Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 7 / 23 (50.000 ký tự/trang)
པའོ། །ཡང་ན་ཕྱག་དྲུག་པའོ། ། གཡས་ན་མཆོག་སྦྱིན་དང་རྩེ་གསུམ་དང་། ནོར་བུའི་ཕྲེང་བའོ། །གཡོན་ན་པདྨ་དམར་པོ་དང་། ཞགས་པ་དང་། རིལ་བ་སྤྱི་བླུགས་བསྣམས་པའོ། །ཡང་ན་ཕྱག་བཞི་པ་བསྒོམ་པར་འདོད་ན་གཡས་པ་མཆོག་སྦྱིན་དང་། ཞགས་པའོ། །གཡོན་ན་པདྨ་དམར་པོ་དང་དབྱུ་གུ་རྩེ་གསུམ་བསྣམས་པའི་ བཅོམ་ལྡན་འདས་དོན་ཡོད་པའི་ཞགས་པའོ། །ཇི་ལྟར་ཕྱག་བཅུ་གཉིས་པ་བསྒོམས་པ་དེ་བཞིན་དུ་ཕྱག་བཅུ་པ་དང་། དེ་བཞིན་དུ་དྲུག་པ་དང་། དེ་བཞིན་དུ་ཕྱག་བཞི་པའོ། །བཞི་པོ་རྣམས་ཀྱི་འཁོར་དང་བཅས་པའོ། །དེ་ལ་མདུན་དུ་པདྨ་དང་ཟླ་བ་ལ་ཧ་ཡིག་དམར་པོ་ལས་ལྕགས་ཀྱུ་དེ་ཡོངས་ སུ་གྱུར་པ་ལས་དོན་ཡོད་ལྕགས་ཀྱུ་ཞེས་པ་སྐྱ་རེངས་གསར་པའི་མདོག་ལྟ་བུ་རལ་པའི་ཅོད་པན་དང་ལྡན་པ། རྒྱན་དམར་པོ་ཅན། རྒྱ་ནག་གི་གོས་ཀྱིས་བླ་གོས་སུ་བྱས་པ་ཕྱག་བཞི་པ་སྟེ། གཡས་པ་དག་ན་ལྕགས་ཀྱུ་དང་རྡོ་རྗེའོ། །གཡོན་པ་དག་ན་ཞགས་པ་དང་། པདྨ་བསྣམས་པའོ། ། གཡས་ཕྱོགས་ན་པདྨ་དང་ཉི་མ་ལ་བཙོད་ཀྱི་ཁ་དོག་ལྟ་བུའི་ཧཱུཾ་ཡིག་ལས་སྐྱེས་ཤིང་པདྨས་མཚན་པའི་དབྱུག་པ་དཀར་པོ་ལས་སྐྱེས་པའི་རྟ་མགྲིན་བསྐལ་པའི་མེ་དང་ཉི་མ་འབར་བ་ལྟ་བུའོ། །སྨ་ར་དམར་སེར་འབར་ཞིང་འཁྱིལ་པ། སྨིན་མ་འཁྱོག་ཅིང་ཁྲོ་གཉེར་བསྡུས་ཤིང་འབར་བ་ཞལ་ འཇིགས་ཤིང་ཧཱུཾ་ཞེས་སྒྲོགས་པ་སྤྱན་གསུམ་འབར་བའི་སྐྲ་ཅན། ཧི་ཧིའི་སྒྲ་སྒྲོགས་པ་དབུའི་སྟེང་དུ་རྟ་མགོ་ལྗང་གུའི་ཞལ་བྱས་པ། སྐུ་ལ་སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ཐུང་ཞིང་གསུས་པ་ཆེ་བ། ཕྱག་བཞི་དབྱིག་པས་བརྒྱན་པ། གཡས་པ་དག་ན་དབྱུག་པ་འཕྱར་བ་དང་རྡོ་རྗེ་བསྣམས་པ། གཡོན་པ་དག་ན་སྡིགས་མཛུབ་དང་། པདྨ་བསྣམས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །རྒྱབ་ཏུ་ཆུ་སྐྱེས་ལ་ཧ་ཡིག་སྔོན་པོ། དེ་ལས་རལ་གྲི། དེ་ལས་སྐྱེས་པའི་ལྷ་མོ་རལ་པ་གཅིག་མ། རལ་པ་དམར་སེར་གཅིག་ཏུ་འཁྱིལ་པ། ཁྲོ་ མོའི་རྣམ་པ་ཅན། གླང་པོ་ཆེའི་པགས་པའི་སྟོད་གཡོགས་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་གྱི་རྒྱན་གྱིས་སྐུ་ལ་བརྒྱན་པ། སྤྱན་གསུམ་པ། ཛམྦུ་ནཱ་དའི་དཔལ་འཛིན་ཅིང་ཕྱག་བཞི་པ། གཡས་པ་དག་ན་རལ་གྲི་དང་། གྲི་གུག་དང་། གཡོན་པ་ དག་ན་ཨུཏྤ་ལ་དང་། ཐོད་པ་བསྣམས་པའོ། །གཡོན་ཕྱོགས་ན་ཆུ་སྐྱེས་དང་ཟླ་བའི་སྟེང་དུ་ཊ་ཡིག་སེར་པོ་ལས་ཆུ་སྐྱེས། དེ་ཡོངས་སུ་གྱུར་པ་ལས་ཁྲོ་གཉེར་ཅན་རལ་པའི་ཐོར་ཚུགས་ཅན་གཞོན་ནུ་དར་ལ་བབ་པ་མཛེས་ཤིང་སྐུ་མདོག་སེར་མོ། དར་དཀར་པོའི་ན་བཟའ་སྐུ་ལ་ གསོལ་བ། ལྷའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ་དག་ན་པདྨ་དང་ཕྲེང་བ་བསྣམས་པ། གཡོན་པ་དག་ན་དབྱུ་གུ་དང་རིལ་བ་སྤྱི་བླུགས་བསྣམས་པ་བསམ་པར་བྱའོ། །དེ་ནས་སྙིང་གར་ཟླ་བ་དང་། པདྨའི་ས་བོན་ལས་འོད་ཟེར་གྱི་དྲ་བ་འཕྲོས་པས། སངས་རྒྱས་དང་ བྱང་ཆུབ་སེམས་དཔའི་ཚོགས་གདན་དྲངས་ཏེ། མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཕྱག་རྒྱ་དང་སྔགས་ཀྱིས་གཞུག་པ་དང་བཅིང་བས་ཡང་དག་པར་མཉེས་ཤིང་ལུས་ལ་སོགས་པ་བྱིན་གྱིས་བརླབས་ནས། འོད་དཔག་ཏུ་མེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ ཀྱིས་དབང་བསྐུར་བར་བལྟ་བར་བྱའོ། །དབང་བསྐུར་བ་ནི་ཞེས་པ་ལ་སོགས་པས་དེས་སྤྲོས་ནས་གོས་དཀར་མོ་ལ་སོགས་པ་རིག་མའི་ཚོགས་རྣམས་ཀྱིས་ཡལ་ག་དང་བཅས་པའི་བུམ་པ་འཛིན་པས་དབང་བསྐུར་བའི་ཚིགས་སུ་བཅད་པ་བརྗོད་ཅིང་དབང་བསྐུར་བར་བསྒོམ་པར་ བྱ་ཞིང་རྒྱལ་བ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་བསམ་པར་བྱའོ། །བདུད་རྩིས་མཆོད་ཅིང་རོ་མྱང་བར་བྱའོ། །སྙིང་གའི་ཟླ་བའི་འོད་ཟེར་གྱི་སྒོ་ནས་འཐོན་ཏེ་སྣ་ཚོགས་པའི་སྐུ་གཟུགས་འཕྲོས་ནས་འགྲོ་བ་རྣམས་ཀྱི་བསམ་པ་ཇི་ལྟ་བའི་མངོན་པར་འདོད་པའི་འབྲས་བུ་རྫོགས་ པར་བྱས་ནས། ཆོ་ག་འདིས་སྔགས་བཟླས་པར་བྱའོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ནོར་བུ་བཞིན་དུ་ཁ་ནས་ཐོན་ནས་ལྟེ་བར་འཇུག་ཅིང་ཡི་གེའི་ཕྲེང་བར་བསམ་པར་བྱའོ། །སྤྱན་རས་གཟིགས་དབང་ཕྱུག་དོན་ཡོད་ཞགས་པའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཏྲཻ་ལོཀྱ་བ་ཤཾ་ཀ་ར་ཨཱརྱ་བྷུགྨ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཇིག་རྟེན་གསུམ་པོ་དབང་དུ་བྱེད་པ་འཕགས་པ་བྷུགྨའི་སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་ སྡིག་པ་དང་བྲལ་བ། །བདེ་གཤེགས་སྲས་དང་རྒྱལ་བའི་ཡབ་ཉིད་དང་། །འགྲོ་མགོན་འཇིག་རྟེན་མནན་རྣམས་ཕྱག་འཚལ་ནས། །ངོ་མཚར་ཅན་གྱི་སྒྲུབ་ཐབས་བཤད་པར་བྱ། །སྙིང་གར་ཨ་ཡིག་ལས་སྐྱེས་ཟླ་བ་ཆུ་སྐྱེས་ཟླ་བ་ཡིད་ཀྱི་མུན་འཇོམས་པའི། །ཧྲཱིཿཡིག་འོད་ཟེར་དྲ་བའི་ ཚོགས་འཕྲོ་ཆུ་སྐྱེས་དམར་པོ་སྐྱ་རེངས་མདོག་ལྟ་བུ། །རྣམ་ཐར་གསུམ་པོ་ཡང་དག་བསམ་ཞིང་མཁས་པས་གཟུགས་ནི་དྲི་མེད་ཞལ་སོགས་བསང་། །ཁྲོ་ལས་རྒྱལ་བས་དང་པོར་གནས་དང་བདག་ཉིད་བསྲུང་བའི་སྦྱོར་བ་ཉིད་བྱས་ཏེ། །ཆང་དང་གུར་གུམ་བཟང་པོའི་ལྡེ་གུས་བྱུགས། ། མེ་ཏོག་དྲི་བཟངས་རབ་བྱེད་གཅལ་དུ་བཀྲམ། །བསམ་གཏན་གནས་ནི་རབ་དགར་བདེ་བའི་སྟན། །མཐོན་པོ་ལ་ནི་རབ་ཏུ་འདུག་བྱས་ཏེ། །གུར་གུམ་ཙནྡན་དམར་པོས་དེ་མདུན་དུ། །མཎྜལ་ཤིན་ཏུ་ཟླུམ་བྱས་ལེགས་པར་བྱུགས། །མེ་ཏོག་དམར་པོ་སོ་མ་གཅལ་དུ་བཀྲམ། ། རང་གི་སྔགས་བཟླས་མཆོད་ཡོན་དམ་པའི་སྣོད། །དེ་ནས་ནམ་མཁར་རྒྱལ་སྲས་ཀུན་བལྟས་ནས། །མཁས་པས་གཅིག་ཏུ་འགྲོ་ཀུན་སྐྲག་བཅས་གདོན་པའི་ཕྱིར། །མཆོད་པའི་ཆོ་ག་རྣམ་མང་རང་གི་ས་བོན་བསྐྱེད། །དེ་རྣམས་བློ་གྲོས་ལྡན་པས་མཉམ་གཞག་ཡིད་ཀྱིས་བྱ། །དེ་ནས་ དེ་རྣམས་ཀྱི་མདུན་དུ་པུས་མོ་ས་ལ་བཙུགས་ཤིང་བཏུད་ནས་འདུག་སྟེ། ཐལ་མོ་སྦྱར་ནས་བདག་ཉིད་ལྷག་པར་གྲོལ་བའི་ཕྱིར་སྡིག་པ་བཤགས་པ་ལ་སོགས་པ་བྱ་སྟེ། སྐྲག་པས་སྡིག་པ་མ་ལུས་བཤགས་བགྱིད་ཅིང་། །མ་ལུས་སྡིག་ལ་དགའ་བར་མི་བགྱིད་དོ། །དགེ་བ་ ཀུན་ལ་རྗེས་སུ་ཡི་རང་ཞིང་། །བྱང་ཆུབ་མཆོག་ཏུ་བདག་གིས་ཡོངས་སུ་བསྔོ། །དཔུང་གཉེན་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སངས་རྒྱས་རྣམས་ལ་བདག་གིས་ལུས་འདི་འབུལ། །འགྲོ་ལ་ཕན་བགྱིད་བྱང་ཆུབ་སྙིང་པོ་བཟུང་། །སངས་ རྒྱས་ཕུན་ཚོགས་གནས་ལ་ཡང་དག་བསྟེན། །འགྲོ་བ་མཐའ་དག་སྡུག་བསྔལ་གྱིས་མནར་ཡང་དག་བལྟ། །སྔགས་པས་དེ་ལ་བརྩེ་ཆེན་འོད་ཟེར་བསྒོམ་བྱ་སྟེ། །བདག་དང་འགྲོ་བ་མ་ལུས་གཉིས་མེད་སྟོང་པར་བསྒོམ། །ཀུན་ལ་ཕན་པར་ཡང་ནི་རབ་ཏུ་བལྟ་བར་བྱ། །དེ་ ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པ་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་མདུན་དུ་འོད་ཟེར་དྲ་བ་འཕྲོ་བ་ཡི། །པཱ་ལ་ཤ་ཡི་མེ་ཏོག་ལྟ་བུའི་ཧྲཱིཿཡིག་བསམ། །དེས་བྱུང་ཟླ་བ་གང་བའི་གཟུགས་བལྟས་ ལ། །ཧྲཱིཿཡིག་འོད་ཟེར་དྲ་བའི་འོད་ཀྱི་དབུས། །དེ་སྟེང་ཧྲཱིཿཡིག་ལས་བྱུང་ཉི་མ་སྟེ། །འོད་ཀྱིས་ཕྱོགས་རྣམས་ཀུན་ཏུ་སྣང་བྱེད་ཅིང་། །དབུས་ནས་ཧྲཱིཿཡིག་ལས་བྱུང་འོད་ཟེར་འབར། །མུན་པ་མཐའ་དག་འཇོམས་བྱེད་ཡང་དག་བསམ། །དེ་སྟེང་རང་གི་ས་བོན་ལས་སྐྱེས་པའི། ། འདམ་སྐྱེས་རྣམ་རྒྱས་ཉི་མའི་ཁ་དོག་བཞིན། །ཡི་གེ་ཧྲཱིཿཡིས་རབ་མཛེས་དབུས་མའི་ཆ། །མཁས་པས་ཡིད་ཀྱི་མུན་འཇོམས་རྣམ་པར་བསམ་བྱས་ལ། །དེ་ནས་རང་གི་ས་བོན་མ་ལུས་པ་ལས་ནི། །ཐུབ་དབང་སྤྲོ་དང་དེ་ལས་བསྡུ་བྱས་ནས། །ས་བོན་གྱིས་མཚན་ཉི་ཟླའི་ཐིག་ ལེས་བསྐྱེད། །འགྲོ་བའི་མགོན་དུ་བདག་ཉིད་བལྟ་བར་བྱ། །པདྨ་དང་ནི་ཟླ་བའི་སྟེང་ན་རོལ་ཞིང་མཉམ་པའི་ཞབས་ཀྱིས་ཡང་དག་བཞུགས། །འཁྲུལ་པ་རབ་བཅོམ་པདྨ་རྒྱས་པའི་ཞལ་མངའ་གློག་དང་བྱི་རུ་ལྟ་བུར་གསལ། །སྤྱན་གཉིས་ཡངས་པ་ཨུཏྤལ་སྔོན་པོ་འདྲ་ཞིང་ སྨིན་འཁྱུག་མཛེས་པས་བརྒྱན་གྱུར་པ། །རལ་པ་མཛེས་ཤིང་མུ་ཏིག་ཆུན་པོས་རྣམ་བརྒྱན་ལྷ་ཡི་གོས་ཀྱིས་རབ་མཛེས་པ། །འོད་ཟེར་དམར་པོ་འཕྲོ་བའི་ས་བོན་ལས་སྐྱེས་རྒྱལ་བ་ཕུན་ཚོགས་སེམས་ཅན་དོན། །ཕྱག་ནི་གཡོན་པ་པདྨ་དམར་པོ་རྣམ་པར་རྒྱས་པ་རྣམ་པར་བསྣམས་གྱུར་ པ། །མཁས་ཤིང་ཕྱག་གཡས་ནས་ནི་རྣམ་པ་ཀུན་གྱི་མཆོག་ནི་རབ་ཏུ་སྩོལ་བར་མཛད། །རིན་ཆེན་རྒྱན་གྱིས་རབ་མཛེས་ཡིད་རབ་དད་པའི་འཇིག་རྟེན་དབང་ཕྱུག་འོད་རབ་གསལ། །དེ་ནས་སྙིང་གར་ཆུ་སྐྱེས་ཟླ་བ་ལ། །ཧྲཱིཿཡིག་འོད་ཀྱིས་ཡོངས་བསྐོར་ཉེ་བར་བསམ། ། སྙིང་མགྲིན་སྤྱི་བོར་ཟླ་བའི་སྟེང་རྣམས་སུ། །ཧཱུཾ་ཨཱཿཨོཾ་ཡིག་འོད་འབར་མྱུར་དུ་བལྟ། །དེ་ནས་ཕྱོགས་མིན་པདྨ་ཡང་དག་བལྟ། །བན་དུའི་ཁ་དོག་ཕྱོགས་བཞིར་རབ་ཏུ་རྒྱས། །དེ་སྟེང་བསིལ་ཟེར་བྱེད་པ་ཡོངས་རྫོགས་པ། །གུར་གུམ་ལྟ་བུར་རབ་གསལ་ བསྒོམ་པར་བྱ། །དེ་ལ་རང་སྙིང་སྔགས་ཀྱི་འོད་ཟེར་ནི། །ཞལ་ནས་ངེས་འཐོན་ཟླ་བ་བཞི་ཡི་བདག །གང་ལ་དེ་ཞུགས་དེ་རྣམས་སྟེང་དུ་ནི། །མུན་པའི་ཚོགས་འཇོམས་ཉི་མ་དེ་བཞིན་དུ། །མེ་སོགས་མཚམས་གྱུར་ཉི་མ་གནས་པ་ལ། །ས་བོན་ཤིན་ཏུ་དཀར་ ནག་དམར་དང་སེར། །ལཱཾ་མཱཾ་དེ་ནས་པཱཾ་དང་ཏཱཾ་བཞི་ལས། །ཟླ་བ་ཉི་མ་ཡང་དག་སྦྱོར་བར་བསམ། །དེ་ནས་ཟླ་བའི་ས་བོན་ལས་སྐྱེས་བལྟ། །ཇི་ལྟར་རང་གི་རྟེན་ནི་གཞིར་གྱུར་པ། །ལྷ་མོ་སྣ་ཚོགས་རྒྱན་དང་ན་བཟའ་མཆོག །རིན་ཆེན་ཐོར་ཚུགས་རབ་བཅིངས་ རྒྱན་གྱིས་མཛེས། །མེ་རུ་པདྨ་ཟླ་ལ་སྤྱན་མ་སྟེ། །ཀུནྡ་ཟླ་འོད་ཡིད་འོང་ཕྱག་གཉིས་མ། །བདེན་བྲལ་པདྨ་ཟླ་ལ་མཱ་མ་ཀཱི། །བརྩེ་ལྡན་སྣུམ་བཅས་ཨིནྡྲ་ནཱི་ལའི་མདོག །རླུང་གི་པདྨ་ཟླ་ལ་གོས་དཀར་མོ། །ཆུ་སྐྱེས་དམར་པོ་ཉི་མ་དང་མཚུངས་བདེ། །དབང་ལྡན་པདྨ་ཟླ་ལ་ སྒྲོལ་མ་སྟེ། །གསེར་མདོག་ཤིན་ཏུ་ཞི་བ་བསྒོམ་པར་བྱ། །དེ་རྣམས་པུས་མོ་ས་ལ་བཙུགས་ཤིང་རིང་ཞིང་ཡངས་པའི་སྤྱན། །ནུ་མ་ཟུང་དག་མཐོ་ཞིང་མཁྲེགས་ལ་རྐེད་པའི་དབུས་ཆ་ཕྲ། །གུས་པ་དང་བཅས་རོལ་པའི་སྐུ་སྨད་རྒྱས་ཤིང་ཡན་ལག་མཆོག །སྐྲ་ཡི་འོད་ཟེར་འཁྱིལ་ ཤིང་འཛུམ་ལྡན་ཐལ་མོ་རབ་ཏུ་སྦྱོར། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་ཕྲེང་བ་ཡིས། །གདན་དྲངས་མདུན་གྱི་བར་སྣང་ལ་ནི་བཞུགས་པར་བསམ། །དཔལ་ལྡན་ཡེ་ཤེས་འཁོར་ལོའི་ཆོ་ག་བཞིན་དུ་ནི། །རང་གི་འཁོར་ལོས་གདན་དྲངས་གཞུག་པ་ལ་སོགས་བྱ། །དེ་ནས་རང་གི་ བདག་ཉིད་རྗེས་འཇུག་བུམ་པ་ཡིས། །དབང་བསྐུར་ཡེ་ཤེས་ཆུ་ཡིས་མངོན་པར་གང་བར་བལྟ། །རྒྱལ་བའི་དབང་བསྐུར་ཆུ་ལས་རབ་ཏུ་སྐྱེ་གྱུར་པའི། །ཀུན་གྱི་སྤྱི་བོར་ངག་གི་དབང་ཕྱུག་ལེགས་པར་བསམ། །དེ་ནས་རང་སྙིང་ས་བོན་འོད་ཟེར་ལས་སྐྱེས་པའི། ། ལྷ་མོའི་ཚོགས་དང་ལྷ་རྣམས་ཀྱིས་ནི་གང་གྱུར་ཏེ། །དཔག་ཏུ་མེད་པའི་མཆོད་པ་སྣ་ཚོགས་འཕྲོ་བ་ཡིས། །རང་གི་འཁོར་ལོ་ཡང་ནི་ཡོངས་སུ་མཆོད་པར་བསྒོམ། །དེ་ནས་སྙིང་གར་ཟླ་བ་དམར་པོ་ཡོངས་རྫོགས་ལ། །འོད་ཟེར་དམར་པོའི་ཆ་ཤས་ཚོགས་ཀྱིས་ཡོངས་སུ་བསྐོར། །ཤིན་ཏུ་ དམར་པོའི་ཨོཾ་ཧཱུཾ་ཡི་གེ་དབུས་སུ་གནས། །བདག་གི་ས་བོན་ལས་ནི་རབ་ཏུ་འབར་བར་བལྟ། །རྣམ་པར་འཕྲོ་བའི་འོད་ཟེར་རྗེས་འཇུག་ཁ་དོག་ཚོགས། །རྒྱ་སྐྱེགས་དམར་པོ་བཞིན་དུ་འཇིག་རྟེན་སྣང་བར་བྱེད། །རྫོགས་པའི་སངས་རྒྱས་རྣམ་པར་དག་པའི་བྱང་ཆུབ་གཟུང་། །སྔགས་ པས་དེ་ལ་དེ་བཞིན་སོ་སོར་བསྡུ་བ་དང་། །ཡང་དག་སྤྲོ་དང་བསྡུ་བའི་ཆོ་ག་ཡང་ཡང་དུ། །རྣམ་པར་སྐྱོ་བ་མེད་པའི་ཡིད་ཀྱིས་དེ་བཞིན་བྱ། །དེ་དག་གིས་ནི་ངལ་བ་ཆེར་གྱུར་གང་གི་ཚེ། །དེ་ཚེ་ཞལ་འཇུག་འཁོར་ལོ་དང་ལྡན་སྔགས་བཟླས་བྱ། །ཉི་མ་སོ་སོའི་ཐུན་མཚམས་ལ། །བསྒོམ་ པ་ལ་འབད་སྔགས་བཟླས་བྱ། །གལ་ཏེ་སྐབས་ནི་ཡོད་གྱུར་ན། །ཇི་སྲིད་མངོན་སུམ་མི་སྣང་བར། །ཐུན་མཚམས་སོ་སོར་ཆོ་ག་བཞིན། །རྣམ་དག་ཡིད་གསུམ་སྔགས་བྱིན་བརླབས། །སྔགས་པས་མངོན་པར་བཟླས་པ་བྱ། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །དེ་ནས་ལྡང་བར་འདོད་པ་ ན། །ཚིགས་བཅད་གཅིག་པའི་སྨོན་ལམ་གདབ། །ཡང་ན་དཔལ་ལྡན་ཀླུ་སྒྲུབ་ཞབས། །ལ་སོགས་ཀྱིས་མཛད་མངོན་འཕགས་ཀྱིས། །བདག་གི་བསོད་ནམས་འདི་ཡིས་ནི། །འགྲོ་ཀུན་རྟག་ཏུ་དྲི་མེད་པའི། །དཔལ་ལྡན་ཁམས་གསུམ་དབང་བྱེད་གནས། །དེ་བཞིན་མྱུར་དུ་ཐོབ་ པར་ཤོག །ཨོཾ་ཨཱཿཧཱུཾ་ཞེས་བརྗོད་སྙིང་གར། །ལྷ་མོ་བཞི་བསྡུ་ས་བོན་ལ། །ལངས་ནས་བྱ་བ་ཐམས་ཅད་བྱ། །སྣ་ཚོགས་པ་ཡི་དོན་རྣམས་དང་། །དེ་བཞིན་ཐུན་མཚམས་བཞི་ཡི་དུས་རྣམས་ཏེ། །འོན་ཀྱང་ཁྱད་པར་ཅུང་ཟད་འདི་ཡོད་དེ། །བློ་ཡིས་ཡེ་ཤེས་སེམས་དཔའ་གཤེགས་ནས་ནི། ། རང་གི་འཁོར་ལོར་མ་ལུས་བསྡུ་བྱ་སྟེ། །ཐུན་མཚམས་ལྷག་མ་དོན་དམ་སེམས་ཉིད་ནི། །ཡང་དག་མངོན་དུ་བྱས་ནས་སྔགས་པས་ཉལ། །སྔ་མའི་དུས་སུ་སྨོན་ལམ་ནུས་པ་ཡིས། །རབ་ཏུ་སད་ནས་དེ་བཞིན་ལངས་པར་བྱ། །གང་གིས་ཀུན་ཏུ་འཇིག་རྟེན་མགོན་པོ་བསྒོམ། །དེ་ཡིས་ འཇིགས་པ་ཆེ་རྣམས་རབ་ཏུ་ཞི། །རི་དྭགས་དབང་པོ་ཆུ་དང་ཐོག་སྲིན་པོ། །སྦྲུལ་དང་མེ་དང་དགྲ་དང་འཆིང་བ་རྣམས། །གང་གི་རང་ལུས་འཇིག་རྟེན་དབང་ཕྱུག་བལྟ། །དེ་ལས་ཉེར་འཕྲོས་ནད་དང་བགེགས་ལ་སོགས། །དབུལ་དང་སྐལ་ངན་མི་བདག་གིས་འཛིན་དང་། །དུས་མིན་དུས་ སུ་འཆི་བར་འགྱུར་བ་དང་། །གང་གིས་ཐོག་མེད་སྲིད་པའི་ནང་ཞུགས་ནས། །ལུས་དང་ངག་དང་ཡིད་ཀྱི་སྡིག་པ་རྣམས། །མི་ཤེས་དབང་གིས་བྱས་པ་དེ་རྣམས་ནི། །གང་གིས་འཇིག་རྟེན་མགོན་དྲན་ཉམས་ཤིང་ཞི། །གང་གིས་རྟག་ཏུ་གུས་པས་སྒོམ་བྱེད་ན། །ངག་གི་རང་བཞིན་ ཀུན་ཤེས་སྐྱེ་བོའི་དབང་། །སྔོན་མ་མཐོང་བའི་སྒྱུ་རྩལ་ཚོགས་རྣམས་དང་། །ཆུང་ངུ་ལ་སོགས་ཡོན་ཏན་བརྒྱད་རྣམས་ཐོབ། །གང་གིས་འཇིག་རྟེན་དབང་ཕྱུག་སྒོམ་བྱེད་ན། །ཟླ་བ་དྲུག་གིས་རིག་པ་འཛིན་པར་འགྱུར། །དེ་ཡིས་ཟས་སྐོམ་སྟན་དང་པདྨའི་ས། །རྫས་ལ་སོགས་ པ་མཆོག་རྣམས་ངེས་འབྱུང་འགྱུར། །གང་གིས་སྔགས་ནི་ཡང་དག་བཟླས་བྱས་ན། །ཉེས་པ་དང་བཅས་ཐམས་ཅད་སྤོང་བར་འགྱུར། །ཡོན་ཏན་ཐམས་ཅད་ཡང་དག་སྐྱེ་ཞིང་བརྟན། །དེ་ཕྱིར་ངལ་མེད་སེམས་ཀྱིས་སྔགས་བཟླས་བྱ། །དཔལ་ལྡན་ཁམས་གསུམ་དབང་བྱེད་འཇིག་རྟེན་ དབང་ཕྱུག་གི་ནི་ཡོན་ཏན་གསལ་བྱེད་པའི། །བདག་གིས་སྒྲུབ་ཐབས་ཟླ་བའི་འོད་ཟེར་བགྱིས་པའི་གང་ཞིག་བསོད་ནམས་སྟོབས་ཀྱིས་ནི། །དེ་ཡིས་འགྲོ་བ་མ་ལུས་སྙིང་རྗེའི་གཞན་དབང་ཡིད་ཀྱི་མུན་པ་འཇོམས་གྱུར་པའི། །འགྲོ་བ་ཐམས་ཅད་དབང་དུ་བྱེད་པའི་གོ་འཕང་ཐོབ་ཅིང་རྟག་ ཏུ་ཞི་གྱུར་ཅིག །འཇིག་རྟེན་གསུམ་པོ་དབང་དུ་བྱེད་པའི་འཕགས་པ་བྷུགྨའི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་དཔལ་ལྡན་ཤཱུ་ནྱ་ཏཱ་ས་མཱ་དྷི་བཛྲ་པཱ་དས་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ལོ་ཀ་ནཱ་ཐ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཇིག་རྟེན་མགོན་པོའི་ སྒྲུབ་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གི་མིང་ཙམ་གྱིས་ཀྱང་ནི། །དཔལ་ལྡན་བསྐལ་པ་བརྒྱར་འཇུག་པའི། །འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །སྒྲུབ་ཐབས་བསྡུས་པ་བཤད་པར་བྱ། །འདིར་དང་པོར་རེ་ཞིག་ལྷག་པར་སྒོམ་ པར་བྱེད་པའི་སྔགས་པས་སྔ་བར་ལངས་ཏེ། ཡིད་དང་མཐུན་པའི་གནས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཡི་གེ་གསུམ་གྱི་སྔགས་ཀྱིས་གནས་དང་བདག་བསྲུང་བའི་སྦྱོར་བ་བྱའོ། །མདུན་དུ་ཁ་ཆེ་སྐྱེས་དང་ཙནྡན་དམར་པོས་མཎྜལ་ཟླུམ་པོ་ལ་ཉེ་བར་བྱུགས་ཏེ་སྐད་ཅིག་གིས་སྟོང་པ་ཉིད་དུ་ བསྒོམས་ནས། རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་སྙིང་གི་མུན་པ་འཇོམས་པ་ཡོངས་སུ་སྤྲོས་ནས། ཆུ་སྐྱེས་དམར་པོ་སྐྱ་རེངས་ཤར་བ་ལྟ་བུ་ལ་འོད་ཟེར་གྱི་ཚོགས་འཕྲོ་བའི་ཧྲཱིཿཡིག་བལྟས་ཏེ། དེ་ལས་འོད་འཕྲོས་ཏེ་ཕྱོགས་བཅུ་ཁྱབ་པར་བྱས་ནས་ཡོངས་སུ་འཕྲོ་བའི་ཧྲཱིཿ ཡིག་གི་ལྕགས་ཀྱུས་མདུན་གྱི་ནམ་མཁའ་ལ་གདན་དྲངས་ཏེ། འཇིག་རྟེན་མཐའ་དག་གཅིག་ཏུ་གདོན་པར་འདོད་པའི་མཁས་པས་བདེ་བར་གཤེགས་པ་སྲས་དང་བཅས་པ་དང་ཆུ་སྐྱེས་ཀྱི་ཕྱག་རྒྱ་ཅན་རྣམས་རྣམ་པར་བལྟས་ཏེ་མེ་ཏོག་ལ་སོགས་པའི་མཆོད་པ་ལྔས་ཡང་དག་པར་མཆོད་ནས། དེ་ རྣམས་ཀྱི་མདུན་དུ་ཐལ་མོ་སྦྱར་ཏེ་ཕྱག་འཚལ་ནས། སྡིག་པ་བཤགས་པ་ལ་སོགས་པ་བཏང་སྙོམས་ཀྱི་བར་དུ་ཇི་སྙེད་པ་རྣམ་པར་བསྒོམས་ནས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པས་ལྷག་པར་གྲོལ་བར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པས་བྱིན་གྱིས་ བརླབ་པར་བྱའོ། །དེ་ནས་སྔ་བར་སྨོན་ལམ་གྱི་རྗེས་སུ་འཇུག་པས་སྙིང་རྗེ་ཆེན་པོས་རབ་ཏུ་སད་ནས་པཾ་ཡིག་ལས་སྐྱེས་པའི་སྣ་ཚོགས་པའི་ཆུ་སྐྱེས་ལ་གནས་པ་དབྱངས་དང་པོ་ལས་སྐྱེས་པའི་ཟླ་བའི་འོད་ཀྱི་དཀྱིལ་འཁོར་ལ། བནྡུ་ཀ་སྐྱེས་པའི་མདོག་ལྟ་བུའི་ཧྲཱིཿཡིག་ལས་སྐྱེས་ཤིང་ ཧྲཱིཿཡིག་གིས་ལྷག་པར་གནས་པའི་དབུས་སུ་ཉི་མའི་འོད་ཟེར་དང་མཚུངས་པའི་ཆུ་སྐྱེས་བསམ་པར་བྱའོ། །དེ་ནས་ས་བོན་གྱི་ཡི་གེ་ལས་ངེས་པར་འཕྲོས་ཏེ། སངས་རྒྱས་ཀྱི་ཞིང་རྣམས་སུ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་གསལ་བར་མཛད་ནས། དེ་རྣམས་ ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་རོ་མཉམ་པར་གྱུར་ཏེ། དེ་ལ་དེ་བཞིན་དུ་ཞུགས་པར་བསམ་མོ། །ས་བོན་གྱིས་མཚན་པའི་པདྨ་ཡོངས་སུ་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ་མཉམ་པའི་ཞབས་ཀྱིས་བཞུགས་པ། གློག་དང་བྱི་རུའི་ཁ་དོག་ལྟ་བུ། པདྨ་རྒྱས་ པའི་ཞལ་མངའ་བ། ཨུཏྤ་ལ་སྔོན་པོའི་འདབ་མ་ལྟར་ཡངས་པའི་སྤྱན་ཟུང་དང་ལྡན་པ། དབུ་སྐྲ་གནག་ཅིང་རིང་བ་ལྷའི་གོས་དང་རྒྱན་གྱིས་རྣམ་པར་བརྒྱན་པ། ཕྱག་གཡས་པ་དང་། གཡོན་པ་དག་གིས་མཆོག་སྦྱིན་དང་། ཆུ་སྐྱེས་དམར་པོ་བསྣམས་པ། ལོ་བཅུ་དྲུག་ལོན་པ་ལྟ་བུ་འོད་ཟེར་དམར་པོ་འཕྲོ་ཞིང་ཉི་མའི་དཀྱིལ་འཁོར་དང་། ཟླ་བའི་དཀྱིལ་འཁོར་ལ་གནས་པའི་སྙིང་གར་རང་གི་ས་བོན་གྱི་བྱིན་གྱིས་བརླབས་ནས། དཔྲལ་བ་དང་། མགྲིན་པ་དང་། ནུ་མའི་བར་དུ་ཡི་གེ་གསུམ་གྱིས་བརྒྱན་པའི་དཔལ་ ལྡན་འཇིག་རྟེན་དབང་ཕྱུག་གི་སྐུར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་མེ་ལ་སོགས་པའི་མཚམས་རྣམས་སུ་པདྨ་ལ་གནས་པའི་ཀུ་མུ་དའི་གཉེན་གྱི་སྟེང་དུ་དཀར་པོ་དང་། ནག་པོ་དང་། དམར་པོ་དང་། ལྗང་གུའི་ལཱཾ་མཱཾ་པཱཾ་ཏཱཾ་གི་ཡི་གེ་ཡོངས་སུ་གྱུར་པ་ ལས། དེའི་སྐུ་མདོག་ཅན་ཐལ་མོ་སྦྱར་ཞིང་པུས་མོ་ས་ལ་བཙུགས་པ་ལང་ཚོ་གཞོན་ནུ་དང་ལྡན་པ། སྣ་ཚོགས་པའི་རིན་པོ་ཆེ་དང་། གོས་ཀྱིས་བརྒྱན་པ་འགྱིང་ཞིང་ཞལ་འཛུམ་པ་དང་ལྡན་པའི་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་ རྣམས་བསྒོམ་པར་བྱའོ། །དེའི་རྗེས་སུ་རང་གི་སྙིང་གའི་ས་བོན་གྱི་རྒྱལ་པོ་ལས་འོད་ཟེར་འཕྲོས་ཏེ་ཧྲཱིཿའི་འོད་ཟེར་གྱི་ལྕགས་ཀྱུས་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་ན། དམ་ཚིག་སེམས་དཔའ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་གདན་དྲངས་ནས་ནམ་ མཁའི་མཐིལ་དུ་བལྟས་ཏེ། དམ་ཚིག་སེམས་དཔའ་དང་། གཅིག་ཏུ་བྱས་ནས། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པས་མངོན་པར་མཆོད་ནས། ནམ་མཁའི་མཐིལ་དུ་སོང་སྟེ་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་རྣམས་ཀྱིས་ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ཏ་ ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་བརྗོད་ནས་བདག་ལ་དབང་བསྐུར་བར་མཛད་ཅིང་། བདག་ཉིད་ཀྱི་སྤྱི་བོར་ངག་གི་དབང་ཕྱུག་བཞུགས་པར་བསྒོམ་པར་བྱའོ། །དེ་ནས་རང་གི་ས་བོན་ལས་སྐྱེས་པའི་འོད་ཟེར་གྱི་དྲ་བས་ནམ་མཁའི་མཐིལ་མཐའ་དག་ཁྱབ་ ཅིང་ཉེ་བར་སྤྱད་པ་གཅིག་ཏུ་རབ་ཏུ་མང་པོ་སྤྲོས་ནས་བཞི་པོ་དགའ་ཞིང་དགའ་བའི་ཚོགས་རྣམས་ཀྱིས་བདག་ལ་མངོན་པར་མཆོད་པར་བསྒོམ་པར་བྱའོ། །དེ་ནས་ཡོངས་སུ་འཕྲོ་བའི་འོད་ཟེར་དམར་པོ་རབ་ཏུ་བརྐྱང་སྟེ། སྡིག་པའི་གནས་སུ་ལྷུང་བའི་སྲོག་ཆགས་ རྣམས་བཏོན་ནས་བདེ་བར་གཤེགས་པའི་ལམ་ལ་ངེས་པར་སྦྱར་ནས་སྨིན་ཅིང་གྲོལ་བར་བྱའོ། །རང་གི་ཆོ་གས་བསྡུས་ནས་བྱ་སྟེ། སྐད་ཅིག་གིས་བསམ་པར་བྱའོ། །ངལ་བར་གྱུར་ན་སྙིང་གའི་ས་བོན་གྱི་དབུས་སུ་བསྡུས་ནས། དམ་ཚིག་གི་ས་བོན་དང་ རང་བཞིན་གྱི་ས་བོན་གྱི་སྔགས་ཀྱི་རྒྱལ་པོ་བཟུང་ནས་བཟླས་པར་བྱའོ། །དེའི་རྗེས་སུ་བདག་ཉིད་མེ་ཏོག་ལ་སོགས་པའི་ཉེར་སྤྱོད་རྣམས་ཀྱིས་མངོན་པར་མཆོད་ནས། འབྱུང་པོ་ཐམས་ཅད་ལ་ཇི་ལྟར་མཐུན་པའི་གཏོར་མ་དབུལ་ཞིང་། སྨོན་ལམ་དང་། རྗེས་ སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་ཡང་བྱས་ནས། ཡི་གེ་གསུམ་གྱི་སྔགས་བརྗོད་དེ། ལྷ་མོ་བཞི་སྙིང་གའི་ས་བོན་ལ་བསྡུས་ནས་ལངས་ཏེ། ཅི་བདེར་གནས་པར་བྱའོ། །གཉིས་པ་དང་གསུམ་པའི་ཐུན་མཚམས་དག་ལ་སྙིང་གའི་ས་བོན་ལས་ལྷ་ མོ་བཞི་དབུགས་ལ་ཞུགས་ནས་ཆོ་ག་སྔ་མ་བཞིན་དུ་བྱའོ། །ཐུན་མཚམས་བཞི་པ་ལ་སྔ་མ་བཞིན་དུ་བྱས་ནས། ཨོཾ་ཨཱཿབཛྲ་མུཿཞེས་པས་ཡེ་ཤེས་སེམས་དཔའ་གཤེགས་ཏེ་ལྷ་མོ་རང་གི་སྙིང་གའི་ས་བོན་ལ་བཅུག་ནས། ཇི་ལྟར་འདོད་པ་བཞིན་གནས་པར་ བྱའོ། །ཉལ་བའི་དུས་སུ་དོན་དམ་པའི་སེམས་མངོན་དུ་བྱས་ནས་ཉལ་བར་བྱའོ། །སྔགས་པས་སྔ་བར་སྨོན་ལམ་གྱི་དབང་གིས་རབ་ཏུ་སད་ནས་ལངས་ཏེ་ཇི་ལྟ་བ་བཞིན་དུ་བྱའོ། །འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། སྠི་ར་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། བརྟན་པའི་འཁོར་ལོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་དབྱངས་ཅན་མ་ལུས་པ་ཡི་འཁྲུལ་པ་སྤངས་ཏེ་རབ་ཏུ་རྒྱས་ཤིང་འབར་བ་ཡི། །འོད་ཟེར་དཀར་པོ་གྱེན་དུ་འཕྲོ་ཞིང་དྲི་མེད་གཟུགས་ ཅན་རྒན་ཡང་བྱིས་པའི་ཆ་ལུགས་ཅན། །འབར་བའི་རལ་གྲི་ཕྱག་ན་བསྣམས་ཤིང་འཕྱར་བའི་ཤེས་རབ་ལ་ནི་གུས་པར་རབ་ཏུ་འདུད། །བརྟན་པའི་འཁོར་ལོ་རིན་ཆེན་དེ་ནི་བདག་ཉིད་རྗེས་སུ་དྲན་ཕྱིར་རབ་ཏུ་བྲི་བར་བྱ། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ནི། །ཕྱོགས་མཐའ་མེད་པར་རབ་ཏུ་བསམ། ། རབ་སྐྲག་སེམས་ཅན་ཚོགས་མང་རྣམས། །ཡང་དག་ཡེ་ཤེས་བསྐྱབ་འདོད་པས། །ཡིད་བཞིན་ནོར་བུའི་སེམས་འབྱུང་བའི། །སྣ་ཚོགས་རྣམ་པས་དེ་རྣམས་མཆོད། །འཇིག་རྟེན་པ་རྣམས་བསྐྱབ་པའི་ཕྱིར། །བདག་གི་ལུས་འདི་དབུལ་བར་བགྱི། །དེ་ནས་དགེ་ལ་མངོན་པར་སྤེལ་ཕྱིར་འདིར་ སྔགས་པས། །བདག་ནི་འཇིགས་པས་སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་བ་རྣམས་ལ་དགའ་བས་རྗེས་ཡི་རང་། །དཀོན་མཆོག་གསུམ་ལ་བདག་ནི་སྐྱབས་སུ་ཉེ་བར་མཆི། །ཡང་དག་སངས་རྒྱས་བྱང་ཆུབ་སེམས་ནི་བདག་གིས་གཟུང་། །སླར་ཡང་འདི་ཡང་བརྩམ་ པར་བྱ་སྟེ། གཟུང་དང་འཛིན་པ་སྤངས་ཤིང་འགྲོ་བ་འདི་ནི་རྨི་ལམ་དང་ནི་མིག་འཕྲུལ་ལྟ་བུ་སྟེ། །རྣམ་པར་དག་ཅིང་རང་བཞིན་འོད་གསལ་གྱུར་པ་དེ་ཡང་ནམ་མཁའ་ལྟ་བུར་རྣམ་པར་བརྟེན། །བདག་ཉིད་ཀྱང་ནི་ཡིད་ཀྱི་རོལ་པ་དག་ཏུ་བརྟགས་ཤིང་ཡང་དག་སྡུད་པར་ངེས་བྱས་ལ། །ཡང་ན་མུཿ ཡིག་འོད་ཟེར་དྲ་བས་བསྐོར་བ་དེ་ལས་བྱུང་བ་དག་ནི་བསྒོམ་པར་བྱ། །དེ་དག་ཡོངས་སུ་གྱུར་ལས་ཡོངས་རྫོགས་དཀྱིལ་འཁོར་ཏེ། །ཁ་བའི་འོད་ཟེར་གུར་གུམ་འདེ་གུས་རབ་བྱུགས་པ། །དབྱངས་ཡིག་འབར་བའི་ཕྲེང་བ་མཉམ་པར་རབ་ཏུ་འཁྲིགས། །ཕྱོགས་སྒོ་གསལ་ཞིང་འབར་བར་རྣམ་པར་ བསམ་པར་བྱ། །དེ་ནས་སླར་ཡང་མུཿཡིག་ས་བོན་ལས་བྱུང་བ། །འོད་ཀྱི་དཀྱིལ་འཁོར་དམར་པོ་རབ་ཏུ་རྣམ་བསྒོམ་བྱ། །ཀ་ཁ་ལ་སོགས་ཡི་གེ་མ་ལུས་ཡང་དག་བསྐོར། །སྟེང་དུ་ཤིན་ཏུ་འོད་གསལ་གུར་གུམ་ལྟ་བུར་དམར། །དེ་ལ་ཡང་ནི་སྔགས་པས་མུཿཡིག་བལྟ་བར་བྱ། །དེ་ལས་ བྱུང་བའི་ཡིད་འོང་འབར་བའི་འདབ་མ་སྟེ། །འབར་བའི་ཨུཏྤལ་སྔོན་པོ་འོད་ཀྱི་དྲ་བ་ཅན། །མུཿཡིག་རྣམ་པའི་ས་བོན་དབུས་སུ་རྣམ་པར་བསམ། །དེ་ལས་བྱུང་བའི་འོད་ཟེར་ལས་ནི་སངས་རྒྱས་སྤྲོས་པས་འགྲོ་རྣམས་རབ་ཏུ་འགེངས་པར་བྱེད། །ཟླ་བ་ལ་གནས་བུང་བའི་ཡན་ལག་ ལྟ་བུའི་འོད་ཟེར་ཤིན་ཏུ་འབར་བའི་ལྕང་ལོ་ཅན། །ཤིན་ཏུ་མཐུག་པའི་མུན་པ་རབ་འཐིབས་ཞལ་གྱི་འོད་ཟེར་དྲ་བས་འཇོམས་ཤིང་མེད་པར་བྱེད། །རྣམ་ཀུན་མཆོག་ནི་རབ་ཏུ་སྦྱིན་བྱེད་ཆེད་དུ་བྱེད་པའི་དཔལ་ལྡན་དབྱངས་ཀྱི་དབང་ཕྱུག་སྟེ། །འགྱིང་དང་སྒེག་པའི་ཉམས་ཀྱིས་མངོན་པར་རོལ་བྱེད་པ། ། ཞལ་གྱི་ཆུ་སྐྱེས་འཛུམ་ཞིང་རབ་ཏུ་བཞད་གྱུར་པ། །དཔའ་བོ་གཞོན་ནུའི་རྒྱན་ནི་རབ་ཏུ་འཆང་བ་པོ། །དེ་ཡི་གོ་འཕང་ཐོབ་པར་འདོད་པས་བསམ་པར་བྱ། །དེ་ལྟར་ངག་དབང་རྣམ་བསམས་ནས། །མུཿཡིག་སྙིང་གར་བསྒོམ་པར་བྱ། །ཁ་དོག་དམར་པོ་འབར་བའི་འོད། །འབྱུང་ཞིང་སྒྲོལ་མའི་དཀྱིལ་ འཁོར་ལ། །དེ་ལས་སྐྱེས་པའི་རྩིབས་བརྒྱད་པའི། །འཁོར་ལོ་མི་ཤེས་མུན་པ་འཇོམས། །སྣ་ཚོགས་འོད་ཀྱིས་དག་པར་བྱ། །ཡེ་ཤེས་རང་བཞིན་ཁྱབ་བདག་བལྟ། །སྤྲུལ་པའི་ཉི་མས་མཚན་པའི་འོད། །སྒྲོན་མ་གསལ་བའི་འོད་ཚོགས་འདྲ། །མེ་ཏོག་དམར་པོའི་རྣམ་པ་ལྟར། །ཡི་གེ་ དམར་པོ་ཀུན་དུ་བཀྲམ། །དེ་ལ་རེ་ཞིག་འཁོར་ལོའི་རྩིབས་རྣམས་སུ་ཡི་གེ་བསམ་པར་བྱ་སྟེ། ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་རྣམས་སུ་གོ་རིམས་བཞིན་དུ་ཨ་ར་པ་ཙའོ། །ན་ཡིག་ནི་ལྟེ་བར་རོ། །མེ་དང་བདེན་བྲལ་དང་། རླུང་དང་དབང་ལྡན་རྣམས་སུ་སྔོན་མ་བཞིན་དུ་ནི་པྲཿཔཉྩཱ་ ཞེས་སོ། །དེ་བཞིན་དུ་བར་བར་རྣམས་སུ་ཨ་ལ་སོགས་པའི་དབྱངས་ཀྱི་ཚོགས་རྣམས་དང་ཕྱི་རོལ་དུ་ནི་ཀ་ཡིག་ལ་སོགས་པའི་གསལ་བྱེད་རྣམས་སོ། །འདི་མི་གཡོ་བར་ངེས་པར་བྱས་ལ་ཕྱིས་འཁོར་ལོའི་ཡི་གེའི་ཚོགས་ཀྱི་འོད་ཟེར་གྱིས་སེམས་ཀྱི་མུན་པའི་དཀྱིལ་འཁོར་འཇོམས་པ་རང་གི་ ལུས་ཀྱི་བ་སྤུའི་ཁུང་བུ་རྣམས་ནས་ཕྱིར་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དང་ལྷན་ཅིག་རོ་གཅིག་ཏུ་མཉམ་པར་གྱུར་ནས། དེ་རྣམས་སླར་ལོག་སྟེ་བ་སྤུའི་བུ་ག་དེ་ཉིད་དུ་རབ་ཏུ་ཞུགས་ནས་རང་གི་ལུས་པོ་ གསལ་བར་བྱེད་པར་ཡུན་རིང་དུ་བསམ་པར་བྱའོ། །བརྟན་པའི་སེམས་ཀྱིས་ཡང་ཕྱི་ནས་སྤྲོ་བ་དང་བསྡུས་པའི་རིམ་པས་ཇི་སྲིད་མངོན་སུམ་དུ་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །འཇམ་དཔལ་དང་ནི་གཉིས་མེད་གོ་འཕང་འཆང་ཞིང་ཡི་གེ་དང་བཅས་ཡིད་ལ་འདོད་བྱེད་པ། །འདིར་ནི་འཁོར་ལོ་གསལ་པོར་ ཉེ་བར་བསྐོར་ཞིང་ཉིན་དང་མཚན་མོ་བསམ་གཏན་བྱེད་པར་མངོན་སྦྱོར་བས། །དེ་ཡིས་སྔོན་མ་མཐོང་བའི་ངག་གི་རང་བཞིན་གྲངས་མེད་རིག་པའི་ཚོགས་ནི་མ་ལུས་དེ་ཡང་ནི། །ཇི་ལྟར་འདོད་པས་ཡིད་ནི་རབ་ཏུ་འཇུག་ཕྱིར་ནོར་བུའི་འོད་ལྟར་རབ་གསལ་མུན་པ་སྟུག་པ་འཇོམས། །འཁོར་ལོ་འདི་ནི་ཕན་པར་ ཤེས་ནས་ཡིད་བྱེད་པའི། །ངོ་མཚར་ཆེད་དུ་ཡང་ནི་རབ་ཏུ་བརྟག་པར་གྱིས། །ཡོངས་སུ་བརྟགས་པས་བདེ་གཤེགས་རང་གི་ངོ་བོ་ཉིད། །རིང་པོར་མི་ཐོགས་པར་ནི་རབ་ཏུ་རྟོགས་པར་འགྱུར། །གང་འདིར་འཁོར་ལོ་རྣམ་པར་བཀོད་པའི་བསོད་ནམས་ཅི་སྐྱེས་པ། །བདག་དང་སྐྱེ་འགྲོའི་ཡིད་རྣམས་ འཁོར་ལོ་དེ་ཡིས་གསལ་བར་ཤོག །འཆར་ཀའི་ཉི་མ་ལྟ་བུས་གཏི་མུག་མུན་ཚོགས་འདིར་བཅོམ་ནས། །འགྲོ་ཚོགས་འདི་ནི་ངག་དབང་དཔལ་གྱི་རོལ་པར་འགྲོ་བར་ཤོག །བརྟན་པའི་འཁོར་ལོའི་སྒྲུབ་ཐབས་སློབ་དཔོན་བྷཱ་བ་སྐནྡྷས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མུཀྟ་ ཀེ་ན་སྠི་ར་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇམ་དཔལ་རྡོ་རྗེ་སྟེ། །སྐྱོབ་པ་དེ་ལ་ཕྱག་འཚལ་ནས། །བྱིས་པ་རྣམས་ཀྱིས་རྟོགས་བྱའི་ཕྱིར། །འཁོར་ལོའི་ཚིག་འདི་གསལ་ བར་བྲི། །རྣལ་འབྱོར་པ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་ལ་བཞུགས་པར་བསམ་སྟེ། དེ་རྣམས་ལ་ཡིད་ཀྱི་རང་བཞིན་ལས་བྱུང་བའི་རྣམ་པ་སྣ་ཚོགས་པའི་མཆོད་པ་བྱས་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། ། དེ་ནས་སྣ་ཚོགས་པའི་གཟུང་བ་དང་འཛིན་པ་སེམས་ཙམ་ཞེས་སྤང་བར་བྱས་ནས་རྨི་ལམ་དང་གཟུགས་བརྙན་ལྟ་བུར་བདག་ཉིད་ཀྱིས་ངེས་པར་བྱས་ཏེ། གུར་གུམ་ལྟ་བུར་དམར་བའི་མུཿཡིག་ལས་སྐྱེས་པའི་ཟླ་བའི་འོད་ཟེར་དམར་པོ་ལས་ཨ་ལ་སོགས་པའི་དབྱངས་ཡིག་འབར་བ་བལྟ་བར་བྱའོ། ། དེའི་སྟེང་དུ་མུཿཡིག་ལས་སྐྱེས་པའི་འོད་ཟེར་དམར་པོ་ཅན་གྱི་ཟླ་བའི་དཀྱིལ་འཁོར་ལ་འབར་བའི་ཀ་ཡིག་ལ་སོགས་པ་བལྟ་བར་བྱའོ། །དེའི་སྟེང་དུ་མུཿཡིག་ལས་སྐྱེས་པ་འཕྲོ་ཞིང་དྲི་མ་མེད་པའི་ཨུཏྤལ་དེའི་ཟེའུ་འབྲུ་ལ་མུཿཡིག་གིས་མཚན་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ ལས་གུར་གུམ་ལྟ་བུའི་གཞོན་ནུ་ཟུར་ཕུད་ལྔ་པ་རྒྱན་དང་བཅས་ཤིང་། སྒེག་པའི་ཉམས་དང་ལྡན་པ། རལ་གྲི་དང་པོ་ཏི་བསྣམས་པའི་ངག་གི་དབང་ཕྱུག་ཟླ་བའི་གདན་ལ་བདག་ཉིད་བསྒོམ་པར་བྱའོ། །དེའི་ཐུགས་ཀར་མུཿཡིག་ལས་སྐྱེས་པའི་བརྟན་པའི་འཁོར་ལོ་རྩིབས་བརྒྱད་པ་འོད་ཀྱི་རང་བཞིན་ ཅན་ལ་འབར་བའི་ཨ་ལ་སོགས་པས་བསྐོར་བ། ཕྱི་རོལ་དུ་འབར་བའི་ཀ་ལ་སོགས་པའི་ཕྲེང་བས་བསྐོར་བ་སྟེ། དེའི་ལྟེ་བ་ལ་ཨ་ཡིག་གོ། །ཤར་གྱི་རྩིབས་ལ་ར་ཡིག་གོ། །ལྷོའི་རྩིབས་ལ་པ་ཡིག་གོ། །ནུབ་ཀྱི་རྩིབས་ལ་ཙ་ཡིག་གོ། །བྱང་གི་རྩིབས་ལ་ན་ཡིག་གོ། །མེ་ལ་སོགས་པའི་ མཚམས་རྣམས་ལ་ཡང་ནི། པྲཿཔཉྩ་ཞེས་པའི་ཡི་གེ་རྣམས་གུར་གུམ་ལྟ་བུའི་རྣམ་པར་བསམས་ལ། འཁོར་ལོ་དེའི་འོད་ཀྱི་ཚོགས་ཀྱིས་ལུས་ཀྱི་ནང་གསལ་བར་བྱས་ནས། བ་སྤུ་སོ་སོའི་ཁུང་ནས་ཕྱིར་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསལ་བར་བྱས་ནས་སླར་ཡང་དེ་ བཞིན་དུ་དེ་རྣམས་བ་སྤུའི་ཁུང་བུར་ཕྱི་ནས་རབ་ཏུ་ཞུགས་ཏེ་ལུས་ཀྱི་ནང་གསལ་བར་བྱེད་པར་ཡུན་རིང་དུ་རྣམ་པར་བསམ་པར་བྱ་སྟེ། ཨོཾ་ཨ་ར་པ་ཙ་ན་མུཿཞེས་པ་ནི་བཟླས་པའི་སྔགས་སོ། །བརྟན་པའི་འཁོར་ལོའི་སྒྲུབ་པའི་ཐབས། །བྱས་པའི་བསོད་ནམས་གང་བསགས་པ། །དེ་ཡིས་འགྲོ་བ་ ཐམས་ཅད་ནི། །འཇམ་དཔལ་རྡོ་རྗེ་མཚུངས་པར་ཤོག །ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་ གྱུར་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་ཞལ་བཀྲུ་བ་ལ་སོགས་པ་བྱས་ནས། སྟན་འཇམ་ཞིང་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་པྃ་ཡིག་ལས་སྐྱེས་པའི་པདྨའི་སྟེང་དུ། ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མྃ་ཡིག་གི་འོད་ཟེར་གྱིས་འོག་མིན་གྱི་གནས་སུ་ བཞུགས་པ་དེ་གདན་དྲངས་ནས། ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་འཇམ་དཔལ་གཞོན་ནུར་གྱུར་པ་མདུན་དུ་བསྒོམ་པར་བྱའོ། །དེ་ནས་ཕྱིའི་མཆོད་པ་མེ་ཏོག་དང་སྤོས་ལ་སོགས་པ་ཕུལ་ནས། མངོན་པར་ཕྱག་འཚལ་ཏེ། ཡང་ཕྱི་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་ རྗེས་སུ་ཡི་རང་བ་དང་། དགེ་བ་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསོལ་བ་གདབ་པ་དང་། བདག་ཉིད་ངེས་པར་དབུལ་བ་རྣམས་བྱས་ནས། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཡང་དངོས་པོ་མཐའ་དག་གི་དེ་ཁོ་ན་ཉིད་ ཀྱི་སྙིང་པོ་བསྡུས་ནས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས། སླར་ཡང་སྨོན་ལམ་རྗེས་སུ་དྲན་ནས་རང་གི་ལུས་གཟུགས་བརྙན་ཙམ་དུ་རྣམ་པར་བལྟས་ནས་པདྨ་དང་ཟླ་བའི་སྟེང་དུ་མྃ་ཡིག་གི་ས་བོན་གྱི་འོད་ཟེར་གྱིས་རབ་ཏུ་བཅུག་ནས། བདག་ཉིད་ འཇམ་དཔལ་གྱི་སྐུར་བསྒོམ་པར་བྱའོ། །སྐུ་མདོག་སེར་པོ་བཤད་པའི་ཕྱག་རྒྱ་འཛིན་པ་རིན་པོ་ཆེའི་རྒྱན་དང་རིན་པོ་ཆེའི་ཅོད་པན་ཅན། གཡོན་པ་ཨུཏྤལ་བསྣམས་པ། སེང་གེའི་གདན་ལ་བཞུགས་ཤིང་སྤྱི་བོར་མི་བསྐྱོད་པ་བཞུགས་པ། ཟླ་བའི་གདན་ལ་ཟླ་བའི་འོད་ཟེར་ལྟ་བུའི་བདག་ཉིད་ བསྒོམ་པར་བྱའོ། །དེ་ནས་གཡས་ཕྱོགས་ལོགས་སུ་སུྃ་ཡིག་གི་ས་བོན་ལས་བྱུང་བའི་ནོར་བཟངས་གཞོན་ནུ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་གྱིས་མཛེས་ཤིང་། རིན་པོ་ཆེའི་ཅོད་པན་ཅན། ཆོས་ཐམས་ཅད་ཀྱི་པོ་ཏི་ཅིག་མཚན་ན་བཟུང་ནས་ཐལ་མོ་སྦྱར་བ་སྔོན་དུ་འགྲོ་བས་བཞུགས་པའོ། །གཡོན་ ཕྱོགས་ལོགས་ན་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཧཱུཾ་ཡིག་གི་ས་བོན་ལས་བྱུང་བ་ཞལ་འཇིགས་ཤིང་ཕྱག་ན་ཐོ་བ་བསྣམས་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པའོ། །དེ་ནས་གཡས་དང་གཡོན་ཕྱོགས་ལོགས་སུ་ཟླ་བའི་འོད་དང་ཉི་མའི་འོད་དག་གོ། །ཤར་ལ་ སོགས་པའི་ཕྱོགས་ཀྱི་ཆ་ལ་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་སོ། །མེ་ལ་སོགས་པའི་མཚམས་རྣམས་སུ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱང་ངོ་། །ཞེས་སོ། །དེ་ནས་ཡེ་ཤེས་ སེམས་དཔའ་བཅུག་སྟེ། མིག་ལ་སོགས་པ་བྱིན་བརླབས་དང་། ལུས་དང་ངག་དང་ཡིད་བྱིན་གྱིས་བརླབས་ཤིང་དབང་བསྐུར་ནས། མཆོད་པ་དང་བསྟོད་པ་བྱས་ཏེ། སྤྱི་བོར་མི་བསྐྱོད་པས་རྒྱས་གདབ་པོ། །དེ་ནས་བསམ་གཏན་དང་ལྡན་པས་སྔགས་བཟླས་པར་བྱའོ། །དེ་ལ་ སྔགས་ནི་འདིའོ། །ཨོཾ་དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རི་མུཿསྭཱ་ཧཱ་ཞེས་སོ། །འཇམ་དཔལ་སེང་གེ་སྒྲའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མན་ཝཱ་གཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་ པ་ལ་ཕྱག་འཚལ་ལོ། །འགྲོ་བ་མ་ལུས་པ་ལ་ཡང་དག་བདེ་བའི་མཆོག་འདོད་རང་གི་བདེ་བ་ནི། །ཆུང་ངུ་ཡང་ནི་འདོད་མིན་རང་བཞིན་ཆེན་པོ་ཡང་དག་བླ་མའི་བཀའ་ཡིས་ནི། །བློ་གྲོས་དམན་ཤིང་ཆུང་ལ་ཤེས་རབ་ཆུ་སྐྱེས་རྣམ་པར་རྒྱས་བྱེད་མཁས་པ་ཡིས། །བཅོམ་ལྡན་འཇམ་པའི་ དཔལ་གྱི་སྒྲུབ་ཐབས་བདག་གིས་ཡང་དག་རབ་ཏུ་བྲི་བར་བྱ། །དད་པས་དགེ་བའི་མ་མ་ཡང་དག་ཉེར་སྟོན་ཅིང་། །གང་གིས་མི་དགེའི་བྱ་བ་ཡང་ནི་ཡོངས་སྤངས་ཤིང་། །དེ་བཞིན་ཡིད་ནི་དག་པས་བླ་མ་ལ་ཐོས་ནས། །བཅོམ་ལྡན་རྟག་ཏུ་བསྒོམ་པ་ལ་སོགས་རྣམ་པར་བྱ། །དང་པོ་ཡིད་ལ་མངོན་ འདོད་དྲི་མེད་དབེན་པའི་ཕྱོགས། །དྲི་བཟངས་མེ་ཏོག་ལ་སོགས་རྣམ་པ་མང་པོ་དང་། །ཆོམ་པོ་དགྲ་དང་འཚེ་བ་ལ་སོགས་རྣམ་སྤངས་པར། །བྱ་བ་ཀུན་ཟིན་གཞན་ཡང་བདེ་བར་རབ་ཏུ་འདུག །གཡོ་བའི་སེམས་ནི་འབད་པ་ཡིས། །རྩེ་གཅིག་ཏུ་ནི་ངེས་པར་བྱ། །གཞན་དོན་བྱེད་པའི་བསམ་པ་ ཡིས། །བསྒོམ་བྱ་དེ་ཡིས་རྗེས་སུ་ནི། །བྱམས་པས་སེམས་ཅན་རྣམས་ལ་ལུས་གཅིག་ལ་སྐྱེས་མཚུངས་ཤིང་གཉེན་གྱི་མཚན་ཉིད་ལྡན། །སྙིང་རྗེས་སྡུག་བསྔལ་ལས་ཀྱང་སྡུག་བསྔལ་རྒྱུར་གྱུར་འགྲོ་རྣམས་མངོན་པར་འདོན་པར་སྤྲོ། །དགའ་བའི་སེམས་ཀྱི་ཁྱད་འཕགས་མཚན་ཉིད་ལྡན་ པའི་ཡང་དག་དགའ་བ་མཐའ་ཡས་པ། །བཏང་སྙོམས་ལོག་པར་མངོན་ཞེན་ཟད་པའི་རང་བཞིན་དང་བཅས་མཁས་པས་བསྒོམ་པར་བྱ། །དེ་ཡི་རྗེས་སུ་ཇི་སྲིད་ཡིད་ཀྱིས་འདོད་པ་རབ་བརྐྱང་བྱས། །དྲི་མེད་འོད་འཕྲོ་བསིལ་ཟེར་བྱེད་པའི་དཀྱིལ་འཁོར་དཀར་པོའི་མདོག །དེའི་སྟེང་ཤིན་ཏུ་ གཞོན་ཞིང་དྲི་མེད་གསེར་གྱི་ཁ་དོག་ཅན། །ཆུ་སྐྱེས་འདབ་མ་དྲི་མེད་འདབ་མ་བརྒྱད་པ་བསྒོམ་པར་བྱ། །ཟླ་བ་ཆུ་སྐྱེས་དག་གི་འོད་ཟེར་རྣམ་པར་བརྐྱང་ཞིང་རྣམ་པར་གཡོ་བའི་མཆོག །སྟེང་དུ་འཕེན་འགྱུར་འོད་ཟེར་རང་བཞིན་ཕུག་ན་གསེར་མདོག་འདྲ་བའི་མྃ་ཡིག་ལ། །སྔོན་མ་དག་ གིས་གཡོགས་བཞིན་འགྲོ་བ་རྣམས་ལ་ཕན་ཕྱིར་སྔགས་པས་རིང་དུ་བསྒོམ། །ཤིན་ཏུ་མཆོག་གྱུར་འཇམ་པའི་རྡོ་རྗེ་གོ་འཕང་མངོན་འདོད་མི་མཆོག་རྣམས་ཀྱིས་སོ། །ཕྱི་ནས་སྐྱེ་དང་རྒ་དང་མི་མཐུན་སྨོད་དང་ལྐུགས་སོགས་སྡུག་བསྔལ་འཁྲུགས་རྣམས་ལ། །ཟླ་བ་ཆུ་སྐྱེས་ཟུང་ལ་མཾ་ གྱི་ཡི་གེ་ལས་བྱུང་འོད་ཀྱིས་འཁྲིགས་བྱ་སྟེ། །ཁམས་གསུམ་བལྟ་ཞིང་བལྟས་པས་བདེ་བའི་མཆོག་རྣམས་ཀུན་གྱི་སངས་རྒྱས་དང་མཚུངས་པ། །བདག་གིས་ལེགས་བྱས་འདིར་ཡང་ཡིད་ནི་ཡོངས་རྫོགས་བདག་ཉིད་རྣམ་པར་བལྟ་བར་བྱ། །ཕྱི་ནས་ཕྱོགས་བཅུ་རྣམས་སུ་བཞུགས་པའི་བླ་ མ་དང་ནི་དེ་བཞིན་གཤེགས་རྣམས་དང་། །དེ་བཞིན་དཔལ་ལྡན་བྱང་ཆུབ་སེམས་དཔའ་སྐུ་རྣམས་ཐམས་ཅད་འོད་ཀྱིས་གདན་དྲངས་ཏེ། །དེ་རྣམས་མདུན་བྱས་ཡིད་ཀྱི་ཤིང་རྟའི་རང་བཞིན་ལས་སྐྱེས་མཆོད་པའི་ཆོ་ག་ཡིས། །སྣ་ཚོགས་མེ་ཏོག་དྲི་བཟངས་བདུག་སྤོས་སྣ་ཚོགས་རྣམས་ཀྱིས་ཡང་ དག་མཆོད་བྱས་ཏེ། །དེ་རྣམས་མདུན་དུ་དང་པོར་ཡང་ནི་སྡིག་པ་བཤགས་པ་ལ་སོགས་རྣམས་བྱས་ནས། །དེ་ནས་དེ་ལས་དེ་བཞིན་འོད་ཟེར་རྣམས་ཀྱིས་བ་སྤུའི་ཁུང་ཞུགས་གཅིག་ཏུ་སོན། །ཚོགས་པའི་རྣམ་པ་དེ་ཡིས་རབ་ཞུགས་སྙིང་གར་བལྟ་ཞིང་དེ་ནས་དེ་བྱུང་བའི། །རྨོངས་པའི་རི་བོ་ཆེན་ པོ་འཇོམས་མཁས་ཁྱབ་བདག་འཇམ་པའི་རྡོ་རྗེ་བསྒོམ་པར་བྱ། །དྲི་མེད་བཅུ་དྲུག་ལོ་ལོན་ལྟར་མཛེས་སེང་གེ་སྔོན་པོའི་སྟེང་དུ་བཞུགས་མཛད་ཅིང་། །ཕྱག་གི་པདྨ་ཟུང་དག་བཤད་པའི་ཚུལ་དུ་རྣམ་འཁྲིགས་ཞབས་གཡོན་སྐྱིལ་ཀྲུང་ཕྱེད། །ཚོགས་ལ་བརྟེན་ལས་མཚུངས་མེད་ཤིན་ཏུ་མཛེས་ཤིང་ ཤིན་ཏུ་རིང་མིན་ཐུང་ངུའང་མིན། །རིན་ཆེན་གསེར་དང་ནོར་བུའི་རྣམ་པ་སྣ་ཚོགས་རྒྱན་གྱི་ཕྲེང་བས་ཀུན་ནས་བརྒྱན། །བདེན་པ་མ་ཡིན་རྫུན་པའང་མིན་པའི་མེ་ལོང་མཐིལ་དུ་གཟུགས་བརྙན་ལྟ་བུར་གསལ་གྱུར་པ། །འགྲོ་བ་ཀུན་ལ་ཡོངས་སུ་སྐྱབས་སྦྱིན་སྨྲ་བའི་མགོན་པོ་དཔའ་བོ་གཞོན་ནུ་ བསྒོམ་པར་བྱ། །ཕྱི་ནས་བདག་ཉིད་དེ་བཞིན་སྡིག་པ་རྣམས་ནི་རྣམ་པར་བྱང་གྱུར་འཇམ་པའི་རྡོ་རྗེའི་སྐུར་གྱུར་པ། །མཁས་པས་ཇི་སྲིད་བཅོམ་ལྡན་སྐུ་དང་མཚུངས་པར་མ་གྱུར་བར་དུ་རིང་དུ་ཡང་ནི་བསྒོམ་པར་བྱ། །བསྒོམས་པས་ངལ་ན་སྔགས་བཟླས་ཏེ། །ཏ་མཐའ་ར་མཐའ་ས་མཐའ་དང་། ། དེ་བཞིན་གསལ་བྱེད་རིམ་པའི་ཚོགས། །ཨི་ཡིག་དང་ནི་སྣ་ལྡན་བཅས། །འདི་ཡི་ཁྱད་པར་གཞན་རྣམས་ནི། །བླ་མ་དམ་པའི་གསུང་བཞིན་དུ། །དྲི་མེད་རྣམ་དག་རབ་ཏུ་གཟུང་བྱ་བློ་ལྡན་མཁས་པ་ཡིས། །རབ་མཆོག་བླ་མའི་བཀའ་ཡིས་བསམ་གཏན་སྔགས་ཀྱི་བྱ་བ་བྱ། །ཁྱད་པར་ཀུན་ནས་གསུངས་ པ་མཐའ་དག་བདག་གིས་ཤེས་མི་ནུས། །གལ་ཏེ་ཡིད་ཀྱིས་ཀྱང་ནི་འཇམ་དཔལ་ཤིན་ཏུ་ངོ་མཚར་ཞིང་། །ཡང་དག་སྒྲུབ་བྱེད་བཅོམ་ལྡན་རྟག་ཏུ་འཛིན་བྱེད་གྱུར་པ་ཡིས། །དངོས་གྲུབ་བླ་མ་དམ་པའི་གསུང་ལས་བློ་གྲོས་དང་ལྡན་ཞིང་། །དེ་བཞིན་དུ་ཡང་མི་ཤེས་མུན་པའི་ཚོགས་རྣམས་ངེས་འཇོམས་ འགྱུར། །ཡང་དག་བླ་མའི་བཀའ་དྲིན་གྱིས་ནི་བློ་གྲོས་དམན་པ་བདག་གིས་འཇམ་པའི་དཔལ། །གཞོན་ནུའི་སྒྲུབ་ཐབས་འདི་བྱས་དཔག་མེད་བསོད་ནམས་ཚོགས་ནི་གང་ཞིག་བསགས་གྱུར་པ། །དེ་ཡིས་འདིར་ནི་མི་དགེ་སྤངས་ཤིང་དཔལ་ལྡན་འཇམ་པའི་རྡོ་རྗེ་དཔེ་མེད་པ། །དཔལ་དང་ཡིད་བཞིན་ ནོར་དང་དཔག་བསམ་ལྗོན་པ་ལྟ་བུར་འགྲོ་ཀུན་ཐོབ་གྱུར་ཅིག །དཔལ་ལྡན་ངག་གི་རྒྱལ་པོའི་སྒྲུབ་ཐབས་པཎྜི་ཏ་དཔལ་ལྡན་ཡིད་བཞིན་ནོར་བུ་སྦྱིན་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཝཱ་གཱི་རཱ་ཛ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་ ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ་དཔལ་མགོན་ལ་ཕྱག་འཚལ་ལོ། །གུར་གུམ་བཟང་པོ་ལྟར་དམར་གཞོན་ནུའི་སྐུ་ལ་དཔལ་གྱིས་མཚན། །རྫོགས་པའི་སངས་རྒྱས་འོད་ཀྱིས་རྨོངས་པའི་དྲ་བ་བཅོམ་པ་བཞིན། །དབང་ཕྱུག་ཡོངས་བཅིངས་ཕྱག་གིས་དམ་ཆོས་འཆད་པའི་ཚུལ་མཛད་པ། ། རོལ་པའི་སྟབས་བཞུགས་འདོད་སྦྱིན་ངག་གི་རྒྱལ་པོ་ལ་ཕྱག་འཚལ། །སྔ་བར་ལངས་ཏེ་དང་པོར་ནི། །པྃ་ལས་སྙིང་གར་སྣ་ཚོགས་པད། །ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་། །ཧྲཱིཿཡིག་གུར་གུམ་ལྟ་བུར་དམར། །བལྟས་ནས་ཞལ་བསང་ལ་སོགས་བྱ། །བསམ་གཏན་ཁང་པ་གཙང་མ་ རུ། །བདེ་བའི་སྟན་ལ་ཡང་དག་གནས། །སྔགས་དང་སངས་རྒྱས་ཡོན་ཏན་གནས། །བྱམས་པས་འགྲོ་ལ་བུ་སྡུག་བཞིན། །དགའ་བས་ཡོན་ཏན་སྟོང་ལྡན་ལྟར། །སྡུག་བསྔལ་རྒྱུར་གྱུར་སྡུག་བསྔལ་ལས། །གདོན་པར་འདོད་པའི་སྙིང་རྗེ་ཡིས། །རྟག་ཏུ་རབ་དགའ་དེ་བཞིན་དུ། །ཡོན་ཏན་ དམ་པ་རབ་སྦྱོར་འདོད། །རང་གི་དོན་ལ་མི་ལྟ་བར། །བཏང་སྙོམས་གཞན་གྱི་དོན་བྱེད་པ། །སྔགས་པས་བསྒོམ་བྱ་འོད་ཟེར་ཚོགས། །སྤྲོས་ནས་རྒྱལ་རྣམས་གདན་དྲངས་ཏེ། །དེ་ཡིས་ནམ་མཁའ་གང་བར་བལྟ། །ཡིད་ཀྱི་རང་བཞིན་ལས་བྱུང་མཆོད། །བྱུག་པ་དྲིལ་ཕྱིས་ཁྲུས་རྣམས་དང་། །སྣ་ ཚོགས་རྒྱན་གྱིས་བརྒྱན་པར་བྱ། །མཆོད་པའི་སྤྲིན་ཚོགས་འཕྲོ་བ་ཡི། །ཁམས་གསུམ་ཡང་དག་ལྷ་རུ་སྤྲོ། །ཡང་ན་སོ་སོ་གྲངས་མེད་པའི། །ལུས་སྤྲུལ་ནས་ནི་ཕྱག་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །རྣམ་གསུམ་ལུས་ངག་ཡིད་དབང་གིས། །བྱས་པའི་སྡིག་དང་བྱེད་པ་ ལ། །རྗེས་སུ་ཡི་རང་དེ་རྣམས་བཤགས། །སེམས་ཅན་དོན་བྱེད་དང་བཅས་པའི། །སྡོམ་པ་ཡང་ནས་ཡང་དུ་གཟུང་། །རྫོགས་པའི་སངས་རྒྱས་འཇམ་དབྱངས་སོགས། །སྦྱིན་པ་ལ་སོགས་དགེ་ལས་སྐྱེས། །ཡང་དག་རྫོགས་ལ་གསོལ་འདེབས་ཤིང་། །ཡུན་རིང་དམ་ཆོས་གསུང་བར་ བསྐུལ། །དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་། །བྱང་ཆུབ་སེམས་ཀྱི་ལམ་མཆོག་བསྟེན། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། །དེ་ནས་སྣ་ཚོགས་པདྨ་གནས། །ཨོཾ་ཡིག་ལས་སྐྱེས་ཟླ་སྟེང་གནས། །ཡི་གེའི་ཚོགས་འཕྲོ་བལྟ་བྱས་ནས། །འགྲོ་བ་རྣམས་ལ་འཇམ་དབྱངས་ མཆོག །དགུག་གཞུག་བྱས་ནས་སྔགས་པ་ཡིས། །ངག་གི་རྒྱལ་པོ་བསྒོམ་པར་བྱ། །གུར་གུམ་ལྟར་དམར་མཛེས་པའི་སྐུ། །སྒྱུ་མ་འདོད་ལྷ་ལས་རྒྱལ་བ། །ཧ་རི་ཧ་རིའི་གདན་ལ་བཞུགས། །འཁྲུལ་པ་མེད་པ་རོལ་པའི་སྟབས། །ཕྱག་གཡོན་སྡོང་བུ་དང་བཅས་པའི། །ཨུཏྤལ་སྔོན་པོ་ཡོངས་སུ་ བསྣམས། །རྫོགས་པའི་སངས་རྒྱས་ཡོན་ཏན་ཚོགས། །རིན་ཆེན་རྒྱན་གྱིས་རབ་མཛེས་པ། །འོད་ཟེར་འཕྲོ་ཞིང་འཐོན་འགྱུར་ནས། །སངས་རྒྱས་ཚོགས་ཀྱི་ཕྲེང་བ་བལྟ། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཆེ། །ཕྱག་གི་པདྨ་ངེས་པར་སྦྱར། །དེ་བཞིན་ཨུཏྤལ་དང་འདྲ་བའི། །ཧྲཱིཿཡིག་འོད་ཟེར་སྣ་ ཚོགས་ཀྱིས། །གཞན་གྱི་མགོན་བྱེད་གདན་དྲངས་ཏེ། །གཞལ་ཡས་ཁང་པ་དང་མཚུངས་པར། །དེ་དག་མཚུངས་ཉིད་གདན་དྲངས་ཏེ། །དམ་ཚིག་རྣམ་གསུམ་བརྟན་པར་བྱ། །དེ་ནས་ཡང་དག་རྫོགས་སངས་རྒྱས། །དགུག་གཞུག་དབང་དུ་བྱ་བ་རྣམས། །ཨོཾ་བཛྲ་སཏྭ་ས་མ་ཡ། ཏྲྀ་ཤྱ་ཧོ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཨ་ཧཾ་ཛཿཧཱུཾ་བཾ་ཧོཿ ཨོཾ་གྱིས་སྐུ་བྱིན་གྱིས་བརླབ། ཨཱཿཡིས་གསུང་བྱིན་གྱིས་བརླབ། ཧཱུཾ་གིས་ཐུགས་བྱིན་གྱིས་བརླབས་ནས། ཨུཏྤ་ལའི་ཕྱག་རྒྱ་དང་། ཡི་གེའི་ཚོགས་ཀྱིས་ཡེ་ཤེས་བྱིན་གྱིས་བརླབས་ཏེ། འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས། རྫོགས་པའི་སངས་རྒྱས་ཀྱི་སྐུ་ལས་འཐོན་ཏེ་ལྷའི་རྣམ་པར་བཀུག་ནས་བུམ་པའི་ཡེ་ཤེས་ཀྱི་ཆུ་དང་། རྡོ་རྗེ་སྤྱི་བོར་སྦྱིན་པར་བྱའོ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མཆོད། །སངས་རྒྱས་མཆོད་པའི་དཔུང་གཉེན་གྱིས། །སླར་ཡང་སྲིད་པར་འབྱུང་བ་ཡི། །སྲིད་པ་གྲུབ་ཅིང་དག་པར་འགྱུར། །སླར་ ཡང་བསྒོམ་བྱ་ལས་ཐོབ་པ། །ལུས་དང་སེམས་ནི་ཤིན་ཏུ་སྦྱང་། །དོ་ཤལ་ཕྲེང་བའི་རིམ་པ་ཡིས། །དེ་ནས་སྔགས་བཟླས་ཡང་དག་བརྩམ། །ཁམས་གསུམ་མ་ལུས་པ་ཡོན་ཏན་གྱི་རྒྱ་མཚོར་བྱས་ནས་གཞུག་པ་ལ་སོགས་པ་བྱས་ཏེ། རྣམ་པར་བསྒོམས་ལ་ཨོཾ་ཨཱཿཧཱུཾ་ཞེས་པས་བཀུག་ནས་བཟོད་པར་ གསོལ་བར་བྱའོ། །བདག་ཉིད་འཇམ་པའི་མཆོག་ཏུ་འགྱུར། །འགྲོ་རྣམས་དེ་ཡི་རང་བཞིན་བལྟ། །གང་དང་གང་སྦྱོར་ལས་རྣམས་ལ། །སེམས་ཅན་དོན་ལ་དེ་བཞིན་དགོད། །དཀོན་མཆོག་གསུམ་ལ་རབ་དད་པའི། །སློབ་མ་རྣམས་ཀྱིས་ཤེས་བྱ་ལ། །འཇིག་རྟེན་དངོས་གྲུབ་ངེས་པ་ནི། །ངག་གི་རྒྱལ་ པོའི་སྒྲུབ་ཐབས་ཡིན། །བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཡི་དམ་གྱི་ལྷ་ཐམས་ཅད་ནང་དུ་བསྒོམས་ནས། དེའི་མཎྜལ་མདོར་བསྡུས་པ་བརྩམ་པར་བྱའོ། །ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་པ་ནི་ལག་པ་བཀྲུ་བ་དང་། ཞལ་བསིལ་བའི་སྔགས་སོ། །ཨོཾ་ཧཱུཾ་སྟན་བྱིན་གྱིས་བརླབ་པའི་ སྔགས་སོ། །ཨོཾ་བཛྲ་བྷཱུ་མི་ཧཱུཾ། ས་ཡོངས་སུ་གཟུང་བའི་སྔགས་སོ། །ཨོཾ་སརྦ་བིགྷྣཱཾ་ནུད་སཱ་ར་ཡ་ཧཱུཾ་སྭཱ་ཧཱ། བའི་ལྕི་བ་ལ་སོགས་པ་ལེན་པའི་སྔགས་སོ། །དེ་ནས་ལེགས་པར་བྱུགས་ནས། ཨོཾ་བཛྲ་རེ་ཁེ་ཧཱུཾ་ཞེས་པ་ནི་རེ་ཁ་བྱིན་གྱིས་བརླབ་པའི་སྔགས་སོ། །ཡང་མེ་ཏོག་གཅིག་མཎྜལ་དུ་ཕུལ་ནས། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏཱ་དྷི་ཏིཥྛནྟུ་སྭཱ་ཧཱ། ཞེས་བརྗོད་ནས་ལག་པ་བཀྲུ་བར་བྱའོ། །དེའི་རྗེས་སུ་མེ་ཏོག་ཅིག་ལ་བཟླས་ནས། ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་རང་གི་སྤྱི་བོར་མེ་ཏོག་ཅིག་བཞག་ནས་བདག་ཉིད་བསྲུང་བར་བྱའོ། །ཡང་ཨོཾ་ཨཱཿཧཱུཾ་ཞེས་པ་ནི་བདག་ཉིད་ བསྲུང་བའི་སྔགས་སོ། །མཎྜལ་དེ་ལ་སྣ་ཚོགས་པདྨའི་གཟུགས་སུ་དམིགས་ནས། དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་གུར་གུམ་ལྟར་དམར་བའི་བཅོམ་ལྡན་འདས་ཀྱི་ས་བོན་གྱི་འོད་ཟེར་གྱིས་ཐོག་མ་མེད་པ་ནས་ཡང་དག་པར་གྲུབ་པའི་བཅོམ་ལྡན་འདས་རབ་ཏུ་འབར་བ་གདན་དྲངས་ཏེ། རིམ་པ་བཞིན་དུ་ བྱོན་ནས་དེ་ལ་དེ་བཞིན་དུ་རབ་ཏུ་ཞུགས་ཤིང་བཅོམ་ལྡན་འདས་བསྐྱེད་ནས། ཨོཾ་མཉྫུ་གྷོ་ཥཱ་ཡ་བཛྲ་པུཥྤེ་ཧཱུཾ་ཨོཾ་ཨཀྵོ་བྷྱ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་བཻ་རོ་ཙ་ནཱ་ཡ་བཛྲ་པུཥྤེ་ཧཱུཾ། རཏྣ་སཾ་བྷ་བ་དང་། ཨ་མི་ཏཱ་བྷཱ་དང་། ཨ་མོ་གྷ་སིདྡྷི་དང་། ལོ་ཙཱ་ན་དང་། མཱ་མ་ཀཱི་དང་། པཎྜ་རཱ་དང་། ཏཱ་རཱ་རྣམས་སྔོན་མ་ བཞིན་དུ་མེ་ཏོག་དང་། སྤོས་དང་། མར་མེ་དང་། ཞལ་ཟས་དང་། དྲི་བཟངས་དང་། གོས་འཕྱང་བ་ལ་སོགས་པ་བྱིན་གྱིས་བརླབས་ནས་དབུལ་བར་བྱའོ། །ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་རྣམས་བྱས་ནས་སྔགས་བཟླས་པར་བྱའོ། །དེ་ནས་ གཤེགས་པ་ནི་ཨོཾ་བཛྲ་མུཿཞེས་སོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་འབྱུང་པོ་ཐམས་ཅད་ཀྱི་སྔགས་སོ། །ཨོཾ་ཧ་རཱི་ཏྱཻ་མ་ཧཱ་ཡཀྵི་ཎེ་ཧ་རེ་ཧ་རེ། སརྦ་པཱ་པ་ནི་མ་ཀཱིཾ་སརྦ་ཡཀྵཱིཾ་ཎི་པྲ་བེ་ཤ་ནི་སྭཱ་ཧཱ། འཕྲོག་མའི་སྔགས་སོ། །ཨོཾ་ཨ་གྲ་པིཎ་ཌཱ་ཤི་བྷྱཿསྭཱ་ཧཱ། ཕུད་ཀྱི་ཆང་བུའི་སྔགས་སོ། །ཨོཾ་ཨུཙྪིཥྚ་པིཎྜཱ་ཤ་ནེ་བྷྱཿསྭཱ་ཧཱ། ལྷག་མའི་ཆང་བུའི་སྔགས་སོ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཞེས་པ་ནི་སྐུ་གཟུགས་ལ་སོགས་པ་སྐུ་ཁྲུས་གསོལ་བའི་སྔགས་སོ། །རྡོ་རྗེ་རྣལ་འབྱོར་མས་གསུངས་པའི་འཇམ་དཔལ་ངག་གི་རྒྱལ་པོའི་ སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་ལ། སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཐླྷཱིཾ་གི་ ཡི་གེ་དམར་པོ་བལྟས་ནས། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པའི་ཡེ་ཤེས་ཙམ་ཡང་དག་པར་བཀུག་སྟེ། དེ་བཞིན་དུ་བཅུག་ནས་དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ། དེའི་དབུས་སུ་ཟླ་བ་ལ་གནས་པའི་ས་བོན་དེ་ལས་འོད་ཟེར་འཕྲོས་འཇམ་དཔལ་ངག་གི་རྒྱལ་པོའི་སྐུར་ འགྲོ་བ་རྣམས་བསྐྱེད་ནས། རང་གི་ས་བོན་ལ་དེ་བཞིན་དུ་ཞུགས་ཏེ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྐད་ཅིག་གིས་འཕགས་པ་འཇམ་དཔལ་དུ་བསྐྱེད་པར་བྱའོ། །ཕྱག་གཉིས་པ་ཞལ་གཅིག་པ། སྐུ་མདོག་སེར་པོ་རོལ་པའི་ཕྱག་རྒྱས་སེང་གེའི་གདན་ལ་བཞུགས་པ། ཕྱག་གཉིས་བཤད་ པའི་ཕྱག་རྒྱས་འགྱིང་བ། རིན་པོ་ཆེའི་ཅོད་པན་ཅན་མཛེས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡོན་ན་ཨུཏྤ་ལ་བསྣམས་པ། དབུ་ལ་མི་བསྐྱོད་པའི་དབུ་རྒྱན་ཅན། དེ་བཞིན་དུ་དམ་ཚིག་སེམས་དཔའ་བསྐྱེད་ནས། སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་དཔའ་མདུན་དུ་གདན་དྲངས་ཏེ་ བལྟས་ནས། ས་མ་ཡ་སྟྭཾ། དྲྀ་ཤྱ་ཧོཿ། ས་མ་ཡ་སྟྭཾ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཨ་ཧཾ། ཞེས་པས་དམ་ཚིག་བསྐུལ་བར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿ། ཞེས་པའི་ཡི་གེ་བཞིས་དགུག་གཞུག་ལ་སོགས་པ་བྱའོ། །སྔགས་ནི་འདི་བཞིན་དུ། པ་ར་ཎ་སཾ་དོ་ཧཱ་རཱ་ཛཿངག་གི་རྒྱལ་པོའི་སྒྲུབ་ཐབས་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་དང་པོ་སྙིང་གར་ཟླ་བའི་དབུས་སུ་ས་བོན་དྲུག་པའི་ལྔ་པ་ལྔ་པའི་དབྱངས་ཀྱིས་ ཡོངས་སུ་གང་བ་སྟོང་པ་ཉིད་གཉིས་ལྷས་མནན་པའོ། །དེའི་ས་བོན་གྱི་འོད་ཟེར་ལས་སྐྱེས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས། མཆོད་ཅིང་མངོན་པར་ཕྱག་འཚལ་ནས། སྔགས་འདི་ཡིས། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་བཛྲ་དཱི་པེ་ཧཱུཾ། ཨོཾ་བཛྲ་ གནྡྷེ་ཧཱུཾ། ཨོཾ་བཛྲ་ནཻ་བིདྱ་ཧཱུཾ། ཞེས་བརྗོད་ནས། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྗོད་ནས། སྨོན་ལམ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་ས་བོན་ལ་ཁམས་གསུམ་མ་ལུས་པ་ སྒྱུ་མའི་དཔེའི་རྣམ་པར་བསམས་ཏེ། བལྟས་ཤིང་རེག་ནས་ཐམས་ཅད་སྒྱུ་མ་ཇི་ལྟ་བ་བཞིན་དུའོ། །དམིགས་པ་མེད་པས་འགྲོ་བ་གནས་པ་ཐམས་ཅད་དགྲོལ་བར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། སྔོན་དུ་གསུངས་པའི་ས་བོན་ལས་འཁྲུངས་པའི་དཔལ་ལྡན་འཇམ་པའི་རྡོ་རྗེ་ཟུར་ཕུད་ ལྔས་དབུ་ལ་བརྒྱན་པ་གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གུར་གུམ་གྱི་མདོག་ལྟར་དམར་བ། ཕྱག་གཡོན་ན་ཨུཏྤལ་བསྣམས་པ་གཡས་པ་རོལ་པའི་སྟབས་ཀྱིས་གནས་པ། སེང་གེའི་གདན་ལ་བཞུགས་པའི་བདག་ཉིད་གཞོན་ནུའི་སྐུ་བསམ་པར་བྱའོ། །ཕྱག་རྒྱ་ནི་འདི་ཡིན་ཏེ། ཕྱག་ གཉིས་ཐལ་མོ་སྦྱར་ནས་མཛུབ་མོ་དག་དང་མིང་མེད་དག་གི་སེན་མོས་ཨུཏྤ་ལ་ཁ་འབྱེད་པའི་ཚུལ་གྱིས་གནས་པའོ། །སྙིང་ག་མཛོད་སྤུ་མགྲིན་པའི་སྟེང་རྣམས་སུ་བསྲུང་བར་བྱས་ནས་བཟླས་པར་བྱའོ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། འཕགས་པ་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་མཱན་བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ལྡན་འཕགས་པ་ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་རང་བཞིན་མགོན་ཕྱག་འཚལ། །བྱ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །དངོས་གྲུབ་ཐམས་ཅད་ རབ་སྟེར་བ། །དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །དང་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་གནས་ཇི་ལྟར་བདེ་བས་ཉེ་བར་འདུག་སྟེ། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སེམས་ཅན་གྱི་ཁམས་ལ་བལྟས་ནས། སྨོན་ལམ་གདབ་པར་བྱའོ། །སྡུག་བསྔལ་བའི་སེམས་ཅན་འདི་ རྣམས་འཁོར་བར་འཁོར་ཏེ། དེ་རྣམས་ལ་བདག་གིས་འཇམ་པའི་དབྱངས་སུ་གྱུར་ནས། བླ་ན་མེད་པའི་གོ་འཕང་མཆོག་ལ་རབ་ཏུ་དགོད་པར་བྱའོ་ཞེས་སོ། །དེ་ནས་བྲིས་སྐུ་ལ་སོགས་པ་བཀྲམ་ནས་བཅོམ་ལྡན་འདས་འཇམ་པའི་དབྱངས་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་ དཔའ་རྣམས་མདུན་དུ་དམིགས་ཏེ། མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་ཕྱག་འཚལ་ནས། སྡིག་པ་བཤགས་པ་དང་། སླན་ཆད་མི་བགྱིད་ཅིང་སྡོམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བདག་ཉིད་དབུལ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་ སེམས་བསྐྱེད་པ་ཡང་བྱས་ནས་ཚིགས་སུ་བཅད་པ་འདི་གཉིས་ཀྱིས་བྱ་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་སེམས་མཆོག་ བདག་གིས་བསྐྱེད། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །དེ་ནས་ལམ་བསྟེན་པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པའི་དོན་ཁོང་དུ་ཆུད་པར་བྱས་ནས། ལན་གསུམ་བརྗོད་ ནས་རང་བཞིན་གྱིས་རྣམ་པར་དག་ཅིང་ཆོས་ཐམས་ཅད་བདག་མེད་པར་མོས་པ་བྱའོ། །ཁམས་གསུམ་པོ་ནི་སྟོང་པ་ཉིད་དང་མཚན་ཉིད་མེད་པ་གཟུང་བ་དང་། འཛིན་པ་དང་བྲལ་བར་བལྟས་ནས། རང་གི་སྙིང་གར་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་མུཿཡིག་གསེར་བཙོ་མའི་ ཁ་དོག་ལྟ་བུ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཀྱེ་ཞིང་སྣང་བར་མཛད་ནས་ཇི་ལྟར་སྐལ་བ་དང་ལྡན་པའི་སེམས་ཅན་གྱི་དོན་མཛད་དེ། དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ནས་དེའི་འོད་དེ་ས་བོན་ལ་རབ་ཏུ་ཞུགས་ཏེ། དེ་ཐམས་ཅད་ ཡོངས་སུ་གྱུར་པ་ལས་བདག་ཉིད་འཇམ་པའི་དབྱངས་ཀྱི་སྐུར་བསྒོམ་པར་བྱའོ། །གསེར་ཞུན་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། སེང་གེའི་སྟེང་ན་པདྨ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཟུར་ཕུད་གསུམ་པའི་རིན་པོ་ཆེའི་དབུ་རྒྱན་ཅན། ཟླ་བའི་དཀྱིལ་འཁོར་གྱི་ འོད་ལྟ་བུ་གཞོན་ནུའི་རྣམ་པ་ཅན་གྱི་གཟུགས་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པའི་ཉམས་དང་ལྡན་པ། ཅུང་ཞིག་འཛུམ་པ། ཕྱག་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ། ཕྱག་གཡས་པ་ན་མ་རེག་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པའི་ཨུཏྤལ་ བསྣམས་པ། ཞབས་གཡོན་པའི་ངར་གདོང་ལ་བརྟེན་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་མི་བཟད་པའི་ཞལ་མཆེ་བ་གཙིགས་པ་སྐྲ་དམར་སེར་འཁྱིལ་པ། ཀུན་ནས་དམར་བའི་སྤྱན་ཟླུམ་པ། ཕྱག་གཡས་པས་བཅོམ་ལྡན་འདས་ཀྱི་རྗེ་ངར་ལ་རེག་པ། གཡོན་པ་ དབྱུག་པ་བསྣམས་པའོ། །དེ་བཞིན་དུ་བསྒོམས་ནས། སྐུ་དང་། གསུང་དང་། ཐུགས་རྣམས་ལ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་དཀར་པོ་དང་། དམར་པོ་དང་། ནག་པོའི་མདོག་ཅན་རྣམས་རིམ་པ་བཞིན་དུ་བཀོད་ལ། དེ་ནས་ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་མུཿཡིག་ བསམ་པར་བྱའོ། །དེ་ནས་མཆོད་བྱ་དང་མཆོད་བྱེད་དབྱེར་མེད་པར་དམིགས་ནས། ལྷ་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་མཆོད་པ་དང་། བསྟོད་པ་བདག་ཉིད་ལ་བྱེད་པར་བལྟས་ནས། སྤྲོ་བ་དང་བསྡུ་བ་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལྟར་རྟག་ཏུ་སྒོམ་ པར་བྱེད་པ་ནི། སངས་རྒྱས་ཀྱི་བྱང་ཆུབ་རབ་ཏུ་འགྲུབ་པར་འགྱུར་ཏེ། ཚེ་འདི་ཉིད་ལ་བརྩེ་བ་ཆེན་པོ་མགོན་པོ་འཇམ་པའི་དབྱངས་ཐོབ་པར་འགྱུར་རོ། །བསྒོམས་པས་ངལ་ན་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་སྔགས་བཀོད་ནས་མ་ཆགས་པའི་ཡིད་ཀྱིས་བཟླས་པར་བྱའོ། །དེ་ནས་ བཟླས་པའི་སྔགས་ནི་འདིའོ། །ཨོཾ་དྷརྨ་དྷཱ་ཏུ་བཱ་གཱི་ཤྭ་རི་མུཿདེ་ལྟར་བཟླས་པ་བྱས་ནས་ཀྱང་མི་ངལ་ན་བསྒོམ་པར་བྱའོ། །གལ་ཏེ་ལྡང་བར་འདོད་ན་སླར་ཡང་དེ་བཞིན་དུ་ཡང་དག་པར་མཆོད་པ་དང་། ལེགས་པར་བསྟོད་པ་དང་། དགེ་བ་ཡོངས་སུ་བསྔོ་བ་དང་། ཚིགས་སུ་བཅད་པ་འདིས་བཟོད་པ་ གསོལ་བར་བྱ་སྟེ། བདག་ནི་མི་ཤེས་བློ་རྨོངས་པས། །ཉེས་པ་ཇི་སྙེད་བགྱིས་པ་གང་། །གང་ཕྱིར་ལུས་ཅན་སྐྱོབ་པ་ཡི། །མགོན་པོ་ཁྱེད་ལ་བཟོད་པར་གསོལ། །འགྲོ་བ་རྣམས་ལ་ཕན་པའི་ཕྱིར། །སྨོན་ལམ་ཡང་དག་གདབ་པར་བྱ། །བདག་གི་དགེ་བ་འདི་ཡིས་ནི། །སངས་རྒྱས་ཉིད་ནི་ཐོབ་ ནས་ཀྱང་། །སྲིད་པའི་རྒྱ་མཚོ་ཟབ་མོ་ལས། །འགྲོ་བ་མ་ལུས་འདོན་པར་ཤོག །དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མོས་པས་འགྲོ་བ་ཐམས་ཅད་འཇམ་པའི་དབྱངས་ཀྱི་རང་བཞིན་དུ་བལྟས་ནས། རང་གི་ལྷའི་ང་རྒྱལ་དང་ལྡན་པས་ཇི་ལྟར་བདེ་བར་གནས་པར་བྱའོ། །དེ་ལྟར་ཐུན་མཚམས་བཞིའམ། ཐུན་ མཚམས་གསུམ་དུ་འདི་བཞིན་དུ་བྱའོ། །བདག་གིས་སྒྲུབ་ཐབས་འདི་བྱས་པས། །འབྲས་བུ་གང་ཐོབ་དེ་ཡིས་ནི། །སྲིད་པ་གསུམ་གྱི་འཇིག་རྟེན་འདི། །མ་ལུས་འཇམ་དཔལ་དབྱངས་གྱུར་ཤོག །འཕགས་པ་འཇམ་དཔལ་ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་དྲི་བཟངས་ལ་སོགས་པས་ཉེ་བར་བྱུགས་པའི་སའི་ཆ་ལ། སྣ་ཚོགས་པའི་མེ་ཏོག་གཅལ་དུ་བཀྲམ་ནས། དེའི་དབུས་སུ་སྟན་བདེ་བ་ལ་ཉེ་ བར་འདུག་སྟེ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་ལ། ཕྱི་ནས་རང་གི་སྙིང་གར་ཨ་ཡིག་བལྟས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་མུཿཡིག་བསམ་པར་བྱའོ། །དེ་ནས་མུཿཡིག་ལས་ཁ་དོག་ལྔའི་འོད་ཟེར་གྱི་སྤྲིན་གྱི་ཚོགས་བ་སྤུའི་ཁུང་རྣམས་ནས་ འཐོན་ཏེ། དེའི་འོད་ཀྱིས་འཇམ་པའི་དབྱངས་ཀྱི་སྐུས་ནམ་མཁའ་གང་བར་བལྟའོ། །དེ་ནས་དེ་ལ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སྨོན་ལམ་གདབ་པ་ལ་སོགས་པ་བྱའོ། །དེ་ནས་ཚད་མེད་པའི་གནས་བཞི་ བསྒོམ་པར་བྱའོ། །ཕྱི་ནས་སྟོང་པ་ཉིད་དུ་བསྒོམས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་བརྗོད་པར་བྱའོ། །དེ་ནས་སླར་ཡང་རང་གི་སྙིང་གར་ཨ་ཡིག་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་མུཿཡིག་དེ་ཡོངས་སུ་གྱུར་པ་ལས་འཇམ་ དཔལ་དབྱངས་ཀྱི་སྐུར་བདག་ཉིད་བསྒོམ་པར་བྱའོ། །སེང་གེའི་སྟེང་ན་བཞུགས་པ་སྐུ་མདོག་སེར་པོ་གསེར་གྱི་མདོག་ལྟ་བུ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཤད་པའི་ཕྱག་རྒྱ་མཛད་ཅིང་ཕྱག་གཡོན་ལོགས་ན་ཨུཏྤ་ལ་བསྣམས་པ། མི་བསྐྱོད་པའི་དབུ་རྒྱན་ཅན། གཡས་ན་ནོར་བཟངས་གཞོན་ནུ་ དང་། གཡོན་དུ་གཤིན་རྗེ་གཤེད་བལྟ་བར་བྱའོ། །བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ཨོཾ་བཱ་གཱི་ཤྭ་རི་མུཿ། ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་བརྡྷཱ་ནི་དྷི་བཱ་དཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་འཕེལ་བའི་གཏེར་གྱི་ངག་གི་རྒྱལ་ པོའི་སྒྲུབ་ཐབས། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རབ་ཏུ་བཤད་པའི་མཆོད་པས་མཆོད་ནས་སྡིག་པ་བཤགས་པ་དང་། དགེ་བ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་དང་། བྱམས་པ་ལ་སོགས་པའི་སྔགས་ཀྱི་ཆོ་གས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཟླ་བ་གཉིས་ཀྱི་ནང་དུ་ཞུགས་ནས། ཆུ་ སྐྱེས་སེར་པོའི་རྣམ་པར་གྱུར་པ་ལས་སེར་པོ་བི་ལས་མཾ་ཡིག་གི་ས་བོན། དེ་ལས་ཟླ་བ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཡང་དག་པའི་ངག་གི་རྒྱལ་པོར་རང་ཉིད་དོ། །དེ་ནས་ཤེས་རབ་བསྐྱེད་པས་ཏའི་མཐའ་དང་། རའི་མཐའ་དང་། སའི་མཐའ་རྣམས་ཀྱིས་ཚོགས་པ་ཨཱི་དང་ཟླ་བ་ཕྱེད་པ་དང་ཐིག་ལེ་དང་པོར་ བཅས་པའི་སྔགས་བཟླས་པར་བྱའོ། །ཤེས་རབ་འཕེལ་བའི་གཏེར་ངག་གི་རྒྱལ་པོའི་སྒྲུབ་ཐབས་དཔལ་ལྡན་པཎྜི་ཏ་འཕྲོག་བྱེད་འཇོམས་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཱ་གཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ ཕྱག་འཚལ་ལོ། །གཞོན་ནུའི་རྣམ་པར་མཛད་པ་ཡིས། །འཇིག་རྟེན་རྗེས་སུ་འཛིན་མཛད་པ། །དེ་བཞིན་ཉིད་ཀྱི་ལམ་སྟོན་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གྱི་རྟོག་པ་ལས་གསུངས་པའི་ཆོ་གས་ངག་གི་རྒྱལ་པོའི་སྒྲུབ་ཐབས་བཤད་པར་བྱའོ། །དང་པོ་རེ་ཞིག་ཟུར་བཞི་ སྒོ་བཞི་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་ཅིང་བླ་བྲེས་ཀྱིས་མཛེས་པར་བྱས་པ། མུ་ཏིག་གི་རང་བཞིན་གྱིས་རྒྱལ་མཚན་དང་བ་དན་ལ་སོགས་པས་བརྒྱན་པའི་གཞལ་ཡས་ཁང་རྣམ་པར་བསམས་ནས། དེ་ལ་དབུས་སུ་དར་གྱི་གདན་ལ་དེའི་སྟེང་དུ་ཉེ་བར་འདུག་སྟེ། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་ པར་བྱ་སྟེ། སེམས་ཅན་དང་སེམས་ཅན་གྱི་རྒྱུད་ཀྱིས་བཟུང་བ་ཇི་སྙེད་པ་དེ་རྣམས་ཐམས་ཅད་འཇམ་དཔལ་གྱི་ཡེ་ཤེས་ལ་རབ་ཏུ་དགོད་པར་བྱའོ་ཞེས་སོ། །གང་ཡང་སྐད་ཅིག་གིས་མི་རྟག་པ་དང་། བདག་མེད་པ་དང་། སེམས་ཅན་གྱི་སྡུག་བསྔལ་རྣམས་རྨི་ལམ་དང་། མིག་འཕྲུལ་ལྟ་བུ་དང་། གཟུགས་ བརྙན་ཙམ་སྟེ། གདོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་དག་པ། ངོ་བོ་ཉིད་མེད་པ་ལས་སྐྱེས་ཤིང་སྐྱེ་བ་མེད་པ་ཡང་དག་པའི་མཐའི་དེ་བཞིན་ཉིད་དུ་གྱུར་པ་ཆོས་ཐམས་ཅད་སྟོང་པའོ་ཞེས་སྟོང་པ་ཉིད་དུ་ལྷག་པར་གསུངས་ཏེ། སེམས་ཅན་འདི་རྣམས་སྲེད་པའི་དབང་གིས་མ་རིག་པས་མདོངས་ ཤིང་ལས་ཀྱི་རྣམ་པར་སྨིན་པ་མི་མཐོང་བ་དེ་རྣམས་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་ལས་ཀྱི་བྱ་བ་ལ་ཞུགས་ནས་བདག་གིས་ཆོས་བསྟན་པར་བྱའོ་ཞེས་སྙིང་རྗེའི་ཕྱིར་ཡང་ལྷག་པའི་ཚིག་གོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་འདུས་པ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པར་ བྱང་ཆུབ་ཀྱི་སེམས་ཤེས་པར་བྱ་སྟེ། འདིར་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བྱ་བ་ལས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་གསུངས་སོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡིད་ཀྱིས་དེ་བཞིན་དུ་མཆོད་པར་བྱའོ། །དེ་ནས་རང་གི་སྙིང་གར་ཧཱུཾ་ཡིག་ཁ་དོག་ དམར་པོ་ཉི་མ་བྱེ་བ་འབུམ་བརྒྱ་སྟོང་གི་འོད་འབར་བའི་བདག་ཉིད་ཡེ་ཤེས་ཀྱི་སྐུར་བལྟ་བར་བྱ་སྟེ། དེས་དེ་བཞིན་དུ་ཉི་མའི་དཀྱིལ་འཁོར་བསྒོམས་ནས་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གུར་གུམ་གྱི་མདོག་ལྟ་བུ་དེ་ལ་ཡི་གེའི་མཆོག་དཔག་ཏུ་མེད་པའི་བསོད་ནམས་བྱེ་བ་བརྒྱ་སྟོང་ངེས་པར་མཾ་གི་ཡི་གེ་ཁ་དོག་ལྔ་ དང་ཡང་དག་པར་ལྡན་པ་ནམ་མཁའི་ཕྱོགས་ཀྱི་མཐར་ཐུག་པར་བལྟའོ། །དེ་ནས་ཡེ་ཤེས་སྤྲོས་པས་ཡང་དག་པར་བསྐུལ་ཏེ། བཅོམ་ལྡན་འདས་འཇམ་དཔལ་གསེར་བཙོ་མའི་མདོག་ལྟ་བུ། གཞོན་ནུ་ཟུར་ཕུད་ལྔ་པ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་དང་ཡང་དག་པར་ལྡན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པས་བརྒྱན་པའི་ཨུཏྤལ་སྔོན་པོ་བསྣམས་པ། སེང་གེའི་སྟེང་ན་རོལ་པའི་སྟབས་ཀྱིས་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་ཅིང་འོད་ཟེར་རྒྱ་མཚོའི་རླབས་ཀྱིས་ཁམས་གསུམ་ཀུན་ནས་འགེངས་པར་མཛད་པ། རྟག་ཏུ་ལེགས་སྦྱར་གྱི་ཚིགས་སུ་བཅད་པ་དང་རྐྱང་པ་དཔག་ཏུ་མེད་པ་ ལེགས་པར་སྦྱོར་ཞིང་གསུང་བའི་སྒྲས་ཆོས་སྟོན་པར་མཛད་པའོ། །སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས་དགུག་གཞུག་བྱས་ནས། ཨོཾ་མཉྫུ་བཛྲ་ཧཱུཾ་ཞེས་པའི་སྔགས་འདིས་བརྟན་པར་བྱས་ནས་འཇམ་པའི་རྡོ་རྗེའི་ང་རྒྱལ་བསྒོམ་པར་བྱའོ། །དེ་ནས་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །ཨོཾ་ མཉྫུ་བཛྲ་ཧཱུཾ། བཅོམ་ལྡན་འདས་ཀྱི་ཆོ་ག་འདིས་མཁས་པས་སྤྱོད་ལམ་གཙང་མ་ཕུན་སུམ་ཚོགས་པས་འབུམ་ཕྲག་བདུན་བཟླས་པར་བྱའོ། །ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་པ། །མཆོག་གི་བློ་གྲོས་རབ་མཛེས་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ། །ཐར་མཆོག་དགའ་བ་རྒྱ་ཆེན་པདྨའི་འདབ་འདྲའི་སྤྱན་ཡངས་པ། །བློ་གྲོས་ངན་པ་བསྲེག་མཁས་འཇམ་པའི་དབྱངས་ ལ་ཕྱག་འཚལ་ལོ། །གང་གིས་བློ་ཕྱེད་རྒྱུན་མི་འཆད་པར་མངོན་བསྒོམས་པས། །སྐྱེ་བོས་ཨ་ར་པ་ཙ་ན་ནི་ངེས་བསྒྲུབ་ཕྱིར། །དངོས་པོ་མ་ལུས་རྟོགས་པའི་བྱང་ཆུབ་ཐོབ་པ་ཡི། །རིན་ཆེན་འཁོར་ལོའི་མན་ངག་ཤིན་ཏུ་བསྡུ་བར་བྱ། །མཉམ་གཙང་སྔགས་པས་ཡིད་དུ་འོང་བའི་ས་ཡི་ཆར། །དྲི་ཞིམ་མེ་ཏོག་ གཅལ་བཀྲམ་སྤོས་ཆུས་བྱུགས་གྱུར་ནས། །གང་ཞིག་འཇམ་ཞིང་ཡིད་འོང་སྟན་ལ་ཉེར་གནས་ཏེ། །བདེ་བ་ཤིན་ཏུ་མཚན་མེད་བྱང་ཆུབ་སེམས་བསྒོམ་བྱ། །རང་བཞིན་དག་པའི་སྔགས་ནི་ཡང་དག་བརྗོད། །ཀུན་ནས་མ་ལུས་སྟོང་པར་རབ་བསྒོམས་ཏེ། །གཞན་དོན་བཅས་པ་བདག་གི་ལུས་འདི་ཡང་། ། འདི་ནི་འོད་གསལ་མཐའ་རུ་ལན་ཅིག་བསམ། །དེ་ནས་བར་སྣང་ཟླ་བའི་དཀྱིལ་འཁོར་ལ། །དབྱངས་ཡིག་དང་པོ་འོད་དང་ལྡན་པ་བསྒོམ། །དེ་ནས་འདིར་ནི་ཤིན་ཏུ་དཀར་བའི་དྷཱིཿ། །དེ་ལས་འཇམ་དབྱངས་དྲི་མ་མེད་པ་བསྒོམ། །རི་བོང་གིས་མཚན་བྱེ་བའི་འོད་མཚུངས་ལ། །རྒྱན་རྣམས་ཀུན་གྱིས་བརྒྱན་ གྱུར་རབ་ཏུ་འབར། །བསམ་གཏན་མཐར་ཕྱིན་ཆུ་སྐྱེས་སྟེང་ན་བཞུགས། །ཆགས་བཅས་ཅུང་ཟད་འཛུམ་ཞིང་ཡིད་དུ་འོང་། །རང་གི་སྙིང་གར་ཨ་ཡིག་མཆོག་ནི་རྣམ་འཕྲོ་ལེགས་བལྟས་ལ། །མཉམ་མེད་འོད་ཟེར་དྲ་བ་དང་ལྡན་འཁོར་ལོ་རྩིབས་བརྒྱད་གཟུགས། །དེ་ཡི་སྟེང་དུ་སྔགས་པས་ཟླ་བའི་ དཀྱིལ་འཁོར་རྣམ་པར་བསྒོམ། །དེ་ཡིས་རི་བོང་འཛིན་ལྟར་འཇམ་དབྱངས་ཉིད་དང་དེ་བཞིན་དུ། །གཡས་ཕྱོགས་ཡིད་འོང་གཟུགས་ཅན་འཛུམ་ཞིང་ཟུར་གྱིས་ལྟ་བྱེད་པ། །ནུ་མ་ཟུང་དག་རབ་རྒྱས་སྐྲ་ལྡན་མ་དེ་ལྟ་བྱེད་པ། །གཡོན་ཕྱོགས་རབ་མཛེས་སྒེག་པའི་གཟུགས་ལྡན་ཉེ་བའི་སྐྲ་ཅན་མ། ། ཡོན་ཏན་མ་ལུས་གཏེར་གྱུར་ཙ་ན་དག་ལས་བསྒོམ་པར་བྱ། །མདུན་དུ་ངེས་དགོད་དྲ་བ་ཅན་གྱི་འོད། །དྲི་མེད་རབ་དཀར་ར་ཡིག་ལས་བྱུང་ཉིད། །པ་ཡིག་ལས་བྱུང་འོད་ཟེར་རང་བཞིན་ཅན། །ཡིད་འོང་ཟླ་འོད་རྒྱབ་ཏུ་དགོད་པར་བྱ། །ཡང་ན་ཡི་གེ་འོད་ཟེར་རབ་འབར་བའི། །མཐུ་ལྡན་རྒྱ་ཆེན་རྣམ་ པར་བསྒོམ་བྱ་སྟེ། །དེ་རྣམས་མི་ཤེས་རི་བོང་རབ་འཇོམས་ཤིང་། །ཡེ་ཤེས་དམ་པ་རྙོག་པ་མེད་པར་མཛད། །འོག་ཏུ་འཁོར་ལོ་མྱུར་དུ་འཁོར་བསམས་ནས། །གཏི་མུག་མུན་པ་མཐའ་དག་འཇོམས་པར་མཛད། །ཡི་དམ་ལྷ་སྐུ་མི་འགྱུར་ཉིད་བལྟས་ནས། །འོད་ཟེར་དྲ་ཆེན་ཟླ་བའི་དཀྱིལ་འཁོར་བཞིན། ། ཟླ་ལྟར་འོད་ཟེར་སྤྲིན་ཚོགས་རྒྱ་ཆེན་རྣམས། །ངེས་འཐོན་ཕྱོགས་བཅུ་རྣམས་སུ་འཕྲོ་བར་བལྟ། །བདག་ལུས་དེ་བཞིན་སེམས་ཅན་རྣམ་བརྒྱན་ཏེ། །མཐའ་ནས་སླར་འོངས་ཟླ་བ་ལ་ཞུགས་ཏེ། །མཆོག་གི་སྔགས་པས་བློ་གྲོས་བརྟན་ཞིང་མན་ངག་ཇི་བཞིན་དུ། །ཨ་ར་པ་ཙ་ན་མཆོག་ སྔགས་བཟླས་བསྒོམ་ལ་འབད་བྱས་ན། །མྱུར་དུ་ས་མཆོག་རྣམས་དང་དྲི་མེད་ཡིད་འོང་ཕར་ཕྱིན་རྣམས། །བློ་གྲོས་ངན་པའི་ཉེས་པ་ཀུན་བཅོམ་རྒྱལ་རྣམས་ཐོབ་པར་འགྱུར། །བླ་མ་དམ་པ་དགའ་རབ་རྡོ་རྗེ་དམ་ཆོས་མཛོད་གྱུར་པས། །བདེ་གཤེགས་ཚོགས་ཀྱི་སྤྱན་སྔར་གང་རྣམས་ཆོ་གས་དབང་བསྐུར་བའི། ། བློ་གྲོས་བཟང་པོ་མི་ཕམ་བཤེས་གཉེན་སྐྱེ་བོའི་བློ་གྲོས་རྣམས། །བསྒྲུབ་ཕྱིར་ཨ་ར་པ་ཙ་ན་མཆོག་འཁོར་ལོ་གཞུང་བཞིན་སྦྱར། །འཁོར་ལོའི་ཆོ་གའི་མཆོག་ནི་ལེགས་སྦྱར་བའི། །བདག་གིས་བསོད་ནམས་རྒྱ་ཆེན་ཐོབ་བསྡུས་པ། །གང་དེས་འགྲོ་ཀུན་སྡིག་ལས་རྣམ་རྒྱལ་ཞིང་། །བདེ་བའི་མཐའ་གཅིག་ འཇམ་དབྱངས་མཆོག་གྱུར་ཅིག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མུག་ཏེ་ཀེ་ན་ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། ། དང་པོ་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་ཕྱོགས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཡི་གེ་དང་པོ་ལས་བྱུང་བའི་ཟླ་བ་ལ་ལྔ་པའི་བཞི་པའི་ས་བོན་ལ་ཨཱ་ཡིག་དང་མཐར་ཐིག་ལེ་གཉིས་དང་ལྡན་པ་རྣམ་པར་བསྒོམས་ལ། དེ་ནས་དེའི་འོད་ཟེར་གྱི་ཚོགས་ཀྱིས་སྙིང་ལ་གནས་པའི་ཉོན་ མོངས་པའི་མུན་པ་བསལ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཞེས་པ་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ། །འཆད་པར་འགྱུར་བའི་རིམ་པས་བྱམས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་རབ་ཏུ་དགའ་བའོ། །སྙིང་རྗེ་གང་ཞེ་ན། སྡུག་བསྔལ་གསུམ་ གྱིས་གདུངས་པའི་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་གདོན་པར་འདོད་པའོ། །དགའ་བ་གང་ཞེ་ན། དགེ་བའི་རྩ་བ་བསྐྱེད་པས་གཞན་གྱི་དབང་ཕྱུག་ལ་སོགས་པ་རྣམས་ལ་ལོངས་སྤྱོད་པ་ལ་སེམས་དགའ་བའོ། །བཏང་སྙོམས་གང་ཞེ་ན། རྣམ་པ་ཐམས་ཅད་དུ་ཁོང་ཁྲོ་བ་དང་། རྗེས་སུ་ཆགས་པ་དང་ བྲལ་ཞིང་གཞན་ལ་ཕན་པའི་ཆོས་ཉིད་རང་གི་ངང་གིས་འབབ་ཅིང་རབ་ཏུ་འཇུག་པའོ་ཞེས་པའི་ཚད་མེད་པའི་གནས་བཞི་བསྒོམས་ནས། དེའི་རྗེས་སུ་རང་གི་སྙིང་གའི་ས་བོན་ཉིད་ལས་བྱུང་བའི་འོད་ཟེར་གྱིས་ནམ་མཁའི་ཕྱོགས་མཐའ་དག་ཁྱབ་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྲོ་བ་དང་ བསྡུ་བས་གཞན་འགྲོ་བ་རྣམས་ཀྱི་དོན་གྱི་བྱ་བ་གཅིག་ཏུ་བྱེད་པར་བལྟས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་དེ་བཞིན་དུ་ལྷའི་དྲི་བཟངས་དང་མེ་ཏོག་ལ་སོགས་པ་ཁྱད་པར་འཕགས་པ་བྱུང་སྟེ། མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ ཀྱི་ཞབས་ཀྱི་ཆུ་སྐྱེས་ལ་སྤྱི་བོས་བཏུད་ཅིང་གུས་པས་ཕྱག་འཚལ་ནས། འོད་ཟེར་དེ་ཉིད་ལས་བྱུང་བའི་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། ཕྱེ་མ་དང་། དྲི་དང་། ན་བཟའ་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་ལ་སོགས་པ་རྣམས་ཀྱིས་དེ་རྣམས་ལ་ཕྱི་དང་ནང་གི་མཆོད་པ་རྣམས་ཀྱིས་མཆོད་པ་ནི་ མཆོད་པའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་ལས་གྱུར་པའི། །ལུས་དང་ངག་དང་གཞན་ཡང་ཡིད་ཀྱིས་ཀྱང་། །སྡིག་པ་བགྱིས་དང་དེ་བཞིན་བགྱིད་སྩལ་རྣམས། །ཐམས་ཅད་རྒྱལ་བ་རྣམས་ཀྱི་མདུན་དུ་བཤགས། །ཞེས་པ་ནི་སྡིག་པ་བཤགས་པའོ། ། གང་ཡང་དེ་བཞིན་གཤེགས་ཀུན་བསོད་ནམས་དང་། །གཞན་ཡང་རྫོགས་པའི་བྱང་ཆུབ་ལམ་བསྟེན་དང་། །རང་སངས་རྒྱས་དང་བླ་མ་མཆོག་རྣམས་ཀྱི། །དགེ་བ་ཀུན་ལ་བདག་ནི་རྗེས་ཡི་རང་། །ཞེས་པ་ནི་བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །དུས་གསུམ་ཀུན་དུ་གཤེགས་པའི་སངས་རྒྱས་དང་། ། ནམ་མཁའི་ཕྱོགས་ཁྱབ་བརྩེ་ལྡན་ཡོན་ཏན་ཚོགས། །སྐྱོན་སྤངས་འཕགས་པའི་ཚོགས་དང་དམ་པའི་ཆོས། །གུས་པས་བདག་ནི་སྐྱབས་སུ་ཉེ་བར་མཆི། །ཞེས་པ་ནི་གསུམ་ལ་སྐྱབས་སུ་འགྲོ་བའོ། །ཡོངས་སུ་དག་པ་རྒྱལ་བའི་ལམ་བསྟེན་པ། །ཚངས་དབང་དྲག་པོ་སོགས་པས་རྙེད་དཀའ་ བ། །གང་འདིར་བསོད་ནམས་ཚོགས་ནི་ཉེར་བསགས་པ། །བྱང་ཆུབ་སེམས་འདི་རབ་ཏུ་བསྐྱེད་པར་བགྱི། །ཞེས་པ་ནི་རྒྱལ་བའི་ལམ་ལ་བསྟེན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཚིག་གོ། །དེ་བཞིན་དུ་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མཆོད་ནས། དེའི་རྗེས་སུ་བླ་མའི་གསུང་ གིས་ཕྱི་དང་ནང་དུ་བཅས་པ་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་ནས་ཡང་བརྟན་པར་བྱ་བའི་ཕྱིར། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་པའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེའི་རྗེས་སུ་རང་གི་སེམས་ཀྱི་སྣང་བ་ཙམ་དངས་ཤིང་ཐོགས་པ་མེད་པའི་གཟུགས་དབྱངས་ཡིག་དང་པོ་ ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་ལ། དེའི་སྟེང་དུ་སྔོན་དུ་གསུངས་པའི་ས་བོན། དེ་ནས་ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་རལ་གྲི་འོད་འཕྲོ་བའི་གཟུགས་སོ། །དེ་ནས་ཚངས་པའི་དབུས་སུ་རི་བོང་འཛིན་པའི་སྟེང་དུ་སྔོན་དུ་གསུངས་པའི་ས་བོན་དང་། རལ་གྲི་ཡོངས་སུ་གྱུར་པ་ལས་ འཇམ་དཔལ་དབྱངས་སྟོན་ཀའི་ཟླ་བ་དང་མཚུངས་པའི་འོད་ཕྱོགས་བཅུའི་འཇིག་རྟེན་གསལ་བར་བྱེད་པའི་འོད་ཀྱི་ཚོགས་འཆང་བ། ཕྱག་གཉིས་པ་གཞོན་ནུའི་རྣམ་