Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 6 / 23 (50.000 ký tự/trang)
ཞིག་སྐྱེ་བ་འདི་དང་། སྐྱེ་བ་གཞན་རྣམས་སུ་ཐོག་མ་དང་ཐ་མ་ མེད་པའི་འཁོར་བ་ནས་འཁོར་བའི་སྐྱེ་གནས་རྣམས་སུ་བདག་གི་ལུས་དང་ངག་དང་ཡིད་ཀྱིས་ཀྱང་སྡིག་པའི་ལས་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། རྗེས་སུ་ཡི་རང་བར་བགྱིས་པ་དེ་རྣམས་ཐམས་ཅད་འཇིག་རྟེན་གསུམ་གྱི་མགོན་པོ་བཅོམ་ལྡན་འདས་སྤྲོ་བ་ཆེན་པོ་རྣམས་དང་། བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱན་སྔར་སོ་སོར་བཤགས་པར་བགྱིའོ། །ཆོ་ག་འདིས་སོ་སོར་བཤགས་ཤིང་སླར་ཡང་མི་བྱེད་པའི་སྡོམ་པ་འཛིན་ཅིང་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། རྫོགས་པའི་སངས་རྒྱས་དང་། རང་རྒྱལ་དང་། ཉན་ཐོས་རྣམས་དང་། བྱང་ཆུབ་ སེམས་དཔའ་རྣམས་དང་། གང་ཞིག་འཇིག་རྟེན་གསུམ་ན་མཆིས་པའི་དགེ་བ་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །དེའི་རྗེས་སུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་ མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཕྱི་ནས་ལམ་ལ་བརྟེན་པ་ནི་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ལམ་ལ་བདག་གིས་བསྟེན་གྱི་གཞན་ནི་མ་ཡིན་ནོ། །དེ་ནས་གསོལ་བ་གདབ་པར་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་ རྣམས་དང་དེའི་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའ་ཞིང་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་མཛད་དུ་གསོལ། དེའི་རྗེས་སུ་བསྐུལ་མ་གདབ་པར་བྱ་སྟེ། རྣམ་པ་དེ་བཞིན་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཀྱིས་བླ་ན་མེད་པའི་ ཆོས་གསུང་བཞིན་བསྟན་པས་གང་གིས་མྱུར་དུ་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ལས་བསྒྲལ་དུ་གསོལ། གསོལ་བ་བཏབ་པའི་རྗེས་སུ་དེ་ནས་བསོད་ནམས་ཡོངས་སུ་བསྔོ་བར་བྱའོ། །བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་ནས་གང་དེ་བཞིན་དུ་དགེ་བའི་རྩ་བ་ བསྐྱེད་པ་རྣམས་དེ་བཞིན་དུ་བདག་གིས་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱིའོ། །ཡང་ན་བསྡུས་ནས་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གསུངས་ཏེ། ཚིགས་སུ་བཅད་པ་འདི་བཀླག་པར་བྱའོ། །ལུས་དང་ངག་དང་ཡིད་ཀྱིས་གང་བགྱིས་པའི། །སྡིག་རྣམས་རྒྱལ་བ་རྣམས་ཀྱི་སྤྱན་སྔར་ བཤགས། །འཇིག་རྟེན་གསུམ་གྱི་དགེ་བ་ཐམས་ཅད་ལ། །རབ་ཏུ་དགའ་བས་རྟག་ཏུ་རྗེས་ཡི་རང་། །དཀོན་མཆོག་གསུམ་ལ་རྟག་ཏུ་བདག་སྐྱབས་མཆི། །རྒྱལ་བའི་གསུང་ལ་སྐྱབས་ཤིང་བསྟེན་པར་བགྱི། །ཇི་སྲིད་སྲིད་པ་བརྟན་གྱུར་དེ་སྲིད་དུ། །སྐྱེ་དགུའི་ཡབ་རྣམས་མྱ་ ངན་མི་འདའ་ཞིང་། །འདིར་ཡང་རྟག་ཏུ་སེམས་ཅན་དོན་མཛད་ཅིང་། །སངས་རྒྱས་སྲས་བཅས་དེ་རྣམས་བཞུགས་སུ་གསོལ། །ཐེ་ཚོམ་མཐར་བྱེད་ཇི་ལྟ་བ་ཡི་ཆོས། །ཀྱེ་ཀྱེ་མཐུ་ཆེན་ཁྱོད་ཀྱིས་བསྟན་དུ་གསོལ། །འཁོར་བའི་རྒྱ་མཚོར་འགྲོ་རྣམས་ལྷན་ཅིག་དེར། །གང་གིས་ཕ་རོལ་འགྲོ་ཞིང་བདེ་ བསགས་པ། །བསོད་ནམས་རབ་ཏུ་གང་བསགས་འདི་ཀུན་ཀྱང་། །རྫོགས་པའི་བྱང་ཆུབ་བདག་གིས་བསྔོ་བར་བགྱི། །རྒྱལ་བ་རྣམས་དང་དེ་ཡི་སྲས། །བདག་དང་འགྲོ་བའི་བླ་མ་ལ། །བདག་གིས་དངོས་པོ་ཐམས་ཅད་ནི། །ཐམས་ཅད་དུ་ནི་དབུལ་བར་བགྱི། །ཞེས་པ་འདིས་མཆོད་པ་རྣམ་པ་ བདུན་གྱིས་མཆོད་ནས། ཨོཾ་ཨཱཿཧཱུཾ་མུཿཞེས་པས་གཤེགས་སུ་གསོལ། དེ་ནས་ཚད་མེད་པ་བཞི་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་མཚན་ཉིད་རྣམས་ནི་འོག་ནས་འཆད་པར་འགྱུར་བའི་རིམ་པས་བསྒོམ་པར་བྱའོ། །དེ་ལ་འདིར་བྱམས་པས་ནི་སེམས་ཅན་ཐམས་ ཅད་ལ་ཤིན་ཏུ་ཕན་པར་བྱེད་ཅིང་། བུ་གཅིག་པ་ལྟར་མཉེས་གཤིན་པའི་མཚན་ཉིད་ཅན་ནོ། །སྙིང་རྗེ་ནི་ཅི་འདྲ་ན། གཏིང་མཐའ་མེད་པའི་འཁོར་བའི་རྒྱ་མཚོའི་ནང་དུ་ལྷུང་བའི་མཐའ་ཡས་པའི་སེམས་ཅན་གྱི་ཁམས་བདག་གིས་ཡང་དག་པར་གདོན་པར་འདོད་པའི་བསམ་པ་ཅན་ནོ། །ཡང་དགའ་ བ་ནི་ཅི་འདྲ་ན། ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་ཀྱང་གང་ཞིག་ལེགས་པར་སྤྱོད་པ་དེ་རྣམས་ལ་དེའི་ལོངས་སྤྱོད་ཀྱི་དབང་ཕྱུག་ལ་སོགས་པ་རྣམས་ལ་སེམས་དགའ་བའོ། །གང་འདིར་བཏང་སྙོམས་ནི་ཁོང་ཁྲོ་བ་དང་། རྗེས་སུ་བརྩེ་བ་དག་ངེས་པར་བཅིངས་ཤིང་ཕན་པ་དང་། གནོད་པར་ བྱེད་པ་སྤངས་ནས་སེམས་ཅན་རྣམས་ལ་མཆོག་ཏུ་ཕན་པར་སྤྱོད་པ་སྟེ། ཚད་མེད་པ་བཞི་སྒོམ་ཞིང་། དེ་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པར་བསམ་པར་བྱའོ། །ཆོས་ཐམས་ཅད་འདི་བཞིན་དུ་རང་བཞིན་ངོ་བོ་ཉིད་མེད་ཅིང་ཡོངས་སུ་དག་པའོ་ཞེས་པ་ལ་སོགས་པ་མངོན་དུ་བྱའོ། ། འདི་བཞིན་དུ་ཆོས་ཐམས་ཅད་རང་བཞིན་ཡོངས་སུ་དག་ཅིང་། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་པ་འདིས་བརྟན་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་ཡོངས་སུ་དག་པ་ལ་གསར་དུ་སྒྲིབ་པར་མི་འགྱུར་རོ་ཞེ་ན། བདེན་ཏེ། གཞན་འདིར་འགྱུར་བ་དང་མི་འགྱུར་བ་དེ་བཞིན་དུ་གང་ ལས་འགྱུར་བ་ནི་འཁོར་བའི་རྒྱུ་འདོད་ཆགས་ལ་སོགས་པའི་དྲི་མ་སྣ་ཚོགས་པའི་ཕྱིར་སླར་ཡང་ཆོས་ཐམས་ཅད་ཀྱིས་ཇི་ལྟར་མེད་པར་འགྱུར་ན། ཁྱད་པར་དུ་འཕགས་པའི་ལམ་བསྒོམ་པ་དེས་འགོག་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འགོག་པ་མངོན་དུ་བྱ་ཞེས་སོ། །དེའི་ཕྱིར་ན་ཆོས་ཐམས་ ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ཞེས་བྱ་བ་ལ་སོགས་པའི་ཚིག་ལས་བསྐྱེད་པ་བཞིན་ནོ། །འདིར་མང་པོ་སྨྲས་པས་ཅི་ཞིག་བྱ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡོངས་སུ་དག་པ་མངོན་དུ་བྱ་བའི་ཕྱིར། ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་བསྒོམ་པར་བྱའོ། །དེ་ལ་འདིར་སྟོང་པ་ཉིད་ ནི་ཡིད་ཙམ་གྱིས་དེ་བཞིན་དུ་འདིར་དེ་དང་དེའི་རྣམ་པས་བདག་ཉིད་སྣང་ཞིང་སོ་སོར་གསལ་བར་བྱ་སྟེ། དཔེར་ན་རྨི་ལམ་བཞིན་ནོ། །ཕྱི་རོལ་དུ་ཡིད་ཀྱིས་གཟུང་བ་མེད་དེ་ཡིད་ཀྱིས་སོ། །གཟུང་བའི་དངོས་པོ་མེད་ན་འཛིན་པའི་ཡིད་ཀྱང་མེད་དོ། །དེའི་ཕྱིར་ཆོས་ཐམས་ཅད་ཀྱང་ཡིད་ཀྱི་རང་ བཞིན་ནོ། །དེ་རྣམས་ཀྱི་གཟུང་བ་དང་འཛིན་པ་ལ་སོགས་པའི་རྟོག་པའི་སྤྲོས་པ་མཐའ་དག་ཇི་སྙེད་པ། དོན་དམ་པ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་དོ། །འདིའི་དོན་གཉིས་སུ་མེད་པའི་སྣང་བ་ཙམ་གྱི་བདག་ཉིད་དུ་གཡོ་བ་དང་། མི་གཡོ་བའི་འགྲོ་བ་ཐམས་ཅད་བསམ་པར་བྱའོ། །འདིར་དེ་བཞིན་དུ་ སྟོང་པ་ཉིད་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །རི་དྭགས་ཀྱིས་མཚན་པའི་དྲི་མ་དང་བྲལ་བའི་མཚན་མོར་བྱེད་པའི་དཀྱིལ་འཁོར་གྱི་སྟེང་དུ་ཤིན་ཏུ་དཀར་ཞིང་དཀར་བའི་ཧྲཱིཿཡིག་གི་ས་བོན་ལས་བཅོམ་ལྡན་འདས་དཔལ་ལྡན་མཁའ་ལ་ གཤེགས་པའི་འཇིག་རྟེན་དབང་ཕྱུག་སྟོན་ཀའི་ཟླ་བ་དྲི་མ་མེད་པའི་དཀྱིལ་འཁོར་བརྒྱ་ཤར་བ་ལྟར་ཤིན་ཏུ་དཀར་བའི་སྐུ་ཅན། མཆོག་ཏུ་སྒེག་པའི་ཉམས་འབར་ཞིང་ཡིད་དུ་འོང་བ། རིན་པོ་ཆེ་སྣ་ཚོགས་པ་ལ་སོགས་པས་བརྒྱན་ཅིང་རྣམ་པར་སྤྲས་པའི་སྐུ་མངའ་བ། རལ་པའི་ཅོད་པན་འཛིན་པ། པདྨ་ དཀར་པོ་རྒྱས་པའི་སྤྱན་མངའ་བ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་རྒྱལ་བའི་རིན་པོ་ཆེས་དབུ་རྣམ་པར་མཛེས་པ། གངས་ཀྱི་བྱེ་མའི་ཆུས་བཀྲུས་པ་བཞིན་དཀར་བའི་ན་བཟའ་སྐུ་ལ་བསྣམས་པ། ཤིང་རྟའི་འཁོར་ལོའི་ཚད་ཙམ་པའི་ཤིན་ཏུ་ཡིད་དུ་འོང་བའི་ཆུ་སྐྱེས་ དཀར་པོའི་སྟེང་ན་གནས་པའི་རི་དྭགས་ཀྱི་མཚན་མ་དང་བྲལ་བའི་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཕྱག་གཡས་པ་མཆོག་སྦྱིན། གཡོན་པ་ཡིད་འཕྲོག་པའི་པདྨ་དཀར་པོ་ཁ་འབུས་པ་བསྣམས་པ། དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་ཀྱི་སྐུར་བདག་ ཉིད་བསྐྱེད་ཅིང་བསྒོམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་ལོགས་སུ་འཕགས་མ་སྒྲོལ་མ་དང་ནོར་བཟངས་སོ། །གཡོན་ཕྱོགས་ལོགས་སུ་ཁྲོ་གཉེར་ཅན་དང་རྟ་མགྲིན་བསྒོམ་པར་བྱའོ་ཞེས་སོ། །མགོ་བོར་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ཡིག་གོ། །དེའི་ རྗེས་སུ་མགྲིན་པར་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿཡིག་གོ། །སྙིང་གར་དྲི་མ་མེད་པའི་ཀུ་མུ་ཏའི་གཉེན་གྱི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་བལྟ་བར་བྱའོ། །དེའི་རིམ་པ་འདིས་ཇི་སྲིད་འདོད་ཀྱི་བར་དེ་སྲིད་བསྒོམ་པར་བྱའོ། །དེའི་རྗེས་ལ་དེ་བཞིན་དུ་དམ་ཚིག་སེམས་དཔའི་གཟུགས་ ཀྱིས་བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཐུགས་ཀར་རི་དྭགས་ཀྱི་མཚན་མ་དང་བྲལ་ཞིང་དྲི་མ་མེད་པའི་རི་བོང་འཛིན་པའི་དཀྱིལ་འཁོར་གྱི་སྟེང་དུ་སྨིན་དྲུག་གི་ཟླ་བའམ། ཀུན་དའི་མདོག་ལྟ་བུའི་ཧྲཱིཿཡིག་གི་ས་བོན་ལས་སྐྱེས་པའི་འོད་ཟེར་ཁོར་ཡུག་གི་མཐར་ཐུག་པར་འཕྲོས་ཏེ། འཇིག་ རྟེན་གསུམ་གྱི་མི་ཤེས་པའི་མུན་པ་བཅོམ་པར་གྱུར་ནས། ཐོག་མ་མེད་པ་ནས་ཡང་དག་པར་བསྒྲུབས་པའི་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་སྐུ་ཤིན་ཏུ་རིང་པོ་ནས་ནམ་མཁའི་ཕྱོགས་སུ་གདན་དྲངས་ཤིང་བཀུག་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་མདུན་གྱི་ནམ་མཁའི་ཕྱོགས་ སུ་བཞུགས་ནས་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་གསེར་གྱི་སྣོད་དུ་དྲི་བཟང་གི་ཆུ་དང་། དྲི་ཞིམ་པོའི་མེ་ཏོག་བཅུག་སྟེ། དེས་དེ་བཞིན་དུ་གདན་དྲངས་པའི་ཡེ་ཤེས་སེམས་དཔའི་སྐུ་བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་ཞབས་ལ་མཆོད་ཡོན་ཕུལ་ནས། དེའི་རྗེས་སུ་ལྷའི་མེ་ ཏོག་དང་། སྤོས་དང་། མར་མེ་དང་། ཞལ་ཟས་དང་། དྲི་དང་། ཕྲེང་བ་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་ལ་སོགས་པ་རྣམས་ཀྱིས་ཕྱི་དང་། གསང་བའི་མཆོད་པ་དང་། ཕྱི་རོལ་གྱི་སྣ་ཚོགས་པའི་རིམ་པས་དེ་བཞིན་དུ་ བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་བདག་ཉིད་ལ་མཆོད་པར་བྱའོ། །སླར་ཡང་མངོན་པར་མཆོད་ཅིང་བསྟོད་ནས་ཛཿཧཱུཾ་བཾ་ཧོཿཞེས་པའི་ཡི་གེ་བཞི་པོ་འདིའི་ཕྱག་རྒྱ་བལྟ་བར་བྱའོ། །ཅུང་ཟད་ཐལ་མོ་གུག་པོར་སྦྱར་ནས་གུང་མོ་རྩེ་མོར་བྱས་ཏེ། སོར་མོའི་ལྷག་མ་རྣམས་ཅུང་ཟད་ཁ་བསྡུས་ ཤིང་ཁ་མངོན་དུ་བྱས་ཏེ། ཅུང་ཟད་མ་རེག་པར་གཟུང་བར་བྱའོ། །མཐེ་བོ་དང་མཛུབ་མོ་དག་ཉེ་བར་གནས་ཤིང་ཆུ་སྐྱེས་ཁ་བྱེ་བའི་ཕྱག་རྒྱའོ། །ཕྱག་རྒྱ་འདིས་དེ་བཞིན་དུ་གདན་དྲངས་ནས་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་མཚན་ཉིད་ཡོངས་སུ་མཉེས་པར་བྱས་ནས། ཡང་དམ་ཚིག་ སེམས་དཔའི་གཟུགས་ལ་བཅོམ་ལྡན་འདས་ནང་དུ་བསྒོམ་པར་བྱའོ། །ཨོཾ་ཨཱཿཧཱུཾ་ཞེས་པ་འདིས་གཉིས་སུ་མེད་པ་འདི་དག་ཉིད་ལྷག་པར་མོས་པར་བྱའོ། །དེའི་རྗེས་ལ་རི་དྭགས་ཀྱི་མཚན་མ་དང་བྲལ་བའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཐིམ་ཞིང་། དྲི་མ་མེད་པའི་རྩའི་དབང་པོའི་དཀྱིལ་ འཁོར་བརྒྱའི་འོད་ཟེར་གྱི་ཚོགས་འབར་བའི་ཧྲཱིཿཡིག་གི་ས་བོན་ལས་རྣམ་པར་འཕྲོས་ནས་གྲངས་མེད་གཞལ་དུ་མེད་པའི་བཅོམ་ལྡན་འདས་དཔལ་ཁརྶ་པཱ་ཎི་འཇིག་རྟེན་དབང་ཕྱུག་རྗེ་བཙུན་ཕྱོགས་བཅུ་ནས་བྱོན་ཞིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ཀྱི་ནམ་མཁའ་ལ་བཞུགས་ནས། ཡང་ དེ་ན་གནས་པའི་སེམས་ཅན་རྣམས་ལ་གསེར་དང་། རིན་པོ་ཆེ་དང་། མུ་ཏིག་དང་། མུ་མེན་དང་། བྱི་རུ་དང་། བཻ་ཌཱུརྱ་དང་། ཨིནྡྲ་ནཱི་ལ་ལ་སོགས་པའི་རིན་པོ་ཆེའི་ཆར་ཕབ་ནས། དབུལ་བ་ལ་སོགས་པའི་སྡུག་བསྔལ་བཅོམ་ཞིང་། བླ་ན་མེད་པའི་དཔལ་འབྱོར་ལ་བཀོད་ནས། བདག་མེད་ པ་ལ་སོགས་པའི་ཆོས་གསུངས་པས་བདུད་རྩིའི་རྒྱུན་བབ་པ་དེས་ཡང་དག་པར་ཚིམ་པར་བྱས་ནས་སླར་ཡང་རྒྱུན་མི་འཆད་པར་སྣ་ཚོགས་པའི་རབ་ཏུ་བྱེད་པས། གཞན་གྱི་དོན་མཛད་ནས་འགྲོ་བ་རྣམས་ཀྱང་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྐྱེད་ནས། དེ་ལ་ཡང་ བསིལ་ཟེར་བྱེད་པའི་དཀྱིལ་འཁོར་གྱི་དབུས་སུ་ཤེལ་དང་། ནོར་བུའི་འོད་ཟེར་ཕྲེང་བ་ལྟ་བུའི་ཧྲཱིཿཡིག་གི་ས་བོན་བཀོད་ནས། དེ་བཞིན་དུ་བཅོམ་ལྡན་འདས་ནང་དུ་ཡང་དག་པར་ཞུགས་པར་གྱུར་ཏེ། དེ་ལྟ་བུ་ལ་སོགས་པ་སྤྲོ་བ་དང་བསྡུ་བའི་རིམ་པས་ཇི་སྲིད་ངལ་བར་མ་ གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་ཡང་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿསྭཱ་ཧཱ་སྔགས་གང་བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་སྙིང་པོ་ཐུན་མོང་མ་ཡིན་པའི་མཐུ་དང་ལྡན་པ་དེ་དག་གིས་དེ་བཞིན་དུ་སྔགས་ཀྱི་རྒྱལ་པོ་སྟེ། ཐམས་ཅད་ཀྱིས་དེ་ བཞིན་དུ་རྒྱལ་བ་མཆོག་རྣམས་ཀྱིས་མངོན་པར་མཆོད་པས་བཀུར་སྟི་དང་ཕྱག་བྱའོ་ཞེས་སོ། །ཏིང་ངེ་འཛིན་ལས་ལངས་ནས་འགྲོ་བ་རྣམས་འཇིག་རྟེན་དབང་ཕྱུག་གི་སྐུར་བལྟ་ཞིང་། དེའི་ང་རྒྱལ་བྱས་ནས་ཇི་ལྟར་འདོད་པ་བཞིན་གནས་པར་བྱའོ་ཞེས་སོ། །ཆོ་ག་འདིས་བཅོམ་ལྡན་འདས་མང་དུ་བསྒོམས་ན། རལ་གྲི་ལ་སོགས་པའི་དངོས་གྲུབ་མཐའ་དག་མངོན་དུ་བྱེད་ཅིང་ཞབས་ཀྱི་དྲུང་དུ་ཡང་དག་པར་འབྱུང་ཞིང་འཇུག་ན། གཞན་དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས་ཏེ། ངེས་པར་འབྱུང་ངོ་། །གང་ཞིག་སྐྱེ་བོས་དབེན་པའི་ནགས་ཚལ་དང་། དུར་ཁྲོད་དང་། རིའི་ཕུག་རྣམས་སུ་གནས་ནས་བཅོམ་ལྡན་འདས་སྒོམ་ པ་དེ་རྣམས་ཀྱིས་ཡུན་མི་རིང་བར་དེ་བཞིན་དུ་འདིར་ངེས་པར་བཅོམ་ལྡན་འདས་མངོན་དུ་བྱེད་དེ། བཅོམ་ལྡན་འདས་རང་ཉིད་ཀྱིས་དེ་རྣམས་ཀྱི་དབུགས་འབྱིན་པ་དང་རབ་ཏུ་དབུགས་འབྱིན་པ་ལ་སོགས་པ་སྟེར་བར་མཛད་དོ། །ངེས་པར་ཞུགས་ན་མང་པོ་སྨྲས་པས་ཅི་ཞིག་བྱ། མཆོག་ཏུ་ཤིན་ཏུ་རྙེད་པར་དཀའ་ བའི་སངས་རྒྱས་ཉིད་ཀྱང་དེ་རྣམས་ཀྱི་ལག་པའི་མཐིལ་ན། རག་ཆུང་གི་འབྲས་བུ་གཞག་པ་བཞིན་དུ་འགྱུར་རོ་ཞེས་སོ། །དཔལ་ལྡན་མཁའ་སྤྱོད་འཇིག་རྟེན་མགོན། །མཆོག་གི་སྒྲུབ་ཐབས་བྱས་པ་ཡིས། །བསོད་ནམས་གང་བསགས་དེ་ཡིས་ནི། །འཇིག་རྟེན་ཐུབ་པའི་དྲུང་འགྲོ་ཤོག །དཔལ་ལྡན་ མཁའ་སྤྱོད་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་ཅུང་ཟད་རྒྱས་པར་མཛད་པ། ཨ་ནུ་པ་མ་རཀྵི་ཏས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཁརྶ་པཱ་ཎ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ལྡན་མཁའ་སྤྱོད་ཀྱི་སྒྲུབ་ཐབས། དཔལ་ལྡན་མཁའ་སྤྱོད་ལ་ཕྱག་འཚལ་ལོ། ། དང་པོར་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿཡིག་ལས་འོད་ཟེར་བལྟས་ཏེ། འོད་ཟེར་དེས་འོག་མིན་གྱི་ས་ལ་ཞུགས་ ཏེ། འཇིག་རྟེན་དབང་ཕྱུག་གདན་དྲངས་ནས་མདུན་གྱི་ནམ་མཁའི་མཐིལ་དུ་བལྟས་ཏེ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །འདི་ལྟ་སྟེ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བདག་ཉིད་དབུལ་བ་ དང་། གསོལ་བ་འདེབས་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ནས། ཚངས་པའི་གནས་བཞི་བསྒོམ་པར་བྱ་སྟེ། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སོ། །དེ་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་རང་གི་ལུས་ གཟུགས་བརྙན་དང་འདྲ་བར་བལྟས་ལ། སྙིང་གའི་དབུས་སུ་པཾ་ཡིག་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཿཡིག་དམར་པོའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བཀུག་ཅིང་བཅུག་ནས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་ གཟུགས་སུ་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་པོ་རལ་པའི་ཅོད་པན་ཅན། ཕྱག་གཡས་པ་མཆོག་སྦྱིན། ཅིག་ཤོས་ན་པདྨ་དཀར་པོ་བསྣམས་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན། མཚན་སུམ་ཅུ་རྩ་གཉིས་དང་ ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ཟླ་བའི་གདན་ལ་ཟླ་བའི་འོད་ལྟ་བུའི་བདག་ཉིད་རྣམ་པར་བསྒོམ་པར་བྱའོ། །དེའི་གཡས་སུ་འཕགས་མ་སྒྲོལ་མ་དང་ནོར་བཟངས། གཡོན་དུ་ཁྲོ་གཉེར་ཅན་དང་རྟ་མགྲིན། ཤར་དུ་རྣམ་པར་སྣང་མཛད། ལྷོར་རིན་ཆེན་འབྱུང་ལྡན། ནུབ་ཏུ་འོད་དཔག་ མེད། བྱང་དུ་དོན་ཡོད་གྲུབ་པ་རྣམས་སོ། །མེར་སྤྱན་མ། བདེན་བྲལ་དུ་མཱ་མ་ཀཱི། རླུང་དུ་གོས་དཀར་མོ། དབང་ལྡན་དུ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་རྣམས་སོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་དགུག་ཅིང་རབ་ཏུ་གཞུག་པར་བྱའོ། །མིག་ལ་སོགས་པ་བྱིན་གྱིས་ བརླབས་ཤིང་། ལུས་དང་ངག་དང་ཡིད་བྱིན་གྱིས་བརླབས་ནས་དབང་བསྐུར་བ་ཞུ་བར་བྱའོ། །ཇི་ལྟར་འཁྲུངས་ཙམ་ཉིད་ནས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་བ། །ལྷ་ཡི་ཆུ་བོ་དག་པ་ཡིས། །དེ་བཞིན་བདག་ཀྱང་ཁྲུས་མཛད་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། སྤྱན་མ་ལ་སོགས་པའི་ལྷ་མོ་བཅུ་ཡང་དག་པར་སྤྲོས་ནས་མཆོད་པ་དང་བསྟོད་པ་བྱས་ཏེ། སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་སོ། །དཔལ་ལྡན་མཁའ་སྤྱོད་ཀྱི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་སྒྲའི་སྒྲུབ་ཐབས། རྗེ་བཙུན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །སྤྱན་གསུམ་སེང་གེ་ལ་གནས་ཤིང་། །བླ་མ་ནད་ཀུན་འཇོམས་བྱེད་པའི། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་ སྔགས་པས་ཁ་བསང་བ་ལ་སོགས་པ་བྱས་ཏེ། ཡིད་དང་མཐུན་པའི་གནས་སུ་གདན་བདེ་བ་ལ་ཉེ་བར་འདུག་སྟེ། ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿཡིག་དཀར་པོ་སྙིང་གར་བལྟས་ལ། དེའི་འོད་ཟེར་གྱིས་ཁམས་གསུམ་སྣང་བར་བྱས་ཏེ། འོག་མིན་གྱི་གནས་སུ་སོང་སྟེ། སེང་གེ་སྒྲ་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་གདན་དྲངས་ཏེ། མདུན་གྱི་ནམ་མཁའ་ལ་བཞུགས་ནས། དེའི་རྗེས་སུ་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་ པར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་འདིས་སྟོང་པ་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྨོན་ལམ་རྗེས་སུ་དྲན་པར་བྱས་ནས་པཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ། དེའི་སྟེང་དུ་ཨ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨཱཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་སེང་གེ་དཀར་པོ། དེའི་སྟེང་དུ་ཨཾ་ཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ་དཀར་པོ། དེའི་ལྟེ་བ་ལ་ཧྲཱིཿཡིག་དཀར་པོ་འོད་ཟེར་འཕྲོ་ཞིང་འགྱེད་པ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་སེང་གེ་སྒྲའི་གཟུགས་སུ་བདག་ཉིད་བལྟ་བར་བྱའོ། །ཡན་ ལག་ཐམས་ཅད་དཀར་ཞིང་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ་རལ་པའི་ཅོད་པན་བཅིངས་པ། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། རྒྱལ་པོ་ཆེན་པོ་རོལ་པའི་སྟབས་ཀྱིས་སེང་གེའི་ཁྲི་ལ་བཞུགས་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། དེ་བཞིན་གཤེགས་པ་ལྔ་འཕྲོ་ ཞིང་རོལ་པའི་དཔའ་བོ་ལྔ་དང་ཟླ་བ་ཕྱེད་པས་བརྒྱན་པ། ཕྱག་གཡོན་ན་པདྨ་དཀར་པོའི་སྟེང་དུ་རལ་གྲི་དཀར་པོ་དང་། དེ་དང་ཉེ་བར་གནས་པའི་པདྨ་དཀར་པོའི་སྟེང་དུ་མེ་ཏོག་དྲི་བཟང་སྣ་ཚོགས་པས་ཡོངས་སུ་གང་བའི་ཐོད་པ་དཀར་པོ། གཡས་ན་པདྨ་དཀར་པོའི་སྟེང་ན་སྦྲུལ་དཀར་པོས་དཀྲིས་ པའི་དབྱུ་གུ་རྩེ་གསུམ་པ་དཀར་པོའོ། །དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ་སྭཱ་ཧཱ། ཆོ་ག་འདིས་སྐུ་གཟུགས་བྱས་ཏེ། ཡང་ན་རས་རིས་བྱས་ལ། བཅོམ་ལྡན་འདས་ཀྱི་མདུན་དུ་སོ་སོའི་མཎྜལ་བྱས་ ལ་གཟུངས་ལན་གཅིག་བཀླག་པར་བྱའོ། །དེ་ལ་གཟུངས་ནི་འདིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ་ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ་བཱིརྱེ་སྭཱ་ཧཱ། ས་ལ་མ་ལྷུང་བའི་བའི་ལྕི་བ་ལ་མངོན་པར་བསྔགས་ནས་མཎྜལ་བརྒྱད་བྱས་ ལ། མཎྜལ་སོ་སོ་ལ་ལན་བཅུ་གསུམ་གྱི་བར་དུ་གཟུངས་བཀླག་པར་བྱའོ། །མཎྜལ་སོ་སོའི་དྲི་མ་ལྷག་པའི་ལྕི་བ་དེ་ལ་གཟུངས་ལན་བདུན་དུ་མངོན་པར་བསྔགས་ནས་དེས་ནད་པ་ལ་བྱུག་པར་བྱའོ། །ཉི་མ་བདུན་ནམ། ཉི་མ་བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་གིས་དེ་བཞིན་དུ་བྱས་པས་མཚམས་མེད་པ་ལྔ་བྱེད་ པས་ཀྱང་འགྲུབ་པར་འགྱུར་རོ། །གལ་ཏེ་མ་འགྲུབ་ན་དེའི་ཚེ་ངས་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །སེང་གེ་སྒྲའི་སྒྲུབ་ཐབས་རྫོགས་སོ། །བདག་གི་སྒྲུབ་ཐབས་ཆོ་ག་འདིས། །གང་ཞིག་ནོར་དང་དགེ་ཐོབ་ཅིང་། །མགོན་པོ་སེང་གེ་སྒྲ་དང་ནི། །འགྲོ་བ་རྣམས་ནི་ནད་མེད་ཤོག །པཎྜི་ཏ་ཨ་བ་དྷཱུ་ཏཱི་པ་དཔལ་ ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀེ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་མགོན་པོའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་རིམ་པ་སྔོན་མ་བཞིན། །འཇིག་རྟེན་མགོན་པོ་ཟླ་བའི་འོད། །ཧྲཱིཿ ཡི་ཡི་གེ་ལས་བྱུང་བའི། །རལ་པའི་ཅོད་པན་གྱིས་བརྒྱན་པ། །རལ་པའི་མཐར་གནས་རྡོ་རྗེ་ཆོས། །ནད་རྣམས་མ་ལུས་འཇོམས་བྱེད་པ། །ཕྱག་གཡས་མཆོག་སྦྱིན་དེ་བཞིན་དུ། །གཡོན་པ་ན་ནི་པདྨ་བསྣམས། །རོལ་པའི་སྟབས་ཀྱིས་ཡང་དག་བཞུགས། ། ཞི་བ་ཆེན་པོའི་འོད་རབ་འབར། །མཆོག་སྦྱིན་ཨུཏྤལ་ཕྱག་ན་བསྣམས། །ཞི་བའི་སྒྲོལ་མ་གཡས་ཕྱོགས་བཞུགས། །དེ་ནས་རྟ་མགྲིན་གཡོན་ཕྱོགས་ན། །ཕྱག་འཚལ་བ་དང་དབྱུག་པའི་ཕྱག །དྲག་ཆེན་སྐུ་མདོག་དམར་པོ་སྟེ། །སྟག་གི་པགས་པའི་ན་བཟའ་དགྱེས། །དེ་བཞིན་ཆོ་ག་ ཡང་དག་ལྡན། །འཇིག་རྟེན་མགོན་པོ་རབ་བསྒོམས་ན། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཡིད་ཀྱི་ཤིང་རྟ་གང་བར་འགྱུར། །འདིར་སྔགས་ནི། ཨོཾ་ཧྲཱིཿཞེས་སོ། །འཇིག་རྟེན་མགོན་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀི་ཤྭ་ ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལཱཾ་གི་ས་བོན་ལས་ཡང་དག་པའི་མཐར་ཐུག་པ་ཐམས་ཅད་ཆོ་ག་སྔོན་མ་བཞིན་དུ་བྱའོ། །དེ་ལས་ལཱཾ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་མགོན་པོ་ཟླ་བའི་འོད་ ཟེར་ལྟ་བུ་འབར་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རལ་པའི་ཅོད་པན་ཅན། པདྨ་དང་ཟླ་བ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡོན་ན་པདྨ་བསྣམས་ཤིང་། གཡས་མཆོག་སྦྱིན་པ་བསྒོམ་པར་བྱའོ། །དམ་ཚིག་གི་ཕྱག་རྒྱ་ནི་ཁུ་ཚུར་གཉིས་བཅིངས་ནས་གུང་མོ་དག་པདྨ་ ཁ་འབུས་པའི་རྣམ་པར་སྦྱར་བར་བྱའོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པ་ནི་བཟླས་པའི་སྔགས་སོ། །འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་སྒྲའི་སྒྲུབ་ཐབས། རྗེ་བཙུན་སེང་གེ་སྒྲ་ ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་དང་པོར་ཁ་བསང་བ་ལ་སོགས་པ་བྱས་ནས། སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཨ་ཡིག་བལྟས་ནས་མདུན་དུ་བླ་མ་དང་། སངས་རྒྱས་ལ་སོགས་པ་གདན་དྲངས་ནས། སྡིག་པ་བཤགས་པ་ལ་སོགས་ པ་བྱའོ། །དེ་ནས་སྟོང་པ་ཉིད་མངོན་དུ་བྱས་ཤིང་བྱིན་གྱིས་བརླབས་ནས་སྨོན་ལམ་རྗེས་སུ་དྲན་པར་བྱའོ། །དེ་ནས་ཨཱཿཡིག་ཡོངས་སུ་གྱུར་པ་ལས་ཧཱུཾ་ཡིག །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་སྟེང་དུ། ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ། དེའི་སྟེང་དུ་ཨཱཿཡིག་ཡོངས་ སུ་གྱུར་པ་ལས་སེང་གེ་དཀར་པོ། དེའི་སྟེང་དུ་ཟླ་བ་ལ་ཧྲཱིཿལས་བྱུང་བའི་རྗེ་བཙུན་སེང་གེ་སྒྲ་དཀར་པོ། རལ་པའི་ཅོད་པན་ཅན། སྤྱན་གསུམ་པ། ཕྱག་གཉིས་པ། དཀའ་ཐུབ་ཀྱི་ཆ་ལུགས་འཛིན་པ། རྒྱལ་པོ་ཆེན་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། ཕྱག་གཡོན་ན་པདྨ་ ལངས་པའི་སྟེང་ན་འབར་བའི་རལ་གྲི་གྱེན་དུ་འཕྱར་བ། གཡས་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ་བསྣམས་པ། གཡོན་ན་མེ་ཏོག་དྲི་བཟང་པོ་སྣ་ཚོགས་པས་གང་བའི་ཐོད་པ་དཀར་པོ། འོད་དཔག་ཏུ་མེད་པས་དབུ་བརྒྱན་ཅིང་། དེ་བཞིན་གཤེགས་པ་ལྔ་འཕྲོ་བ་སྤྲུལ་ པའི་སྐུ་ཆེན་པོ་བསྒོམ་པར་བྱའོ། །བཟླས་པའི་སྔགས་ནི། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ་ཅེས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊཾ། བཱིརྱ་སྭཱ་ཧཱ། འདི་རྣམས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་སྔར་ས་ལ་མ་ལྷུང་བའི་བའི་ལྕི་བ་བླངས་ནས་མཎྜལ་བརྒྱད་བྱས་ཏེ། མཎྜལ་སོ་སོ་ལ་ལན་བཅུ་གསུམ་བཟླས་པར་བྱའོ། །དེ་ནས་ལན་བདུན་པའི་ལྕི་བ་ལྷག་མ་ལ་མངོན་པར་བསྔགས་ནས། ནད་པ་ལ་ཉེ་བར་ བྱུག་པར་བྱའོ། །ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །གལ་ཏེ་ཉི་མ་བདུན་ནམ། བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་ཏུ་བྱས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ། །གལ་ཏེ་མ་གྲུབ་ན་དེའི་ཚེ་ངས་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །སེང་གེ་སྒྲའི་ སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སེང་གེ་སྒྲའི་སྒྲུབ་ཐབས། རྗེ་བཙུན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་ཁ་བསང་བ་ལ་སོགས་པ་བྱས་ནས་སྟན་བདེ་བ་ལ་འདུག་ ཏེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿཡིག་དཀར་པོ་བལྟས་ནས། དེའི་འོད་ཟེར་གྱིས་མདུན་དུ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་པར་བསྒོམས་ནས། དེ་ནས་མཆོད་པ་དང་། སྡིག་པ་བཤགས་པ་ལ་སོགས་ པ་བྱས་ནས། སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྐད་ཅིག་གིས་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ། དེའི་སྟེང་དུ་སིཾ་ཡིག་ཡོངས་སུ་གྱུར་པ་ལས་སེང་གེ་དཀར་པོའོ། །དེའི་སྟེང་དུ་ཟླ་བ་ ལ་ཧྲཱིཿཡིག་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །སྐུ་མདོག་དཀར་པོ་རལ་པའི་ཅོད་པན་ཅན། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། སྤྱན་གསུམ་པ། ཕྱག་གཉིས་པ། དཀའ་ཐུབ་ཀྱི་ཚུལ་འཛིན་པའོ། །རྒྱལ་པོ་ཆེན་པོ་རོལ་པས་ བཞུགས་པ། ཕྱག་གཡོན་པདྨ་ལངས་པའི་སྟེང་དུ་རལ་གྲི་འབར་བ། གཡས་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོ། གཡོན་ན་དྲི་ཞིམ་པོའི་མེ་ཏོག་སྣ་ཚོགས་པས་བཀང་བའི་ཐོད་པ་དཀར་པོའོ། །དེ་བཞིན་གཤེགས་པ་ལྔ་འཕྲོ་ཞིང་སྤྲུལ་པ་ཆེན་པོ་སྐུར་བསྒོམ་པར་བྱའོ། ། བཟླས་པའི་སྔགས་ནི། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ། དེ་ནས་གཟུངས་བཟླས་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊཾ། བཱིདྱ་སྭཱ་ཧཱ། སྔགས་ འདི་བརྗོད་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་ནམ་ལངས་པ་དང་། ས་ལ་མ་ལྷུང་བའི་བའི་ལྕི་བ་ལ་མཎྜལ་བརྒྱད་བྱས་ནས་མཎྜལ་སོ་སོ་ལ་ལན་བཅུ་གསུམ་བཟླས་པར་བྱའོ། །ལྕི་བ་ལྷག་མ་ལ་ལན་བདུན་མངོན་པར་བསྔགས་ནས་ནད་པ་ལ་བྱུག་པར་བྱའོ། །དེས་ནད་ཐམས་ཅད་ཉེ་བར་ཞི་བར་ འགྱུར་རོ། །ཉི་མ་བདུན་ནམ། ཉི་མ་བཅུ་གསུམ་མམ། ཉི་ཤུ་རྩ་གཅིག་དེ་བཞིན་དུ་བྱས་པས་མཚམས་མེད་པ་ལྔ་བྱེད་པས་ཀྱང་འགྲུབ་པར་འགྱུར་རོ། །གལ་ཏེ་དེའི་ཚེ་མ་གྲུབ་ན་ངས་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །སེང་གེ་སྒྲའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། དཔལ་སེང་གེ་སྒྲའི་སྒྲུབ་ཐབས། དཔལ་ལྡན་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ནད་ཀུན་འཇོམས་བྱེད་བླ་མ་སྟེ། །སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་བསྒོམས་པ་ཙམ་གྱིས་ནི། །སྡིག་པ་ཀུན་ ལས་གྲོལ་བར་འགྱུར། །དང་པོ་རེ་ཞིག་ཁ་བསང་བ་ལ་སོགས་པ་བྱས་ཏེ། གོས་གཙང་མ་གོན་ནས་ས་གཞི་གཙང་མར་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཟླ་བ་ལ་ཧྲཱིཿཡིག་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་གདན་དྲངས་ཏེ། མཆོད་ པ་བྱས་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་བྱམས་པ་དང་སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་རྣམ་པར་བསྒོམས་ཏེ། རང་བཞིན་གྱིས་དག་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་རང་གི་ལུས་སྒྲ་བརྙན་དང་འདྲ་བར་བལྟས་ནས་རཾ་ཡིག་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས། སེང་གེ་དཀར་པོ། དེའི་སྟེང་དུ་ཧྲཱིཿཡིག་དེའི་འོད་ཟེར་གྱིས་ དེ་བཞིན་གཤེགས་པ་རྣམས་གདན་དྲངས་ཤིང་། བདག་ཉིད་ལ་བཅུག་ནས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་བསྒོམ་པར་བྱའོ། །སྐུ་མདོག་དཀར་པོ་སྤྱན་གསུམ་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། སེང་གེ་དང་ཟླ་བའི་གདན་ལ་རྒྱལ་པོ་ རོལ་པའི་སྟབས་ཀྱིས་བཞུགས་པ། ཟླ་བའི་འོད་ལྟ་བུ་བསྒོམ་པར་བྱའོ། །ཕྱག་གཡས་ན་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་དཀར་པོའོ། །ཕྱག་གཡོན་ན་པདྨ་ལངས་པའི་སྟེང་ན་རལ་གྲི་འབར་བའོ། །གཡོན་ན་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་གང་བའི་པདྨའི་སྣོད་དོ། །རང་གི་ལུས་ལས་ དེ་བཞིན་གཤེགས་པ་ལྔ་འཕྲོ་བར་བལྟའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་བཀུག་ཅིང་བཅུག་ནས་དེ་བཞིན་གཤེགས་པ་རྣམས་འཕྲོ་ཞིང་བདག་ཉིད་ལ་དབང་བསྐུར་ནས། འོད་དཔག་ཏུ་མེད་པས་དབུ་བརྒྱན་ཅིང་། རྒྱས་བཏབ་པར་བསམ་པར་བྱའོ། །དེ་ནས་སྔགས་ བཟླས་པར་བྱའོ། །ལྷ་རྣམས་ཀྱི་གཟུངས་ཀྱིས་སོ། །དེ་ལ་སྔགས་འདིའོ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་མཆོད་པའི་ཕྱིར་དྲི་བཟངས་ལ་སོགས་པའི་མཎྜལ་བྱས་ལ་མེ་ཏོག་ལ་སོགས་པ་དབུལ་ཞིང་མཆོད་པར་བྱའོ། །ཡང་ཕྲེང་བའི་སྔགས་བཟླས་པར་ བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊཾ། བཱིདྱ་སྭཱ་ཧཱ། སྔགས་འདིས་མཎྜལ་གྱི་གཟུགས་བཟུང་ནས། ལན་ཉི་ཤུ་རྩ་གཅིག་བཟླས་ནས། ནད་པ་ ལ་བྱུགས་ན་འཚོ་བར་འགྱུར་རོ། །འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། ཧཱ་ལ་ཧཱ་ལ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་ པ་ཉིད་ཀྱི་མཐར་ཐུག་པ་བསྒོམས་ནས། ཧྲཱིཿཡིག་ས་བོན་ལས་སྐྱེས་པའི། །ཧཱ་ལ་ཧཱ་ལ་བརྩེ་ཆེན་པོ། །ཞལ་གསུམ་དེ་བཞིན་སྤྱན་གསུམ་པ། །རལ་པའི་ཅོད་པན་གྱིས་བརྒྱན་ཅིང་། །དང་པོའི་ཞལ་ནི་དཀར་པོ་སྟེ། །གཡས་པ་སྔོན་པོ་གཡོན་པ་དམར། །དབུ་ལ་ཟླ་བ་ཕྱེད་པས་བརྒྱན། ། ཐོད་པ་རྣམས་ཀྱིས་ཟུར་ཕུད་བྱས། །རལ་པའི་ནང་གནས་རྒྱལ་བ་དང་། །རྒྱན་རྣམས་ཀུན་གྱིས་ཡང་དག་བརྒྱན། །ཆུ་སྐྱེས་དཀར་པོའི་མདོག་དང་མཚུངས། །སྒེག་པའི་ཉམས་ཀྱིས་ཤིན་ཏུ་མཛེས། །ཕྱག་དྲུག་ཞལ་ནི་སྨ་ར་ཅན། །སྟག་གི་པགས་པའི་ན་བཟའ་དགྱེས། །ཕྱག་གཡས་ དང་པོ་མཆོག་སྦྱིན་དང་། །གཉིས་པ་ན་ནི་བགྲང་ཕྲེང་བསྣམས། །གསུམ་པ་མདའ་དང་གར་གྱི་སྟབས། །གཡོན་པ་ན་ནི་དེ་བཞིན་གཞུ། །གཉིས་པར་པདྨ་དཀར་པོ་དང་། །གསུམ་པ་དེ་བཞིན་རྒྱུ་མ་འཛིན། །བརླ་གཡོན་པའི་སྟེང་དུ་ལྷ་མོ་སྒེག་མོ་སྟེ། གཡོན་པ་ཆུ་སྐྱེས་བསྣམས་པ་ ཕྱག་གཡས་པས་བཅོམ་ལྡན་འདས་ལ་འཁྱུད་པ། གཞན་ན་མེ་ཏོག་གིས་མཛེས་པར་བྱས་པ། རལ་པའི་ཚོགས་དང་བཅས་པའོ། །གཡས་ལོགས་ན་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ། གཡོན་ལོགས་ན་པདྨ་ལ་གནས་པའི་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པས་ཡོངས་སུ་གང་བའི་ཐོད་པའོ། ། པདྨ་དམར་པོ་དང་ཟླ་བ་ལ་རོལ་པའི་སྟབས་ཀྱིས་བཞུགས་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་དྷརྨ་ཧྲཱིཿཞེས་སོ། །འཇིག་རྟེན་དབང་ཕྱུག་ཧཱ་ལ་ཧཱ་ལའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལ་སཱ་དྷ་ནཾ། བོད་ སྐད་དུ། ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། བཅོམ་ལྡན་འདས་ཧཱ་ལ་ཧཱ་ལ་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་ཡོངས་རྫོགས་པའི། །ཧཱ་ལ་ཧཱ་ལར་གུས་ཕྱག་འཚལ། །སྙིང་རྗེ་ཡི་ནི་བདག་ཉིད་ཅན། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་བརྗོད། །དང་པོ་ཡིད་དུ་འོང་བའི་གནས་སུ་ཙནྡན་ལ་ སོགས་པས་ལེགས་པར་བྱུགས་ལ། རས་རིས་ལ་སོགས་པ་བཀྲམ་སྟེ། བཅོམ་ལྡན་འདས་ལ་མཆོད་པར་བྱའོ། །མེ་ཏོག་ལ་སོགས་པ་འབུལ་བའི་སྔགས་ནི། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཞེས་པ་ལ་སོགས་པས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་པཱུ་ཛ་མེ་གྷ་པྲ་ས་ར་ ས་མཱུ་ཧི་སྥ་ར་ཎ་ཧི་མཾ་ག་ག་ན་ཀཾ་ཧཱུཾ། མཆོད་པ་ཐམས་ཅད་དབུལ་བའི་སྔགས་སོ། །རབ་ཏུ་མཆོད་བྱ་དེ་ཡི་མདུན། །བདེ་བའི་སྟན་ལ་འདུག་བྱས་ནས། །འགྲོ་ལ་བྱམས་པ་རྣམ་པར་བསྒོམ། །སྙིང་རྗེ་དང་ནི་བརྩེ་ཆེན་པོ། །སྔགས་པས་སྙིང་གར་ཟླ་བའི་སྟེང་། །ཧྲཱིཿཡི་ཡི་གེ་དགོད་པར་བྱ། ། སངས་རྒྱས་སྲས་བཅས་གསལ་པོར་ནི། །ཀུན་ནས་ནམ་མཁའ་གང་བར་བསྒོམ། །ཧྲཱིཿཡིག་འོད་ཟེར་མཆོད་པས་ནི། །དེ་ལ་བསྐོར་ཞིང་རབ་ཏུ་མཆོད། །སྡིག་པ་བཤགས་པ་ལ་སོགས་བྱ། །བསོད་ནམས་འཕེལ་བར་བྱ་བའི་ཕྱིར། །དཀོན་མཆོག་གསུམ་མཆོག་སྐྱབས་འགྲོ་སོགས། ། སྔགས་འདི་དག་ནི་བརྗོད་པར་བྱ། །ཆོས་ཀུན་བདག་མེད་པ་ཡི་མཆོག །འོད་གསལ་སྙིང་རྗེ་དྲི་མ་མེད། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་སྔགས་དོན་མངོན་དུ་བྱ། །དངོས་པོ་ཀུན་དང་བདག་ཉིད་བཅས། །གཟུང་དང་འཛིན་ལས་ངེས་པར་གྲོལ། །ཡེ་ཤེས་ཆ་ ཙམ་བསྒོམ་པར་བྱ། །སོ་སོ་རང་རིག་དེ་བལྟས་ནས། །ཧྲཱིཿཡིག་ཟླ་བ་ལ་གནས་པ། །དེ་སྐྱེས་པདྨ་དཀར་པོ་བསམ། །ཧྲཱིཿཡིག་དང་བཅས་པདྨ་ལས། །དེ་ལས་སངས་རྒྱས་ཚོགས་སྤྲོས་ཏེ། །འགྲོ་བ་རྣམས་ཀྱང་སངས་རྒྱས་བྱ། །སླར་ཡང་དེ་ལ་བཅུག་གྱུར་པས། །རང་བྱུང་ཧཱ་ལ་ཧཱ་ལ་ སྟེ། །ཞལ་གསུམ་ཕྱག་དྲུག་ཞི་བའི་ཚུལ། །རིན་ཆེན་མི་གཡོའི་ཕུག་ན་བསྟེན། །པདྨ་དམར་དང་ཟླ་བ་ལ། །རོལ་པའི་སྟབས་ཀྱིས་ཡང་དག་བཞུགས། །དཀར་པོ་སེར་པོ་སྔོན་པོ་ཆེ། །རྩ་ཞལ་གཡོན་པ་ཅིག་ཤོས་སོ། །སྟག་གི་པགས་པའི་ན་བཟར་ལྡན། ། རྒྱན་རྣམས་ཀུན་གྱིས་ཤིན་ཏུ་མཛེས། །ཕྱག་གཡས་མཆོག་སྦྱིན་ཕྲེང་བ་མདའ། །གཡོན་པས་འདོད་ལྡན་ནུ་མ་འཛིན། །པདྨ་དཀར་དང་གཞུ་དག་ནི། །ཕྱག་གི་ཡལ་ག་དག་གིས་བསྣམས། །སྣ་ཚོགས་མེ་ཏོག་གིས་བཀང་བའི། །ཐོད་པ་གཡོན་པར་དགོད་པར་བྱ། །སྦྲུལ་གྱིས་དཀྲིས་པའི་ རྩེ་གསུམ་གཡས། །ཆུ་སྐྱེས་སྟེང་དུ་དེ་བཞིན་དགོད། །གཙུག་གི་ནོར་བུ་འོད་དཔག་མེད། །ཐོད་པ་རྣམས་ཀྱིས་ཟུར་ཕུད་བྱས། །རལ་པའི་ཚོགས་ཀྱི་ཅོད་པན་ཅན། །དབུ་ལ་ཟླ་བ་ཕྱེད་པས་བརྒྱན། །རྟོག་པའི་དྲ་བ་རྣམ་བཅོམ་པའི། །སངས་རྒྱས་རྣམས་ཀྱི་འོད་ཟེར་འཕྲོ། །འདི་ཡིས་ཧཱ་ལ་ཧཱ་ ལར་གྱུར། །རང་གི་སྙིང་མགྲིན་སྤྱི་བོར་ཡང་། །ཧཱུཾ་ཨཱཿཨོཾ་རྣམས་བསྒོམ་པར་བྱ། །ཟླ་བར་གནག་དམར་དཀར་པོའི་རིམ། །དེ་བཞིན་སྙིང་ག་མགྲིན་པའི་དབུས། །ཧྲཱིཿཡིག་ཟླ་བ་ལ་གནས་པ། །དེ་ནས་བརྟན་གཡོའི་དངོས་པོ་རྣམས། །དེ་ཡི་རྣམ་པར་བསྒོམ་པར་བྱ། །ལོག་པའི་རྣམ་རྟོག་ངེས་ སྤངས་ཤིང་། །སྔགས་བཟླས་ནས་ནི་མཉམ་པར་གཞག །ཨོཾ་ཧཱ་ལ་ཧཱ་ལ་ཧྲཱིཿནང་གི་བཟླས་པ་ཤིན་ཏུ་གསལ། །དལ་བ་མ་ཡིན་མྱུར་བ་མིན། །ཇི་ལྟར་བདེ་བར་གནས་པར་བྱ། །བསྡུས་ནས་སོ་སོའི་མཆོད་པ་དང་། །ཡང་དག་བསྟོད་ཅིང་བརྟན་བྱས་ལ། །ཡི་གེ་བརྒྱ་པ་བརྗོད་པར་བྱ། །ཨོཾ་ བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཨོཾ་སེམས་ ཅན་ཀུན་གྱི་དོན་མཛད་ཁྱོད། །ཇི་ལྟར་རྗེས་འཇུག་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་བྱོན་པར་མཛད་དུ་གསོལ། །འདི་ཡིས་ཡང་དག་བསྐུལ་བྱས་ནས། །སྔགས་འདི་དག་ནི་བརྗོད་པར་བྱ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱཏ་མུཿཞེས་སོ། ། རྣལ་འབྱོར་བདག་ཉིད་བསམ་གཏན་ལངས། །སྦྱིན་པ་རང་གིས་ཅི་གྲུབ་གཏང་། །མ་ལུས་རྟོག་པ་དང་བྲལ་བས། །གཟུགས་སོགས་འདོད་པ་སྤྱོད་བྱེད་པ། །བླ་མེད་བྱང་ཆུབ་ཐོབ་འགྱུར་ཏེ། །རིང་པོར་མི་ཐོགས་སྒྲུབ་པའི་མཆོག །སྒྲུབ་ཐབས་བྲིས་པས་གང་ཐོབ་པ། །བདག་གི་དགེ་བའི་ མཆོག་དེ་ཡིས། །འགྲོ་བ་རྣམས་ནི་མ་ལུས་པ། །མྱུར་དུ་ཧཱ་ལ་ཧཱ་ལར་ཤོག །ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་དྷརྨ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས། རྡོ་རྗེ་ཆོས་ ལ་ཕྱག་འཚལ་ལོ། །ཧྲཱིཿཡིག་ཡེ་ཤེས་རྫོགས་པ་ལས། །ཧཱ་ལ་ཧཱ་ལའི་སྐུ་ཆེན་པོ། །ཞལ་གསུམ་སྤྱན་ཡང་གསུམ་པ་སྟེ། །རལ་པའི་ཅོད་པན་གྱིས་བརྒྱན་ཅིང་། །ཟླ་བ་ཕྱེད་པ་འཛིན་པའི་ལྷ། །དབུ་ལ་ཐོད་པའི་ཕྲེང་བས་བརྒྱན། །རལ་པའི་ནང་ནས་རྒྱལ་བའི་སྐུ། །རྒྱན་རྣམས་ཀུན་གྱིས་ བརྒྱན་གྱུར་པ། །ཆུ་སྐྱེས་དཀར་པོ་དང་མཚུངས་ཤིང་། །སྒེག་པ་ལ་སོགས་ཉམས་དང་ལྡན། །ཕྱག་དྲུག་ཞལ་ནི་འཛུམ་པ་དང་། །སྟག་གི་པགས་པའི་ན་བཟར་བཅས། །ཕྱག་གཡས་ན་ནི་མཆོག་སྦྱིན་དང་། །གཉིས་པ་ན་ནི་བགྲང་ཕྲེང་དང་། །གསུམ་པ་མདའ་དང་གར་མཛད་དོ། །གཡོན་པ་ ན་ནི་པདྨས་བརྒྱན། །གཉིས་པ་དེ་བཞིན་ནུ་མ་འཛིན། །གསུམ་པ་ལ་ནི་དེ་བཞིན་གཞུ། །སྦྲུལ་གྱིས་ཡོངས་སུ་དཀྲིས་པ་ཡི། །རྩེ་གསུམ་གཡས་ཀྱི་ཕྱོགས་སུའོ། །མེ་ཏོག་དྲི་བཟངས་སྣ་ཚོགས་ཀྱིས། །གང་བའི་ཐོད་པ་གཡོན་ཕྱོགས་སུ། །པདྨ་དམར་པོའི་སྟེང་དུ་ནི། །རོལ་པའི་སྟབས་ ཀྱིས་ཡང་དག་བཞུགས། །རིན་ཆེན་རི་བོའི་ཕུག་མཐར་གནས། །རྣལ་འབྱོར་ཅན་གྱིས་བསྒོམ་པར་བྱ། །ཆོ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས། །སངས་རྒྱས་རང་བཞིན་སྐུ་སྤྲོས་ཏེ། །རྣམ་པར་མི་རྟོག་ཏིང་འཛིན་གྱིས། །ཟས་རྣམས་ཀུན་ལ་ལོངས་སྤྱོད་ཅིང་། །བསྒོམ་པའི་རིམ་པའི་སྦྱོར་བ་ཡིས། ། ནང་གི་གསང་སྔགས་བཟླས་པར་བྱ། །བླ་ན་མེད་པའི་བྱང་ཆུབ་ནི། །མྱུར་དུ་ཐོབ་ཅིང་བདེ་བར་འཇུག །ཧཱ་ལ་ཧཱ་ལ་ཡོངས་མཉེས་པས། །འདོད་པ་ཐམས་ཅད་རབ་ཏུ་འགྲུབ། །རྡོ་རྗེ་ཞེས་བྱའི་ཏིང་ངེ་འཛིན། །སྙིང་གར་ཧྲཱིཿཡིག་ཟླ་སྟེང་དགོད། །ཆོས་རྣམས་བདག་མེད་བསྒོམ་བྱས་ལ། །དེ་ ལས་འོད་ཟེར་དམར་པོ་ནི། །ཡང་དག་འཕྲོ་བ་མཁའ་མཉམ་དེ། །འཇིག་རྟེན་དབང་ཕྱུག་རྣམ་པར་བལྟ། །བརྟན་དང་གཡོ་བའི་འགྲོ་བ་རྣམས། །ཡང་དག་བྱང་ཆུབ་སེམས་དཔའི་དོན། །བསྐྱེད་ཅིང་སྙིང་གར་རབ་ཏུ་ཞུགས། །དེ་ལ་ཧྲཱིཿཡིག་གཞན་འཇུག་པས། །སྐད་ཅིག་གིས་ནི་ ཡེ་ཤེས་སྦྱོར། །དེ་ལ་ཁ་དོག་དཀར་དང་དམར། །པདྨ་རཱ་གའི་རང་བཞིན་འོད། །སངས་རྒྱས་ལྔ་ཡི་ཅོད་པན་ཅན། །རབ་ཏུ་དགྱེས་པའི་སྤྱན་རྒྱས་པ། །ཕྱག་གཡོན་པདྨ་སྡོང་བུར་བཅས། །འདབ་མ་བཅུ་དྲུག་པ་དག་བསྣམས། །དེ་ལ་ཕྱག་གཡས་ཀྱིས་ཀྱང་ནི། །པདྨ་རྒྱས་པ་ཐུགས་ཀར་འཛིན། ། རྨ་བྱའི་སྟེང་དུ་ཟླ་བ་ཡི། །དཀྱིལ་འཁོར་དབུས་སུ་ཉེ་བར་བཞུགས། །སེམས་དཔའི་སྐྱིལ་ཀྲུང་ཀུན་ནས་འཁྱིལ། །སྒེག་པའི་ཉམས་དང་བཅས་ཤིང་བསྟེན། །ལས་ཆེན་མཆོད་རྟེན་ནང་གནས་པའི། །གཞལ་ཡས་ཁང་གི་སྤྱོད་ལམ་ཅན། །རྟག་ཏུ་རྡོ་རྗེའི་ཆོས་མཆོག་ནི། །བསྒོམ་བྱས་བྱང་ཆུབ་ ཐོབ་པར་འགྱུར། །བསྒོམས་པས་ངལ་ན་སྙིང་གར་ཟླ་བ་ལ་སྔགས་བཀོད་ལ་ཕྲེང་བའི་རྣམ་པ་བཞིན་དུ་མི་གཡོ་བའི་སེམས་ཀྱིས་བཟླས་པར་བྱའོ། །དེ་ལ་བཟླས་པའི་སྔགས་ནི་འདིའོ། །ཨོཾ་བཛྲ་དྷརྨ་ཧྲཱིཿཞེས་སོ། །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ཆོ་ག་བསྡུས་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། པདྨ་ནརྟེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་ག་འདིས་སྣ་ཚོགས་པདྨ་དང་ཟླ་བ་ལ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་ཏུ་ བདག་ཉིད་བསྒོམ་པར་བྱ་སྟེ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱག་གཉིས་པ། ཞལ་གཅིག་པ། སྐུ་མདོག་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན། གཡོན་ཕྱོགས་སུ་གོས་དཀར་མོ་དང་སྙོམས་པར་ཞུགས་ཤིང་འཁྱུད་པའི་ཚུལ་གྱིས་ བཞུགས་པ། ཕྱག་གཡོན་ན་པདྨ་དམར་པོ་བསྣམས་པ། གཞན་ཕྱག་གཡས་པ་ན་གར་གྱི་ཚུལ་གྱིས་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པའོ། །དེ་ནས་ཨོཾ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་བརྗོད་པར་བྱའོ། །དེའི་རྗེས་སུ་ཕྱོགས་མཚམས་བརྒྱད་དུ་ལྷ་མོ་བརྒྱད་བསམ་པར་བྱའོ། ། དེ་ལ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཤར་གྱི་འདབ་མ་ལ་རྣམ་པར་གཟིགས་མ་དཀར་མོ་པདྨ་དམར་པོ་བསྣམས་པའོ། །ལྷོའི་འདབ་མ་ལ་སྒྲོལ་མ་ལྗང་གུ་པདྨ་ལྗང་གུ་བསྣམས་པའོ། །ནུབ་ཀྱི་འདབ་མ་ལ་དབང་ཕྱུག་མ་སེར་མོ་འཁོར་ལོ་དང་པདྨ་བསྣམས་པའོ། །བྱང་གི་འདབ་མ་ལ་ཁྲོ་གཉེར་ཅན་ དཀར་མོ་པདྨ་སེར་པོ་བསྣམས་པའོ། །ཤར་གྱི་མཚམས་ཀྱི་འདབ་མ་ལ་པདྨའི་གནས་ཅན་སེར་མོ་བཙོད་ཀྱི་ཁ་དོག་ལྟ་བུའི་པདྨ་བསྣམས་པའོ། །ལྷོའི་མཚམས་ཀྱི་འདབ་མ་ལ་རྡོ་རྗེ་པདྨའི་དབང་ཕྱུག་མ་ནམ་མཁའི་མདོག་ལྟ་བུ་པདྨ་དཀར་པོ་བསྣམས་པའོ། །ནུབ་ཀྱི་མཚམས་ཀྱི་འདབ་མ་ལ་སྣ་ ཚོགས་པདྨ་དཀར་མོ་པདྨ་ནག་པོ་བསྣམས་པའོ། །བྱང་གི་མཚམས་ཀྱི་འདབ་མ་ལ་སྣ་ཚོགས་རྡོ་རྗེ་མ་ཁ་དོག་སྣ་ཚོགས་པདྨ་བསྣམས་པའོ། །དེ་རྣམས་ཐམས་ཅད་སེམས་དཔའི་སྐྱིལ་ཀྲུང་ཅན་ཕྱག་གཉིས་པ། ཞལ་གཅིག་པ་ཞི་བའོ། །ཟེའུ་འབྲུའི་དབུས་སུ་བཅོམ་ལྡན་འདས་ལྟ་བུའོ། ། དེ་ནས་སྔགས་བཟླས་པར་བྱའོ། །ཨོཾ་ཧྲཱིཿཔདྨ་ནརྟེ་ཤྭ་ར་ཧཱུཾ། འཇིག་རྟེན་མགོན་པོ་པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པདྨ་ནརྟེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། པདྨ་གར་གྱི་དབང་ ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་ཏེ། དེ་ནས་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་སྟེང་དུ་ཧྲཱིཿཡིག་དཀར་པོ་རྣམ་པར་བསྒོམས་ཏེ། དེ་ཡོངས་སུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་གི་རིགས་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ བདག་ཉིད་བསྒོམ་པར་བྱ་སྟེ། ཞལ་གཅིག་ཕྱག་བཅོ་བརྒྱད་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། འོད་དཔག་ཏུ་མེད་པ་དང་རལ་པའི་ཐོར་ཚུགས་ཀྱིས་བརྒྱན་པ། ཕྱག་ཐམས་ཅད་ཀྱིས་སྣ་ཚོགས་པདྨ་བསྣམས་པ་རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའོ། །ལྷོ་དང་བྱང་ཕྱོགས་ལོགས་ན་ གནས་པའི་སྒྲོལ་མ་དང་། ནོར་བཟངས་དང་། ཁྲོ་གཉེར་ཅན་དང་། རྟ་མགྲིན་རྣམས་ཏེ། ལྷའི་རྒྱན་དང་གོས་ཀྱིས་བརྒྱན་པའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་ཧྲཱིཿཔདྨ་ནརྟེ་ཤྭ་ར་ཧཱུཾ། ནད་ལ་སོགས་པ་ཉེ་བར་ཞི་བའི་མཐུ་ཆེན་པོ་ཞེས་པ་ནི་པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། །། ༄༅། །རྒྱ་གར་སྐད་དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་ནོ་ད་བྷ་བཱ་སཱ་དྷ་ནཾ། བོད་སྐད་དུ། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་ནས། དེ་ནས་ཧྲཱིཿཡིག་དཀར་པོ་ཡོངས་ སུ་གྱུར་པ་ལས། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡན་ལག་ཐམས་ཅད་དཀར་པོ་རལ་པའི་ཅོད་པན་ཅན་ཞི་བའི་ཆ་ལུགས་ཅན། ཕྱག་གཡས་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབང་པོར་མཛད་པ། གཉིས་པ་བགྲང་ ཕྲེང་བསྣམས་པ། གསུམ་པས་ངན་སོང་ན་གནས་པའི་འཇིག་རྟེན་པ་ལ་དགེ་བ་ཉེ་བར་སྟོན་པའོ། །གཡོན་པ་ན་དབྱུག་པ་བསྣམས་པའོ། །གཉིས་པ་ན་རི་དྭགས་ནག་པོའི་པགས་པ་བསྣམས་པ། གསུམ་པ་ན་རིལ་པ་སྤྱི་བླུགས་བསྣམས་པ། སེང་གེ་དང་། ནམ་མཁའ་ལྡིང་དང་། ཁྱབ་འཇུག་གི་ཕྲག་པ་ལ་ཡང་དག་པར་བཞུགས་པའི་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་ཧྲཱིཿཧཱུཾ་ཞེས་པའི་སྔགས་བཟླས་པར་བྱའོ། །ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་ནོདྦྷ་བཱ་སཱ་དྷ་ནཾ། བོད་སྐད་དུ། ཧ་རི་ཧ་རི་ ཧ་རི་ལ་ཞོན་པར་གྱུར་པའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་སྟན་བདེ་བ་ལ་འདུག་སྟེ། འགྲོ་བ་རྣམས་མངོན་པར་གདོན་པར་འདོད་པའི་བསམ་པས་སྡིག་པ་བཤགས་པ་ལ་སོགས་པ་བླ་ན་མེད་པའི་མཆོད་ པ་རྣམ་པ་བདུན་བྱས་ནས། ཡཾ་ཡིག་རྫོགས་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ལྟ་བུ་ཁ་དོག་སྔོན་པོ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རཾ་ཡིག་ལས་གྱུར་པའི་མེའི་དཀྱིལ་འཁོར་ཟུར་གསུམ་པ་ཁ་དོག་དམར་པོ་རཾ་ཡིག་གིས་མཚན་པའོ། །དེའི་སྟེང་དུ་བཾ་ཡིག་རྫོགས་པ་ལས་ཆུའི་དཀྱིལ་ འཁོར་ཟླུམ་པོ་ཁ་དོག་དཀར་པོ་དབུས་སུ་བུམ་པ་དཀར་པོས་མཚན་པའོ། །དེའི་སྟེང་དུ་ལཾ་ཡིག་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་ཟུར་བཞི་པོར་རྡོ་རྗེ་རྩེ་གསུམ་གྱིས་མཛེས་པར་བྱས་པའོ། །དེའི་སྟེང་དུ་སུཾ་ཡིག་ཡོངས་སུ་གྱུར་པ་ལས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ ལྕོག་བརྒྱད་དང་ལྡན་པའི་རི་རབ་དང་སྣ་ཚོགས་ཆུ་སྐྱེས་སོ། །དེའི་སྟེང་དུ་བདག་ཉིད་བསམས་ཏེ། ཨོཾ་ཧྲཱིཿཧཱུཾ་རིམ་པ་བཞིན་དུ་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་རྣམས་སུ་རིམ་པར་བཀོད་ནས་བདག་གིས་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་ནས་ཧ་རི་ཧ་རི་ཧ་རི་ ལ་ཞོན་པར་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་སྐུ་གསེར་གྱི་ཁ་དོག་ལྟ་བུ་འོད་ཟེར་འབར་བ་འཁྲིགས་པ་གཞོན་ནུའི་གཟུགས་སུ་སྔགས་པས་བསྒོམ་པར་བྱའོ། །ཕྱི་ནས་རང་གི་སྙིང་གར་བསོད་ནམས་དང་ཡེ་ཤེས་རྣམ་པར་དག་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དང་། ཉི་མའི་དཀྱིལ་འཁོར་ རོ། །དེ་ལ་ཧྲཱིཿཡིག་ལས་བྱུང་བའི་འོད་ཟེར་གྱི་དྲ་བས་ཡེ་ཤེས་སེམས་དཔའ་བཀུག་སྟེ་འཆད་པར་འགྱུར་བའི་སྐུ་ལ་སྔོན་དུ་གསུངས་པའི་མཆོད་པས་མཆོད་པར་བྱའོ། །ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་དག་གཅིག་ཏུ་གྱུར་ནས་བཅོམ་ལྡན་འདས་ཧ་རི་ཧ་རི་ཧ་རི་ལ་ཞོན་པར་ གྱུར་པའི་འཇིག་རྟེན་དབང་ཕྱུག་ཏུ་སེམས་བརྟན་པོས་བདག་ཉིད་བསྒོམ་པར་བྱས་ཏེ། ཕྱག་དྲུག་པ་སྐུ་མདོག་དཀར་པོ་རལ་པའི་ཅོད་པན་དང་ཞི་བའི་ཆ་ལུགས་ཅན། ཕྱག་གཡས་པས་རྫོགས་པའི་སངས་རྒྱས་དཔང་པོར་མཛད་པ། གཉིས་པ་ན་ཕྲེང་བ་བསྣམས་པ། གསུམ་པས་ངན་ སོང་ན་གནས་པའི་སེམས་ཅན་ལ་དགེ་བ་སྟོན་པར་མཛད་པ། གཡོན་པས་དབྱུག་པ་བསྣམས་པ། གཉིས་པས་རི་དྭགས་ནག་པོའི་པགས་པ་བསྣམས་པ། གསུམ་པ་ན་རིལ་བ་སྤྱི་བླུགས་བསྣམས་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། །དེ་ལ་རྣམ་པར་དག་པ་ནི་རླུང་དང་མེའི་ དཀྱིལ་འཁོར་དག་ནི་སེང་གེའོ། །ཆུའི་དཀྱིལ་འཁོར་ནི་ནམ་མཁའ་ལྡིང་ངོ་། །དབང་ཆེན་གྱི་དཀྱིལ་འཁོར་དང་རི་རབ་ནི་འཕྲོག་བྱེད་རྣམ་པར་དག་པའོ། །རྟག་ཏུ་སྒོམ་པར་བྱེད་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་གྱི་དོན་བྱེད་ནུས་པར་འགྱུར་རོ། །སྐྱེ་འགྲོ་ཐམས་ཅད་དགའ་བར་ འགྱུར་རོ། །ཤེས་རབ་ཆེན་པོར་འགྱུར་རོ། །ནད་མེད་པར་འགྱུར་རོ། །ཉེ་བར་འཚེ་བ་མེད་པར་འགྱུར་རོ། །ནོར་ལ་སོགས་པ་དང་ལྡན་པར་འགྱུར་རོ། །དབང་དུ་བྱེད་པ་དང་དུག་གི་ལས་ལ་ནུས་པ་ཆེན་པོ་དང་ལྡན་པར་འགྱུར་རོ། །སྔགས་བཟླས་པ་ནི་བླ་མའི་གདམས་ངག་ལས་ཤེས་པར་བྱའོ། ། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་ཡིད་དང་མཐུན་པའི་གནས་སུ་རས་རིས་བཀྲམ་སྟེ། དེའི་མདུན་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་གུར་གུམ་གྱིས་ཟླ་བའི་དཀྱིལ་འཁོར་བྱ་སྟེ། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་པའི་སྔགས་འདིས་ སོ། དེ་ནས་ཛཿཧཱུཾ་བཾ་པདྨ་སྠ་ཧོཿཞེས་པའི་སྔགས་ཀྱིས་མཎྜལ་གྱི་དབུས་སུ་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་རྗེ་བཙུན་བཞུགས་ནས་སྔགས་འདིས་མཆོད་པར་བྱའོ། །ཨོཾ་ཏྲཻ་ལོ་ཀྱ་བ་ཤཾ་ཀ་རཱ་ཡ་བཛྲ་པུཥྤེ་ཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་ཨོཾ་མུ་ནི་བཛྲེ་མུཿཞེས་པས་གཤེགས་སུ་གསོལ། །རང་གི་སྙིང་ གར་ཨཾ་ཡིག་དམར་པོ་རྣམ་པར་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་སྟེང་དུ་ཧྲཱིཿཡིག་དམར་པོ་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་གདན་དྲངས་ལ་ཡང་དག་པར་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཡང་འཇིག་རྟེན་གསུམ་པོ་དབང་ དུ་བྱེད་པའི་འོད་ཟེར་གྱི་རྣམ་པས་རང་གི་ས་བོན་ལ་རབ་ཏུ་ཞུགས་ཏེ། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་འཇིག་རྟེན་དབང་ཕྱུག་ཡན་ལག་ཐམས་ཅད་ཆགས་པ་ཆེན་པོས་དམར་ཞིང་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། རྡོ་རྗེས་མཚན་ པའི་ཞགས་པ་དང་། ལྕགས་ཀྱུ་ཕྱག་ན་བསྣམས་པ། པདྨ་དམར་པོ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མཛེས་པའི་རྒྱན་དང་གོས་རྣམས་ཀྱིས་བརྒྱན་པའི་བདག་ཉིད་རྣམ་པར་བསམས་ཏེ། ས་གསུམ་པོ་ལུག་གཉིས་ལ་གནས་པ་རྡོ་རྗེ་ཞགས་པའི་སྟེང་ན་བཞུགས་པ། སྣ་ཚོགས་པའི་ སྤྲུལ་པ་འཛིན་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་རྡོ་རྗེ་རྣལ་འབྱོར་མ་དང་ལྷ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བར་བསྒོམ་ཞིང་སྤྱི་བོར་འོད་དཔག་ཏུ་མེད་པ་བསམ་པར་བྱའོ། །དེ་ནས་སྙིང་གར་ཉི་མ་ལ་ཧྲཱིཾ་ཧཱུཾ་ཡཾ་ཞེས་པའི་ཡི་གེ་གསུམ་གྱི་སྔགས་བཟླས་ཤིང་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཨོཾ་བཛྲ་ཨཱཏྨ་ཀོ་ཀཱཿསརྦ་དྷརྨཱ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་པའི་རྡོ་རྗེའི་བདག་ཉིད་ཀྱི་སྔགས་གཉིས་པོ་བརྗོད་པར་བྱའོ། །དེ་བཞིན་དུ་གོམས་པས་འདར་བ་དང་གཡོ་བ་ལ་སོགས་པའི་ཡོན་ཏན་སྐྱེ་བར་འགྱུར་རོ། །དེ་ནས་ཨོཾ་ཧྲཱིཿཨ་ཧཱུཾ་ཧཱ་རི་ཏི་ཡཀྵེ་ཤྭ་རཱི་སྭཱ་ཧཱ། ཞེས་པས་ཆང་ བུ་སྦྱིན་པར་བྱའོ། །ཨོཾ་ཨཱཾ་ཀྲོཾ་ཧྲཱི་ས་ཀ་ལ་ག་ན་བཱི་རེ་ཤྭ་རཱི་ཎཱཾ་པ་རི་ཀ་རཻ། ཨ་ཨ་ཨ་བ་ཏ་ར། ཨ་བ་ཏ་རན་ཏུ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་སྭཱ་ཧཱ། ཞེས་པས་གཏོར་མ་དབུལ་ཞིང་ལྷའི་རྣལ་འབྱོར་གྱིས་གནས་པར་བྱའོ། །ཨོ་ཌི་ཡཱ་ན་རིམ་པའི་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་ རྟེན་དབང་ཕྱུག་གི་སྒྲུབ་ཐབས་ས་ར་ཧའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ ཕྱག་འཚལ་ལོ། །དང་པོ་རེ་ཞིག་རྣལ་འབྱོར་པས་ཡིད་དང་མཐུན་པའི་གནས་སུ་བྲིས་པའི་སྐུ་ལ་སོགས་པ་བཀྲམ་སྟེ། དེའི་མདུན་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་གུར་གུམ་གྱིས་ཟླ་བའི་དཀྱིལ་འཁོར་བྱ་སྟེ། སྔགས་འདིས་སོ། །ཨོཾ་བཛྲ་རེ་ཁེ་ཧཱུཾ། ཛཿཧཱུཾ་བཾ་པདྨ་སྠ་ཧོཿསྔགས་འདིས་ བཞུགས་སུ་གསོལ་ནས་མཎྜལ་གྱི་དབུས་སུ་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་རྗེ་བཙུན་འཇིག་རྟེན་དབང་ཕྱུག་སྔགས་འདིས་མཆོད་པར་བྱའོ། །ཨོཾ་ཏྲཻ་ལོ་ཀྱ་བ་ཤཾ་ཀ་རཱ་ཡ་བཛྲ་པུཥྤེ་ཧཱུཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མུ་ནི་བཛྲ་མུཿསྔགས་འདིས་གཤེགས་སུ་གསོལ་ལོ། །ཕྱི་ནས་རང་གི་སྙིང་གར་ཨཱཾ་ ཡིག་བསམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྐྱེད་ལ། དེའི་སྟེང་དུ་ནུས་པའི་ས་བོན་ཧྲཱིཿདམར་པོ་སྐྱ་རེང་གསར་པའི་མདོག་ལྟ་བུར་བལྟས་ལ། དེའི་འོད་ཟེར་གྱིས་འོད་དཔག་ཏུ་མེད་པ་ནམ་མཁར་སྤྱན་དྲངས་ནས་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། ཡང་རང་གི་ལུས་ལ་གཞུག་གོ །དེ་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་པདྨའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། སྤྱན་གསུམ་རྒྱས་ཤིང་རལ་པའི་ཅོད་པན་འཆང་བ། སྐུ་མདོག་དམར་པོ་རྡོ་རྗེས་མཚན་པའི་ཞགས་པ་དང་། ལྕགས་ཀྱུ་ཕྱག་ན་བསྣམས་པ། ས་གསུམ་པོ་ ལུག་གཉིས་ཞགས་པས་བཅིངས་པའི་སྟེང་ན་བཞུགས་ཤིང་སྣ་ཚོགས་པའི་སྤྲུལ་པ་འཆང་བ། རྣལ་འབྱོར་མའི་ཚོགས་ཀྱིས་དབང་བསྐུར་བར་རབ་ཏུ་སྦྱིན་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྒྱན་སྣ་ཚོགས་དང་ལྡན་པས་མཆོད་པ་བྱེད་པ་རིག་འཛིན་དང་། ཁྱབ་འཇུག་ དང་། བདེ་བྱེད་དང་། ཚངས་པ་དང་། སྣ་ཚོགས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་གར་དང་རོལ་མོ་ལ་སོགས་པ་སྣ་ཚོགས་བྱེད་ཅིང་། འབྱུང་པོ་ལ་སོགས་པ་སྣ་ཚོགས་པས་མི་མགོ་དང་ཐོད་པའི་ཕྲེང་བས་བརྒྱན་པ་དང་། དེ་བཞིན་དུ་སྣ་ཚོགས་པའི་གདུགས་དང་རྔ་ཡབ་ལ་སོགས་པ་བལྟ་ བར་བྱའོ། །དེ་ལྟ་བུའི་དུས་སུ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་སྤྱི་བོར་བལྟ་བར་བྱའོ། །དེ་དང་འདྲ་བར་བདག་ཉིད་བསམ་པར་བྱའོ། །ཕྱི་ནས་ལྟེ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་ལ་འོད་ཟེར་གྱི་རང་བཞིན་བསམས་ལ། དེའི་སྟེང་དུ་གཡོན་ཕྱོགས་སུ་ནུས་པའི་ས་བོན་སྙིང་གར་ཁྲོ་བོའི་ས་བོན་ ཨཱཿཡིག་དབྱངས་ཡིག་གིས་བརྒྱན་པ་ཞེས་པ་ནི་བསྒོམ་པའི་སྔགས་སོ། །དེ་ཐམས་ཅད་བསམས་ལ་རྡོ་རྗེའི་བདག་ཉིད་ཀྱི་སྔགས་བརྗོད་པར་བྱ་ཞིང་རྡོ་རྗེའི་བདག་ཉིད་དུ་བསམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེའི་བདག་ཉིད་ཀྱི་སྔགས་སོ། །འདི་ལ་གོམས་པའི་སྦྱོར་ བས་འདར་བ་དང་གཡོ་བ་དབབ་པར་བྱས་ནས་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་གླང་པོ་ཆེ་སྨྱོན་པ་མྱོས་བྱེད་ཀྱི་ཆུས་མྱོས་པ་བཞིན་དུ་རིགས་ལྔ་ལ་ལོངས་སྤྱོད་དོ། །གལ་ཏེ་རིགས་ལྔ་ལ་ལོངས་མི་སྤྱོད་ན་དེའི་ཚེ་དེའི་ལུས་འདར་བ་དང་གཡོ་བ་དང་འབབ་པ་ ལ་སོགས་པས་མི་གནས་སོ། །དེ་ལྟར་ངེས་པས་རིགས་ལྔ་ལ་ལོངས་སྤྱོད་པར་བྱའོ། །དེས་འགྲུབ་པར་འགྱུར་རོ། །གྲུབ་པར་གྱུར་ན་གཞན་གྱི་ལུས་ལ་ཡང་འདར་བ་དང་གཡོ་བ་དབབ་པར་བྱས་པས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་འགག་པར་འགྱུར་རོ། །ཇི་ལྟར་གྲུབ་པའི་དངུལ་ ཆུས་ཕུག་པས་ཟངས་མའི་ནག་པོ་སྤངས་པ་དེ་བཞིན་དུ་ལུས་པོ་ཉིད་ཀྱང་གཉིས་སུ་མེད་པའི་རོས་ཕུག་ནས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་སྤོང་བར་འགྱུར་རོ། །ཧྲཱི་ཧཱུཾ་ཡཱཾ་བཟླས་པའི་སྔགས་སོ། །ཨོཾ་ཧྲཱིཿཨཱཿཧཱ་རཱི་ཏི་ཡཀྵེ་ཤྭ་རི་སྭཱ་ཧཱ། འཕྲོག་མའི་སྔགས་སོ། །ཨོཾ་ཨཱ་ཀྲོཾ་ཧྲཱི་ས་ཀ་ལ་གཱ་ནཱ་བཱི་ རཱ་བཱི་རེ་ཤྭ་རཱི་ཎཱཾ་པ་རི་ཀ་རཻཿཨ་ཨ་ཨ་བ་ཏ་ར། ཨ་བ་ཏ་ར་ཨ་བ་ཏ་རན་ཏུ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ཨི་དཾ་པ་ལིཾ་གྲྀཧྞ་གྲྀཧྞ་ཧཱུཾ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཨོ་ཌི་ཡཱ་ན་ནས་བྱུང་ཞིང་ས་ར་ཧའི་ཞབས་ཀྱིས་གདན་དྲངས་པ་འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། རཀྟ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཨོཾ་ཙི་ཊི་ཙི་ན་ཊི། བི་ཀློ་ལི་བི་ཀློ་ལི། ཨ་མུ་ཀཾ་སཱ་དྷ་ན་པཱ་རི་བཱ་རམྨེ་བ་ཤ་མཱ་ན་ཡ་སྭཱ་ཧཱ། སྔོན་དུ་བསྙེན་པ་ཁྲི་ བཟླས་ནས་ཕྱི་ནས་སྒྲུབ་པ་བརྩམ་པར་བྱའོ། །གཡས་ཕྱོགས་དང་གཡོན་ཕྱོགས་ལོགས་སུ་སྒྲོལ་མ་དང་ཁྲོ་གཉེར་ཅན་ཏེ་ལྷ་མོ་གཉིས་བཞད་པའོ། །རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་ཕྲེང་བ་དང་ན་བཟའ་དམར་པོས་བརྒྱན་ཅིང་ཕྱག་བཞི་ན་ཞགས་པ་དང་། ལྕགས་ཀྱུ་དང་། གཞུ་དང་། མདའ་བསྣམས་པ་སྒེག་པའི་ཉམས་དང་རོ་གཅིག་པའོ། །མེ་ཏོག་དམར་པོས་བརྒྱན་པའི་མྱ་ངན་མེད་པའི་ཤིང་གི་འོག་ཏུ་འདུག་ནས་བདག་ཉིད་ཐུན་མཚམས་གསུམ་དུ་བསྒོམ་པར་བྱ་ཞིང་ཚྭ་ཡིས་ཡན་ལག་བྱུགས་པའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །ཉི་མ་ བདུན་གྱིས་བུད་མེད་དམ་སྐྱེས་པ་དབང་དུ་འགྱུར་རོ། །ཉི་མ་བདུན་པ་གསུམ་གྱིས་སྐྱེས་བུ་ཆེན་པོར་འགྱུར་རོ། །ཚྭ་དང་ལྷན་ཅིག་ཆང་གིས་ཐུམ་པོ་བྱས་ནས་བསྒྲུབ་པར་བྱ་སྟེ། གཟུགས་བརྙན་སོར་བཞིའི་ཚད་ཙམ་བྱས་ནས་སེང་ལྡེང་གི་མེ་དུ་བ་མེད་པ་ལ་ཐུན་མཚམས་གསུམ་དུ་བསྲོ་ཞིང་སྔགས་ བཟླས་པས་མིང་གང་ཡིན་པ་དེ་དབང་དུ་འགྱུར་རོ། །རྡོ་རྗེའི་ཆུའི་རང་བཞིན་དང་ཚྭ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བཟླས་ནས་གང་ལ་བྱིན་པ་དེ་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ། །འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སྱ་བ་ཤྱཱ་ དྷི་ཀ་ར་བི་དྷིཿ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གིས་ལྷག་པར་དབང་དུ་བྱ་བའི་ཆོ་ག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་དེ་བཞིན་དུ་སྟོང་པ་ཉིད་དུ་བྱས་ནས། ཧྲཱིཿཡིག་དམར་པོ་ལས་སྐྱེས་པའི་པདྨ་དམར་པོ་དེའི་དབུས་སུ་ཨཱཿཡིག་ ཡོངས་སུ་གྱུར་པ་ལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་རལ་པའི་ཅོད་པན་ཅན། འོད་དཔག་ཏུ་མེད་པ་རལ་པའི་ནང་དུ་བཞུགས་པ། ཕྱག་གཡོན་ན་པདྨ་དམར་པོ་བསྣམས་པ་ཕྱག་གཡས་པས་གསལ་བར་མཛད་པ། སྣ་ཚོགས་པའི་རྒྱན་དང་གོས་ ཀྱིས་བརྒྱན་པའི་བདག་ཉིད་དུ་བསྐྱེད་ལ། རང་གི་སྙིང་གར་ཧྲཱིཿཡིག་ལས་སྐྱེས་པའི་པདྨ་དམར་པོ་འདབ་མ་ལ་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བའི་གཟུགས་དཀར་པོ་འཁོར་བར་བསམ་པར་བྱའོ། །དེ་ནས་བསྒྲུབ་བྱའི་སྙིང་གར་ཡང་སྔོན་མ་བཞིན་དུ་པདྨ་བསམ་ཞིང་རང་གི་སྙིང་གར་གནས་ པའི་པདྨ་ལས་རང་གི་རྡོ་རྗེའི་ལམ་ནས་འཁོར་ཞིང་ཞུགས་ཏེ། ཨོཾ་བྷྲ་མ་རཱཿསཱ་ཎྱ་ཧྲི་དི་པདྨཱ་མྲི་ཏ་མཱ་ཀཱཪྵ་ཛཿཞེས་པས་བསྒྲུབ་བྱའི་རྡོ་རྗེ་ལ་ཞུགས་ཏེ། དེའི་པདྨ་ལ་གནས་པའི་བདུད་རྩི་འཁོར་ཞིང་བཀུག་ནས་དེ་ལ་སླར་ཡང་དེའི་རྡོ་རྗེ་ལས་འཐོན་ཏེ། རང་གི་རྡོ་རྗེའི་ལམ་ལ་དེ་བཞིན་དུ་ཞུགས་ནས་སེམས་ཀྱི་བདུད་ རྩིས་སྦྲང་གི་ཐིག་ལེ་འབྱུང་ཞིང་དེ་ལ་བལྟ་བར་བྱའོ། །སྔགས་ནི་ཨོཾ་ཧཱུཾ། ཇི་སྲིད་རྒྱུན་མ་ཆད་པར་དེ་སྲིད་དུ་ཉི་མ་བདུན་བསྒོམས་པས་བསྒྲུབ་བྱ་རྐང་པ་དག་གི་རྩར་ལྷུང་བར་འགྱུར་རོ། །འཇིག་རྟེན་དབང་ཕྱུག་གིས་ལྷག་པར་དབང་དུ་བྱ་བའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནི་ལ་ཀཎྛ་ ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྒྲུབ་པ་པོས་སྔ་བར་ལངས་ཏེ། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཉེ་བར་འདུག་སྟེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་སེར་པོ་རྣམ་པར་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱི་ཚོགས་ཀྱིས་བསྒོམ་པར་བྱ་བའི་བཅོམ་ལྡན་འདས་གདན་དྲངས་ཏེ། དེ་ནས་ལྷ་རྣམས་བསྐྱེད་ཅིང་སྤྲོས་ནས། མེ་ཏོག་ལ་སོགས་པ་རྣམས་ཀྱིས་ ཡང་དག་པར་མཆོད་ནས། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ནས་ཕྱི་དང་ནང་དུ་བཅས་པའི་དངོས་པོ་རྣམས་སྟོང་པའི་རང་བཞིན་དུ་རྣམ་པར་བསྒོམས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་ པའི་སྔགས་བརྗོད་པར་བྱའོ། །དེ་ནས་ནམ་མཁའི་ཕྱོགས་སུ་དབྱངས་ཡིག་དང་པོ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཧྲཱིཿཡིག་སེར་པོའོ། །དེས་དེ་བཞིན་དུ་པདྨ་དམར་པོ་དེ་ལས་སྐྱེས་པར་བྱིན་གྱིས་བརླབས་ནས། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་སྐུ་མདོག་སེར་པོ་ཟླ་བ་ཕྱེད་པ་དང་རལ་ པའི་ཅོད་པན་གྱིས་དབུ་ལ་བརྒྱན་པ། འོད་དཔག་ཏུ་མེད་པས་སྤྱི་བོའི་ཕྱོགས་སུ་ཉེ་བར་མཚོན་པ། པདྨ་དམར་པོའི་སྟེང་དུ་རི་དྭགས་ནག་པོའི་པགས་པ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཏིང་ངེ་འཛིན་གྱི་ཕྱག་རྒྱའི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་པས་ཡོངས་སུ་གང་བའི་ཐོད་པ་བསྣམས་པ། ཨེ་ན་ ཡའི་པགས་པས་མཆོད་ཕྱིར་ཐོགས་བྱས་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། རྒྱན་མེད་པ་མགྲིན་པ་སྔོན་པོ་ཕྲེང་བ་སྔོན་པོས་ཁྱད་དུ་འཕགས་པ། མགུལ་པའི་གཞོགས་གཉིས་སུ་ཕན་ཚུན་དུ་ནོར་བུ་དང་བཅས་པའི་སྦྲུལ་དག་གི་མཇུག་མ་མངོན་པར་བཅིངས་ཤིང་ཁྱད་པར་དུ་འཕགས་ པའི་བཅོམ་ལྡན་འདས་སྤྱན་རས་གཟིགས་ལ་གཞན་སྦྲུལ་ནག་པོ་གཉིས་སྟེང་དུ་ཁ་ཕྱོགས་པས་ཉེ་བར་མཚོན་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱའོ། །ཨོཾ་སྥ་ལིཾ་གཱཊྚ་ཧཱ་སཀྵཿཞེས་སོ། །འདི་ནི་བསམ་གྱིས་མི་ཁྱབ་པའི་རྗེས་སུ་འབྲངས་པའི་འཕགས་པ་སྤྱན་རས་གཟིགས་ དབང་ཕྱུག་མགྲིན་པ་སྔོན་པོ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་ཀྲ་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་དྲ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་དུ་བསྒོམས་ནས་ནམ་མཁར་རཾ་ཡིག་ལས་བྱུང་བའི་ཉི་མ། དེའི་སྟེང་དུ་ཧཱུཾ་ཡིག་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་བསྒོམ་པར་བྱའོ། །དེའི་དབུས་སུ་མི་བཟད་པའི་དུར་ ཁྲོད་དོ། །ཡང་དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའོ། །ཡང་དེའི་དབུས་སུ་ཧཱུཾ་ཡིག་སྔོན་པོ་ལས་བྱུང་བའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་ནག་པོ་ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་གིས་བཞུགས་པ། ཞལ་ལྔ་པ། སྤྱན་གསུམ་པ། ཕྱག་བཅུ་གཉིས་པའོ། །དཀར་པོ་དང་དམར་པོ་ནི་གཡས་ཀྱི་ཞལ་གཉིས་སོ། །དེ་བཞིན་དུ་སེར་པོ་དང་ལྗང་གུ་དག་ནི་གཡོན་གྱི་ཞལ་གཉིས་སོ། །གཡས་ཀྱི་ཕྱག་རྣམས་ཀྱིས་ཌ་མ་རུ་དང་། ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། ཞགས་པ་དང་། རྡོ་རྗེ་དང་། མདའ་རྣམས་བསྣམས་ པ། གཡོན་གྱི་ཕྱག་རྣམས་ཀྱིས་སྡིགས་མཛུབ་དང་། ཐོད་པ་དང་། པདྨ་དམར་པོ་དང་། ནོར་བུ་དང་། འཁོར་ལོ་དང་། གཞུ་རྣམས་བསྣམས་པ། ཞལ་ཐམས་ཅད་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་དང་ལྡན་པ། མགོ་བོ་རློན་པའི་ཕྲེང་བས་སྐུ་ལ་བརྒྱན་པ། གཅེར་བུ་ཡན་ལག་ཐམས་ཅད་མཛེས་ པའི་བདག་ཉིད་དུ་སྐད་ཅིག་གིས་བརྟགས་ལ། སྙིང་གར་ཟླ་བའི་དབུས་སུ་ཧྲཱིཿཡིག་ལ་བསྐོར་བའི་ཨོཾ་ཨཱཿཧཱུཾ། ཨི་ཏི་མུ་ནི་བ་ར་བཛྲེ་ཧྲཱིཿཧཱུཾ་ཛཿཞེས་པའི་སྔགས་ཀྱིས་ཕྲེང་བའི་རྣམ་པར་བཟླས་པར་བྱའོ། །འབུམ་བཟླས་ན་མཚམས་མེད་པ་ལྔ་བྱས་པས་ཀྱང་འགྲུབ་པར་འགྱུར་རོ། །སྒྱུ་འཕྲུལ་དྲ་ བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་སོ།། །།༄༅༅། །ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཧུ་ལུ་ཧུ་ལུ། མུ་ལུ་མུ་ལུ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ། པདྨ་ཧསྟེ་སྭཱ་ཧཱ། ཉི་མ་རེ་རེ་ཞིང་ལན་ལྔར་ཐུན་མཚམས་གསུམ་དུ་བཟླས་པར་བྱའོ། །བོང་བུ་ཡིན་ཡང་གཞུང་སུམ་བརྒྱ་འཛིན་པར་འགྱུར་རོ། །པདྨའི་ཕྱག་གི་གཟུངས་སོ། །༄༅༅། །ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་བ་དྷི་སཏྭཱ་ཡ་མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་ཎི་དྷ་རེ་དྷ་ར་དྷ་རེ་བྷ་དྲེ་སུ་བྷ་དྲེ་སྭཱ་ཧཱ། ཟླ་བ་ གཟས་བཟུང་བའི་དུས་སམ་ཡང་ན་ཉི་མ་གཟས་བཟུང་བའི་ཚེ་བའི་རྣམ་ལྔས་ཁྲུས་བྱས་ཏེ་བརྒྱ་རྩ་བརྒྱད་བཟླས་ནས་སྲན་མ་ཥ་ཁར་བཅུག་ནས་ཇི་སྲིད་མ་གྲོལ་གྱི་བར་དེ་སྲིད་དུ་བཟླས་པར་བྱའོ། །འཇིག་རྟེན་མགོན་པོའི་བྲིས་སྐུ་མདུན་དུ་བྱས་ནས་མར་གྱི་མར་མེ་རབ་ཏུ་སྦར་ཏེ། ཙནྡན་དང་ས་ལ་ མ་ལྷུང་བའི་བའི་ལྕི་བས་མཎྜལ་བྱས་ནས་སྤྱོད་ལམ་གཙང་མ་དང་བཅས་པས་སྒྲུབ་པ་པོ་བྱང་ཕྱོགས་ཀྱི་སྒོར་གནས་ནས་རང་གི་ཟླ་བ་དང་ཉི་མ་ལ་བལྟ་བར་མི་བྱའོ། །སྔོན་དུ་བསྙེན་པ་ཁྲི་བཟླས་ནས། །ཚངས་པར་སྤྱོད་པས་བསྒྲུབ་པར་བྱ། །མ་ཐོས་པ་ཡི་བསྟན་བཅོས་ཀྱང་། །རིག་ཅིང་ལོངས་སྤྱོད་ནུས་ པར་འགྱུར། །ཐོས་པ་རྣམས་ནི་མི་བརྗེད་ཅིང་། །གཟུངས་འཛིན་སྟོབས་དང་ལྡན་པར་འགྱུར། །གང་གིས་སྤྱི་བོར་ཕྱེ་མ་ཡིས། །རབ་ཏུ་བྱིན་གྱུར་རྐང་པ་དང་། །ཐམས་ཅད་དེ་ཡི་དབང་དུ་འགྱུར། །ཇི་སྲིད་ཉི་མ་ཟླ་བའི་བར། །མཁའ་འགྲོ་མ་དང་གཟའ་དང་ནི། །དགྲ་དང་ནད་རྣམས་སྐྱེ་མི་འགྱུར། །བྱུགས་ པས་ནད་རྣམས་ཐམས་ཅད་ཀྱང་། །རྟག་ཏུ་རབ་ཏུ་ཞི་བར་འགྱུར། །ཧྲཱིཿཡིག་རྐན་ལས་བྱུང་བ་ཡི། །འཇིག་རྟེན་མགོན་པོ་རྣམ་པར་བསྒོམ། །ཕྱག་གཉིས་གཡས་པ་མཆོག་སྦྱིན་དང་། །གཡོན་པ་པད་བསྣམས་སྐུ་མདོག་དཀར། །རལ་པའི་ནང་གནས་འོད་དཔག་མེད། །སྣ་ཚོགས་ཆུ་སྐྱེས་ཟླ་བ་ལ། ། མགོན་པོ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །མཁས་པས་ཆོ་ག་བཞིན་དུ་བསྒོམ། །ཉེ་བར་སྤྱོད་པ་དང་བཅས་པ་སྲན་མ་མ་ཥའི་ཞལ་གྱི་གཟུངས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་མོ་གྷ་པཱ་ཤ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས། བཅོམ་ ལྡན་འདས་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །འཇིག་རྟེན་དབང་ཕྱུག་ཞི་ཞིང་དཀར། །ཡོན་ཏན་རྒྱ་མཚོ་དོན་ཡོད་གྲུབ། །ཕྱག་འཚལ་ནས་ནི་སྒྲུབ་པའི་ཐབས། །བདག་ཉིད་རྟོགས་ཕྱིར་ཅུང་ཟད་བྲི། །དེ་ལ་དང་པོར་རེ་ཞིག་སྔགས་པས་ཞི་ཞིང་སྙིང་རྗེ་གཅིག་པུའི་སེམས་ཀྱིས་སྡུག་བསྔལ་ མཐའ་དག་གི་ཆུ་སྲིན་གྱི་གནས་སུ་ལྟུང་བའི་འགྲོ་བ་རྣམས་ལ་ངེས་པར་བལྟས་ཏེ། དེ་རྣམས་བཏོན་ནས་བདེ་བའི་གནས་ལ་དགོད་ཅིང་བདག་གིས་དོན་ཡོད་པའི་འབྲས་བུས་བསྐྱབ་པར་བྱའོ་ཞེས་ངེས་པ་བརྟན་པོས་རི་བྲག་ལ་སོགས་པ་ཆུ་དང་མེ་ཏོག་དང་འབྲས་བུས་བརྒྱན་པའི་ཕྱོགས་སུ་སྟན་གཙང་མ་ ལ་སོགས་པ་ལ་འདུག་ནས། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མ་ཧཱ་ཀཱ་རུ་ཎི་ཀ་སརྦ་བིགྷྣཱན་ཧཱུཾ་ཕཊ། ཅེས་པ་འདིས་བསང་གཏོར་བྱའོ། །ཨོཾ་ཛ་ཡ་ཛ་ཡ་སྭཱ་ཧཱ། ཨོཾ་ཛ་ཡ་བི་ཛ་ཡ་སྭཱ་ཧཱ་ཞེས་པས་ལུས་དང་ངག་དང་ཡིད་ཀྱི་གནས་ལ་བགེགས་བསལ་བར་བྱའོ། ། ཨོཾ་ཨ་ཙ་ལ་བཱི་རཱ་ཡ་སྭཱ་ཧཱ་ཞེས་བརྗོད་ནས་ཙནྡན་ལ་སོགས་པའི་དྲི་བཟངས་ཀྱིས་མཎྜལ་བྱས་ནས། རང་གི་སྙིང་གར་ཟླ་བའི་གཟུགས་བརྙན་ལ་ཧྲཱིཿཡིག་དཀར་པོ་བལྟ་བར་བྱའོ། །དེའི་འོད་ཟེར་གྱིས་གདན་དྲང་བར་བྱ་སྟེ། ཨོཾ་བ་ར་པྲ་དྷཱ་ཡ་སྭཱ་ཧཱ། ཞེས་པས་དཔལ་ལྡན་པོ་ཊ་ལ་ཀེའི་རི་བོ་ལས་བསྐུལ་ནས། ། ཨོཾ་ས་ར་ས་ར་ཧུ་ལུ་ཧུ་ལུ་བྷ་ག་བཱན་དྷ་ར་དྷ་ར་ས་མ་ཡ་མ་ནུ་སྨ་ར་ཧཱུཾ་ཧཱཿསྭཱ་ཧཱ། ཞེས་པའི་ཚིག་འདིས་ཕྱག་ལ་སོགས་པ་འཆང་བར་འགྱུར་བའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཨོཾ་ཧྲཱིཿཧཱཿཧཱུཾ་སྭཱ་ཧཱ། ཞེས་པས་མཆོད་ཡོན་ཕུལ་ནས་མེ་ཏོག་ལ་སོགས་པ་ ཡིད་ཀྱི་རང་བཞིན་གྱི་མཆོད་པའི་ཁྱད་པར་གྱིས་ཡང་དག་པར་མཆོད་པར་བྱས་ཏེ། ཨོཾ་ཌ་ཌ་ཧཱུཾ་ཧ་པུཥྤཾ་སྭཱ་ཧཱ། ཨོཾ་དྷུ་ན་དྷུ་ན་མ་ཐ་མ་ཐ་ཧ་ཧ་ཧཱུཾ་དྷཱུ་པཾ་སྭཱ་ཧཱ། ཨོཾ་རཾ་དཱིརྒྷ་ཧྲཱིཿདཱིརྒྷ་ཧྲཱི་ཧཱུཾ་དཱི་པཾ་སྭཱ་ཧཱ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཧེ་ཧེ་གན་དྷཾ་སྭཱ་ཧཱ། ཨོཾ་བ་ར་བ་ར་དཱ་ཡ་ཀེ་ཧེ་ཧྲཱི། ཧཱུཾ་ནཻ་བི་དྱཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་ཡང་དག་པར་མཆོད་ ཅིང་ཕྱག་འཚལ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་བྱམས་པ་ལ་སོགས་པ་བསྒོམས་ནས་བརྟན་པ་དང་གཡོ་བའི་འགྲོ་བ་མཐའ་དག་གི་གནས་ཀྱི་དོན་དང་། སྐྱེ་བ་དང་བདག་གི་ལུས་ཀྱང་རང་གི་ས་བོན་གྱི་འོད་ཟེར་གྱིས་ཁྱབ་པར་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་ པས་རང་གི་སེམས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་བི་མ་ལ་ཨུ་ད་ཡ་ཧཱུཾ་མཚོའོ། །ཨོཾ་རཏྣ་ཨ་ཙ་ལ་ཧཱུཾ་བསྐྱེད་པ་སྟེ་རིན་པོ་ཆེའི་རིའི་སྟེང་དུའོ། །ཨོཾ་ཀ་མ་ལ་བེ་སྭཱ་ཧཱ་ཞེས་པས་པདྨ་ལེགས་པར་སྦྱར་ནས་ཨོཾ་ཨ་མི་ཏོཏྦྷ་བཱ་ཡ་སྭཱ་ཧཱ་ཞེས་པ་འདིས་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་ནས། དེའི་སྙིང་པོ་ལ་ཨཱ་ལི་དང་ཀཱ་ ལི་ལ་སོགས་པའི་རང་བཞིན་ཟླ་བ་དང་ཉི་མ་ཡང་དག་པར་སྦྱར་བ་ལ་ཧྲཱིཿཡིག་དཀར་པོ་ལས་ཡང་དག་པར་བསྐྱེད་པའི་འདམ་སྐྱེས། དེའི་ས་བོན་གྱི་འོད་ཟེར་གྱི་ཚོགས་ཀྱིས་བྱིན་གྱིས་བརླབས་ནས་ཟེའུ་འབྲུའོ། །དེ་ཐམས་ཅད་གཅིག་ཏུ་གྱུར་པ་ལས་ཡེ་ཤེས་ལྔའི་རིམ་པས་བཅོམ་ལྡན་འདས་འཕགས་ པ་སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པ་སྟོན་ཀའི་སྤྲིན་གྱི་མདོག་ལྟ་བུ་དཀར་པོ་རལ་པའི་ཅོད་པན་དང་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། མཆོད་ཕྱིར་ཐོགས་དཀར་པོས་བརྒྱན་པ་ཞི་བའི་ཚུལ་ཅན་ཞི་བའི་རྒྱན་དང་ལྡན་པ་ཞལ་གཅིག་པ། ཕྱག་བཅུ་གཉིས་པ་འོད་ཟེར་འབར་བ། དེ་ལ་ཕྱག་ གཡས་ཀྱི་དང་པོ་མཆོག་སྦྱིན། གཉིས་པ་སངས་རྒྱས་ལ་ཕྱག་འཚལ་བའི་ཚུལ་དང་མཛོད་འདྲེན་པ། གསུམ་པ་ན་ནོར་བུའི་ཕྲེང་བ་དཀར་པོའོ། །བཞི་པ་ན་མདའ། ལྔ་པ་ན་མེའི་དཀྱིལ་འཁོར། དྲུག་པ་ན་རིན་པོ་ཆེ་སྣ་ཚོགས་པའི་འཁྲི་ཤིང་ངོ་། །ཕྱག་གཡོན་གྱི་དང་པོ་ན་པདྨ་དམར་པོ། གཉིས་པ་ན་རི་རབ། གསུམ་པ་ན་དབྱུ་གུ་རྩེ་གསུམ། བཞི་པ་ན་གཞུ། ལྔ་པ་ན་གསེར་གྱི་རིལ་བ་སྤྱི་བླུགས། དྲུག་པ་ན་དོན་ཡོད་པའི་འབྲས་བུ་བཅིངས་པའི་ཞགས་པ་བསྣམས་པ། རིན་པོ་ཆེའི་རིའི་ཕུག་ན་སྣ་ཚོགས་པའི་པདྨ་དང་། ཟླ་བ་ལ་མཉམ་པའི་ཞབས་ཀྱིས་བཞུགས་པའི་བདག་ཉིད་མངོན་པར་སྤྲུལ་ པའོ། །ཡང་ན་ཕྱག་བཅུ་པའོ། །དེ་ལ་ཕྱག་གཡས་པ་ན་མཆོག་སྦྱིན་དང་། རྩེ་གསུམ་དང་། ནོར་བུའི་ཕྲེང་བ་དང་། མདའ་དང་། ལྕགས་ཀྱུའོ། །གཡོན་ན་པདྨ་དམར་པོ་དང་། རི་རབ་དང་། གསེར་གྱི་རིལ་བ་སྤྱི་བླུགས་དང་། ཞགས་པ་དང་། གཞུ་རྣམས་བསྣམས་