Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 77

Văn bản gốc(Tây Tạng)

Trang 10 / 23 (50.000 ký tự/trang)
་དཀྱིལ་འཁོར་ནག་པོ་ཟླ་བ་ཕྱེད་པའི་རྣམ་པ་རྩེ་མོ་གཉིས་ལ་གཡོ་

བའི་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ཡིག་ལས་སྐྱེས་པའི་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་ཟུར་རྣམས་སུ་རཾ་ཡིག་གིས་མཚན་པའོ། །དེའི་སྟེང་དུ་བཾ་ཡིག་ལས་སྐྱེས་པའི་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་དྲིལ་བུས་མཚན་པའོ། །དེའི་སྟེང་དུ་ལཾ་ཡིག་ལས་སྐྱེས་པའི་དབང་
ཆེན་གྱི་དཀྱིལ་འཁོར་སེར་པོ་གྲུ་བཞི་པའི་ཟུར་རྣམས་སུ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །དེའི་རང་བཞིན་རྨི་ལམ་ལྟ་བུར་རྣམ་པར་ཤེས་པར་བྱས་ནས་ཁམས་གསུམ་ཁྱབ་པའི་སྟེགས་བུ་ལ་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་སྐྱེས་པའི་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་མདོར་བསྡུས་
པའི་གཟུགས་ཐར་པའི་གྲོང་ཁྱེར་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་སྣ་ཚོགས་རྡོ་རྗེའི་སྟེགས་བུའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་གཞལ་ཡས་ཁང་གྲུ་བཞི་པ། སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པ། སྟེགས་བུ་བཞིས་ཡོངས་སུ་བསྐོར་བ། རྟ་བབས་བཞིས་བརྒྱན་
པ། དྲ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་དང་། མེ་ལོང་དང་། རྔ་ཡབ་དང་། བ་དན་སྣ་ཚོགས་པ་དང་། དྲིལ་བུས་རྣམ་པར་བརྒྱན་པ། དེའི་སྙིང་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པ། གེ་སར་དང་བཅས་པའི་ཟེའུ་འབྲུའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་རང་
བཞིན་ནོ། །དེའི་སྟེང་དུ་ཏཱཾ་ཡིག་སེར་པོ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ། །དེ་ནས་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་དགུ་པ་གསེར་གྱི་མདོག་ལྟ་བུ་ས་བོན་གྱི་སྙིང་པོ་ཅན་ནི་སོ་སོར་རྟོག་པའི་རང་བཞིན་ནོ། །དེ་ལས་བྱུང་བའི་འོད་ཟེར་འཕྲོ་བས་ཕྱོགས་བཅུར་
བཅོམ་ལྡན་འདས་མའི་རྣམ་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ནས་སླར་ཡང་དེ་ལ་དེ་བཞིན་དུ་རྡོ་རྗེའི་རྟགས་ལ་སྡུད་པ་ནི་བྱ་བ་གྲུབ་པའི་རང་བཞིན་ཉིད་དོ། །དེ་ནས་ས་བོན་གྱི་རྟགས་དང་ཟླ་བ་དང་ཉི་མ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རང་བཞིན་རྡོ་རྗེ་
སྒྲོལ་མ་སྟེ། ཞལ་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་པ། གསེར་གྱི་མདོག་ལྟ་བུ། གཞོན་ནུ་མའི་མཚན་ཉིད་ཅན། གཟི་བརྗིད་དང་ལྡན་པ། ན་ཚོད་གཞོན་ནུ་འོད་དང་ལྡན་པ། གསེར་གྱི་རྣ་ཆ་གཡོ་བ་ཅན། སངས་རྒྱས་བཞིའི་ཅོད་པན་ཅན་ཆེན་པོ་པདྨ་རཱ་གའི་འོད་དང་ལྡན་པ། ཕྱག་

གཡས་ན་རྡོ་རྗེ་དང་ཞགས་པ་དང་། མདའ་དང་། དུང་བསྣམས་པ། དེ་བཞིན་དུ་གཡོན་ན་ཨུཏྤ་ལ་སེར་པོ་དང་། གཞུ་དང་། ལྕགས་ཀྱུ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་བོ། །ཞལ་དང་པོ་གསེར་གྱི་མདོག་ལྟ་བུ་གཡས་དཀར་པོ། གཡོན་དམར་པོ། རྒྱབ་སྔོན་པོ། རྡོ་རྗེ་སྐྱིལ་
ཀྲུང་གིས་བཞུགས་པའོ། །སྔགས་པས་རང་གི་སྙིང་གའི་ས་བོན་ལས་ཡང་དག་པར་བྱུང་བའི་དཀྱིལ་འཁོར་བདག་པོའི་ཞལ་ནས་ཕྱུང་སྟེ། ལྷ་མོ་བཅུ་པོ་རྣམས་ཀྱི་དབྱེ་བ་ཏཱཾ་གི་ས་བོན་ལས་བྱུང་བ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཤར་ལ་སོགས་པ་ཕྱོགས་ཀྱི་འདབ་མ་རྣམས་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་
ཨོཾ་ཏཱ་རེ་ཏུ་རེའི་ཡི་གེ་རྣམས་སོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་སྒོ་རྣམས་ལ་ཉི་མ་ལ་གནས་པའི་ཏཱ་རེ་ཏུ་རེའི་ཡི་གེ་རྣམས་སོ། །སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་སྭཱ་ཡིག་གོ། །འོག་ཏུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱ་ཡིག་གོ། །དེའི་ས་བོན་གྱི་ཡི་གེ་རྣམས་ཡོངས་སུ་གྱུར་པ་ལས་མཚན་མ་ས་
བོན་གྱི་སྙིང་པོ་ཅན་བསྒོམས་ནས། །དེའི་འོད་ཟེར་གྱིས་སྤྲོ་བ་དང་། བསྡུ་བ་བྱས་ནས་དེའི་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་ལྷ་མོ་རྣམས་ཏེ། ལྷ་མོ་བཅུ་ནི་ས་བཅུ་ཡི། །རང་བཞིན་ཉིད་དུ་ཤེས་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་མ། །ཞལ་གཅིག་པ་ལ་ཕྱག་གཉིས་པ། །ཤར་སྒོར་སྒྲོལ་མ་སྐུ་
མདོག་དཀར། །ཟླ་བ་ལ་གནས་རྒྱན་གྱིས་བརྒྱན། །ཕྱག་ན་མེ་ཏོག་ཕྲེང་བ་བསྣམས། །ཨོཾ་ཡིག་ལས་བྱུང་བསྒོམ་པར་བྱ། །ལྷོ་ཕྱོགས་བདུག་སྤོས་སྒྲོལ་མ་ནི། །ཟླ་ལ་ཏཱཾ་ཡིག་ལས་བྱུང་གནག །ཕྱག་ན་སྤོས་ཀྱི་སྡོང་བུ་བསྣམས། །རྒྱན་རྣམས་ཀྱིས་ནི་རྣམ་པར་བརྒྱན། །ནུབ་ཏུ་མར་མེའི་སྒྲོལ་མ་ནི། །སྐུ་
མདོག་སེར་མོ་ལེགས་པར་བརྒྱན། །མར་མེའི་སྡོང་བུ་ཕྱག་ན་བསྣམས། །ཟླ་བ་རེ་ཡིག་ལས་བྱུང་མ། །བྱང་དུ་དེ་བཞིན་དྲིའི་སྒྲོལ་མ། །ཟླ་བ་ཏུ་ཡིག་ལས་བྱུང་མ། །ཕྱག་ན་དྲི་ཡི་དུང་ཆོས་བསྣམས། །སྐུ་མདོག་དམར་མོ་ལེགས་པར་བརྒྱན། །མི་བསྐྱོད་ལ་སོགས་དབྱེ་བ་ཡི། །རྡོ་རྗེ་འཁོར་ལོ་དེ་བཞིན་དུ། །
པང་དུ་དེ་ཡི་ཁ་དོག་དབྱེ། །དེ་ནས་སྒོ་སྐྱོང་མ་རྣམས་བསྒོམ། །ཉི་མ་ལ་གནས་རྒྱན་ཀུན་ལྡན། །ཤར་གྱི་སྒོ་རུ་ལྕགས་ཀྱུ་མ། །ཏྟཱ་ཡིག་ས་བོན་ལས་བྱུང་དཀར། །ཕྱག་གཡས་ན་ནི་ལྕགས་ཀྱུ་བསྣམས། །གཡོན་པ་བདུད་ལ་སྡིགས་མཛུབ་མཛད། །ལྷོ་ན་ཞགས་པ་སེར་མོ་སྟེ། །རེ་ཡིག་ས་བོན་ལས་བྱུང་མ། །

ཞགས་པ་དང་བཅས་སྡིགས་མཛུབ་ཕྱག །དཀྱིལ་འཁོར་དམར་པོ་ལ་བརྟེན་མ། །ནུབ་ཏུ་ལྕགས་སྒྲོག་དམར་མོ་སྟེ། །ཏུ་ཡིག་ས་བོན་ལས་བྱུང་མ། །རྡོ་རྗེ་ཕྲེང་བ་སྡིགས་མཛུབ་ཕྱག །རྡོ་རྗེ་དཀྱིལ་འཁོར་ལ་གནས་མ། །བྱང་དུ་ལྗང་གུ་དྲིལ་བུ་མ། །རེ་ཡིག་ས་བོན་ལས་བྱུང་མ། །ཕྱག་
ན་རྡོ་རྗེ་དྲིལ་བུ་བསྣམས། །གཡོན་པ་སྡིགས་མཛུབ་འོད་ལ་གནས། །མཚམས་ཀྱི་ཆ་ལ་མཚན་མ་རྣམས། །མཱ་མ་ཀཱི་སོགས་རྣམ་དག་པའི། །བྱང་ཆུབ་སེམས་ཀྱི་བུམ་པ་དང་། །རི་རབ་མེ་ཐབ་རྒྱལ་མཚན་ཆེ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །ཉི་མ་སྭཱ་ཡིག་ལས་བྱུང་མ། །དཀར་མོ་རྡོ་རྗེ་དཀར་པོ་
བསྣམས། །གཡོན་པ་དགྲ་ལ་སྡིགས་མཛུབ་ཅན། །ཉི་མ་ཧཱ་ཡིག་ལས་བྱུང་བའི། །སྔོན་མོ་སྦྲུལ་གྱི་ཞགས་པ་བསྣམས། །ཕྱག་གཡོན་སྡིགས་མཛུབ་མི་བཟད་མ། །འོག་ཏུ་གནོད་མཛེས་མ་བསྒོམ་བྱ། །མིག་སོགས་ཐམས་ཅད་བྱིན་བརླབས་ནས། །གཏི་མུག་རྡོ་རྗེ་སྤྱན་ལ་དགོད། །ཞེ་སྡང་རྡོ་རྗེ་
སྙན་དག་ལ། །ཤངས་ལ་དེ་བཞིན་སེར་སྣ་སྟེ། །ཞལ་ལ་འདོད་ཆགས་རྡོ་རྗེ་མ། །སྐུ་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་རྣལ་འབྱོར་བདག་མེད་མ། །ཞེས་པས་མིག་ལ་སོགས་པ་བྱིན་གྱིས་བརླབ་པར་བྱས་ནས། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། ཨོཾ་ཡིག་གིས་སྐུ་བྱིན་གྱིས་བརླབ་པར་བྱའོ། །ཨཱཿ
ཡིག་གིས་གསུང་བྱིན་གྱིས་བརླབ་པར་བྱའོ། །ཧཱུཾ་ཡིག་གིས་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ལྷ་མོ་ཐམས་ཅད་ཀྱི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་རང་རང་གི་ས་བོན་བལྟ་བར་བྱའོ། །དེའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་གདན་དྲངས་ཏེ། མེ་ཏོག་སྒྲོལ་མ་
ལ་སོགས་པའི་ལྷ་མོ་རྣམས་སྤྲོས་ནས་མཆོད་པ་ཐམས་ཅད་ཀྱིས་མཆོད་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་ལ་སྒོ་སྐྱོང་མ་རྣམས་ཀྱིས་རབ་ཏུ་སྦྱོར་བས་དམ་ཚིག་སེམས་དཔའི་དཀྱིལ་འཁོར་ལ་རབ་ཏུ་གཞུག་པར་བྱའོ། །ཨོཾ་བཛྲ་ཨཾ་ཀུ་ཤ་ཨཱ་ཀཪྵ་ཡ་ཛཿ ཨོཾ་བཛྲ་པཱ་ཤ་པྲ་བེ་ཤ་ཡ་ཧཱུཾ།
ཨོཾ་བཛྲ་སྥོ་ཊ་བནྡྷ་ཡ་བཾ། ཨོཾ་བཛྲཱ་བེ་ཤ་བ་ཤིཾ་ཀུ་རུ་ཧོཿདེ་ནས་རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་གདན་དྲངས་ནས་ཡུམ་རྣམས་ཀྱིས་ཡང་དག་པར་མཆོད་ནས་རྗེས་སུ་མགོན་བྱེད་པ་སྟེ། ཨ་བྷི་ཥྀཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ་བུདྡྷ་ཛྙཱ་ནེ་ན་ཞེས་སོ། །

དེ་ནས་སངས་རྒྱས་ཧེ་རུ་ཀའི་གཟུགས་ཀྱིས་བདུད་རྩི་ལྔ་ལས་བྱུང་བའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བུམ་པ་ལྔས་དབང་བསྐུར་ནས། དབང་བསྐུར་བའི་དུས་སུ་མེ་ཏོག་དང་གུར་གུམ་གྱི་ཆར་འབབ་ཅིང་རྔ་བོ་ཆེའི་སྒྲ་ལ་སོགས་པ་འབྱུང་བ་དང་། ལྷ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་ཡང་འགྱུར་རོ། །དབང་
བསྐུར་བས་རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པའོ། །སྙིང་པོའི་དབུས་སུ་ལྷ་མོ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་སྒོ་སྐྱོང་མ་རྣམས་ལ་དབུ་རྒྱན་དུ་འགྱུར་རོ། །གཙུག་ཏོར་མ་ལ་རིན་ཆེན་དབང་
པོའོ། །གནོད་མཛེས་ལ་མི་བསྐྱོད་པས་དབུ་བརྒྱན་པའོ། །དེ་ནས་བཅོམ་ལྡན་འདས་མའི་སྤྲུལ་པའི་སྐུས་ཕྱོགས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་བལྟ་ཞིང་སྔགས་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྔགས་མཆོག་འདི་ནི་རབ་མཆོག་སྟེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་
པ། །བཀླགས་པ་ཡིས་ནི་དངོས་གྲུབ་བྱེད། །གསལ་པོར་རྡོ་རྗེ་གུར་ལས་གསུངས། །དེ་ནས་གཟུངས་སྔགས་གཞན་ཡང་། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཡ་བོ་དྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན་པྲ་དུཥྚཱན་མ་མ་ཀྲྀ་ཏེ་ཛཾ་བྷ་ཡ་སྟཾ་བྷ་ཡ་མོ་ཧ་ཡ་བནྡྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་
ཕཊ་ཕཊ་སརྦ་དུཥྚཱན་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཆོས་འབྱུང་བློ་གྲོས་ཞབས་ཀྱིས་མཛད་པའོ།། །།༄༅༅། །རྒྱ་གར་སྐད་དུ། བཛྲ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕུན་
སུམ་ཚོགས་པ་ཀུན་འཕེལ་བའི། །སྒྲོལ་མ་ལ་ནི་གུས་ཕྱག་འཚལ། །མན་ངག་ཇི་བཞིན་བསྡུས་ནས་ནི། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དང་པོར་རེ་ཞིག་རྣལ་འབྱོར་པས། མེ་ཏོག་ཤིན་ཏུ་དྲི་ཞིམ་པོ་ལ་སོགས་པ་ཡིད་དུ་འོང་བའི་བསམ་གཏན་གྱི་ཁང་པ་ལ་སོགས་པར་ཞུགས་ནས་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་
ཀྲུང་བཅིངས་ཏེ། རང་གི་སྙིང་གར་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཏཱཾ་ཡིག་སེར་པོ་ལས་རྡོ་རྗེའོ། །དེའི་འོད་ཟེར་གྱིས་ནམ་མཁའི་ཕྱོགས་སུ་བཅོམ་ལྡན་འདས་མའི་འཁོར་ལོ་བལྟ་ཞིང་གདན་དྲངས་ནས་མངོན་དུ་བྱས་ཏེ། རང་གི་སྙིང་གའི་ས་བོན་ལས་བྱུང་བའི་མེ་ཏོག་མ་

ལ་སོགས་པའི་ལྷ་མོ་རྣམས་སྤྲོས་ཏེ། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་འཁོར་ལོ་དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས་སོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་
འཕགས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །བདག་གིས་དགེ་བ་ཐམས་ཅད་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་ཡོངས་སུ་བསྔོ་བར་བགྱིའོ། །འདིར་བདག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཡང་
དག་པའི་ཆོས་རྣམས་ཀྱི་མཆོག་ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ཚོགས་ལ་སྐྱབས་སུ་མཆིའོ། །ཀྱེ་མ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་དང་
ཕན་པ་དང་། བདེ་བའི་ཕྱིར་ཇི་སྲིད་ཤིན་ཏུ་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་ཅིང་དྲང་བའི་ཕྱིར་འདིར་བདག་བླ་ན་མེད་པ་ཡང་དག་བར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་བརྟེན་པར་བགྱིད་དེ། འདི་ལྟར་རྡོ་རྗེའི་ཐེག་པའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་
བའི་ཚིགས་བཅད་བརྗོད་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་བདེ་བ་ཉེ་བར་སྡུད་པར་བྱེད་པ་ནི་བྱམས་པའོ། །སྡུག་བསྔལ་ཐམས་ཅད་སེལ་བར་བྱེད་པ་ནི་སྙིང་རྗེའོ། །མཐོ་རིས་ཀྱི་བདེ་བ་རྣམ་པར་སྦྱོར་བ་ངེས་པར་བྱེད་པ་ནི་དགའ་བའོ། །ཉོན་མོངས་པའི་གཉེན་པོའི་ཕྱོགས་ཀྱི་ལམ་ཉེ་བར་སྡུད་
པའི་བཏང་སྙོམས་རྣམས་བསྒོམ་པར་བྱའོ། །དེ་ནས་ཆོས་ཐམས་ཅད་ལ་ཡིད་ཀྱིས་དམིགས་ཏེ་རྣམ་པར་སྤྱད་པར་བྱའོ། །བསམ་པ་དེ་བཞིན་དུ་འདིར་དེ་དང་དེའི་རྣམ་པས་འཁྲུལ་པ་རྣམས་སོ་སོར་བསལ་ཏེ་དཔེར་ན་རྨི་ལམ་གྱི་སེམས་ལས་ཕྱི་རུ་ཡོད་པ་ལྟ་བུའོ། །སེམས་ཀྱི་ཕྱི་རོལ་དུ་གཟུང་བ་རང་
བཞིན་མེད་པས་འཛིན་པའི་སེམས་ཀྱང་རང་བཞིན་མེད་པར་འགྱུར་རོ། །དེ་ལ་སེམས་དང་ལུས་ཀྱི་ཆོས་ཐམས་ཅད་དེ་རྣམས་ཀྱིས་གཟུང་བ་དང་འཛིན་པ་སྟོང་པ་ཉིད་ཀྱི་དོན་དམ་པ་ཞེས་བྱའོ། །དེ་བཞིན་དུ་གཅིག་གི་མཐའ་ཡང་ངེས་པ་དང་འཁྲུལ་པ་ཡང་དག་པར་སྐྱེ་བ་འཁྲུལ་པའི་རྟགས་ཆོས་ཐམས་ཅད་

ཀྱི་རྣམ་པར་སྤོང་བ་དེ་རྣམས་ཀྱི་རང་བཞིན་དེ་བཞིན་ཉིད་འབའ་ཞིག་པ་གཉིས་སུ་མེད་པ་དག་ཅིང་མཚན་ཉིད་ཤེལ་དག་པ་ལྟ་བུ་སྟོན་ཀའི་དྲི་མ་མེད་པའི་ཉིན་གུང་གི་ནམ་མཁའ་ལྟ་བུ་མཐའ་ཡས་པ་བལྟ་བར་བྱའོ། །འདིར་འཇིག་རྟེན་ལས་འདས་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་སྤྲོས་པ་དང་བྲལ་བ་རྣམ་པར་མི་རྟོག་
པར་གསུངས་སོ། །དེ་ནས་དེའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བསྙེན་པ་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྙེན་པའི་ཆོ་ག་བསྲུང་བར་བྱའོ། །དེ་ནས་དེའི་མི་འཇིགས་པར་འགྱུར་བའི་རྣམ་པ་དང་ལྡན་པ་བསྲུང་ཤིང་དག་པ་འཇིག་རྟེན་
པའི་ཡེ་ཤེས་ཀྱི་རང་བཞིན་བསྒོམ་པར་བྱའོ། །དེ་ནས་ར་ཡིག་ལས་ནི་ཉི་མ་བདུན་དུ་བསྒོམ། །ཉི་མར་ཧཱུཾ་ཡིག་ལས་བྱུང་སྣ་ཚོགས་རྡོར། །དེ་ཡིས་དེ་བཞིན་རྡོ་རྗེ་རྣམ་བསྒོམས་ནས། །ར་བ་དང་ནི་གུར་ཡང་བཅིང་བར་བྱ། །སྣ་ཚོགས་རྡོ་རྗེའི་འོད་ཀྱིས་བསྐལ་པའི་མེ་ལྟར་བཟོད་པར་དཀའ་བས་ཐམས་ཅད་དུ་
འཕྲོ་ཞིང་མཁྲེགས་པར་འགྱུར་བས་སྤྲས་པའོ། །འཕྲེད་དུ་གྲུ་བཞི་པ་འབར་བཞིན་པའི་རྡོ་རྗེའི་ར་བའོ། །སྟེང་དུ་རྡོ་རྗེའི་གུར་རོ། །འོག་ཏུ་རྡོ་རྗེའི་རང་བཞིན་གྱི་ས་གཞིས་རོ་གདན་གྱི་འོག་ཀུན་དུ་རྣམ་པར་སྤྲས་པར་བལྟ་བར་བྱའོ། །དེ་ནས་ཉི་མ་དང་སྣ་ཚོགས་རྡོ་རྗེ་དག་ལས་འོད་ཟེར་བྱུང་ནས་ཕྱོགས་སུ་འཕྲོ་
ཞིང་མཁྲེགས་པར་གྱུར་པས་ཕྱི་རུ་སྒོའི་མཚམས་བཅིང་བར་བྱའོ་ཞེས་པ་ནི་ཚིགས་སུ་བཅད་པའི་དོན་ཏོ། །དེའི་དབུས་སུ་ནམ་མཁར་འབྱུང་བ་ཆེན་པོའི་རང་བཞིན་ཆོས་འབྱུང་ཞེས་བཤད་པ་རྡོ་རྗེ་ཆེན་པོ་འཛིན་པའི་རང་བཞིན་སྟོན་ཀའི་ཟླ་བ་ལྟར་དཀར་བ་སྨད་ཕྲ་ཞིང་སྟེང་ཡངས་པ་ཟུར་གསུམ་པ་ནམ་མཁའི་
རང་བཞིན་ནོ། །དེའི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་གནས་པའི་སྣ་ཚོགས་རྡོ་རྗེ་ཆེན་པོའོ། །དེའི་སྟེགས་བུ་ལ་འབྱུང་བ་ཆེན་པོ་བཞི་ལས་གྲུབ་པའི་དཀྱིལ་འཁོར་གྱི་རྣམ་པ་བཞི་པོ་ལྷ་མོ་བཞིའི་རང་བཞིན་རྣམས་ནི་སྟེང་དུ་ཡོངས་སུ་བལྟ་བར་བྱའོ། །དེ་ལ་དང་པོ་ཡཾ་ཡིག་ལས་རླུང་གཞུའི་རྣམ་པ་
ནག་པོ་དུ་བའི་མདོག་ལྟ་བུ་རྩེ་མོ་གཉིས་ལ་གཡོ་བའི་བ་དན་གྱིས་བརྒྱན་པའོ། །དེ་ནས་རཾ་ཡིག་ལས་མེ་གྲུ་གསུམ་དམར་པོ་ཟུར་རྣམས་རཾ་ཡིག་གིས་མཚན་པའོ། །དེ་ནས་བཾ་ཡིག་ལས་ཆུ་དཀར་པོ་ཟླུམ་པོ་བུམ་པས་མཚན་པའོ། །དེ་ནས་ལཾ་ཡིག་ལས་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་སེར་པོ་ཟུར་རྣམས་སུ་རྡོ་རྗེ་

རྩེ་གསུམ་པས་མཚན་པའོ། །དེའི་སྟེང་དུ་བྷྲཱུཾ་ཡིག་ལས་སྐྱེས་པའི་འཁོར་ལོའོ། །དང་པོ་ནི་དེ་ལས་ངོ་བོ་ཉིད་ཀྱི་ལྷ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཉིད་ཀྱིས་ཁྱབ་ཅིང་གནས་པ། དེ་ནས་སྣ་ཚོགས་རྡོ་རྗེའོ། །སྟེགས་བུའི་དབུས་སུ་འབྱུང་བ་ཆེན་པོ་བཞི་ཡོངས་སུ་གྱུར་པ་ལས་སྐྱེས་པ་
ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་བསྡུས་པའི་གཟུགས་ཐར་པའི་གྲོང་ཁྱེར་ཆེན་པོ་རྣམ་པར་སྣང་མཛད་ཀྱི་རང་བཞིན་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའི། སྟེགས་བུ་བཞིས་ཡོངས་སུ་བསྐོར་བ། རྟ་བབས་བཞིས་བརྒྱན་པ།
དྲ་བ་དང་། དྲ་བ་ཕྱེད་པ་དང་། དར་དཔྱངས་དང་། མེ་ཏོག་གི་ཕྲེང་བ་དང་། བླ་རེ་དང་། མེ་ལོང་དང་། རྔ་ཡབ་ཀྱིས་མཛེས་པ། རྡོ་རྗེའི་སྲད་བུ་ལས་འཕྲོས་པའི་སངས་རྒྱས་ཀྱི་ཚོགས་ཀྱི་འོད་ཟེར་གྱིས་སེམས་གཡོ་བའི་བ་དན་གྱི་རྩེ་མོ་ལ་དྲིལ་བུའི་སྒྲ་སྣ་ཚོགས་ཕྱོགས་ཀུན་ཏུ་འཁྲོལ་བ། ལྷ་མོ་མཆོག་གིས་འདོད་
པ་ལྔ་པོ་ཉེ་བར་འབུལ་བས་མཉེས་པར་མཛད་པའོ། །འཁོར་ལོ་གཉིས་ཏེ། གེ་སར་དང་བཅས་པ་བསྒོམ་པར་བྱ་བ་གཅིག་པ་དང་། གཞན་ནི་ཟུར་གསུམ་པ་དྲན་པར་བྱའོ། །དེའི་དབུས་སུ་ཡོན་ཏན་ཉིས་འགྱུར་ཨཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བའོ། །དེའི་སྟེང་དུ་ཏཱཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེའི་
ལྟེ་བ་ལ་ཏཱཾ་ཡིག་གོ། །དེ་ནས་ཡང་ཡོན་ཏན་ཉིས་འགྱུར་ཌ་ཌྷ་ད་དྷ་ཡ་ལ་དང་ལྡན་པའི་ཡོན་ཏན་ཉིས་འགྱུར་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཉི་མའོ། །གཉིས་པོ་སྦྱོར་བ་ནི་བདེ་བ་ཆེན་པོའི་མཆོག་ཏུ་དགའ་བ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ལྡན་པ་ནི་ཟླ་བའོ། །མཉམ་པ་ཉིད་དང་ལྡན་པའི་ཉི་མ་དང་། ས་བོན་གྱི་རྟགས་
ལས་རང་གི་ལྷ་ནི་སོ་སོར་རྟོག་པ་ཞེས་བརྗོད་དོ། །བྱ་བ་ཐམས་ཅད་གཅིག་ཏུ་གྲུབ་ཅིང་རྫོགས་པ་དང་། དག་པའི་ཆོས་ཉིད་དོ་ཞེས་པ་ནི་རྣམ་པ་ལྔས་མངོན་པར་བྱང་ཆུབ་པའོ། །དེའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་རྣམས་བཀུག་ནས་རང་གི་འདོད་ལྷའི་འཁོར་ལོ་ལ་དེ་བཞིན་དུ་གཞུག་ཅིང་།
ཡང་རྣལ་འབྱོར་པས་མཚན་མ་དང་ས་བོན་ཡོངས་སུ་གྱུར་པ་ལས་ལྷ་མོ་སྒྲོལ་མ་རྣམ་པར་བསྒོམ་པར་བྱ་སྟེ། ཕྱག་བརྒྱད་པ་དང་ཞལ་བཞི་མ། །རྒྱན་ཐམས་ཅད་ཀྱིས་ཀུན་ནས་བརྒྱན། །གསེར་གྱི་མདོག་ཅན་གཞོན་ནུ་མའི། །མཚན་ཉིད་དང་ལྡན་གཟི་བརྗིད་འབར། །སངས་རྒྱས་བཞི་ཡི་ཅོད་པན་ཅན། །རྡོ་རྗེ་

ཉི་མས་དབང་བསྐུར་སྐྱེས། །ན་ཚོད་གཞོན་ཞིང་མཛེས་ལྡན་མ། །གསེར་གྱི་རྣ་ཆ་གཡོ་བ་ཅན། །སྣ་ཚོགས་པདྨའི་གདན་ལ་བཞུགས། །འོད་ཟེར་དམར་པོས་རྣམ་པར་བརྒྱན། །རྡོ་རྗེ་ཞགས་པ་དེ་བཞིན་དུང་། །མདའ་བསྟོད་པ་ནི་གཡས་ཀྱི་ཕྱག །རྡོ་རྗེ་ལྕགས་ཀྱུ་ཨུཏྤལ་དང་། །གཞུ་དང་སྡིགས་མཛུབ་དེ་བཞིན་
གཡོན། །རྡོ་རྗེ་སྒྲོལ་བདག་རྣལ་འབྱོར་པས། །སེམས་ཅན་ཀུན་དོན་ཕ་རོལ་ཕྱིན། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །ས་གསུམ་པོ་ནི་བསྒྲུབ་པར་བྱ། །ཤར་དུ་མེ་ཏོག་སྒྲོལ་མ་སྟེ། །སྐུ་མདོག་དཀར་མོ་ཡིད་འོང་མ། །ཨོཾ་ཡིག་ཡེ་ཤེས་རྫོགས་པ་ཡི། །མེ་ཏོག་ཕྲེང་བ་ཕྱག་ན་བསྣམས། །ཞལ་གཅིག་པ་དང་ཕྱག་
གཉིས་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལྷོ་རུ་བདུག་སྤོས་སྒྲོལ་མ་ནི། །སྐུ་མདོག་ནག་མོ་གཟུགས་མཛེས་མ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ཕྱག་ན་སྤོས་ཀྱི་སྡོང་པོ་བསྣམས། །ནུབ་ཏུ་མར་མེའི་སྒྲོལ་མ་ནི། །མར་མེའི་སྡོང་བུ་ཕྱག་ན་བསྣམས། །སྐུ་མདོག་སེར་མོ་རྒྱན་
ཆེན་མ། །གསེར་གྱི་རྣ་ཆ་གཡོ་བ་ཅན། །བྱང་དུ་དྲི་ཡི་སྒྲོལ་མ་ནི། །དྲི་ཡི་དུང་ཆོས་ཕྱག་ན་བསྣམས། །ལྷ་མོ་སྐུ་མདོག་དམར་མོ་བརྗིད། །དཀྱིལ་འཁོར་པ་ཀུན་བསྒོམ་པར་བྱ། །ལྕགས་ཀྱུ་ལ་སོགས་དབྱེ་བ་ཡིས། །དེ་ནས་སྒོ་སྐྱོང་མ་རྣམས་བསྒོམ། །ཕྱག་གཡས་ན་ནི་ལྕགས་ཀྱུ་དང་། །གཡོན་པ་
བདུད་ལ་སྡིགས་མཛུབ་མཛད། །ཉི་མའི་དཀྱིལ་འཁོར་དབུས་གནས་པའི། །སྐུ་མདོག་དཀར་མོ་ཡིད་འོང་མ། །ལྕགས་ཀྱུ་མའོ། །ཕྱག་གཡས་ན་ནི་ཞགས་པ་དང་། །གཡོན་པ་གདུག་ལ་སྡིགས་མཛུབ་མཛད། །དཀྱིལ་འཁོར་དམར་པོའི་དབུས་གནས་པའི། །སྐུ་མདོག་དཀར་མོ་ཡིད་འོང་མ། །ཞགས་
པ་མའོ། །ཕྱག་གཡས་ན་ནི་ལྕགས་སྒྲོག་བསྣམས། །གཡོན་གྱི་ཕྱག་ནི་སྡིགས་མཛུབ་མཛད། །རྡོ་རྗེ་སྐྱིལ་ཀྲུང་དབུས་གནས་པའི། །སྐུ་མདོག་དམར་མོ་བསྒོམ་པར་བྱ། །རྡོ་རྗེ་ལྕགས་སྒྲོག་མའོ། །རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས། །གཡོན་པ་གདུག་ལ་སྡིགས་མཛུབ་མཛད། །འོད་ཟེར་དཀྱིལ་འཁོར་
དབུས་གནས་པའི། །མར་གད་དང་མཚུངས་ཨུཏྤལ་བསྣམས། །རྡོ་རྗེ་དྲིལ་བུ་མའོ། །ཟུར་ཆ་རྣམས་ཀྱི་མཚན་མ་ནི། །བྱང་སེམས་བུམ་པ་རི་རབ་དང་། །མེ་ཐབ་དང་ནི་རྒྱལ་མཚན་ཆེ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །སྐུ་མདོག་དཀར་མོ་གཟུགས་མཛེས་མ། །ཕྱག་གཡས་ན་ནི་འཁོར་ལོ་དང་། །

གཡོན་པ་གདུག་ལ་སྡིགས་མཛུབ་མཛད། །ཕྱག་གཡས་སྦྲུལ་གྱི་ཞགས་པ་དང་། །གཡོན་པ་གདུག་ལ་སྡིགས་མཛུབ་མཛད། །སྐུ་མདོག་ནག་མོ་འཇིགས་ཆེན་མོ། །འོག་ཏུ་གནོད་མཛེས་མ་བསྒོམ་བྱ། །དེ་ལྟར་བསྒོམ་ཞིང་སྔགས་སྤྲོས་ནས་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་
སྭཱ་ཧཱ། །ཡི་གེ་བཅུ་ཡིས་ལྷ་མོ་བཅུ། །ཕ་རོལ་ཕྱིན་པ་བཅུ་ལ་བརྟེན། །བསྒོམ་པ་རབ་ཏུ་སྦྱོར་བ་ཡིས། །ལས་ཀུན་རབ་ཏུ་གྲུབ་པར་བྱེད། །གཏི་མུག་རྡོ་རྗེ་མིག་ལ་དགོད། །ཞེ་སྡང་རྡོ་རྗེ་རྣ་བ་དག །སེར་སྣ་རྡོ་རྗེ་དེ་བཞིན་སྣ། །ཞལ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཉོན་མོངས་མུན་པ་ཀུན་
འཇོམས་པའི། །སྐྱེ་མཆེད་རྣམས་སུ་ཤེས་པར་བྱ། །སྙིང་གར་བདག་མེད་རྣལ་འབྱོར་མ། །ཞེས་པ་ནི་མིག་ལ་སོགས་པ་བྱིན་གྱིས་བརླབ་པའོ། །ཞལ་གཅིག་མ་དང་ཕྱག་གཉིས་མ། །སྣ་ཚོགས་གཟུགས་རྣམས་གཡོ་བ་ཡིས། །གྲི་གུག་ཐོད་པ་ཕྱག་ན་བསྣམས། །སྲོག་ནི་སྟེང་དུ་ཡང་དག་གནས། །
དེ་ནས་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པ་ནི། ཨོཾ་ཡིག་སྐུ་ཡི་རྡོ་རྗེ་ཡིས། །རྒྱལ་པོ་ཆེན་པོ་རྣམ་པར་བརྒྱན། །ཧཱུཾ་ཡིག་ཐུགས་ཀྱི་རྡོ་རྗེ་ཡིས། །རྒྱལ་ཆེན་རྡོར་སེམས་གོ་འཕང་གནས། །ཨཱཿཡིག་མཆོག་གི་དེ་ཉིད་ངག །ཇི་ལྟར་རྣམ་སྣང་མཛད་པར་འདོད། །ཀུན་ལ་དེ་བཞིན་ཡུམ་གྱུར་པའི། །
ཡེ་ཤེས་རང་བཞིན་ཐུགས་ཀར་དགོད། །སེམས་དཔའ་ཡེ་ཤེས་སྦྱོར་བ་ཡིས། །སངས་རྒྱས་བྱང་ཆུབ་ཐོབ་པར་འགྱུར། །རང་སྔགས་ཡི་གེ་ལས་བྱུང་བའི། །ཕྱག་རྒྱའི་འཁོར་ལོ་བརྟག་པ་ཡིས། །དཀྱིལ་འཁོར་པ་ཀུན་འབྱུང་བ་ཡི། །སྤྲོ་དང་བསྡུ་བ་བྱས་ནས་ནི། །ནམ་མཁའི་ཁམས་ཀྱི་དབུས་
གནས་པའི། །ཡེ་ཤེས་དཀྱིལ་འཁོར་བསྒོམ་པར་བྱ། །ཡེ་ཤེས་ལྔ་ཡི་ཡོན་ཏན་གྲགས། །སྣ་ཚོགས་གཟུགས་དང་ལྡན་པ་ཡི། །མཆོད་པ་ཀུན་གྱིས་མཆོད་པ་དང་། །མངོན་པར་བསྟོད་པས་མཆོད་པར་བྱ། །སྒོ་སྐྱོང་མ་རྣམས་རབ་སྦྱོར་བས། །ཡེ་ཤེས་ཆུ་བོ་རབ་ཏུ་བསྒྲུབས། །དམ་ཚིག་འཁོར་
ལོར་ཡང་དག་ཞུགས། །ཡེ་ཤེས་འཁོར་ལོ་ཤིན་ཏུ་འབར། །སངས་རྒྱས་ཀུན་མཚུངས་རྣལ་འབྱོར་པས། །གཉིས་མེད་གྱུར་པར་སྐད་ཅིག་ལ། །ཨོཾ་བཛྲཱཾ་ཀུ་ཤི་ཨཱ་ཀཪྵ་ཡ་ཛཿ ཨོཾ་བཛྲ་པཱ་ཤི་པྲ་བེ་ཤ་ཡ་ཧཱུཾ། ཨོཾ་བཛྲ་སྥོ་ཊི་བནྡྷ་ཡ་བཾ། ཨོཾ་བཛྲཱ་བེ་ཤ་བ་ཤཱིཾ་ཀུ་རུ་ཧོཿརང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་ལྕགས་

ཀྱུའི་རྣམ་པས་ཁམས་གསུམ་ན་བཞུགས་པའི་སངས་རྒྱས་རྣམས་གདན་དྲངས་པ་ཙམ་གྱིས་ཡང་དག་པར་མཆོད་ནས་རྗེས་སུ་མགོན་དུ་བྱེད་པས། ཨོཾ་ཨ་བྷི་ཥིཉྩནྟུ་མཱཾ་སརྦ་ཏ་ཐཱ་ག་ཏ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་
དེང་བདག་སྩོལ། །ཞེས་པས་དབང་བསྐུར་བ་ཞུའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་བ་གསུམ། །གནས་གྱུར་བདག་ལ་སྩལ་དུ་གསོལ། །ཞེས་བརྗོད་ནས་སངས་རྒྱས་ཧེ་རུ་ཀའི་གཟུགས་ཀྱིས་བདུད་རྩི་ལྔས་གང་བའི་དེ་བཞིན་གཤེགས་པ་ལྔའི་
བདག་ཉིད་ཀྱི་བུམ་པ་ལྔས་དབང་བསྐུར་ཏེ། དབང་བསྐུར་བའི་དུས་སུ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། །རྔ་བོ་ཆེའི་སྒྲ་འབྱུང་བར་འགྱུར་རོ། །གུར་གུམ་གྱི་ཆར་འབབ་པར་འགྱུར་རོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་པར་འགྱུར་རོ། །སྤྱན་མ་ལ་སོགས་པ་རྣམས་
ཀྱིས་རྡོ་རྗེའི་གླུ་དང་བསྟོད་པ་བྱེད་པར་འགྱུར་རོ། །དབང་བསྐུར་བ་དང་ལྡན་པའི་སྤྱི་བོར་རྡོ་རྗེ་ཉི་མས་དབུ་བརྒྱན་ཏེ། ཅོད་པན་གྱི་ཕྱོགས་རྣམས་སུ་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་སོ། །དབུས་ཀྱི་འཁོར་ལོའི་
རིམ་པ་ཇི་ལྟ་བ་བཞིན་དུ་ལྷ་མོ་བཞི་པོ་རྣམས་ཀྱི་ཅོད་པན་ཅན་ནོ། །སྒོ་སྐྱོང་མ་རྣམས་ཀྱི་ཡང་སྟེ། གཙུག་ཏོར་དུ་རིན་ཆེན་དབང་པོ་དང་། གནོད་མཛེས་མ་ལ་མི་བསྐྱོད་པའི་ཅོད་པན་ནོ། །ཞེ་སྡང་རྡོ་རྗེ་ཁྱོད་ལ་འདུད། །གཏི་མུག་རྡོ་རྗེ་ཕྱག་འཚལ་འདུད། །སེར་སྣ་རྡོ་རྗེ་བདག་སྐྲག་པས། །འདོད་
ཆགས་རྡོ་རྗེ་བདག་ལ་སྩོལ། །ང་རྒྱལ་ཆེན་པོ་ཕྲག་དོག་ཆེ། །རྡོ་རྗེ་ཐམས་ཅད་བདག་ལ་སྩོལ། །རྡོ་རྗེ་ཐམས་ཅད་དམ་ཚིག་མགོན། །ལས་རྣམས་ཐམས་ཅད་རབ་ཏུ་སྒྲུབ། །བསྟོད་པའོ། །ལྷ་ཡི་མེ་ཏོག་དམ་པ་འདི། །གཙང་ཞིང་དག་པའི་སྐྱེ་གནས་ཏེ། །བདག་གིས་གུས་པས་ངེས་པར་འབུལ། །
སོ་སོར་བཞེས་ནས་བདག་ལ་སྐྱོབས། །མེ་ཏོག་གོ། །ནགས་ཀྱི་རོ་སོགས་ཡིད་འོང་བ། །དྲི་ལ་སོགས་པའི་བདུག་སྤོས་མཆོག །བདག་གིས་གུས་པས་ངེས་པར་འབུལ། །སོ་སོར་བཞེས་ནས་བདག་ལ་སྐྱོབས། །བདུག་སྤོས་སོ། །བསྲུང་བའི་ཚོགས་དང་དག་པ་དང་། །ཡིད་ཀྱི་མུན་འཇོམས་

དགེ་བ་འདི། །བདག་གིས་གུས་པས་ངེས་པར་འབུལ། །སོ་སོར་བཞེས་ནས་བདག་ལ་སྐྱོབས། །མར་མེའོ། །ལྷ་ཡི་དྲི་མཆོག་དམ་པ་འདི། །གཙང་ཞིང་དག་པའི་སྐྱེ་གནས་ཏེ། །བདག་གིས་གུས་པས་ངེས་པར་འབུལ། །སོ་སོར་བཞེས་ནས་བདག་ལ་སྐྱོབས། །དྲིའོ། །དེའི་རྗེས་
སུ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པའོ། །རཾ་ཡིག་དམར་པོའི་ས་བོན་ལས་བྱུང་བའི་མེའི་དཀྱིལ་འཁོར་ཟུར་གསུམ་གྱི་སྟེང་དུ་ཨ་ཡིག་དམར་པོ་ལས་བྱུང་བའི་པདྨའི་སྣོད་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་གི་ས་བོན་ཡོངས་སུ་གྱུར་པ་ལས་དེའི་ས་བོན་བྱིན་གྱིས་བརླབས་
ནས་དྲི་དང་། ཉི་མ་དང་ཟླ་བ་དང་། སྨན་དང་། ཆུའི་མཚན་ཉིད་གྲངས་ཇི་ལྟར་དེ་བཞིན་གཤེགས་པ་ལྔའི་རང་བཞིན་བདུད་རྩི་ལྔ་གོ་ཀུ་ད་ཧ་ན་ཞེས་པའི་ས་བོན་ལྔ་བསམས་ནས། དེའི་སྟེང་དུ་མཐོ་གང་ཙམ་འཕགས་པའི་ཟླ་བ་ལ་གནས་པའི་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཆེན་པོ་རྩེ་ལྔ་པ་བསྒོམས་ནས།
དེའི་འོག་ཏུ་ཨོཾ་ཡིག་བསམས་ནས་རླུང་གིས་བསྐྱོད་པའི་མེའི་དཀྱིལ་འཁོར། མེའི་སྟེང་དུ་རྡོ་རྗེའི་མེ། དེ་ཐམས་ཅད་སྡུད་པར་བལྟས་ནས་དེའི་རེག་བྱས་ཨོཾ་ཡིག་དང་རྡོ་རྗེ་ཞུ་ནས་དེ་ལ་དེ་བཞིན་དུ་བདུད་རྩི་དང་མར་ཞུ་བ་བཞིན་དུ་རོ་གཅིག་ཏུ་གྱུར་པར་བསམས་ནས། དེའི་སྟེང་དུ་ཏཱཾ་ཡིག་དཀར་
པོའི་འོད་ཟེར་གྱིས་ཁམས་གསུམ་གྱི་ནང་དུ་ཞུགས་ནས་བདུད་རྩི་ཐམས་ཅད་བཀུག་སྟེ། དེའི་ནང་དུ་བྱས་པས་ཆོས་ཀྱི་དབྱིངས་དང་མཚུངས་པ་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་ཞུགས་ཤིང་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དེ་བཞིན་དུ་ལྷན་ཅིག་ཏུ་བྱས་ཏེ། དེའི་སྟེང་དུ་དེ་ཉིད་
གསུམ་བསམས་ནས་དེས་དེ་བཞིན་དུ་མངོན་པར་བསྔགས་ཏེ། དཀྱིལ་འཁོར་པ་ཐམས་ཅད་ཀྱི་ཐུགས་ཀར་དཀྱིལ་འཁོར་གྱི་འཁོར་ལོ་བསམས་ནས་ལྗགས་རྣམས་ལ་ཧཱུཾ་ཡིག་དཀར་པོ་ལས་སྐྱེས་པའི་རྡོ་རྗེ་དཀར་པོ་ནས་འབྲུའི་ཚད་ཙམ་བསམས་ནས་དེའི་བདུད་རྩིས་དཀྱིལ་འཁོར་པའི་བདག་ཉིད་
ཀྱང་མཉེས་པར་བྱའོ། །འདིས་དཀྱིལ་འཁོར་རྫོགས་ནས་ཐུན་མཚམས་གསུམ་དུ་བསྒོམས་ནས་ལྡང་བར་བྱའོ། །རྟག་ཏུ་ལྷའི་གཟུགས་ཀྱིས་གནས་པར་བྱའོ། །དེ་ལ་བཟླས་པའི་སྔགས་ནི་འདིའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །སྔགས་མཆོག་འདི་ནི་གཙོ་བོ་སྟེ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་

པ། བཀླགས་པས་དངོས་གྲུབ་མྱུར་དུ་བྱེད། །རྡོ་རྗེ་གུར་ལས་གསལ་པོར་གསུངས། །དེ་ནས་གཞན་ཡང་གཟུངས་ཀྱི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ནམ་ཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚཱན་མ་མ་ཀྲྀ་ཏེ་ཛཾ་བྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བནྡྷ་
ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སརྦ་དུཥྚཱན་སྟམྦྷ་ནི་ཏཱ་རེ་སྭཱ་ཧཱ། ཡི་གེ་བཅུའི་ཆོ་གའི་སྔགས་འདི་གོས་ཀྱི་སྣ་ལ་ལན་བདུན་དུ་མངོན་པར་བསྔགས་ནས་མདུད་པ་བྱས་ན། འཇིགས་པ་དང་བཅས་པའི་ས་གང་དུ་འགྲོ་ཡང་འཇིགས་པར་མི་འགྱུར་རོ། །སྟག་དང་། ཆོམ་པོ་དང་། ཆུ་སྲིན་དང་། སེང་གེ་དང་། སྦྲུལ་
དང་། མ་ཧེ་དང་། དོམ་དང་། དྲེད་ལ་སོགས་པ་མིང་དྲན་པ་ཙམ་གྱིས་ཞི་ཞིང་འཇིགས་པར་མི་འགྱུར་རོ། །སྔགས་འདིས་ཨུཏྤ་ལའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མེ་བ་ས་མ་ནཱ་ཡ་སྭཱ་ཧཱ། ཡང་སྔགས་དེས་དེ་བཞིན་དུ་བྱ་རོག་གི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་ཡོངས་སུ་
བཟླས་ཏེ་དགྲའི་ཁྱིམ་དུ་སྦས་ན་ཞག་བདུན་ན་སྐྲོད་པར་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱི་གྷྲཾ་གཱ་མི་ནི་དེ་བ་དཏྟ་ཨུཙྪཱ་ཊ་ཡ་ཧཱུཾ་ཕཊ། དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷི་དྷཱ་ནཱཾ་ཀུ་མཱ་རཱི་མ་ཧྱཱ་མུད་བཱ་ཧེ་ན་ཏ་སྱཱཿཔི་ཏཱ་པྲ་ཡཙྪནྟུ་སྭཱ་ཧཱ། མྱོས་བྱེད་གཏུམ་
པོའི་ས་བོན་དང་། །མྱོས་བྱེད་འབྲས་བུ་དེ་བཞིན་དུ། །མྱ་ངན་མེད་ཤིང་མེ་ཏོག་བཅས། །སྦྱིན་སྲེག་སྟོང་ཕྲག་ལྔ་བྱས་ཏེ། །མར་སྦྲང་བུ་རམ་སྦྱིན་སྲེག་ནི། །བུ་མོ་སྒྲུབ་ལ་མཆོག་ཏུ་བསྔགས། །དེ་ནས་ཞག་བདུན་སྦྱོར་བ་ཡིས། །རང་འདོད་བུ་མོ་ཐོབ་པར་འགྱུར། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་
ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་བྷཱི་དྷ་ནཱཾ་སྭསྠཱ་ན་ཏ་ཨཱ་ཀཪྵ་ཡ་མ་མཱ་ནྟི་ཀེ་ཛཿསྔགས་འདིས་རག་ཆུང་གི་ཚེར་མ་རང་བྱུང་གི་མེ་ཏོག་ལ་བསྙུགས་ཏེ་སྦྱིན་སྲེག་སྟོང་ཕྲག་ལྔ་བྱས་ན་འདིས་རྒྱལ་པོའི་བུ་མོ་ཡང་འགུགས་པར་བྱེད་དོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། རང་བྱུང་གི་མེ་ཏོག་གིས་བསྐུས་པའི་
རས་ལ་བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག་གཉིས་མ་ལྕགས་ཀྱུ་དང་ཨུཏྤ་ལའི་ཞགས་པ་ཕྱག་ན་བསྣམས་པ་བྲིས་ལ་དེའི་མདུན་དུ་མཆོད་པ་བྱས་ནས། ལྷ་ཡི་མེ་ཏོག་དམ་པ་འདི། །ཞེས་པ་ལ་སོགས་པས་མཆོད་པར་བྱའོ། །ཕྱིས་བསྒོམ་པ་དང་ལྡན་པས་སྔགས་བཟླས་པར་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་

རེ་ཨ་མུ་ཀི་མ་མེ་བ་སི་ཏཾ་སྭ་ཏྣཾ་ཀ་ཐཱ་ཡ་ཧཱུཾ་ཕཊ། སྟོང་ཕྲག་ལྔས་འོང་བར་འགྱུར་ཏེ། ཞགས་པས་མགུལ་པ་བཅིངས་ཤིང་ལྕགས་ཀྱུས་སྙིང་གར་ཕུག་ལ་བཀུག་ནས་བསྒྲུབ་བྱ་རྐང་པའི་འོག་ཏུ་བསམས་ལ་བྲན་མོའི་ཚུལ་གྱིས་སྤྱད་པར་བྱའོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་
ཏེ། སྒྲོལ་མའི་གཟུངས་ལན་བདུན་དུ་མངོན་པར་བསྔགས་ནས་བདག་གི་མིག་གཉིས་ལ་བྱུགས་ནས་རྒྱལ་རིགས་ཀྱི་ནང་དུ་ཞུགས་ན་རྒྱལ་པོ་དང་བཅས་པ་སློབ་མར་འགྱུར་ཞིང་གུས་པར་བྱེད་དོ། །འགལ་བ་སྨྲ་བར་མི་འགྱུར་རོ། །དད་པས་འབུལ་བར་འགྱུར་རོ། །དགའ་བའི་གཏམ་བྱེད་པར་འགྱུར་རོ། །
དེའི་གཡོག་བྱེད་པར་འགྱུར་རོ། །ཁྲོ་བ་ཡང་དབང་དུ་འགྱུར་རོ། །མཐོང་བའི་རྐྱེན་གྱིས་ངོ་མཚར་དུ་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། སྒྲོལ་མའི་གཟུངས་ལན་བརྒྱ་བཟླས་ནས་སྦྲུལ་མགོ་གཉིས་པའི་མགོ་ཐལ་བར་བྱས་ཏེ་བ་དམར་མོའི་མར་ལ་ཨརྐའི་བལ་ལ་སྡོང་བུ་
བྱས་ཏེ་རབ་ཏུ་སྦར་ནས་མིག་སྨན་བྱས་ཏེ། དེའི་མིག་སྨན་དང་། རྡོ་རྗེ་ཉི་མ་དང་རྡོ་རྗེ་ཆོས་དག་ལ་མཉེས་ཤིང་རྟ་མཆོག་གིས་བདུག་པར་བྱའོ། །ཐལ་བ་དང་ལྷན་ཅིག་མིག་སྨན་བྱས་ནས་གང་ལ་རྡོ་རྗེའི་མིག་གིས་བལྟས་པ་དེའི་གལ་ཏེ་པདྨ་གར་དབང་འཛག་པར་མ་གྱུར་ན། དེའི་ཚེ་སྒྲོལ་མ་བདག་
གིས་སངས་རྒྱས་བཅོམ་ལྡན་འདས་བསླུས་པར་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། བྱིས་པ་སོ་མ་སྐྱེས་པའི་ཁ་ཆུ་བླངས་ནས་སྒྲོལ་མའི་གཟུངས་ལན་བདུན་དུ་མངོན་པར་བསྔགས་ཏེ། བྷྲྀངྒ་རཱ་ཛའི་རྩ་བ་དང་གིའུ་ཝང་དང་ལྷན་ཅིག་ཏུ་བྱས་ཏེ་དཔྲལ་བར་ཐིག་ལེ་བྱས་ནས་
གང་དང་གང་ལ་བལྟས་པ་དེ་དང་དེ་དབང་དུ་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ལྟོ་བའི་སྲིན་བུ་ལ་སྒྲོལ་མའི་གཟུངས་ལན་བདུན་དུ་མངོན་པར་བསྔགས་ནས་རྡོ་རྗེ་ཆོས་དང་བཅས་ཏེ་སོ་རྩི་གཞོན་ནུ་མ་ལ་བྱིན་ན་ལོངས་སྤྱད་པ་ཙམ་གྱིས་སྦྱོར་བའི་མཆོག་ཏུ་འགྱུར་རོ། །འདི་མི་
སྤོང་ཞིང་གཞན་ལ་དགའ་བར་མི་འགྱུར་རོ། །གཞན་དུ་མི་འགྲོ་ལ་སྐྱེས་བུ་གཞན་མི་འདོད་དོ། །རང་གི་བདག་པོ་ཡང་སྤོང་བར་མི་བྱེད་དོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཞག་ཆེན་པོ་བདག་ཉིད་ཀྱི་ལུས་ལ་བྱུགས་ཏེ། སྒྲོལ་མའི་གཟུངས་ཁྲི་ཕྲག་གཅིག་བཟླས་ཤིང་བསྒོམས་ཏེ།

བཟླས་པའི་མཐའ་ལ་འབྲས་སཱ་ལུའི་ཕྱེ་མས་དྲིལ་ཕྱིས་བྱས་པའི་དྲི་མ་བསྡུས་ཏེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་གཏོང་བར་མི་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཟླ་བ་གཟས་ཟིན་པའི་དུས་སུ་སྒྲོལ་མའི་གཟུངས་བཟླས་ཤིང་བསྙེན་པ་བྱས་ནས་དེ་ལས་ཡང་དག་པར་འབྱུང་
བའི་འཇིག་རྟེན་དབང་ཕྱུག་བླངས་ཏེ་དུང་གི་ཕྱེ་མ་དང་བསྲེ་བར་བྱའོ། །དེ་ནས་སྒེག་མོ་ལ་བྱིན་ན་དེ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འཇུག་པར་འགྱུར་རོ། །དེ་ལ་དེ་བཞིན་དུ་བདག་པོར་འདོད་ཅིང་གཞན་དུ་མི་འགྲོའོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། སྒྲོལ་མའི་གཟུངས་སྔགས་ཀྱིས་མྱོས་བྱེད་
ཀྱི་འབྲས་བུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ཏེ་མྱོས་བྱེད་ཀྱི་འབྲས་བུ་དང་རྟ་མགྲིན་ལྷན་ཅིག་ཏུ་མཉེས་ལ་བྱུགས་ན་དེ་དབང་དུ་འགྱུར་རོ། །དེ་ནས་གཞན་ལ་ཡང་རབ་ཏུ་སྦྱོར་བར་འགྱུར་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཱ་སྱ་བནྡྷ་ན་མུཀྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པའི་སྔགས་འདིས་ཨརྐའི་ལོ་མ་ལ་
བསྒྲུབ་བྱའི་མིང་བར་དུ་བཅུག་སྟེ་བྲིས་ནས་སྡིག་པའི་ཚང་དུ་སྦས་ན་དེ་བཅིངས་པ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་པའི་ཐབས། །ཡང་དག་བྲིས་ལས་ཉེར་བསགས་པའི། །བསོད་ནམས་གང་དེས་འཇིག་རྟེན་འདི། །བདེ་གཤེགས་གནས་སུ་འཇུག་པར་ཤོག །རྡོ་རྗེ་སྒྲོལ་མའི་སྒྲུབ་
ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞབས་ཀྱིས་མཛད་པའོ། །ལྷ་མཆོད་ཀ་ར་བཱི་རའི་མེ་ཏོག་ལ། །ཐུན་མཚམས་གསུམ་དུ་བརྒྱ་རྩ་བརྒྱད་བཟླས་ནས། །འདོད་པའི་མཆོག་ཉིད་བླང་བྱ་ཟླ་གཅིག་གིས། །འཕགས་མ་སྒྲོལ་མས་ངེས་པར་སྩོལ་བར་མཛད། །ཨོཾ་ཛཾ་
བྷེ་མོ་ཧེ་སྭཱཧཱ།། །།༄༅༅། །རྒྱ་གར་སྐད་དུ། ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཡོན་ཏན་ཆེན་མོ་ཉེས་པ་མ་ལུས་དང་བྲལ་བ། །རྒྱལ་བའི་ཡུམ་ཆེན་སྒྲོལ་མ་ལ་ནི་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་གསལ་ཞིང་ཚིག་
བཟང་གུས་པ་ཡིས། །འདིར་ཡང་རང་གི་ཡིད་ཕྱིར་དེ་ཚིག་ཡང་དག་བྲི། །སྔོན་མེད་ཅུང་ཟད་བྲི་མིན་ཏེ། །འོན་ཀྱང་བླ་མའི་གསུང་ལས་ནི། །གང་ཐོས་དེ་ཡང་དྲན་བྱའི་ཕྱིར། །ཡང་དག་བསྡུས་ནས་རབ་ཏུ་བྲི། །དང་པོར་རེ་ཞིག་སྔགས་པས་སྔ་བར་ལངས་ནས་ཞལ་དང་གོས་ལ་སོགས་པ་བཀྲུ་ཞིང་

གཙང་བར་བྱས་ནས་སྐྱེ་བོས་དབེན་ཞིང་ཡིད་དུ་འོང་བའི་ས་ཕྱོགས་སུ་དྲི་བཟངས་ཀྱིས་ཉེ་བར་བྱུགས་ནས་མེ་ཏོག་དྲི་བཟང་པོ་གཅལ་དུ་བཀྲམ་ཏེ། སྟན་བདེ་བ་ལ་ཉེ་བར་འདུག་ནས་རང་གི་སྙིང་གར་དབྱངས་དང་པོ་ཡོངས་སུ་གྱུར་པ་ལས་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་རྣམ་
པར་བསམས་ལ། དེའི་དབུས་སུ་ཡིད་དུ་འོང་བའི་ཨུཏྤ་ལ་སྔོན་པོ་དེའི་ཟེའུ་འབྲུ་ལ་རི་བོང་གི་མཚན་མ་དང་བྲལ་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཏཱཾ་ཡིག་སེར་པོའི་ས་བོན་བལྟ་བར་བྱའོ། །དེ་ནས་ཡང་ཏཱཾ་ཡིག་སེར་པོའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འགྲོ་བའི་མ་རིག་པའི་
མུན་པ་འཇོམས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་མཐར་ཐུག་པར་གྱུར་ལ། དེ་ཐམས་ཅད་སྣང་བར་མཛད་ནས་དེ་ལ་བཞུགས་པའི་གྲངས་མེད་ཅིང་དཔག་ཏུ་མེད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ཏེ་ནམ་མཁའི་ཕྱོགས་སུ་བཀོད་ནས། དེའི་རྗེས་ལ་ནམ་
མཁའ་ལ་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བརྩེ་བ་ཆེན་པོ་རྣམས་ལ་ལྷའི་མེ་ཏོག་དང་། བདུག་པ་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་ལ་སོགས་པའི་མཆོད་པ་ཆེན་པོ་རྣམས་ཀྱིས་མཆོད་
ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །གང་ཞིག་འཁོར་བ་ཐོག་མ་མེད་པ་ནས་འཁོར་བར་བདག་གི་སྡིག་པའི་ལས་ལུས་དང་ངག་དང་ཡིད་ཀྱིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། རྗེས་སུ་ཡི་རང་བར་བགྱིས་པ་དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས་སོ། །ཆོ་ག་འདིས་སོ་སོར་
བཤགས་ནས་སླར་མི་བྱེད་པའི་སྡོམ་པ་སོ་སོར་འཛིན་ཅིང་བསོད་ནམས་ལ་རྗེས་སུ་ཡི་རང་བར་བགྱི་སྟེ། བདེ་བར་གཤེགས་པ་དང་། རང་རྒྱལ་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་དང་བཅས་པ་དང་། ཚངས་པ་དང་བཅས་པ་དང་། འཇིག་རྟེན་པ་རྣམས་ཀྱི་དགེ་བ་གང་ལགས་པ་དེ་
ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེའི་རྗེས་ལ་གསུམ་ལ་སྐྱབས་སུ་འགྲོ་བ་ནི། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །དམ་པའི་ཆོས་ལ་བདག་སྐྱབས་མཆི། །ཇི་སྲིད་སྙིང་པོ་བྱང་ཆུབ་བར། །དགེ་འདུན་ལ་ནི་བདག་སྐྱབས་མཆི། །ཞེས་སོ། །

ཕྱི་ནས་ལམ་ལ་བརྟེན་པ་ནི་དེ་ཡང་བདག་གིས་དེ་བཞིན་གཤེགས་པས་གསུངས་པའི་ལམ་ལ་བརྟེན་པར་བྱའི། གཞན་ལ་ནི་མ་ཡིན་ནོ་ཞེས་སོ། །དེའི་རྗེས་སུ་གསོལ་བ་གདབ་པར་བྱ་སྟེ། འཁོར་བ་ཇི་སྲིད་ཀྱི་བར་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་དང་། དེའི་སྲས་རྣམས་འགྲོ་བའི་དོན་དུ་མྱ་
ངན་ལས་མི་འདའ་བར་བཞུགས་སུ་གསོལ་ལོ། །དེའི་རྗེས་སུ་བསྐུལ་མ་གདབ་པར་བྱ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་གསུངས་པའི་སྐད་ཅིག་གང་ལ་དེ་བཞིན་དུ་འཁོར་བའི་སེམས་ཅན་སྲིད་པར་བཅིངས་པ་རྣམས་གྲོལ་བར་འགྱུར་བ་དེ་ལྟ་བུའི་བླ་ན་མེད་པའི་ཆོས་བསྟན་དུ་གསོལ།
དེའི་རྗེས་སུ་བསོད་ནམས་ཡོངས་སུ་བསྔོ་བར་བྱ་སྟེ། བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱི་དགེ་བའི་རྩ་བ་གང་ལ་དེ་བཞིན་དུ་ཉེ་བར་བསགས་པ་དེ་ཐམས་ཅད་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཡང་ན་བསྡུས་ནས་བླ་ན་མེད་པའི་མཆོད་པ་བདུན་མཚོན་པའི་ཚིགས་སུ་བཅད་
པ་འདི་བརྗོད་པར་བྱའོ། །སྡིག་པ་ཐམས་ཅད་བདག་གིས་བཤགས་པར་བགྱི། །དགེ་ལ་མཆོག་ཏུ་དགའ་བས་རྗེས་ཡི་རང་། །བཅོམ་ལྡན་དམ་ཆོས་རིན་ཆེན་རྣམས་ཀྱང་ནི། །སྐྱེ་བོའི་དོན་ཕྱིར་བཞུགས་པར་གསོལ་བ་འདེབས། །དཀོན་མཆོག་རིན་ཆེན་གསུམ་ལ་མངོན་ཉེ་བར། །བྱང་ཆུབ་མ་ཐོབ་
བར་དུ་སྐྱབས་སུ་མཆི། །དམ་པའི་ལམ་ལ་ཡང་དག་བསྟེན་པར་བགྱི། །དགེ་བ་བསྒྲུབས་པ་རྫོགས་པའི་བྱང་ཆུབ་བསྔོ། །ཞེས་པ་འདི་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེགས་སུ་གསོལ་ལོ། །ཡང་ན་རང་བཞིན་གྱི་ཙནྡན་གྱིས་ལུས་བྱུགས་ལ་
བསམ་གཏན་གྱི་གོས་བགོ་བར་བྱའོ། །བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་བཀྲམ་ནས་འདིར་ཇི་ལྟར་བདེ་བར་གནས་པར་བྱའོ། །དེའི་རྗེས་ལ་འཆད་པར་འགྱུར་བའི་རིམ་པས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་པ་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལ་འདིར་
བྱམས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་དགའ་བའི་མཚན་ཉིད་དོ། །ཡང་ན་ཕན་པ་དང་བདེ་བས་ཉེ་བར་སྡུད་པར་བྱེད་པའོ། །ཡང་སྙིང་རྗེ་ནི་ཇི་ལྟ་བུ་ཞེ་ན། སྡུག་བསྔལ་དང་སྡུག་བསྔལ་བའི་རྒྱུ་ལས་འདོན་པར་འདོད་པ་སྟེ། བཟོད་པར་མི་ནུས་པའི་སྡུག་བསྔལ་གསུམ་གྱི་མེ་

རབ་ཏུ་འབར་བའི་འཁོར་བ་ལྕགས་ཀྱི་བཙོན་རར་ཞུགས་པའི་སྐྱེ་བོ་རྣམས་དེ་ལས་གདོན་པར་འདོད་པའི་ལྷག་པའི་བསམ་པ་ནི་སྙིང་རྗེའོ། །ཡང་ན་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་བའི་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་ཡང་དག་པར་གདོན་པར་འདོད་པའོ། །དགའ་བ་ནི་འདི་
ལྟ་བུ་སྟེ། རབ་ཏུ་ཡི་རང་བ་ནི་དགའ་བ་སྟེ། ཡང་ན་མཚུངས་པ་མེད་པའི་སངས་རྒྱས་ཉིད་དང་། དེའི་ཐབས་ལ་དེ་བཞིན་དུ་འཁོར་བའི་སེམས་ཅན་ཐམས་ཅད་བདག་གིས་རབ་ཏུ་དགོད་པར་བྱའོ་ཞེས་པའི་ལྷག་པའི་བསམ་པ་ནི་དགའ་བའོ། །ཡང་ན་ཁམས་གསུམ་པོ་འདི་རྣམས་ཀྱི་དགེ་བའི་རྩ་བ་གང་གིས་དབང་
ཕྱུག་ལ་སོགས་པ་ལ་ལོངས་སྤྱོད་པ་ལ་སེམས་དགའ་བའོ། །བཏང་སྙོམས་གང་ཞེ་ན། ཁོང་ཁྲོ་དང་རྗེས་སུ་བརྩེ་བ་དང་འབྲེལ་པ་སྤངས་ཤིང་ཕན་པ་དང་མི་ཕན་པའི་སྐྱེ་བོ་རྣམས་ལ་མཆོག་ཏུ་ཕན་པའི་སྤྱོད་པ་ནི། བཏང་སྙོམས་སོ། །ཡང་ན་གང་ཞིག་ཐམས་ཅད་ལ་དགའ་བ་དང་རྣམ་པར་འཚེ་བ་དང་བྲལ་
ཞིང་གཞན་ལ་ཕན་པའི་ཆོས་ཉིད་རང་གི་ངང་གིས་འབབ་ཅིང་རབ་ཏུ་འཇུག་པ་ནི་བཏང་སྙོམས་སོ། །ཡང་ན་རྙེད་པ་དང་། མ་རྙེད་པ་དང་། གྲགས་པ་དང་། མ་གྲགས་པ་དང་། བསྟོད་པ་དང་། སྨད་པ་དང་། བདེ་བ་དང་། སྡུག་བསྔལ་བ་ལ་སོགས་པ་འཇིག་རྟེན་གྱི་ཆོས་བརྒྱད་པོ་རབ་ཏུ་སྨོད་པ་ལ་སོགས་
པའི་བྱ་བ་ཐམས་ཅད་ལ་མི་བལྟ་བ་ནི་བཏང་སྙོམས་བསྒོམ་པའོ། །ཚད་མེད་པའི་གནས་བཞི་བསྒོམས་པའི་མཐར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པ་བསྒོམ་པར་བྱའོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བཞིན་གྱིས་ངོ་བོ་ཉིད་མེད་ཅིང་ཡོངས་སུ་དག་པའོ། །བདག་ཀྱང་རང་བཞིན་གྱིས་
ཡོངས་སུ་དག་པ་ཞེས་པ་ལ་སོགས་པ་མངོན་དུ་བྱས་ནས། འདིར་ཡང་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུད་དྷོ྅ཧཾ་ཞེས་སོ། །གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལ་གང་
ལས་འདིར་འཁོར་བའི་སྒྲིབ་པར་གྱུར་ན་གཟུང་བ་དང་འཛིན་པ་ལ་སོགས་པའི་དྲི་མས་བསྒྲིབས་པའི་ཕྱིར་དེ་དང་བྲལ་བའི་ཐབས་ཀྱིས་ལམ་གྱི་བདག་ཉིད་ལ་མཁས་པས་བསྒོམས་པས་དེས་དེ་འགོག་པར་འགྱུར་རོ། །འདི་ལ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་པ་འདི་

བསྒྲུབ་བོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པ་དེ་བསྒོམ་པ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་བསྒོམ་པའོ། །དེ་ལ་འདིར་སྟོང་པ་ཉིད་ནི་གཟུང་བ་དང་འཛིན་པ་ལ་སོགས་པའི་རྣམ་པར་རྟོག་པའི་སྤྲོས་པ་མཐའ་དག་བཅོམ་ནས་ངོ་མཚར་བ་གཉིས་སུ་མེད་པའི་སྣང་བ་ཙམ་གྱི་བདག་ཉིད་གཡོ་
བ་དང་མི་གཡོ་བའི་ཁམས་གསུམ་མོ་ཞེས་བསམ་པར་བྱའོ། །འདིར་དེ་བཞིན་དུ་སྟོང་པ་ཉིད་ཀྱི་སྔགས་འདིས་ཀྱང་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་སོ། །དེའི་རྗེས་སུ་སྔོན་དུ་རང་གི་སྙིང་གར་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡིད་དུ་འོང་བའི་ཨུཏྤ་ལ་
སྔོན་པོའི་ཟེའུ་འབྲུའི་ནང་དུ་གནས་པའི་རི་དྭགས་ཀྱི་མཚན་མ་དང་བྲལ་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཏཱཾ་ཡིག་སེར་པོའི་ས་བོན་ལས་བཅོམ་ལྡན་འདས་འཕགས་མ་སྒྲོལ་མ་སྟེ། སྐུ་མདོག་མཆོག་གི་ལྗང་གུའོ། །ཕྱག་གཉིས་པ། ཞལ་ཅུང་ཟད་འཛུམ་པ། བླ་ན་མེད་པའི་ཡོན་ཏན་མ་
ལུས་པའི་འབྱུང་གནས་སྐྱོན་ཐམས་ཅད་དང་བྲལ་བའོ། །མཛེས་པའི་གསེར་དང་། ནོར་བུ་དང་། མུ་ཏིག་དང་། རིན་པོ་ཆེ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ། ཡིད་དུ་འོང་བའི་དོ་ཤལ་གྱི་ཕྲེང་བ་བརྒྱས་ནུ་མ་ཟུང་ལ་བརྒྱན་པ་མཛེས་པའི་ལག་གདུབ་དང་། དཔུང་རྒྱན་གྱིས་ཕྱག་གཉིས་བརྒྱན་པ།
སྨད་རྒྱན་དྲི་མ་མེད་པའི་ནོར་བུའི་ཚོགས་ཀྱི་འོད་ཟེར་འཕྲོ་བའི་ཕྲེང་བས་སྨད་ཀྱི་ཆ་ཤིན་ཏུ་མཛེས་པ། རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཞབས་གདུབ་ཟུང་ལ་རྣམ་པར་མཛེས་པ། ཡོངས་འདུས་བརྟོལ་ལ་སོགས་པའི་མེ་ཏོག་གི་སྙེ་མའི་ཕྲེང་བའི་ཚོགས་ཀྱིས་སྐྲ་ལ་མཛེས་པར་བཅིངས་པ། བཅོམ་
ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པས་རིན་པོ་ཆེའི་དབུའི་ཕྱོགས་རྣམ་པར་བརྒྱན་པ། ཕུལ་དུ་བྱུང་བའི་བློ་གྲོས་མ། སྐུ་ལ་མཆོག་ཏུ་སྒེག་པའི་འོད་འབར་མ། ན་ཚོད་གཞོན་ནུ་དང་ལྡན་མ། ཤིན་ཏུ་དྲི་མ་མེད་པའི་ཨུཏྤ་ལ་སྔོན་པོའི་སྤྱན་དང་ལྡན་མ། མཛེས་པའི་དར་གོས་ཐམས་ཅད་
ཀྱིས་སྐུ་ལ་བརྒྱན་མ། ཤིང་རྟའི་འཁོར་ལོའི་ཚད་ཙམ་པའི་ཆུ་སྐྱེས་དཀར་པོའི་སྟེང་དུ་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་གྱི་སྟེང་དུ་སྐྱིལ་ཀྲུང་ཕྱེད་པས་ཉེ་བར་བཞུགས་པ། ཕྱག་གཡས་པ་མཆོག་སྦྱིན། གཡོན་པ་ཨུཏྤལ་ཁ་བྱེ་བ་བསྣམས་པ། ཡོངས་སུ་རྫོགས་པ་བསམ་པར་བྱའོ། །དེ་ལྟ་བུའི་

བཅོམ་ལྡན་འདས་མའི་སྐུ་ཇི་སྲིད་འདོད་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེའི་རྗེས་སུ་འདིར་དེ་ལྟ་བུའི་བཅོམ་ལྡན་འདས་མའི་ཐུགས་ཀར་གནས་པའི་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་ཡིད་དུ་འོང་བའི་ཆུ་སྐྱེས་སྔོན་པོའི་ཟེའུ་འབྲུའི་ནང་དུ་རི་དྭགས་ཀྱི་མཚན་མ་
དང་བྲལ་བའི་ཀུ་མུ་དའི་གཉེན་གྱི་དཀྱིལ་འཁོར་གྱི་དབུས་སུ་ཐིམ་པའི་ཏཱཾ་ཡིག་སེར་པོའི་ས་བོན་ལས་བྱུང་བའི་འོད་ཟེར་གྱི་ཕྲེང་བ་དཔག་ཏུ་མེད་པས་འཇིག་རྟེན་གསུམ་པོ་སྣང་བར་མཛད་ནས་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་བཅོམ་ལྡན་འདས་མ་ཡེ་ཤེས་སེམས་མའི་སྐུ་ནམ་མཁའ་ལ་གདན་དྲངས་ཤིང་
བཀུག་ནས་ནམ་མཁའི་ཕྱོགས་སུ་བཞུགས་པ་ལ། རིན་པོ་ཆེའི་སྣོད་དུ་གནས་པའི་དྲི་བཟང་པོའི་ཆུ་དང་དྲི་བཟང་པོའི་མེ་ཏོག་གིས་དེ་བཞིན་དུ་བཅོམ་ལྡན་འདས་མ་དེའི་ཞབས་ལ་མཆོད་ཡོན་དབུལ་བར་བྱའོ། །ལྷའི་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། ཞལ་ཟས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་།
ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། དྲིལ་བུ་ལ་སོགས་པའི་ཕྱི་དང་ནང་དང་བཅས་པའི་མཆོད་པ་རྣམ་པ་མང་པོས་དེ་བཞིན་དུ་བཅོམ་ལྡན་འདས་མ་ལ་མཆོད་པར་བྱའོ། །ཡང་ནས་ཡང་དུ་ཡང་དག་པར་མཆོད་ནས་བསྟོད་ཅིང་ཕྱག་རྒྱ་བལྟ་བར་བྱ་སྟེ། ཐལ་མོ་སྦྱར་ནས་གུང་མོ་རྩེ་མོར་
བྱས་ཏེ་དེའི་ཚིགས་གསུམ་པའི་སྟེང་དུ་མཛུབ་མོ་གཉིས་ཅུང་ཟད་བཀུག་ནས་གཟུང་བར་བྱའོ། །མཐེ་བོང་གཉིས་མཉམ་དུ་བྱས་ནས་དེའི་ཚིགས་གསུམ་པར་ཉེ་བར་དགོད་པར་བྱའོ། །མིང་མེད་ནང་དུ་བཀུག་ནས་མཐེའུ་ཆུང་བརྐྱང་ནས་སྦྱར་ཏེ་བལྟ་བར་བྱའོ་ཞེས་པ་ནི་ཨུཏྤ་ལ་ཁ་བྱེ་བའི་ཕྱག་རྒྱའོ། །ཕྱག་རྒྱ་འདིས་
དེ་བཞིན་དུ་བཅོམ་ལྡན་འདས་མ་ཡེ་ཤེས་སེམས་དཔའི་སྐུ་མཉེས་པར་བྱའོ། །འདིར་དེ་བཞིན་དུ་དམ་ཚིག་སེམས་དཔའི་གཟུགས་ལ་བཅོམ་ལྡན་འདས་མ་ནང་དུ་བསྒོམ་པར་བྱའོ། །ཞེས་པ་འདིས་གཉིས་སུ་མེད་པར་ལྷག་པར་གྲོལ་བར་བྱའོ། །དེའི་རྗེས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡིད་དུ་འོང་
བའི་ཆུ་སྐྱེས་སྔོན་པོ་ཁ་བྱེ་བའི་ཟེའུ་འབྲུའི་ནང་དུ་ཐིམ་པའི་ཟླ་བ་དྲི་མ་མེད་པའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ཏཱཾ་ཡིག་སེར་པོའི་ས་བོན་ལས་ལྷ་མོ་སྒྲོལ་མ་བྱུང་སྟེ། ནམ་མཁའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་སྣང་བར་མཛད་ནས་དེ་ལ་གནས་པའི་སེམས་ཅན་རྣམས་ལ་རིན་པོ་ཆེ་སྣ་ཚོགས་པའི་

ཆར་གྱིས་དབུལ་བ་ལ་སོགས་པའི་སྡུག་བསྔལ་སེལ་ཞིང་སྐད་ཅིག་གིས་བདག་མེད་པ་ལ་སོགས་པའི་ཆོས་བསྟན་པའི་བདུད་རྩིས་དེ་རྣམས་ཚིམ་པར་མཛད་ནས། ཡང་ནས་ཡང་དུ་རབ་ཏུ་བྱེད་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་དེ། ཁམས་གསུམ་ཡང་སྒྲོལ་མའི་སྐུར་བསྐྱེད་ནས་དེ་ལ་ཡང་ཏཱཾ་ཡིག་སེར་
པོའི་ས་བོན་དེ་ལས་ནང་དུ་གྱུར་པ་ཞེས་པ་ལ་སོགས་པའི་སྤྲོ་བ་དང་བསྡུ་བའི་རིམ་པས་ཇི་སྲིད་ངལ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དེ་ལྟ་བུའི་སྔགས་ཀྱི་རྒྱལ་པོ་འདི་མཐུ་ཆེ་སྟེ། དེ་བཞིན་དུ་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་དང་མཆོད་པ་དང་བཀུར་སྟི་མཛད་པའོ་ཞེས་སོ། །བསམ་གཏན་ལས་ལངས་ནས་འགྲོ་བ་རྣམས་སྒྲོལ་མའི་སྐུར་བལྟ་ཞིང་ང་རྒྱལ་བྱས་ནས་ཇི་ལྟར་བདེ་བས་གནས་པར་བྱའོ། །ཕལ་ཆེར་འདིའི་རིམ་པས་བཅོམ་ལྡན་འདས་མས་འདོད་པ་འབྱུང་ཞིང་དངོས་གྲུབ་ཆེན་
པོ་བརྒྱད་ཞབས་སུ་ངེས་པར་ལྟུང་བར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཅི་དགོས། དེ་ཡང་དེ་བཞིན་དུ་དགོན་པའམ། གང་ཡང་སྐྱེ་བོས་དབེན་པའི་རིའི་ཕུག་ཏུ་གནས་ནས་མཁས་པས་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ། །འདིས་ངེས་པར་མངོན་སུམ་དུ་མཐོང་བར་བྱེད་དོ། །བཅོམ་ལྡན་འདས་མ་
བདག་ཉིད་ཀྱིས་དེའི་དབུགས་འབྱིན་པ་དང་། རབ་ཏུ་དབུགས་འབྱིན་པ་ལ་སོགས་པ་སྟེར་བར་བྱེད་དོ། །མང་པོ་སྨྲས་པས་ཅི་ཞིག་བྱ། མཆོག་ཏུ་རྙེད་པར་དཀའ་བའི་སངས་རྒྱས་ཀྱང་དེའི་ལག་པའི་མཐིལ་ན་གནས་སོ། །འདིར་སྒྲོལ་མའི་སྒྲུབ་ཐབས་ཅུང་ཟད་རྒྱས་པར་བྱས་པ་རྫོགས་སོ།། །།
འཇིག་རྟེན་གསུམ་རིག་སྒྲོལ་མའི་སྒྲུབ་ཐབས་མཆོག་བརྩམས་འདིས། །བདག་གིས་བསོད་ནམས་བཅོམ་ལྡན་བསྟན་ལ་ངེས་པར་ནི། །རྒྱ་ཆེན་མཆོག་ཏུ་དྲི་མེད་གང་ཐོབ་དེ་ཡིས་ནི། །འགྲོ་རྣམས་རྒྱལ་བའི་གྲོང་དུ་མྱུར་དུ་འཇུག་པར་ཤོག །སྒྲོལ་མ་ཡི་ནི་སྒྲུབ་པའི་ཐབས། །ཅུང་ཟད་རྒྱ་ཆེན་གང་བརྩམས་ལས། །
དགེ་བ་གང་ཐོབ་དེ་ཡིས་ནི། །འཇིག་རྟེན་ཞི་བའི་གནས་ཐོབ་ཤོག །པཎྜི་ཏ་གནས་བརྟན་ཆེན་པོ་དཔེ་མེད་བསྲུང་པས་མཛད་དོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨཥྚ་མ་ཧཱ་བྷ་ཡ་ཏྲ་ཡ་ཏཱ་རཱ་ཡ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས། །

འཕགས་མ་འཇིགས་པ་ཆེན་པོ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །འཇིགས་ཆེན་བརྒྱད་ནི་རབ་འཇོམས་མ། །དེ་ལ་ཕྱག་འཚལ་སྒྲུབ་པའི་ཐབས། །རབ་ཏུ་བཤད་བྱ་བྱས་རྣམས་ཉོན། །སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ། །ནམ་མཁའི་དབུས་སུ་
བསྒོམ་པར་བྱ། །ཡིད་ཀྱིས་རང་གིས་མཆོད་བྱས་ནས། །སྡིག་པ་རྣམས་ནི་བཤགས་པར་བྱ། །བསོད་ནམས་ལ་ནི་རྗེས་ཡིད་རང་། །ཕྱི་ནས་བདག་གི་བསོད་ནམས་བསག །དེ་ཕྱིར་བདག་ཉིད་དབུལ་བ་དང་། །གསུམ་ལ་ཡང་ནི་སྐྱབས་སུ་འགྲོ། །བྱ་བ་བྱས་པའི་ཕྱི་ནས་ནི། །གང་ལས་སྟོང་ཉིད་མཐའ་རུ་ནི། །
རང་གི་སྙིང་གར་ཟླ་དེའི་གནས། །པདྨ་འདབ་བརྒྱད་རྣམ་པར་རྒྱས། །དེ་ཡི་དབུས་སུ་ཏཱཾ་ཡིག་བསམ། །དེ་བཞིན་ཨུཏྤལ་སྔོན་པོ་ལ། །དེ་ཡི་དབུས་སུའང་ས་བོན་ལས། །མེ་ཡི་འོད་ཟེར་རབ་ཏུ་གསལ། །དེ་ཡིས་ལྷ་མོ་ཡང་དག་བསྐྱེད། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ལྷ་མོའི་ཕྱག་གཡས་མཆོག་
སྦྱིན་དང་། །གཡོན་ན་དེ་བཞིན་ཨུཏྤལ་བསྣམས། །གཟུགས་མཛེས་ཞལ་ནི་གཅིག་མ་སྟེ། །ན་ཚོད་གཞོན་ནུས་ཡང་དག་གནས། །མེ་ཏོག་དྲི་བཟངས་དབུ་སྐྲ་བརྒྱན། །པདྨ་དང་ནི་ཟླ་བའི་སྟེང་། །སྐྱིལ་ཀྲུང་ཕྱེད་པའི་ཚུལ་གྱིས་བཞུགས། །ས་གསུམ་འཇིགས་པ་བརྒྱད་སྐྱོབ་པའི། །ལྷ་མོ་བརྒྱད་པོའི་
བར་དུ་ནི། །སྒྲོལ་མའི་སྐུ་རུ་བསྒོམ་པར་བྱ། །རྣལ་འབྱོར་པ་ནི་དེ་སྔགས་སྤྲོ། །ཡིད་ལ་ཞུ་བར་བསམ་པར་བྱ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཨོཾ་ཨོཾ་སྭཱ་ཧཱ་ཤར་དུའོ། །ཨོཾ་ཏཱ་སྭཱ་ཧཱ་ལྷོ་རུའོ། །ཨོཾ་རེ་སྭཱ་ཧཱ་ནུབ་ཏུའོ། །ཨོཾ་ཏུ་སྭཱ་ཧཱ་བྱང་དུའོ། །ཨོཾ་ཏྟཱ་སྭཱ་ཧཱ་མེའི་མཚམས་སུའོ། །ཨོཾ་རེ་སྭཱ་ཧཱ་བདེན་བྲལ་དུའོ། །ཨོཾ་ཏུ་སྭཱ་ཧཱ་རླུང་
དུའོ། །ཨོཾ་རེ་སྭཱ་ཧཱ་དབང་ལྡན་དུའོ། །དེ་ཐམས་ཅད་ཀྱང་འོད་ཟེར་འཕྲོ་བའི་གཟུགས་ཅན་ལྷ་མོ་ཇི་ལྟ་བ་དེ་བཞིན་དུ་གཞན་རྣམས་སོ། །ཨོཾ་ཏཱ་རེ་ཎྱཻ་བཛྲ་པུཥྤ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མེ་ཏོག་དབུལ་ཞིང་། དེ་བཞིན་དུ་དྲི་ལ་སོགས་པ་ཨུཏྤ་ལའི་ཕྱག་རྒྱས་དབུལ་བར་བྱའོ་ཞེས་སོ། །ལྷ་མོ་དགུ་དང་ལྡན་པ་ཡི། །དེ་བཞིན་
སྒྲུབ་ཐབས་འདི་བྱས་པས། །འཇིགས་པ་བརྒྱད་པོ་བཅོམ་གྱུར་ནས། །འགྲོ་ཀུན་བླ་མེད་བྱེད་པར་ཤོག །འཕགས་པ་འཇིགས་པ་ཆེན་པོ་བརྒྱད་ལས་སྐྱོབ་པའི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཙཱི་ན་ཀྲ་མ་ཨཱརྱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྒྱ་ནག་རིམ་པའི་འཕགས་མ་སྒྲོལ་མའི་

སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས་ཨཱཿཡིག་དམར་པོ་ལས་སྐྱེས་པའི་པདྨ་དམར་པོའི་སྟེང་དུ་ཏཱཾ་ཡིག་དཀར་པོ་ལས་སྐྱེས་པའི་པདྨའི་སྣོད་ཅེས་པ་ཐོད་པའི་སྣོད་དུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་ས་བོན་དང་
བཅས་པའི་གྲི་གུག་བསམ། གྲི་གུག་ཡོངས་སུ་གྱུར་པ་ལས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་སྐུ་མདོག་ནག་མོ་ཞལ་གཅིག་པ་ཕྱག་བཞི་པ། སྤྱན་གསུམ་པ། ཐུང་ཞིང་ལྟོ་བ་འཕྱང་བ། ཞལ་མཆེ་བ་གཙིགས་པ། ཞབས་གཡོན་བརྐྱང་གིས་རོའི་གདན་ལ་བཞུགས་པའོ། །ཀླུ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པ།
སྟག་གི་པགས་པའི་ན་བཟའ་ཅན། མགོའི་ཕྲེང་བ་འཕྱང་བ་དང་ལྡན་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། རལ་གྲི་དང་གྲི་གུག་གཡས་ཀྱི་ཕྱག་ན་བསྣམས་པ། ཨུཏྤ་ལ་དང་ཐོད་པ་གཡོན་གྱི་ཕྱག་ན་བསྣམས་པ། མི་བསྐྱོད་པས་དབུ་བརྒྱན་ཅིང་རལ་པ་ཁམ་པའི་ཐོར་ཚུགས་ཅན། མི་བཟད་པའི་
གད་རྒྱངས་ཅན་ཤིན་ཏུ་འཇིགས་པའི་སྐུར་བསྐྱེད་ནས། ཨོཾ་ཧྲཱིཿཧཱུཾ་ཕཊ་ཅེས་པའི་སྔགས་ཤེས་རབ་ལྷག་པར་གསལ་བར་བྱེད་པས་བཟླས་པར་བྱའོ། །མཁས་པས་རལ་གྲིའི་གནས་སུ་ནི། །མི་ཡི་རུས་པའི་ཕྲེང་བ་བསམ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །སྔགས་མཆོག་ཡང་དག་བཟླས་པར་
བྱ། ཞེས་སོ། །རྒྱ་ནག་རིམ་པའི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཙཱི་ན་ཀྲ་མ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྒྱ་ནག་ཆེན་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གཡོན་བརྐྱང་ཞབས་ཀྱིས་རོ་ཡི་
སྙིང་གར་མནན་ཅིང་མི་བཟད་མཆོག་གི་གད་རྒྱངས་དགོད། །རལ་གྲི་ཨུཏྤལ་གྲི་གུག་ཐོད་པ་ཕྱག་བསྣམས་ཧཱུཾ་ཡིག་ས་བོན་ལས་བྱུང་མ། །ཐུང་ཞིང་སྔོ་ལ་སྦོམ་པ་རལ་པའི་ཐོར་ཚུགས་སེར་པོ་མཆོག་གི་ཀླུ་དང་ལྡན། །འགྲོ་བ་རྣམས་ཀྱི་མི་ཤེས་ཐོད་པ་ལ་བཀོད་འཇོམས་ཤིང་དྲག་པོའི་སྒྲོལ་མ་ཉིད། །སྒྲོལ་མ་སྲིད་
པ་གསུམ་སྒྲོལ་མ། །རྒྱ་ནག་རིམ་འོངས་ལ་བཏུད་དེ། །བླ་མའི་མན་ངག་ཇི་ལྟ་བར། །དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །ལིངྒ་གཅིག་དང་དུར་ཁྲོད་དང་། །ཡང་ན་ཁྱིམ་ནི་སྟོང་པ་རུ། །ཐམས་ཅད་དུ་ནི་དེར་གནས་ནས། །སྲིད་པ་གསུམ་ལས་སྒྲོལ་བ་ཡི། །རིག་པ་རྣལ་འབྱོར་པ་ཡིས་བསྒྲུབ། །སྟན་འཇམ་

ནང་ཚངས་ཅན་ལ་གནས། །གཞན་ཡང་འཇམ་པོར་གྱུར་པ་ཡི། །ཤིང་སྟན་ལ་སོགས་མཉམ་གནས་ལ། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །སྐད་ཅིག་རྣམ་པའི་སྦྱོར་བ་ཡིས། །རྡོ་རྗེ་གསུམ་ལས་ལེགས་མཉམ་གཞག །གནས་གསུམ་དུ་ནི་དེ་བསམ་བྱ། །དེ་ལས་འོད་
ཟེར་རྣམ་འཕྲོས་ནས། །སྲིད་གསུམ་སྤྱོད་པའི་སེམས་ཅན་རྣམས། །གསལ་བར་མཛད་ནས་སླར་ཡང་ནི། །བསྡུས་ནས་ཁམས་གསུམ་མཐའ་དག་ཀྱང་། །སྟོང་པ་ཉིད་དུ་བསམ་པར་བྱ། །དེ་ནས་རྒྱལ་བའི་གསང་སྔགས་བརྗོད། །ཨོཾ་ཤཱུ་ནྱ་ཏཱ་སོགས་རང་བཞིན་ནོ། །དེ་ནས་ནམ་མཁའ་ཨཱཿཡིག་
ལས། །ཆུ་སྐྱེས་དམར་པོ་བསམ་པར་བྱ། །སླར་ཡང་དེ་སྟེང་བསམ་བྱ་བ། །ཏཱཾ་ཡིག་ལས་ནི་པདྨའི་སྣོད། །སླར་ཡང་དེ་དབུས་བསམ་པར་བྱ། །ཧཱུཾ་ཡིག་མཐོན་མཐིང་དང་མཚུངས་པ། །དེ་ལས་ཧཱུཾ་ཡིག་ལས་སྐྱེས་པའི། །གྲི་གུག་ས་བོན་གྱིས་བརྒྱན་བལྟ། །གྲི་གུག་ཡོངས་སུ་གྱུར་པ་ལས། །
བདག་ཉིད་སྒྲོལ་མ་དང་མཚུངས་བསྒོམ། །ཞབས་ནི་གཡོན་བརྐྱང་མི་བཟད་མ། །མགོ་བོའི་ཕྲེང་བ་རབ་ཏུ་འཕྱང་། །ཐུང་ཞིང་ལྟོ་འཕྱང་འཇིགས་བྱེད་མ། །ཆུ་སྐྱེས་སྔོན་པོས་རྣམ་པར་བརྒྱན། །བཟང་མོ་ཞལ་གཅིག་སྤྱན་གསུམ་མ། །མི་བཟད་གད་རྒྱངས་འོད་དང་ལྡན། །རབ་ཏུ་དགྱེས་ཤིང་རོ་ལ་
ཞོན། །ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །སྤྱན་ནི་དམར་ཞིང་ཟླུམ་པ་སྟེ། །སྟག་གི་པགས་པ་རྐེད་ལ་མནབས། །ལང་ཚོ་གཞོན་ཞིང་ཕུན་སུམ་ཚོགས། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ལྗགས་ནི་བསྒྲིལ་ཞིང་མཆེ་བ་གཙིགས། །འཇིགས་ཆེན་འཇིགས་པར་བྱེད་པ་མོ། །ཕྱག་གཡས་
རལ་གྲི་གྲི་གུག་སྟེ། །གཡོན་ན་ཨུཏྤལ་ཐོད་པ་བསྣམས། །དམར་སེར་རལ་གཅིག་གྱེན་དུ་བརྫེས། །མི་བསྐྱོད་དབུ་བརྒྱན་བསམ་པར་བྱ། །བསྒོམས་པའི་སྟོབས་ནི་རྫོགས་པ་ཡིས། །རྣལ་འབྱོར་སྙན་ངག་ཆེན་པོར་འགྱུར། །གལ་ཏེ་བླུན་ཞིང་རྨོངས་གྱུར་ཀྱང་། །བསྒོམ་པའི་རོ་ལ་བརྩོན་བྱེད་ན། །
འཇམ་པའི་དབྱངས་ཉིད་ཐོབ་པར་འགྱུར། །འབུམ་ཕྲག་གཅིག་ནི་བཟླས་པར་བྱ། །ཡི་གེ་གསུམ་གྱི་སྔགས་ཆེན་པོ། །ཕཊ་ཡིག་མཐའ་རུ་སྙིང་གར་དགོད། །འོད་ཟེར་ལྔ་དང་ཡང་དག་ལྡན། །མ་ཤེས་བུད་ཤིང་བསྲེག་པ་པོ། །རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ནས། །དེ་ཡིས་བཏུ་བའི་ཆོ་ག་

བརྗོད། །དང་པོ་ས་ཡི་ཕ་རོལ་ཕྱིན། །དབྱངས་ཡིག་བཞི་པས་རྣམ་པར་བརྒྱན། །ར་ཡིག་ལ་ཞོན་འོད་ཟེར་འཕྲོ། །ཟླ་བ་ཐིག་ལེ་ཡང་དག་ལྡན། །དེ་ནི་ཏ་ཡིག་ལ་ཡང་སྦྱིན། །དེ་བཞིན་བཞི་པས་རྣམ་པར་བརྒྱན། །སླར་ཡང་ཧ་ཡིག་ལ་སྦྱོར་ཏེ། །ཨུ་ཡིག་རིང་པོ་ཡང་དག་ལྡན། །ཕཊ་ཀྱི་ཡི་གེའང་
དེ་ནས་སྦྱིན། །ཡོངས་རྫོགས་གྲུབ་པའི་སྔགས་ཉིད་དོ། །མཁས་པས་རལ་གྲིའི་གནས་སུ་ནི། །མི་ཡི་རུས་པའི་ཕྲེང་བ་བསམ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །སྔགས་མཆོག་ཡང་དག་བཟླས་པར་བྱ། །བརྟན་པའི་སེམས་ཀྱིས་བརྟག་བྱས་ན། །བདག་ཉིད་མཁས་ཤིང་སྙན་ངག་ཆེ། །རྟག་
ཏུ་བསྒོམ་པ་གོམས་པ་ཡིས། །དེ་ཉིད་ཐེ་ཚོམ་མེད་པར་འགྱུར། །སྒྲོལ་མའི་སྒྲུབ་ཐབས་བརྩམས་པ་ལས། །བདག་གིས་དགེ་བ་གང་བསགས་པ། །དེ་ཡིས་སྲོག་ཆགས་ཐམས་ཅད་ནི། །རྒྱལ་བའི་བསྟན་ལ་མཁས་པར་ཤོག །དེ་འདིར་རྟག་པའི་རྡོ་རྗེ་ཡིས། །བློ་འཕེལ་སྒྲུབ་ཐབས་བྱས་པ་
ཡིས། །ཟབ་མོ་ལ་ནི་མཁས་པ་རྣམས། །འདི་ལ་བཟོད་པ་མཛད་པར་རིགས། །རྒྱ་ནག་ཆེན་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། མྲྀ་ཏྱུ་བཉྩ་ན་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཆི་བ་སླུ་བའི་སྒྲོལ་མའི་
སྒྲུབ་ཐབས། སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་བསྒོམས་ནས། ཆུ་སྐྱེས་དཀར་པོའི་དབུས་གནས་པའི། །ཏཱཾ་ཡིག་ལས་བྱུང་ཟླ་བའི་གདན། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །མཆོག་སྦྱིན་དང་ནི་ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བ་ལྟ་
བུའི་འོད། །ཟླ་བའི་སྟེང་ན་ཡང་དག་བཞུགས། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ཡི་སྐུ་ལྡན་རིམ། །སྙིང་གར་འཕགས་མ་སྒྲོལ་མ་བསྒོམ། །དེ་ཡི་འཁོར་ལོ་ཟླ་འོད་བཞིན། །རེའུ་མིག་བརྒྱད་ལ་ཡི་གེ་བརྒྱད། །མངོན་པར་ཡོངས་སུ་བསྐོར་གྱུར་ཏེ། །ཨོཾ་ཧཱ་གསལ་བྱེད་
དབུས་གནས་པ། །བསྒྲུབ་བྱའི་མིང་ནི་ལྟེ་བར་བྱ། །མཁས་པས་རྩེ་གཅིག་ཡིད་ཀྱིས་ནི། །ངེས་པར་བརྟན་པོས་ཟླ་དྲུག་བསྒོམ། །ཡི་གེ་བཅུ་ཡི་སྔགས་འདི་ནི། །མི་སྐྱོའི་ཡིད་ཀྱིས་བཟླས་པར་བྱ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ། །སྒྲོལ་མའི་འཁོར་ལོ་སྒོམ་པ་པོས། །ཟླ་བ་དྲུག་གིས་

ངེས་པར་ནི། །དངོས་གྲུབ་ཐམས་ཅད་ཐོབ་འགྱུར་ཞིང་། །འཆི་བའི་སྐྱོན་གྱིས་མི་གོས་སོ། །འཆི་བ་སླུ་བའི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། མྲྀ་ཏྱུ་པཉྩ་ན་སཱི་ཏ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཆི་བ་སླུ་བ་སྒྲོལ་མ་དཀར་མོའི་
སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མའི་ཐུགས་ཀྱི་འཁོར་ལོ་བསྒོམ། །ཆེད་དུ་ཟླ་བ་དྲུག་གིས་ནི། །དངོས་གྲུབ་ཐམས་ཅད་ཐོབ་འགྱུར་ཞིང་། །འཆི་བའི་སྐྱོན་གྱིས་མི་གོས་སོ། །ངག་དབང་ཕྱུག་གིས་བསྟན་མཛད་པའི། །འཆི་བ་སླུ་བ་བསྡུས་པ་ལས། །ཕྱུང་ནས་སྒྲོལ་མ་དཀར་མོ་
ཡི། །བསྒོམས་པས་འཇིགས་པ་འཇོམས་བྱེད་པ། །སྡེ་བཞིའི་དང་པོ་ཨཾ་ཡིག་བཅས། །ནམ་མཁའ་ལ་ནི་འོད་ཟེར་འཕྲོ། །པད་དཀར་ཟླ་བའི་གདན་བལྟས་ནས། །མདུན་དུ་གསུམ་ལ་སྐྱབས་འགྲོ་བརྗོད། །རང་བཞིན་སྒྲོ་བཏགས་གཞོམ་ཕྱིར་དུ། །སྐད་ཅིག་སྟོང་ཉིད་བལྟ་བར་བྱ། །དེ་ནས་སྨོན་ལམ་མཐུ་
ཡིས་ནི། །བྱང་ཆུབ་སེམས་ཀྱི་ཡི་གེར་གྱུར། །ཆུ་སྐྱེས་དཀར་པོའི་དབུས་གནས་པའི། །ཟླ་བའི་གདན་གྱི་སྟེང་དུ་ནི། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །མཆོག་སྦྱིན་དང་ནི་ཨུཏྤ་ལ་བསྣམས། །སྟོན་ཀའི་ཟླ་བ་ལྟ་བུའི་འོད། །ཟླ་བའི་སྟེང་དུ་ཡང་དག་བཞུགས། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །
བཅུ་དྲུག་ལོ་ལོན་ལུས་ཅན་མ། །སངས་རྒྱས་ཀུན་དང་དེ་ཡི་སྲས། །ཡུམ་ནི་འདོད་པའི་གཟུགས་འཛིན་མ། །འཕགས་མ་སྒྲོལ་མ་སྙིང་གར་བསྒོམ། །དེ་ཡི་འཁོར་ལོའི་འོད་ཟེར་དཀར། །རེའུ་མིག་བརྒྱད་ལ་ཡི་གེ་བརྒྱད། །མངོན་པར་ཡོངས་སུ་བསྐོར་གྱུར་ཏེ། །ཨོཾ་ཧཱ་གསལ་བྱེད་དབུས་གནས་པ། །
བསྒྲུབ་བྱའི་མིང་ནི་ལྟེ་བར་བྱ། །མཁས་པས་རྩེ་གཅིག་ཡིད་ཀྱིས་ནི། །ངེས་པར་བརྟན་པོས་ཟླ་དྲུག་བསྒོམ། །ཡི་གེ་བཅུ་ཡི་སྔགས་འདི་ནི། །མི་སྐྱོའི་ཡིད་ཀྱིས་བཟླས་པར་བྱ། །ཨོཾ་གྱི་ཡི་གེ་དང་པོར་སྦྱིན། །ཕྱི་ནས་ཏཱ་རེ་རབ་ཏུ་སྦྱར། །ཏུཏྟཱ་རེ་ལས་ཏུ་རེ་ཕྱིས། །སྭཱ་ཧཱ་མཐའ་རུ་ལས་ཀུན་བྱེད། །ཚངས་
དབང་ཁྱབ་འཇུག་ཉི་ཟླ་དང་། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང་། །བ་སྤུའི་རྩེ་མོའང་གཅོད་མི་ནུས། །འཆི་བདག་ལས་རྒྱལ་གྲོལ་བ་བཞིན། །སྐྲ་དཀར་གཉེར་མ་སྐལ་ངན་དང་། །ནད་དང་དབུལ་སོགས་མདོར་བསྡུས་ན། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་བསྔལ་ཚོགས་

རྣམས་རབ་ཏུ་འཇོམས། །བསྐུལ་བ་མེད་པར་གོས་དང་ནི། །ཁང་བཟངས་རིན་ཆེན་ལ་སོགས་འཐོབ། །རལ་གྲི་མིག་སྨན་རྐང་མགྱོགས་དང་། །བུམ་པ་བཟང་པོ་ལ་སོགས་འགྲུབ། །སྙན་ངག་དང་ནི་སྨྲ་བ་མཁས། །བློ་རྣོ་ཤེས་རབ་དྲི་མ་མེད། །གཞན་ཡང་འདོད་པའི་དངོས་གྲུབ་རྣམས། །
འཁོར་ལོ་འདི་ལས་རབ་ཏུ་འབྱུང་། །ནད་དང་འཆི་བདག་འཇོམས་བྱེད་པ། །སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། །བྱས་པའི་དགེ་བ་གང་དེ་ཡིས། །འགྲོ་རྣམས་རང་བྱུང་སྒྲོལ་མར་ཤོག །འཆི་བ་སླུ་བའི་སྒྲོལ་མ་དཀར་མོའི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་ངག་གི་དབང་ཕྱུག་གྲགས་
པའི་སློབ་མ་ཐུ་བོས་མཛད་དོ།། །།༄༅༅། །རྒྱ་གར་སྐད་དུ། སཱི་ཏ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་པ་ཉིད་ལ་སོགས་པའོ། །དེ་ནས་སུཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་རང་
བཞིན་གྱི་རི་རབ་བོ། །དེའི་སྟེང་དུ་པཾ་ཡིག་ལས་པདྨ་དཀར་པོའོ། །དེའི་སྟེང་དུ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་སྤྱན་གསུམ་པ། ཕྱག་བཞི་པ། དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། སྣ་
ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཉིས་ཀྱིས་ཨུཏྤ་ལའི་ཕྱག་རྒྱ་མཛད་པ། ཕྱག་གཡས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་ཡང་དག་པར་ལྡན་པའི་མཆོག་སྦྱིན་གྱིས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་པ། གཡོན་ན་ཨུཏྤ་ལའི་སྙེ་མ་བསྣམས་པ་བསམ་
པར་བྱའོ། །དེའི་གཡས་ཕྱོགས་སུ་འོད་ཟེར་ཅན་སྐུ་མདོག་སེར་མོ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ན་བཟའ་སྔོན་པོ་ཅན། ཕྱག་གཉིས་པ། ཕྱག་གཡོན་ན་མྱ་ངན་མེད་པའི་ཤིང་དམར་པོའི་ཡལ་ག་བསྣམས་པ། གཡས་ན་རྔ་ཡབ་དཀར་པོ་བསྣམས་པ། སྟོད་གོས་དམར་པོས་བརྒྱན་པའོ། །
གཡོན་ཕྱོགས་ལོགས་སུ་རྨ་བྱ་ཆེན་མོ་པྲི་ཡཾ་ཀུའི་མེ་ཏོག་ལྟ་བུ་ལྗང་གུ་ཕྱག་གཉིས་པ། གཡོན་ན་རྨ་བྱའི་མཇུག་སྒྲོ་བསྣམས་པ། གཡས་ན་རྔ་ཡབ་བསྣམས་པ་དེ་ལྟ་བུའི་རྣམ་པ་གསལ་བ་ལ། ཨོཾ་བྷ་ག་བ་ཏི་ཏཱ་རེ་མ་མ་ཧྲྀ་ད་ཡཾ་པྲ་བི་ཤ་སྭཱ་ཧཱ། ཞེས་པས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་

ནས་སྔགས་བཟླས་པར་བྱའོ། །ཨོཾ་ན་མོ་ཏཱ་རེ་མ་ནོ་ཧ་ར་ཧཱུཾ་ཧ་ར་སྭཱ་ཧཱ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུའི་རྒྱལ་པོས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཥཊ་བྷུ་ཛ་ཤུ་ཀླཱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོ་ཕྱག་
དྲུག་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་སྟོང་པ་ཉིད་བསྒོམས་ཏེ། དེ་ནས་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་ལ་སོགས་པ་བསམ་པར་བྱའོ། །དེའི་དབུས་སུ་པཾ་ཡིག་ལས་སྐྱེས་
པའི་པདྨའི་སྟེང་དུ་ཨཾ་ཡིག་ལས་སྐྱེས་པའི་ཟླ་བ་ལ་ཧཱུཾ་ཡིག་དཀར་པོ་ལས་སྐྱེས་པའི་ས་བོན་དང་བཅས་པའི་ཨུཏྤ་ལ་བལྟ་བར་བྱའོ། །དེ་ལ་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་པ་སེར་པོ་དང་སྔོན་པོ་ནི་གཡས་
དང་ཅིག་ཤོས་ཀྱི་ཞལ་ལོ། །ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ། །མཆོག་སྦྱིན་དང་། བགྲང་ཕྲེང་དང་། མདའ་བསྣམས་པ་ནི་གཡས་ཀྱི་ཕྱག་གསུམ་མོ། །ཨུཏྤལ་དང་། པདྨ་དང་། གཞུ་བསྣམས་པ་ནི་གཡོན་གྱི་ཕྱག་གསུམ་མོ། །སྐྱིལ་ཀྲུང་ཕྱེད་པས་ཟླ་བའི་གདན་ལ་བཞུགས་
པ་ཟླ་བའི་འོད་ལྟ་བུ། རལ་པའི་ཐོར་ཚུགས་ལ་བཞུགས་པའི་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། དབུ་ལ་ཐོད་པ་ལྔས་རྣམ་པར་བརྒྱན་པ། ཟླ་བ་ཕྱེད་པས་དབུ་བརྒྱན་པ། རྒྱན་སྣ་ཚོགས་འཆང་བ། ལོ་བརྒྱད་གཉིས་ལོན་པ་ལྟ་བུ། དུར་ཁྲོད་བརྒྱད་ཀྱི་དབུས་ན་བཞུགས་པ། སྙིང་
གའི་ཟླ་བ་ལ་གནས་པའི་ས་བོན་ལས་བདག་ཉིད་བསམས་ཏེ། སྔགས་བཟླས་པར་བྱའོ། །ཨོཾ་ཨ་ཙ་ལེ་ཨ་ནི་མིཏྟ་བ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། སྨྱུང་གནས་དང་མཆོད་པ་སྔོན་དུ་འགྲོ་བས་ཐུན་མཚམས་བཞིར་ཟླ་བ་གཅིག་ཏུ་བཟླས་པས་ཞི་བ་ལ་སོགས་པར་འགྱུར་རོ། །སྒྲོལ་མ་དཀར་མོ་ཕྱག་
དྲུག་མའི་སྒྲུབ་ཐབས་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཛཱཾ་གུ་ལཱི་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས། སྒྲོལ་མ་དུག་སེལ་མ་ལ་ཕྱག་འཚལ་ལོ། །ཛཱཾ་གུ་ལཱི་ཡི་གཟུགས་འཛིན་པའི། །བཅོམ་ལྡན་སྒྲོལ་མ་ལ་ཕྱག་འཚལ། །

སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར། །དེ་ཡི་སྒྲུབ་ཐབས་མཆོག་གྱུར་བྲི། །དང་པོར་རེ་ཞིག་སྔགས་པས་གཙང་ཞིང་ཁྲུས་བྱས་ནས་ཕྲེང་བ་དང་གོས་དཀར་པོ་བགོས་ཏེ། སྐྱེ་བོས་དབེན་པའི་ས་ཕྱོགས་སུ་བྱུག་པ་བྱས་ལ་དྲི་བཟངས་དཀར་པོས་ཆག་ཆག་བཏབ་ནས་མེ་ཏོག་དཀར་པོ་གཅལ་དུ་བཀྲམ་
སྟེ། སྟན་བདེ་བ་ལ་འདུག་ནས་འགྲོ་བ་རྣམས་ལ་བྱམས་པ་དང་སྙིང་རྗེ་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས་སྟོང་པ་ཉིད་མངོན་དུ་བྱ་ཞིང་བསམས་ནས་པཾ་ཡིག་དཀར་པོ་ལས་སྐྱེས་པའི་པདྨ་དཀར་པོ་འདབ་མ་བརྒྱད་པའོ། །དེའི་སྟེང་
དུ་ཨཾ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་དཀར་པོ་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པ་འཕྲོ་བའོ། །དེ་ལས་བྱུང་བའི་བཅོམ་ལྡན་འདས་མ་དུག་སེལ་མ་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་མོ་ཕྱག་བཞི་པ། རལ་པའི་ཅོད་པན་ཅན། ན་བཟའ་དཀར་པོའི་སྟོད་
གཡོགས་ཅན། རིན་པོ་ཆེ་དཀར་པོའི་རྒྱན་དང་ལྡན་མ་སྦྲུལ་དཀར་པོས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རྩ་བའི་ཕྱག་གཉིས་ཀྱིས་པི་ཝང་བསྒྲེང་བ། གཉིས་པའི་གཡས་དང་གཡོན་པས་སྦྲུལ་དཀར་པོ་དང་། མི་འཇིགས་པའི་ཕྱག་རྒྱ་མཛད་པ། ཟླ་བའི་
འོད་ཟེར་གྱི་ཕྲེང་བ་ཅན་བསྒོམ་པར་བྱའོ། །སྤྱི་བོ་དང་མགྲིན་པ་དང་ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨཱཿཧྲཱིཿཧཱུཾ་གི་ཡི་གེ་ལ་སོགས་པ་ཇི་སྲིད་མི་ངལ་གྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཧྲཱིཿཡིག་འབུམ་ཕྲག་བདུན་བཟླས་ནས་མེ་ཏོག་དཀར་པོས་
སྦྱིན་སྲེག་ཁྲི་ཕྲག་བདུན་བྱའོ། །མཁས་པས་རྒྱན་ཐམས་ཅད་དཀར་པོ་གདགས་པར་བྱའོ། །དེ་ནས་བྱ་ཁྱུང་གི་དབང་ཕྱུག་གི་མཐུས་བསྟན་བཅོས་ཐམས་ཅད་ལ་མི་འཇིགས་པའི་མཁས་པར་འགྱུར་རོ་ཞེས་སོ། །འཕགས་མ་སྒྲོལ་མ་དུག་སེལ་མའི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། དྷ་ན་དཱ་ན་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལྗང་གུ་ཞལ་གཅིག་མ། །ཕྱག་བཞི་སྤྱན་གཉིས་ཁྱོད་མཉེས་ཕྱིར། །གང་གི་དཀྱིལ་འཁོར་འཁོར་ལོ་ཡི། །ལྷ་མོ་བཅུ་གཉིས་སྤྱན་

གཉིས་མ། །བཅོམ་ལྡན་འཕགས་མ་སྒྲོལ་མ་ཡི། །ཁྱད་འཕགས་ཤིན་ཏུ་རྙེད་དཀའ་བའི། །ནོར་སྦྱིན་རིམ་པའི་སྒྲུབ་པའི་ཐབས། །བསྡུས་ནས་བདག་གིས་བཤད་པར་བྱ། །རྣལ་འབྱོར་པས་སྔ་བར་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རང་གི་སྙིང་གར་ཟླ་བ་ལ་ཏཱཾ་ཡིག་ལྗང་གུ་
བལྟས་ལ་ཁ་བསང་བ་ལ་སོགས་པ་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿ སྭ་བྷཱ་བ་ཤུདྡྷོ྅ཧཾ ཞེས་བརྗོད་ནས་ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་པ་འདིས་སེ་གོལ་གྱིས་ཕྱོགས་བཅུར་བགེགས་བསྐྲད་ནས། རང་གི་སྙིང་གར་པཾ་ཡིག་ལས་སྐྱེས་པའི་ཆུ་སྐྱེས་དམར་པོའི་སྟེང་དུ་ཨ་ཡིག་ལས་སྐྱེས་པའི་ཟླ་
བ་ལ་གནས་པའི་རང་གི་ས་བོན་བསྒོམས་ནས། དེའི་འོད་ཟེར་གྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ནས་མདུན་གྱི་ནམ་མཁའ་ལ་བཞུགས་ཏེ་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱ་ཞིང་སྟོང་པ་ཉིད་དུ་བསྒོམས་ནས་བྱིན་གྱིས་
བརླབས་ཏེ། རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས། ཉི་མ་ལ་གནས་པའི་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་རྣམ་པར་བལྟས་ནས། དེའི་འོད་ཟེར་གྱིས་རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་དང་། རྡོ་རྗེའི་ས་གཞི་ཡང་བསམ་པར་བྱའོ། །དེ་ནས་སྣ་ཚོགས་རྡོ་རྗེའི་སྟེགས་བུ་ལ་བཾ་ཡིག་
དམར་པོ་ལས་སྐྱེས་པའི་ཆུ་སྐྱེས་ཀྱི་སྟེང་དུ་ཨ་ཡིག་ལས་ཟླ་བ་ལ་གནས་པའི་བྷྲཱུཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དཀར་པོའོ། །བྷྲཱུཾ་ཡིག་དབུས་སུ་བལྟས་ལ་པདྨ་དང་ཟླ་བ་དང་། ཉི་མའི་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པའི་རིན་པོ་ཆེ་ཐམས་ཅད་ཀྱི་རང་བཞིན་གྲུ་བཞི་ལ་སོགས་
པའི་ཡོན་ཏན་དང་ལྡན་པའི་འཁོར་ལོ་གཉིས་སོ། །སྙིང་པོའི་འཁོར་ལོ་ལ་གནས་པའི་ཆུ་སྐྱེས་འདབ་མ་བརྒྱད་པའི་ཟེའུ་འབྲུ་ལ་ཟླ་བ་དགུས་ཉེ་བར་མཛེས་པ་སྒོ་བཞི་ལ་གནས་པའི་ཉི་མའི་འོད་ཟེར་འབར་བའི་གཞལ་ཡས་ཁང་བལྟ་བར་བྱའོ། །དེ་ནས་དབུས་སུ་ཟླ་བའི་སྟེང་དུ་དེ་
བཞིན་དུ་ཏཱཾ་ཡིག་གོ། །དེ་ལ་སྤྲོ་བ་དང་བསྡུ་བ་བྱའོ། །དེ་ནས་དེའི་ས་བོན་ལས་བཅོམ་ལྡན་འདས་མ་སྒྲོལ་མར་བདག་ཉིད་བསྒོམ་པར་བྱ་སྟེ། ཟླ་བའི་གདན་ལ་ཞི་བའི་འོད་དང་ལྡན་ཞིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་སྐུ་མདོག་ལྗང་སྔོན། ཞལ་གཅིག་པ། སྤྱན་གཉིས་པ།

ཕྱག་བཞི་པ། བགྲང་ཕྲེང་དང་། མཆོག་སྦྱིན་དང་། ཨུཏྤ་ལ་དང་། པོ་ཏི་བསྣམས་པ། གོས་དང་རྒྱན་སྣ་ཚོགས་པ་དང་ལྡན་པའོ། །དེ་ནས་ཨོཾ་ནི་སྤྱི་བོ་རུའོ། །ཏཱ་ནི་དཔྲལ་བ་ལའོ། །རེ་ནི་སྤྱན་ལའོ། །ཏུ་ནི་མགྲིན་པ་ལའོ། །ཏྟཱ་ནི་དཔུང་པ་ལའོ། །རེ་ནི་སྙིང་གར་རོ། །ཏུ་ནི་ལྟེ་བ་ལའོ། །རེ་ནི་
གསང་བ་ལའོ། །སྭཱ་ནི་པུས་མོ་ལའོ། །ཧཱ་ནི་རྐང་པ་དག་ལ་དགོད་པར་བྱའོ། །དེ་ནས་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་རང་གི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བདག