡི་གེ་ལ་ཞུགས་ཏེ་རོ་མཉམ་པར་གྱུར་ནས་ས་བོན་གྱི་མཚན་མ་རྣམས་ཕ་རོལ་ལས་འཁོར་ཏེ་དཔའ་བོ་གཅིག་ཏུ་གྲུབ་པའི་བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ཟླ་བ་འཐུང་བ་ལ་བརྟེན་པ། འགྲོ་བ་རྣམས་འོད་
ཀྱིས་སྣང་བར་མཛད་པ། ཕྱག་གཉིས་པ། ཞལ་གཅིག་པ། སྐུ་མདོག་དཀར་པོ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ལྷའི་རྒྱན་གྱིས་བརྒྱན་པ། ཟུར་ཕུད་ལྔས་དབུ་ལ་བརྒྱན་པ་འོད་ཟེར་སྣ་ཚོགས་པའི་ནང་ན་བཞུགས་པ། ཕྱག་གཡོན་ན་ཨུཏྤ་ལ་བསྣམས་པ། གཡས་པ་མཆོག་སྦྱིན་པ། ཐུགས་
ཀའི་པདྨ་དམར་པོ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དེའི་ཟེའུ་འབྲུ་ལ་ཟླ་བ་ལ་གནས་པའི་ས་བོན་གྱི་ཡི་གེ་དེ་ལས་བྱུང་བའི་འོད་ཟེར་གྱིས་མཆོད་པའི་ལྷ་རྣམས་སྤྲོ་བར་བྱ་སྟེ། ཕྱག་གཉིས་པ་སྐུ་མདོག་དཀར་པོ་ལྷའི་ཆུས་ཡོངས་སུ་གང་བའི་བུམ་པ་ཕྱག་ན་
བསྣམས་པ། དཔལ་ལྡན་དཔའ་བོ་གཅིག་ཏུ་གྲུབ་པ་རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག་ཅེས་བརྗོད་ཅིང་བཅོམ་ལྡན་འདས་ལ་ཁྲུས་གསོལ་བར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་དབུ་ལ་མི་བསྐྱོད་པའོ། །ལྷ་རྣམས་ཀྱིས་མཆོད་པ་ཡང་བྱེད་པའོ། །དེ་ནས་ཆོས་ཀྱི་དབྱིངས་རྣམ་པར་དག་

པའི་ཡེ་ཤེས་དང་ལྡན་པ་སྟེ། སུ་བི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ལྟ་བུའི་བཅོམ་ལྡན་འདས་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་པར་བྱའོ། །བསྒོམས་པའི་མཐར་བཟླས་པ་བྱའོ། །ཨོཾ་བཛྲ་ཏཱིཀྵྞ་དུཿཁཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ
འགའ་ཞིག་ཏུ་ཨོཾ་ཝཱ་ཀྱཻ་དཾ་ན་མཿཞེས་བཟླས་ནས་མཐར་བསྟོད་པ་དང་། མཆོད་པ་དང་། སྨོན་ལམ་བཏབ་ནས་ལྡང་བར་བྱའོ། །ལྷ་རྣམས་ཀྱི་ང་རྒྱལ་གྱིས་འཇིག་རྟེན་པ་ཐམས་ཅད་ཀྱི་དོན་བྱའོ། །དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་ཀ་སཱ་
དྷ་ནཾ། བོད་སྐད་དུ། ངག་གི་སྒྲུབ་ཐབས། ངག་གི་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་པ་ཉིད་དུ་བསྒོམས་ནས་པཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་པདྨ་ལ་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་བདག་ཉིད་འོད་དཔག་ཏུ་
མེད་པའི་སྐུར་བསྒོམ་པར་བྱའོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ་སྐུ་མདོག་དམར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་ནས་སྙིང་གར་ཟླ་བ་ལ་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལངས་པ། དེའི་རྭ་དབུས་མའི་རྩེ་མོ་ལ་ཨཱཿཡིག་དམར་པོ་བསྒོམ་པར་བྱའོ། །ལྕེའི་རྩེ་མོ་ལ་ཧྲཱིཿཡིག་
དམར་པོ་ལས་སོ། །ངག་གི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་ལཱི་ལ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྡིག་པ་བཤགས་པ་
ལ་སོགས་པ་བྱས་པའི་རྗེས་སུ་སྟོང་པ་ཉིད་དུ་དམིགས་ནས་ཟླ་བ་ལ་གནས་པའི་མཾ་ཡིག་གི་ས་བོན་ལས་སྐྱེས་པའི་འཕགས་པ་འཇམ་པའི་དབྱངས་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་ཨུཏྤལ་
བསྣམས་པ། ཕྱག་གཡས་པ་རོལ་པའི་སྟབས་ཀྱིས་སེང་གེའི་གདན་ལ་བཞུགས་པ། པདྨ་དང་ཟླ་བའི་གདན་ལ་བདག་ཉིད་སྐད་ཅིག་གིས་བསྒོམ་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ནས་མཛུབ་མོ་དག་དང་མིང་མེད་དག་གིས་སེན་མོ་བརྟེན་པ་ནི་ཨུཏྤ་ལ་ཁ་འབྱེད་པའི་ཕྱག་རྒྱའོ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ་

ཞེས་པའི་སྔགས་བཟླས་པར་བྱའོ། །འཇམ་དཔལ་རྒྱལ་པོ་ཆེན་པོ་རོལ་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དྲུག་པའི་ལྔ་པའི་ས་བོན་ལྔ་
པའི་དབྱངས་ཀྱིས་ཉེ་བར་མཛེས་པ་སྟོང་པའི་ལྷས་མནན་པ། དེ་ལས་དེ་བཞིན་དུ་སྐྱེས་པའི་དཔལ་ལྡན་དཀར་པོ་འཇམ་པའི་དབྱངས་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་པ་གཡོན་ན་ཨུཏྤ་ལ་བསྣམས་པ། གཡས་པ་རོལ་པའི་སྟབས་ཀྱིས་སེང་གེའི་གདན་
ལ་བཞུགས་པ། བདག་ཉིད་གཞོན་ནུའི་སྐུར་བསམ་པར་བྱའོ། །འདིའི་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་སྦྱར་ནས་མཛུབ་མོ་དང་མིང་མེད་དག་བཀབ་པའོ། །སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོར་དགོད་པར་བྱའོ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སིདྡྷི་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། དཔལ་ལྡན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །འོད་གསལ་སྟོན་ཀའི་ཟླ་བ་མཚུངས། །འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་གསལ་པོ་
མཆོག །མདོར་བསྡུས་བདག་གིས་བརྗོད་པར་བགྱི། །དང་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་ཞིང་གཙང་བའི་ས་ཕྱོགས་སུ་སྟན་བདེ་བའི་དབུས་སུ་འདུག་སྟེ། རང་གི་སྙིང་གར་ཨ་ཡིག་ལས་བྱུང་བའི་ཟླ་བ་ལ་མཾ་དཀར་པོ་དེ་ཉིད་དགོད་པར་བྱའོ། །དེའི་འོད་ཟེར་གྱིས་ནམ་མཁའ་གང་བས་བཅོམ་
ལྡན་འདས་དང་བླ་མ་རྗེ་བཙུན་ནམ་མཁའ་ལ་བལྟས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་འདུག་ལ་ཡིད་ཀྱིས་རང་བཞིན་གྱི་མཆོད་པས་འཇམ་དཔལ་དང་བླ་མ་རྗེ་བཙུན་ཡང་མཆོད་ཅིང་ཕྱག་བཙལ་ནས་དགེ་བ་སྤེལ་བའི་དོན་དུ་དེང་ནས་སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས་སོ། །བསོད་
ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེ་ཡང་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་བདག་གིས་ཡོངས་སུ་བསྔོ་བར་བགྱིའོ། །བྱང་ཆུབ་མ་ཐོབ་ཀྱི་བར་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཡང་དག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་ནས་

བཅོམ་ལྡན་འདས་ཀྱི་ས་བོན་ལྷན་ཅིག་ཏུ་གྱུར་པར་བལྟའོ། །བརྟན་པ་དང་གཡོ་བའི་ཁམས་གསུམ་པོ་ཐམས་ཅད་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམ་པར་དཔྱད་མི་བཟོད་པ་རྨི་ལམ་དང་། སྒྱུ་མ་དང་། གཟུགས་བརྙན་ལྟ་བུར་བལྟ་ཞིང་རང་བཞིན་གྱིས་འོད་གསལ་བ་ཡོངས་སུ་དག་པ་འབའ་ཞིག་གི་བདག་
ཉིད་དུ་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་པ་འདིས་བརྟན་པར་བྱའོ། །ཡང་ན་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཟླ་བ་ལ་མཾ་ཡིག་དཀར་པོ་བལྟས་ཏེ། དེའི་འོད་ཟེར་འཕྲོས་པས་འཇམ་དཔལ་རྡོ་རྗེ་བདག་ཉིད་ལ་རབ་ཏུ་ཞུགས་ཏེ། མཾ་ལས་བྱུང་བར་བསྒོམ་
མོ། །སྟོན་ཀའི་ཟླ་བའི་རྣམ་པ་ཅན། ཟུར་ཕུད་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། ཕྱག་གཡས་པས་མཆོག་སྦྱིན་མཛད་པ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །དེ་ནས་རང་གི་སྙིང་
གར་ཟླ་བ་ལ་མཾ་ནོར་བུ་ཆུ་ཤེལ་གྱི་འོད་ལྟ་བུ་འོད་ཟེར་རྣམས་ཀྱིས་ནམ་མཁའི་ཁོང་ན་གནས་པའི་འགྲོ་བ་རྣམས་ཀྱི་དོན་བྱེད་པ་གསལ་བཞིན་པ་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་ན་སྔགས་བཟླས་པར་བྱའོ། །ཨོཾ་བཱ་ཀྱཻ་དཾ་ན་མཿཉེ་བའི་སྙིང་པོ་ཡང་བཟླས་
པར་བྱའོ། །ཨོཾ་ཧྲཱི་ཧཱུཾ་དེ་ནས་ཡི་གེ་བརྒྱ་པ་བཟླས་ནས་འཇམ་པའི་རྡོ་རྗེའི་ང་རྒྱལ་བྱས་ཏེ་ལངས་ལ་ཡང་དེ་བཞིན་དུ་གནས་པར་བྱའོ་ཞེས་སོ། །ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་འགྱུར་རོ། །རྟག་ཏུ་གོམས་པའི་སྦྱོར་བས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དེ་
ལྟར་བསམ་གཏན་ལ་གནས་པས་སྔོན་དུ་བསྙེན་པ་འབུམ་ཕྲག་བརྒྱད་བཟླས་ནས་རལ་གྲི་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་ལ་ཟླ་བ་གཟས་ཟིན་པའམ། ཉི་མ་གཟས་ཟིན་པ་ལ་ཁབ་ལེན་གྱི་ལྕགས་ལས་བརྡུངས་པའི་རལ་གྲི་ལག་པས་བཟུང་སྟེ་ཟླ་བ་ལ་བལྟས་ནས་ཇི་སྲིད་གྲོལ་བར་མ་གྱུར་པ་
དེ་སྲིད་དུ་བཟླས་པ་བྱས་པས་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་རྡོ་རྗེ་དང་། འཁོར་ལོ་དང་། རྩེ་གསུམ་དང་། ཐོ་བ་དང་། ཞགས་པ་དང་། ལྕགས་ཀྱུ་ལ་སོགས་པ་དང་། མིག་སྨན་དང་། རྐང་མགྱོགས་དང་། ཐིག་ལེ་དང་། དབང་དུ་བྱ་བའི་རྫས་ལ་སོགས་པ་བསྒྲུབ་པར་བྱའོ། །

རིག་པ་འཛིན་པ་དང་། བཅུད་ལེན་དང་། ལེགས་པར་སྦྱར་བ་རྣམས་བསྒྲུབ་པར་བྱའོ། །འོ་ཐུག་གི་བཟའ་བ་དང་། ཞོའི་བཟའ་བ་དང་། མར་དང་བཅས་པའི་ཤ་ཀ་རས་སྣོད་བཀང་སྟེ། ལག་པས་བཀབ་ལ་བཟླས་པ་བྱས་ལ་བཟའ་བར་བྱའོ། །ལོ་ལྔ་བརྒྱ་རུ་འཚོ་བར་འགྱུར་རོ། །
སྲན་མ་ཥ་ཁར་བཅུག་ལ་བཟླས་པར་བྱའོ། །མྱུ་གུ་འབྱུང་བར་འགྱུར་རོ། །དེ་མིད་ན་ཚིགས་བཅད་ལ་མཁས་པར་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་བ་དང་། ངག་དང་ལྡན་ཞིང་བློ་རྣོ་བར་འགྱུར་རོ། །བིལ་བ་རྣམས་ཀྱི་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་འཇིག་རྟེན་གསུམ་གྱི་རྒྱལ་པོ་འགྲུབ་
པར་འགྱུར་རོ། །ཇི་ལྟར་རྙེད་པའི་མེ་ཏོག་དཀར་པོས་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་གྲུབ་པ་ཐོབ་སྟེ། ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །མར་དང་འབྲུ་དམར་པོ་ལྔའི་སྦྱིན་སྲེག་བྱས་ན་འབུམ་ཕྲག་བཞི་ཙམ་གྱིས་གནོད་སྦྱིན་མོ་འགུགས་པར་འགྱུར་རོ། །ས་འོག་གི་
གཞོན་ནུ་མ་ཡང་ངོ་། །བྲཧྨའི་ཕྱེ་མ་སོར་བཞི་ཙམ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ་ནང་པར་སྔ་བར་དཀྱིལ་འཁོར་བྱས་ལ་ཇི་ལྟར་འབྱོར་པས་བཅོམ་ལྡན་འདས་ལ་མཆོད་ལ་མར་རམ་ཀཉྫི་བཏུང་བར་བྱའོ། །ཤུ་དག་ཞོ་ཕྱེད་ཀྱི་ཚད་ལ་དེ་བཞིན་དུ་མངོན་པར་བསྔགས་ལ་མར་རམ་འོ་མའམ་
མར་ཁུ་དང་། ཟླ་བ་གཅིག་ཏུ་བཏུང་བར་བྱའོ། །དིག་པ་དང་། ལྐུགས་པ་དང་། ལྡིབ་པ་རྣམས་རྣམ་པར་ཉམས་པར་བྱེད་དོ། །ཟླ་བ་དྲུག་ན་གཞན་ཡང་མ་ཐོས་པའི་བསྟན་བཅོས་རྣམས་ཀྱང་མངོན་དུ་འགྱུར་རོ། །རྨོངས་པ་རྣམ་པར་ཉམས་པར་འགྱུར་ཞིང་ཐོས་པ་འཛིན་པར་འགྱུར་རོ། །
ཁུ་བྱུག་ལྟར་དབྱངས་སྙན་པར་འགྱུར་བ་དང་། ངག་གསལ་པོར་འགྱུར་རོ། །འཕགས་པ་འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སིདྡྷེ་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས།
འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། དེ་ལ་འདིར་ཡི་གེ་བརྒྱ་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་

ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿསྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་པདྨ་དཀར་པོའི་སྟེང་དུ་ཨ་ཡིག་དཀར་པོ་ལས་སྐྱེས་པའི་ཟླ་བ་ལ་དྷཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྗེ་བཙུན་འཇམ་དཔལ་དཔའ་
བོ་གཅིག་ཏུ་གྲུབ་པའི་བདག་ཉིད་ཡན་ལག་ཐམས་ཅད་དཀར་པོ་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ་གཡས་པ་མཆོག་སྦྱིན། གཡོན་པས་ཨུཏྤ་ལ་བསྣམས་པ། ལྷའི་རྒྱན་གྱིས་མཛེས་ཤིང་གོས་སྣ་ཚོགས་བསྣམས་པར་སྐད་ཅིག་གིས་བསྐྱེད་ནས། མགོ་དང་མགྲིན་
པ་དང་། སྙིང་གར་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་བལྟ་བར་བྱའོ། །ཨཱཿཡིག་དང་ཧཱུཾ་ཡིག་དག་གི་དབུས་སུ་ཡང་དྷཱིཿཡིག་གི་འོད་ཟེར་གྱིས་འགྲོ་བའི་དོན་མཛད་ཅིང་སྔགས་བཟླས་པར་བྱའོ། །ཨོཾ་བཛྲ་ཏཱིཀྵྞ་དུཿཁཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿདཔའ་
བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ལི་མན་མ་ཐ་སཱ་དྷ་ནཾ། བོད་སྐད་དུ། བུང་བ་མྱོས་པའི་སྒྲུབ་ཐབས། བུང་བ་མྱོས་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་ཡིད་འོང་བདེ་མི་འགྱུར། །བསྟན་བཅོས་ལོངས་སྤྱོད་སྐུར་གྱུར་ལ། །ཕྱག་འཚལ་
བུང་བ་ལུས་མེད་ཀྱི། །སྒྲུབ་ཐབས་བསྡུས་པ་བདག་གིས་བཤད། །དང་པོར་རེ་ཞིག་ཆུ་སྐྱེས་དམར་པོའི་ཟེའུ་འབྲུའི་གཟུགས་བརྙན་ལ་དཔལ་ཧེ་རུ་ཀའི་སྐུར་བདག་ཉིད་བསྐྱེད་ནས་རྣམ་པར་རྟོག་པ་ཙམ་གྱིས་ཁམས་གསུམ་པོ་ཀུན་ནས་བརྟག་པར་བྱའོ། །རང་གི་སྙིང་གར་ཤིན་ཏུ་དམར་བའི་
ཨུཏྤ་ལ་ཆེན་པོ་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཨཱ་ལི་དང་ཀཱ་ལི་བསྡུས་པའི་གཟུགས་ལ་སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་རྗེས་སུ་ཆགས་པའི་ཨཱཿཡིག་དང་ཧཱུཾ་ཡིག་ཡིད་ཀྱིས་མངོན་པར་བྲི་བར་བྱའོ། །དེ་ནས་ཨཱཿཡིག་དང་ཧཱུཾ་ཡིག་དེ་དག་ལས་ཤིན་ཏུ་དམར་ཞིང་མཛེས་པའི་འོད་ཟེར་གྱི་
ཚོགས་འཕྲོས་ཏེ་དེ་བཞིན་དུ་ཡང་གུར་གུམ་རློན་པ་ལས་སྐྱེས་པའི་འོད་ཟེར་གྱི་གཟུགས་ཀྱི་ཚོགས་ཀྱིས་སྣོད་ཀྱི་འཇིག་རྟེན་རྣམ་པར་སྦྱངས་ཏེ། དེ་རྣམས་ཀྱི་ཡང་ལུས་ངག་ཡིད་རྣམས་ལྷན་ཅིག་ཏུ་བྱས་ནས་བཀུག་སྟེ། དེ་དག་ལ་དེ་བཞིན་དུ་ཨཱཿཡིག་དང་ཧཱུཾ་ཡིག་དག་ཐིག་ལེ་ལ་ཞུགས་ཏེ་དེ་ནས་

ཨཱཿཡིག་དང་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་བྱུང་བ་འཁྲིགས་པའི་ཚོགས་རིན་པོ་ཆེ་ཀུ་རུ་བིནྡྷ་ལྟ་བུ་མཆོག་གི་སྙིང་རྗེས་སྦྲང་འཐུངས་པས་མྱོས་ཤིང་རྒྱུན་མི་འཆད་པར་གྲོལ་བ་ཧཱུཾ་ཞེས་རིང་དུ་སྒྲོགས་ཤིང་མཛེས་པའི་སྐུ་བདག་མེད་མ་དང་ཧེ་རུ་ཀའི་རང་བཞིན་དུ་བསམ་པར་བྱའོ། །
དེ་ནས་དེ་བཞིན་དུ་སྙིང་གར་ལེ་བརྒན་དམར་པོས་ཁ་བསྒྱུར་བའི་ཆུའི་ཐིགས་པ་ལྟ་བུ་ཡུངས་ཀར་ཙམ་ཤིན་ཏུ་ཕྲ་བའི་ཨཱཿཡིག་དང་ཧཱུཾ་ཡིག་བལྟ་བར་བྱའོ། །དེའི་རྗེས་སུ་དེ་འཁྲིགས་པས་དབུགས་རླུང་གི་ལམ་ལ་ཞོན་ཏེ། སྣའི་བུ་ག་ནས་འཐོན་ནས་ཁམས་གསུམ་ན་གནས་པའི་སེམས་ཅན་གྱི་ལུས་
དང་ངག་དང་ཡིད་རྣམ་པར་སྦྱངས་ཏེ་བཟུང་ནས་སླར་ཡང་དབུགས་རླུང་ལ་ཞོན་ཏེ། ཇི་ལྟ་བ་དེ་བཞིན་དུ་རང་གི་སྙིང་གའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གཞུག་པར་བྱའོ། །གཞུག་པར་བྱ་བ་ལས་ཡང་བླངས་ནས་ལུས་དང་ངག་དང་། ཡིད་རྣམས་ཀྱི་རང་གི་ལུས་ངག་དང་ཡིད་ཀྱིས་མཉམ་པ་ཉིད་དུ་གྲོལ་
བར་བྱའོ། །དེ་བཞིན་དུ་ཡང་དང་ཡང་བསྒོམ་པར་བྱའོ། །ཇི་སྲིད་སྐད་ཅིག་གིས་རབ་ཏུ་གསལ་བའི་ངེས་པ་སྐྱེ་བར་འགྱུར་རོ། །ཕྱི་ནས་བསྒྲུབ་བྱ་འམ། བསྒྲུབ་བྱ་མོའི་སྙིང་གར་སྐད་ཅིག་གིས་ཆུ་སྐྱེས་འདབ་མ་བརྒྱད་པ་བསྒོམ་པར་བྱའོ། །བདག་ཉིད་ཀྱི་སྙིང་གའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་
ལས་དེར་བུང་བ་འཁྲིགས་ཤིང་དབུགས་རླུང་ལ་ཞོན་ཏེ། སྣའི་བུ་ག་ནས་འཐོན་ནས་བསྒྲུབ་བྱའི་སྣ་བུག་གང་ནས་རང་གི་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་སྙིང་གའི་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་ཞུགས་ཏེ། གཞུག་པར་བྱ་བ་དེའི་སྙིང་གའི་པདྨའི་སྐུའི་རང་བཞིན་ཟེའུ་འབྲུའི་བདག་ཉིད་གེ་སར་འཕྲོ་
བར་བྱེད་པ། གསུང་གི་རང་བཞིན་སྦྲང་རྩི་འཐུང་བར་བྱེད་པ། ཐུགས་ཀྱི་རང་བཞིན་ཆུ་སྐྱེས་ཟ་བར་བྱེད་པའོ། །དེའི་རྗེས་སུ་སྒྲུབ་པ་པོའི་རང་གི་རླུང་གིས་བཀུག་ནས་བསྒྲུབ་བྱའི་སྣ་བུག་གཡས་ནས་འཐོན་ཏེ་བདག་གི་སྣ་བུག་ནས། སྙིང་གའི་ཨུཏྤ་ལ་ཆེན་པོའི་ཟེའུ་འབྲུ་ལ་ཞུགས་ནས་འདར་
ཞིང་ལྷུང་ནས་སྐུའི་རང་བཞིན་གྱི་ཟེའུ་འབྲུ་སྤངས་ཏེ། གསུང་གི་རང་བཞིན་གྱི་སྦྲང་རྩི་ཐུགས་ཀྱི་རང་བཞིན་གྱི་པདྨ་ནས་སྐྱུགས་པར་བསམ་པར་བྱའོ། །སླར་ཡང་དེ་བཞིན་དུ་གྱུར་ཅིང་དེ་བཞིན་དུ་ཞུགས་ནས་དེ་བཞིན་ཉིད་དུ་བླངས་ཤིང་དེ་ཉིད་དུ་འོངས་ནས་ཤིན་ཏུ་སྐྱུགས་པར་བསམ་པར་བྱའོ། །

དེ་བཞིན་དུ་ཡང་དང་ཡང་དུ་ཇི་སྲིད་རྗེས་སུ་ཆགས་པར་མ་གྱུར་གྱི་བར་དུ་བལྟ་བར་བྱའོ། །རྗེས་སུ་ཆགས་པར་མཐོང་ནས་བརྗོད་པར་བྱ་བ་ཁོང་དུ་ཆུད་པར་བྱའོ། །ཁོང་དུ་ཆུད་པ་ལས་ཡང་ཇི་ལྟར་མངོན་པར་འདོད་པའི་དོན་འགྲུབ་པར་འགྱུར་རོ། །འདིར་ཡང་འདི་བསྒོམས་ནས་བུད་མེད་རྩེ་ཞིང་དགའ་བས་
ཡིད་མྱོས་ཤིང་ལུས་གཡོ་བ་ཅན་སྒྲུབ་པ་པོའི་མིང་གིས་མཚན་པའི་ཚིག་རབ་ཏུ་སྦྱར་བས་དགའ་ཞིང་སྤྲོ་བར་བྱེད་པར་འགྱུར་རོ། །གལ་ཏེ་སྐྱོན་མཐོང་བ་ལས་མི་དགའ་ཞིང་དེའི་ཚེ་སྡུག་བསྔལ་ཆེན་པོ་ཉིད་དུ་ལྟུང་བར་འགྱུར་བས་དེའི་ཕྱིར་དང་པོར་དེ་བཞིན་དུ་དམ་པ་མ་ཡིན་པ་དང་། ཕྱིན་ཅི་ལོག་གི་
ཡུལ་སྤང་བར་བྱའོ། །སྤངས་ནས་ཡང་བསྒོམ་པ་ཞེས་བརྗོད་དོ། །བུང་བ་མྱོས་པའི་སྒྲུབ་ཐབས་ཀྱི། །ཆོ་ག་བསྒྲུབས་པའི་བསོད་ནམས་ནི། །གང་བསགས་དེ་ཡིས་སྐྱེ་བོ་རྣམས། །དཔལ་ལྡན་སྙིང་རྗེའི་སྟོབས་ལྡན་ཤོག །གང་ཞིག་བུད་མེད་སྒེག་མའི་སྙིང་ག་ཡི། །ཆང་གི་དགའ་བས་
མྱོས་པར་བྱེད་པ་ལྟར། །རིན་ཆེན་མྱུ་གུས་ལེགས་པར་སྦྱར་བ་ཡིས། །བུང་བ་མྱོས་བྱེད་སྒྲུབ་ཐབས་དེ་ཡིས་སོ། །བུང་བ་མྱོས་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་ཤྱ་དྷི་ཀཱ་ར་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་
གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇམ་དཔལ་རྡོ་རྗེའི་སྐུར་བསྒྲུབས་ཏེ། །སྐུ་མདོག་དམར་པོ་འོད་ཟེར་འབར་བའི་ཚོགས། །དབྱངས་ཡིག་བཅུ་དྲུག་ཡང་དག་འཁོར་བ་ཡི། །སྙིང་གའི་པད་དབུས་རྡོ་རྗེ་བསམ་པར་བྱ། །བནྡྷུའི་མེ་ཏོག་རྣམ་པ་དང་མཚུངས་
སྐུར། །དམིགས་ནས་ངེས་པར་རྐང་དྲུག་བཤད་པ་ཡིས། །དབུགས་ནི་རླུང་གིས་མ་ལུས་དལ་བུ་ཡིས། །ངེས་པར་དྲངས་ནས་སྐྱེ་བའི་བསམ་པ་ཡང་། །བསྒྲུབ་བྱ་མདུན་དུ་གནས་ཤིང་ཐལ་མོ་སྦྱོར། །མིག་ཟུང་གཉིད་ནི་ཡུར་བར་ཡང་དག་བསམ། །སྣ་བུག་ནས་ནི་དེ་བཞིན་བུང་བ་ཡིས། །
དེ་རྣམས་བསྒྲུབ་བྱ་ཉིད་ཀྱི་སྙིང་གར་ཞུགས། །སྙིང་གའི་པདྨ་ཀུན་ནས་བལྡག་ཅིང་རྙིངས། །དེ་ཡི་ཡིད་ཀྱི་སྦྲང་རྩི་འཐུངས་པ་ཡིས། །ངེས་ཕྱུང་དེ་ལས་སླར་ཡང་ཞུགས་གྱུར་ནས། །དེ་ལ་དེ་བཞིན་ངེས་པར་ཡིད་ཐིམ་བསམ། །རྣམ་པ་དེ་བཞིན་བརྟན་པ་དང་ལྡན་སེམས། །ཐུན་མཚམས་བཞི་

རུ་བསྒྲུབས་པར་གྱུར་པ་ཡིས། །དབང་པོའང་དེ་རྣམས་དབང་དང་ལྡན་འགྱུར་ཏེ། །བཅུ་བཞིའི་ཉི་མ་རྣམས་ཀྱིས་ངེས་པར་འགྲུབ། །དཔལ་ལྡན་འཇམ་དབྱངས་སྒྲུབ་ཐབས་གཅིག་ཏུ་འདི། །བླ་མ་དམ་པ་ལས་རྙེད་བདག་གསལ་བྱས། །འདི་ལ་ཅི་སྟེའང་མེད་པར་འགྱུར་སྙམ་པའི། །
འདིར་ནི་ཅུང་ཟད་ཐེ་ཚོམ་མི་བྱའོ། །འདི་རྣམས་བཀུག་ནས་ངེས་པར་སེམས་ཉིད་ཞི། །དགེ་བྱེད་ཅེས་བྱས་ཇི་ལྟར་ཉེར་བསྟན་མཛད། །དམ་པ་རྣམས་ཀྱིས་བྱ་བ་ཡོངས་སྤངས་ནས། །བདག་གི་བླ་མ་དག་ནི་འདི་ཡིས་སོ། །རྐང་དྲུག་བརྒྱད་པ་དག་གིས་མཆོག་བྲིས་པའི། །གང་འདིར་དགེ་བ་དྲི་མེད་ཅུང་ཟད་
ཐོབ། །དེ་ཡིས་སེམས་ཅན་མ་ལུས་དེ་བཞིན་དུ། །དཔལ་ལྡན་འཇམ་མགོན་ལྷན་ཅིག་ལྡན་པར་ཤོག །སློབ་དཔོན་དགེ་བ་བྱེད་པའི་ཞབས་ཀྱིས་མཛད་དོ། །བདག་གིས་སྒྲུབ་ཐབས་མཆོག་ཏུ་གྱུར་པ་འདི་བྲིས་པའི། །དགེ་བ་མ་ལུས་གང་ཐོབ་ཤིན་ཏུ་རྣམ་དག་པ། །དེ་ཡིས་འཇིག་རྟེན་འདི་རྣམས་རྒྱལ་
བ་ཉིད་ཐོབ་ནས། །སྲིད་པའི་འཇིགས་པ་མ་ལུས་ཤིན་ཏུ་རབ་ཞི་ཤོག །ལྷག་པར་དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་
དཔལ་སྒྲུབ་ཐབས་རྣམ་དག་པ། །བསྡུས་ཤིང་ཤིན་ཏུ་གསལ་བ་ཡིས། །མི་ཤེས་རབ་རིབ་འཇོམས་མཛད་པ། །ཡིད་འོང་ལེགས་པར་བརྗོད་པར་བྱ། །སྔོན་དུ་གསུངས་པའི་ཆོ་གས་འདིར་རང་གི་སྙིང་གར་ཟླ་བ་ལ་མཱུཿཡིག་སེར་པོ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་པ།
སྐུ་མདོག་གུར་གུམ་ལྟར་དམར་བ་དང་། སྔོན་པོ་དང་དཀར་པོ་ནི་གཡས་དང་ཅིག་ཤོས་ཀྱི་ཞལ་ལོ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རལ་གྲི་དང་། མདའ་དང་། མཆོག་སྦྱིན་དང་ལྡན་པ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། ཨུཏྤ་ལ་དང་། གཞུ་དང་
ལྡན་པ་ནི་ཕྱག་གཡོན་པ་གསུམ་ནའོ། །གཞོན་ནུ་སྒེག་པ་དང་བཅས་ཤིང་རྒྱན་དང་ན་བཟའ་ལ་སོགས་པས་བརྒྱན་པ། མེ་ཏོག་སྣ་ཚོགས་པས་ཆེར་མཛེས་པ། ཟུར་ཕུད་གསུམ་གྱིས་བརྒྱན་པ། དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་ཡོངས་སུ་གྲུབ་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་མཱུཿཞེས་

པའི་སྔགས་བཟླས་པར་བྱའོ། །འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བིདྱཱ་དྷ་ར་པི་ཊ་ཀ་ཡ་སཾ་ཀྵིཔྟ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བ་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་
དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་བསྒོམ་པར་བྱས་ནས། སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་ཡོངས་སུ་གྱུར་པ་ལས་དྷཱིཿཡིག་དཀར་པོ་ལས་སྐྱེས་པ་གཅིག་པུ་འབའ་ཞིག་པ་ཉིད་དུ་དཀར་བའི་འཇམ་དཔལ་ཨ་ར་པ་ཙ་ནའི་
རང་གི་ས་བོན་སྙིང་གར་བསམ་པར་བྱའོ། །ཨོཾ་དྷཱིཿསྭཱ་ཧཱ་ཞེས་པའི་སྔགས་བརྗོད་པར་བྱའོ། །རིག་པ་འཛིན་པའི་སྡེ་སྣོད་ལས་བྱུང་བ་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བིདྱཱ་དྷཱ་རཱ་པི་ཊ་ཀ་པྲ་ཏི་བ་ན་དྷཾ་མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། རིག་པ་འཛིན་
པའི་སྡེ་སྣོད་སོ་སོ་ནས་བསྡུས་པའི་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔགས་པས་དང་པོར་བྱ་བ་ནི། །སངས་རྒྱས་ལ་སོགས་མཆོག་རྣམས་མཆོད། །བསོད་ནམས་ཡོངས་སུ་བསྔོ་ལ་སོགས། །དེ་ནས་བྱམས་པ་ལ་སོགས་བསྒོམ། །སྙིང་
གར་ཟླ་བའི་དབུས་གནས་པའི། །ཐིག་ལེ་སྔགས་པས་བསྒོམ་པར་བྱ། །ཉིན་མོར་བྱེད་པའི་འོད་འཕྲོ་བའི། །ཐིག་ལེ་ཁ་བ་དང་མཚུངས་འོད། །ཐིག་ལེ་དེ་ལས་འོད་ཟེར་བསམ། །བ་སྤུ་སོ་སོའི་ཁུང་ནས་འཐོན། །འགྲོ་ཀུན་མཐོ་གང་ལ་སོགས་པའི། །རིམ་པས་རྣམ་པར་གསལ་བར་བྱ། །དྷཱིཿ
ཡིག་དཀར་པོའི་གཟུགས་ཉིད་དུ། །ཐིག་ལེའི་ནང་གཏོགས་འོད་ཟེར་བལྟ། །དེ་ཀུན་ཡོངས་སུ་གྱུར་པ་ལས། །ཨ་ར་པ་ཙ་ན་རུ་བལྟ། །སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། །དབུས་སུ་ཆུད་པའི་དྷཱིཿཡིག་བལྟ། །འོད་ཟེར་དག་གི་ཚོགས་འདི་ནི། །སྣ་ནས་ཕྱིར་ནི་འབྱུང་བར་བལྟ། །སེམས་ཅན་
རྣམས་ནི་འཇམ་དབྱངས་དང་། །མཚུངས་པར་འབྱུང་འཇུག་རླུང་གི་བལྟ། །ཕྱི་ནས་དྷཱིཿཡི་ཡི་གེ་ལ། །འདིར་ནི་ཡིད་ཀྱིས་བསྡུ་བར་བྱ། །ཨོཾ་ཡིག་དང་པོ་སྭཱ་ཧཱ་མཐའ། །སྔགས་ནི་ས་བོན་ཡི་གེ་བཟླས། །སྙིང་གའི་ཟླ་བ་ལ་གནས་པ། །སྟོན་ཀའི་ཟླ་བ་ལྟ་བུ་འོད། །རིག་པ་འཛིན་པའི་སྡེ་སྣོད་

སོ་སོ་ནས་བསྡུས་པའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་ཝརྡྷ་ན་བི་དྷིཿ། བོད་སྐད་དུ། ཤེས་རབ་འཕེལ་བའི་ཆོ་ག །འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྒྲོན་མ་ཚོགས་པའི་རྣམ་པ་ཡིས། །སྤྲུལ་པའི་ཆུ་སྐྱེས་
ཟླ་དབུས་སོན། །ཧཾ་གི་ཡི་གེ་ཞུ་བ་ཡིས། །དཔའ་བོ་ཉི་མ་སྦས་པས་བསྟན། ཧཱུཾ་ཨོཾ། ཤེས་རབ་ལྷག་པར་འཕེལ་བར་བྱེད་པའོ། །སྐད་ཅིག་གིས་འཇམ་དབྱངས་ཀྱི་རྣལ་འབྱོར་དུ་དམིགས་ཏེ། ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་ལ་སྒྲོན་མ་ཚོགས་པའི་རྣམ་པའི་འོད་ཟེར་རྣམ་པར་
བསམ་པར་བྱའོ། །སྤྱི་བོར་ཧཾ་ཡིག་དཀར་པོ་ཡིད་གཞོམ་དུ་མེད་པ་མགོ་ཐུར་དུ་འཕྱང་བའི་འོད་ཟེར་བསྒོམ་པར་བྱའོ། །དེའི་རྗེས་སུ་ཐིག་ལེའི་འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས་ཧཾ་ཡིག་ཞུ་བར་གྱུར་ཏེ། དེ་ལ་ཐིག་ལེ་འབབ་ཅིང་ཚིམ་པར་བྱའོ། །སེམས་བརྟན་པའི་རྣལ་འབྱོར་པས་ཡུན་རིང་དུ་མི་
ཐོགས་པར་ཤེས་རབ་མངོན་པར་འཕེལ་བར་འགྱུར་རོ་ཞེས་སོ། །ལྟེ་བའི་སྟེང་གི་ཕྱོགས་སུ་ནི། །དམར་ཞིང་གསལ་བའི་ཆོས་འབྱུང་ནི། །རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ལྟེ་བ་ལ་ནི་འོད་ཟེར་འབར། །ཧཱུཾ་ཡིག་དཀར་པོ་ལས་སྐྱེས་པའི། །མགོ་བོའི་མཚམས་ནས་ངེས་འབྱུང་བའི། །ཧཱུཾ་ཡིག་དུད་ཁ་ལས་བྱུང་
བའི། །སྒྲ་ཡིས་ནམ་མཁའ་ཁྱབ་པར་བལྟ། །སྒྲ་ཡི་འོད་ཀྱི་རེ་ཁཱའོ། །ཞེས་པ་ནི་ཤེས་རབ་འཕེལ་བའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཱ་མ་སཾ་གི་ཏྱཱ་མ་ན་ཡེ་ན་སིདྡྷི་པྲཛྙཱ་ཙཀྲ་བ་ལ་བ་དྷཾ་སཱ་དྷ་ནཾ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་མན་ངག་ཤེས་རབ་འཁོར་ལོའི་དངོས་
གྲུབ་མཆོག་ཐོབ་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །བླ་མའི་ཞབས་ལ་བདག་ཕྱག་འཚལ། །རྡོ་རྗེ་སློབ་དཔོན་དེ་བཞིན་དུ། །ངག་གི་དབང་པོ་ཕྱག་འཚལ་ནས། །འཇམ་དཔལ་སྒྲུབ་ཐབས་བདག་གིས་བྲི། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཏེ། །སྙིང་གར་
ཟླ་བ་ཨ་ཡིས་བརྒྱན། །ཀུནྡ་དུང་འདྲ་ས་བོན་འབར། །སྣ་ཚོགས་འོད་ཟེར་ཀུན་དུ་འཁྲིགས། །དེ་སྐྱེས་རྫོགས་པའི་སངས་རྒྱས་དང་། །བླ་མ་བྱང་ཆུབ་སེམས་དཔའ་དང་། །ཆེན་པོ་དེ་རྣམས་བལྟས་ནས་ནི། །སྔགས་འདི་ཡིས་ནི་མཆོད་པར་བྱ། །ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ།

ཨོཾ་བཛྲ་གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །
རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བདག་གིས་བསྐྱེད། །བྱང་ཆུབ་མཆོག་ཏུ་བདག་གིས་སེམས་བསྐྱེད་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་སྨོན་
ལམ་སྔོན་དུ་འགྲོ་བ་ཡིས། །ཆོས་ཀུན་བདག་མེད་སྔགས་འདི་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ས་བོན་སྒྱུ་མ་ལྟ་བུ་བསམ། །ཁམས་གསུམ་རྣམས་ནི་མ་ལུས་པ། །མཐོང་བ་དང་ནི་རེག་པ་ཉིད། །དཔེར་ན་ཐམས་ཅད་སྒྱུ་མ་བཞིན། །དེ་བཞིན་དམིགས་པའང་མེད་པ་སྟེ། །ཀུན་
ཀྱང་སྒྱུ་མ་ཇི་བཞིན་ནོ། །འགྲོ་བ་ཐམས་ཅད་གནས་པ་ནི། །དེ་ཡང་དམིགས་པ་མེད་པར་བྱ། །ཞེས་པས་ལྷག་པར་མོས་པར་བྱ། དེ་ནས་ཐོག་མ་མེད་པའི་དུས་ཀྱི་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་ས་བོན་སྤངས་ནས་རང་བཞིན་གྱིས་དག་པ་ཞེས་བྱ་བ་ལྷག་པར་མོས་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་
དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་སོ། །དེ་ནས་སྔོན་དུ་གསུངས་པའི་ས་བོན་ཡོངས་སུ་གྱུར་པ་ལས་རལ་གྲིའོ། །དེའི་ཆང་པའི་དབུས་སུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་སྔོན་དུ་གསུངས་པའི་ས་བོན། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གྱི་སྐུར་བདག་ཉིད་བསམ་པར་བྱའོ། །བདག་ཉིད་
འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱའོ། །པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་ཀྲུང་གིས་མཉམ་པར་བཞུགས་པའོ། །ཟླ་བ་དུ་མའི་འོད་ཟེར་འཕྲོ་ཞིང་ནམ་མཁའི་མཐིལ་ཁྱབ་པར་མཛད་པ་སྣ་ཚོགས་པའི་ན་བཟའ་བསྣམས་ཤིང་། འགྲོ་བ་རྣམས་དགའ་བར་མཛད་པ། གཟུགས་མཛེས་ཤིང་སྐུ་
མདོག་དཀར་པོ་ཡིད་དུ་འོང་བའི་ཟུར་ཕུད་ལྔས་སྤྲས་པའི་དཔའ་བོ་ཆེན་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པ་ན་རལ་གྲི་འཕྱར་བ། ཕྱག་གཡོན་གྱི་ཐུགས་ཀར་པོ་ཏི་བསྣམས་པའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱའོ། །ལག་པ་གཉིས་ཐལ་མོ་སྦྱར་ཏེ། མཛུབ་མོ་དག་དང་མིང་མེད་དག་གིས་སེན་

མོ་དག་བཀབ་ནས་ཨུཏྤལ་ཁ་བྱེ་བ་ལྟར་གནས་པའོ། །སྙིང་ག་དང་། མཛོད་སྤུ་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་རང་གི་སྔགས་ཀྱིས་དགོད་པར་བྱའོ། །ཕྱི་ནས་ལྟེ་བའི་འོག་ཏུ་བྷྲཱུཾ་ཡིག་དཀར་པོ་ཨ་ཤྭདྠཱའི་ལོ་མ་ལྟ་བུ་བསམ་པར་བྱའོ། །