Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 17 / 23 (50.000 ký tự/trang)
ངོན་པར་བརྗོད། །གང་ཚེ་རྒྱུ་ཡི་དེ་ཉིད་མཐོང་། །འབྲས་དེ་ཉིད་ཀྱིས་རྒྱས་བཏབ་བོ། །སངས་རྒྱས་བཅོམ་ལྡན་འདས་ ཉིད་ཀྱི། །ཐར་པ་སྤྱན་གྱིས་གཟིགས་པ་ཉིད། །ཤེས་རབ་མེད་ཅིང་སེམས་མེད་པའི། །དུད་འགྲོའི་གདོང་ཅན་རྣམས་ཀྱིས་མཐོང་། །བླ་མ་དམ་པའི་གསུང་ལས་ནི། །ལྷ་ཡི་རྣལ་འབྱོར་གྱིས་སྦྱངས་པ། །རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གྱི་སྒྲུབ་ཐབས་རྫོགས་སོ།། །། པཎྜི་ཏ་པྲ་བྷཱ་ཀ་རས་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་བི་ཛ་ཡ་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས། དཔལ་ལྡན་རྗེ་བཙུན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །འདིར་དང་ པོ་མ་སྐྱེས་པ་རྣམས་ལ་སྔོན་དུ་གསུངས་པའི་ཆོ་གས་ཉི་མ་ལ་ཧཱུཾ་ཡིག་ནག་པོ་ལས་སྐྱེས་པའི་རྗེ་བཙུན་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྐུ་མདོག་མཐིང་ནག་ཞལ་བཞི་པ། ཕྱག་བརྒྱད་པ། ཞལ་དང་པོ་ཁྲོ་ཞིང་སྒེག་པ། གཡས་པ་དྲག་པོ། གཡོན་པ་རྣམ་པར་འཇིགས་པ། རྒྱབ་ ཞལ་དཔའ་བོའི་ཉམས་ཅན། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་དང་བཅས་ཤིང་། ཐུགས་ཀར་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བསྣམས་པ། གཡས་ཀྱི་ཕྱག་རྣམས་ཀྱིས་རལ་གྲི་དང་། ལྕགས་ཀྱུ་དང་། མདའ་བསྣམས་པ། གཡོན་གྱི་ཕྱག་གསུམ་གྱིས་གཞུ་དང་། ཞགས་པ་དང་། རྡོ་རྗེ་བསྣམས་པ། ཞབས་གཡོན་བརྐྱང་བས་དབང་ཕྱུག་ཆེན་པོའི་མགོ་མནན་པ། ཞབས་གཡས་ཀྱིས་གཽ་རཱིའི་ནུ་མ་ཟུང་མནན་པ། སངས་རྒྱས་མེ་ཏོག་ཕྲེང་བ་ལ་སོགས་པ་སྣ་ཚོགས་པའི་རྒྱན་དང་། ན་བཟའ་བསྣམས་པར་བདག་ཉིད་བསྒོམས་ནས། ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལ་ཁུ་ཚུར་གཉིས་རྒྱབ་སྦྱར་ནས་མཐེའུ་ཆུང་ ལྕགས་སྒྲོག་གི་རྣམ་པར་སྦྱར་བར་བྱའོ། །སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། བྷ་ག་བཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ ཛྭ་ལ་ཨ་ན་ལཱརྐ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས། རྡོ་རྗེ་མེ་དང་ཉི་མ་འབར་བ་ལ་ཕྱག་འཚལ་ལོ། །དེ་ཉིད་བཞིན་དུ་སྟོང་པ་ཉིད་ཀྱི་རྗེས་ལ་ཉི་མ་ལ་ཧཱུཾ་ཡིག་མཐིང་ག་ཡོངས་སུ་གྱུར་པ་ལས། རྡོ་རྗེ་མེ་དང་ཉི་མ་འབར་བ་སྐུ་མདོག་མཐིང་ག་འབར་བའི་ཕྲེང་བ་འཁྲིགས་ པའི་འོད་ཅན། ཞལ་བཞི་པ། ཕྱག་བརྒྱད་པ། སྒེག་པ་དང་། དཔའ་བ་དང་། འཇིགས་པ་དང་། སྙིང་རྗེའི་ཉམས་དང་ལྡན་པའི་ཞབས་བཞི་པ། གཡས་ཀྱི་ཕྱག་བཞིས་རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་དང་། མདའ་བསྣམས་པ། གཡོན་གྱི་ཕྱག་བཞིས་དྲིལ་བུ་དང་། གཞུ་དང་། ཞགས་ པ་དང་། ཁ་ཊྭཱཾ་ག་བ་དན་སྣ་ཚོགས་པ་དང་བཅས་པ་བསྣམས་པ། དབུ་སྐྲ་སྐྱ་བོའི་ཚོགས་མེ་འབར་བ་ཅན། ཤིན་ཏུ་འཇིགས་པ་སྦྲུལ་ཆེན་པོ་འཁྱིལ་བས་ལག་གདུབ་དང་། རྐེད་རྒྱན་དང་། རྐང་གདུབ་དང་། མགུལ་རྒྱན་དང་། རྣ་རྒྱན་དང་། ཅོད་པན་དུ་བརྒྱན་པ། སྒྱུ་མ་ཆེན་པོའི་འཁོར་ ལོར་བྱས་པ་བཞི་ལ་ཆུང་མ་དང་བཅས་པའི་ཁྱབ་འཇུག་གཡས་བརྐྱང་བའི་ཞབས་ཀྱིས་མནན་པ་དབང་དུ་བྱེད་པ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་མཐིལ་རྡོ་རྗེ་བཅིངས་པའི་སོར་མོ་འབར་བའི་སྙིང་པོའི་དབུས་སུ་མཐེ་བོང་གཉིས་བླང་བར་བྱའོ། །དེ་ནས་སྔགས་ བཟླས་པར་བྱ་སྟེ། ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུཾ་ཞེས་སོ། །རྡོ་རྗེ་མེ་དང་ཉི་མ་འབར་བའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པ་ར་མ་ཨ་ཤྭ་སཱ་དྷ་ནཾ། བོད་སྐད་དུ། རྟ་མཆོག་གི་སྒྲུབ་ཐབས། རྟ་མཆོག་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་ཉི་མ་ལ་ཧཱུཾ་ཡིག་ མཐིང་ག་ལས་སྐྱེས་པའི་རྟ་མཆོག་དམར་པོ་ཞལ་བཞི་པ། ཕྱག་བརྒྱད་པ། ཞབས་བཞི་པ། ཞལ་དང་པོ་ཁྲོ་ཞིང་སྒེག་པ། སྤྱན་གསུམ་པ། གཡས་ཞལ་དྲག་པོ། གཡོན་ཞལ་འཇིགས་སུ་རུང་བ། སྟེང་ཞལ་མཆུ་རོལ་ཞིང་རྟའི་ཞལ་ལྗང་གུ། ཕྱག་གཡས་ཀྱི་གཅིག་གིས་སྣ་ ཚོགས་རྡོ་རྗེ་དང་བཅས་ཤིང་བཞེངས་པའི་ཚུལ་དུ་བྱས་པ། ཕྱག་གཡོན་གྱི་གཅིག་གིས་རལ་གྲི་དང་བཅས་པའི་སྣ་ཚོགས་པདྨ་བསྣམས་པའོ། །སླར་ཡང་གཡས་ཀྱི་བ་དན་གསུམ་ཕྱག་གིས་བླང་བའི་ཚུལ་མཛད་པ། སླར་ཡང་ཕྱག་གཡོན་གྱིས་མདུང་བསྣམས་པ། སླར་ཡང་གཡས་ ཀྱི་ཕྱག་གིས་རལ་གྲི་དང་། མདའ་བསྣམས་པ། གཡོན་གྱི་ཕྱག་ལྷག་མས་དབྱུག་པ་དང་། གཞུ་བསྣམས་པ། ཞབས་གཡོན་བརྐྱང་དང་། གཡས་ཀྱི་གཅིག་གིས་དབང་མོ་དང་། དཔལ་མོ་མནན་པ། གཡས་ཀྱི་ཞབས་གཉིས་པས་འདོད་ལྷ་དང་། འདོད་ལྷའི་ཆུང་མ་མནན་པ། གཡོན་ པའི་ཞབས་གཅིག་གིས་དབང་མོ་དང་། སྦྲང་རྩིར་བྱེད་པ་མནན་པ། གཡོན་གྱི་ཞབས་གཉིས་པས་རྒྱལ་བར་བྱེད་པ་དང་། དཔྱིད་ཀྱི་ལྷ་མནན་པ། བདག་ཉིད་དེ་ལྟ་བུར་བསྒོམ་པར་བྱའོ། །སྣ་ཚོགས་རྡོ་རྗེ་དང་བ་དན་གསུམ་པ་བསྒྲེང་བ་ནི། རྟ་མཆོག་གི་ཕྱག་རྒྱའོ། །སྔགས་ནི། ཨོཾ་སུམྦྷ་ ནི་སུམྦྷ་ཧཱུཾ་ཞེས་སོ། །རྟ་མཆོག་གི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་རཀྟ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དང་པོར་རེ་ ཞིག་སྒྲུབ་པ་པོས་སྟན་བདེ་བ་ལ་ཉེ་བར་འདུག་ནས། ཨཱཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རང་གི་སྙིང་གར་བསྒོམས་ཏེ། དེའི་སྟེང་དུ་ཧཱུཾ་ཡིག་དམར་པོ་རྣམ་པར་བཀོད་ནས། མདུན་དུ་གཤིན་རྗེ་གཤེད་དམར་པོ་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་ སེམས་དཔའ་རྣམས་དམིགས་ཏེ། མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ཏེ། སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་སོ། །དེའི་རྗེས་ལ་ཨཱཿཡིག་དམར་པོ་ལས་ སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་མགོ་བོ་རློན་པས་མཚན་པའི་དབྱུག་པ་དཀར་པོ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་གཤིན་རྗེ་མཐར་བྱེད་བསམ་པར་བྱ་སྟེ། བདག་ཉིད་སྐུ་མདོག་དམར་པོ་ ཞབས་གཡོན་བརྐྱང་གིས་བཞུགས་པ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་གཡོན་ན་ཁྲག་གིས་གང་བའི་ཐོད་པ་བསྣམས་པ། ཕྱག་གཡས་ན་མགོ་བོས་མཚན་པའི་དབྱུག་པ་དཀར་པོ་བསྣམས་པ། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། འཇིགས་སུ་རུང་བ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། རང་འོད་ཀྱི་ཤེས་རབ་མ་རྒྱན་སྣ་ཚོགས་པ་ཅན། ཞབས་གཡས་བརྐྱང་གིས་བཞུགས་པ་ལ་འཁྱུད་པའི་བདག་ཉིད་བསྒོམ་པར་བྱའོ། །ཕྱི་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ ཡིག་གིས་བྱིན་གྱིས་བརླབས་པ་དེ་ཡོངས་སུ་གྱུར་པ་ལས། མགོ་བོ་རློན་པས་མཚན་མའི་དབྱུག་པ་དཀར་པོ་མི་གཡོ་བ་བསྒོམ་པར་བྱའོ། །དེའི་དབུས་སུ་ཉི་མ་དམར་པོ་ལ་གནས་པའི་ཧཱུཾ་ཡིག་ཁ་དོག་དམར་པོ་བསྒོམ་པར་བྱའོ། །དེ་ནས་གསང་བའི་རྡོ་རྗེར་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མའི་གསང་བར་ཆུ་སྐྱེས་འདབ་མ་བརྒྱད་པ་ལ་ཨཱཿཡིག་དམར་པོ། དེའི་རྗེས་སུ་སྔགས་བརྗོད་པར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་ལ་ལྟེ་བའི་འོག་ཏུ་ཆུ་སྐྱེས་འདབ་མ་བརྒྱད་དང་བཅས་པ། དམར་པོའི་སྟེང་དུ་ཧྲཱིཿདམར་པོ་འབར་བཞིན་པ་དེ་ ལ་བསམ་པར་བྱའོ། །ཤེས་རབ་མ་དགའ་བས་མྱོས་པ་གོས་ཕུད་པ། ཕྱག་གཉིས་པ། ཞལ་གཅིག་མའི་བཅོམ་ལྡན་འདས་མ་དང་ལྷན་ཅིག་ཡང་དག་པར་སྦྱོར་བས་བཞུགས་པ། དེ་ལྟ་བུར་གྱུར་པའི་གཤིན་རྗེ་གཤེད་དམར་པོ་མ་ཧེའི་སྟེང་དུ་སྣ་ཚོགས་ཆུ་སྐྱེས་ལ་བཞུགས་པ་བསྒོམ་པར་ བྱའོ་ཞེས་སོ། །དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་དེ་ནས་གཉིས་གསུམ་བཞིའི་ཐུན་མཚམས་སུ་བསྒོམ་པར་བྱའོ། །ཨོཾ་ཨ་ཛྲིཾ་ཁཾ་ཧཱུཾ་ས་མ་ཡ་ཞེས་པ་ནི་དམ་ཚིག་བྱིན་གྱིས་བརླབ་པའི་སྔགས་སོ། །ཨོཾ་ཧྲཱིཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་རྩ་བའི་སྔགས་སོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ་སྙིང་ པོའི་སྔགས་སོ། །འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་གཤིན་རྗེའི་དགྲ་ལ་ཕྱག་འཚལ་ལོ། །དང་པོར་རེ་ ཞིག་སྒྲུབ་པ་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཨཾ་ཡིག་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་རང་གི་སྙིང་གར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ཡིག་མཐིང་ནག་བཀོད་ལ་ཧཱུཾ་ཡིག་མཐིང་ནག་གི་འོད་ཟེར་གྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དམིགས་ལ་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ཏེ། སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་ལ་ཨཾ་ཡིག་དམར་པོ་ལས་སྐྱེས་པའི་ཉི་མའི་ དཀྱིལ་འཁོར་ལ་ཧཱུཾ་ཡིག་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོ་ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །ཧཱུཾ་ཡིག་གི་འོད་ཟེར་གྱིས་བསྐུལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་གཞུག་པ་སྔོན་དུ་འགྲོ་བས་སོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ གཤིན་རྗེ་མཐར་བྱེད་བསམ་པར་བྱའོ། །ཞབས་གཡོན་བརྐྱང་གིས་བཞུགས་པ། ཞལ་གཅིག་པ། ཕྱག་གཉིས་པ། སྐུ་མདོག་མཐིང་ནག །ཕྱག་གཡས་ཀྱིས་རྡོ་རྗེས་མཚན་པའི་དབྱུག་པ་མཐིང་ནག་བསྣམས་པ། ཕྱག་གཡོན་པ་སྡིགས་མཛུབ་མཛད་པ། དེ་ལྟ་བུར་གྱུར་པའི་གཤིན་རྗེ་ གཤེད་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ་ཉི་མ་ལ་བཞུགས་པ་མ་ཧེའི་སྟེང་དུ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། ཧཱུཾ་ཡིག་གིས་བྱིན་གྱིས་བརླབས་པའི་དབྱུག་པ་མཐིང་ནག་ལས་ཧཱུཾ་ཡིག་གི་ འོད་ཟེར་གྱིས་འགྲོ་བ་རྣམས་སྣང་བར་བྱས་ཏེ། སླར་ཡང་དེ་ལ་དེ་བཞིན་དུ་རབ་ཏུ་གཞུག་པར་བྱའོ། །རིམ་པ་འདི་ཉིད་ཇི་སྲིད་འདོད་ཀྱི་བར་དུ་སྤྲོ་བ་དང་བསྡུ་བར་བྱའོ། །དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་སོ། །དེ་བཞིན་དུ་གཉིས་གསུམ་བཞིའི་ཐུན་མཚམས་སུ་བསྒོམ་པར་བྱའོ། ། ཨོཾ་ཧྲཱིཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། །གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་ གཤིན་རྗེའི་དགྲ་ལ་ཕྱག་འཚལ་ལོ། །གང་གིས་བརྩེ་བའི་དབང་གིས་དམན་དང་མཆོག་རྣམས་ཀྱང་། །སྟོབས་ཀྱིས་གདུལ་བྱའི་སྐྱེ་རྣམས་དྲག་པོར་སྟོན་མཛད་ཅིང་། །ཕན་པ་སྣ་ཚོགས་སྒྲུབ་མཛད་སྒྱུ་མའི་གར་གྱི་སྐུར། །གཤིན་རྗེ་མཐར་བྱེད་དེ་ལ་བདག་ནི་ ཕྱག་འཚལ་ལོ། །དང་པོར་བསྒྲུབ་བཅས་མཆོག་ཏུ་བདེ་སྟེར་སྟན་ལ་འདུག །བསམ་གཏན་ཁང་པ་དྲི་བཟངས་ཀྱིས་བྱུགས་ཡིད་མངོན་དགའ། །བསམ་གཏན་ཏིང་འཛིན་ཡིད་ཀྱིས་སྙིང་གར་ཨཾ་ཡིག་ལས། །དམར་པོའི་རྣམ་པར་རབ་བྱུང་གཏུམ་པོ་སྨིག་རྒྱུའི་གཟུགས། །དེ་ཡི་སྟེང་ གནས་འོད་ཟེར་དང་བཅས་ཁ་དོག་མཐིང་། །ཧཱུཾ་ཡིག་འོད་ཟེར་བརྒྱ་འགྱེད་གཤིན་རྗེ་གཤེད་ལ་སོགས། །ཡང་དག་མཆོད་བྱ་ཡིད་ཀྱིས་རྣམ་འཕྲུལ་མེ་ཏོག་སྤོས། །མར་མེ་ལ་སོགས་རྣམ་མང་གིས་མཆོད་གུས་ཕྱག་འཚལ། །སྔོན་དུ་བྱས་པའི་སྡིག་རྣམས་བཤགས་པ་ལ་སོགས་བྱ། ། འགྲོ་རྣམས་མ་ལུས་སྟོང་ཉིད་མངོན་བྱ་དེ་ནས་ཀྱང་། །ཨོཾ་ཤཱུ་ནྱ་ཏཱ་ལ་སོགས་སྔགས་མཆོག་ཚིག་ཏུ་བྱ། །བདག་ཉིད་རང་གི་ངོ་བོ་གུས་པས་ཡོངས་བསྒོམས་པ། །ཨཾ་ཡིག་དམར་པོ་ལས་བྱུང་ཉི་མ་ལ་གནས་མཐིང་། །ཧཱུཾ་ཡིག་གཟུགས་ལ་རྡོ་རྗེས་མཚན་པའི་དབྱུག་པ་མཐིང་། །དབྱུག་པ་ ལ་གནས་ཧཱུཾ་ཡིག་རབ་འཕྲོ་དྲ་བ་ཅན། །རྒྱལ་བ་མ་ལུས་བསྐུལ་ཞིང་གདན་དྲངས་རབ་ཏུ་གཞུག །དེ་ཉིད་བལྟ་ཞིང་མ་ལུས་ཡོངས་བསྔོ་ཕྱི་ནས་ནི། །བདག་ཉིད་མྱུར་དུ་གཤིན་རྗེ་མཐར་བྱེད་རྣམ་བསྒོམ་བྱ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་བཅས་པ། །ཕྱག་གཡས་ ན་ནི་རྡོ་རྗེས་མཚན་པའི་དབྱུག་མཐིང་བསྣམས། །ཕྱག་གཡོན་ཐུགས་ཀར་སྡིགས་མཛུབ་ཞགས་པ་དང་བཅས་པ། །ཞལ་གྱི་པདྨ་སྨིན་མ་སྨ་ར་དམར་སེར་འབར། །སྟག་གི་པགས་པའི་ན་བཟའ་གསང་ཕྱོགས་ཡང་དག་ལྡན། །ཞལ་ནས་ལྗགས་ནི་ལྟོས་འགྲོ་བཞིན་དུ་རྣམ་པར་བསྐྱོད། ། སྣ་ཚོགས་ཆུ་སྐྱེས་འདབ་བཅས་སྟེང་དུ་ཉི་མ་ལ། །ཡང་དག་བཞུགས་ཤིང་དྲག་པོ་མ་ཧེ་ལ་ཞོན་སྒྲོགས། །ཞལ་ནི་མཆེ་གཙིགས་མིའུ་ཐུང་ལྟོ་བ་རབ་ཏུ་འཕྱང་། །སྤྱན་ནི་གཉིས་པ་ཉི་མའི་དཀྱིལ་འཁོར་དང་མཚུངས་པ། །ཀླུ་བརྒྱད་ཁྲོས་པའི་རྒྱན་གྱིས་བརྒྱན་ཅིང་ཐོད་པ་ཡི། །ཕྲེང་བ་དཀར་པོ་མཉམ་ གཤིབས་བཅིངས་ཤིང་ཞལ་འཕྲོ་བ། །མི་མགོ་རློན་པའི་དོ་ཤལ་མགུལ་དུ་རབ་བཅིངས་ཤིང་། །ཨཥྚ་ཧ་ཡི་གད་རྒྱངས་བདུད་ཀྱི་དཔུང་ལས་རྒྱལ། །ཕྱི་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མ་ལ། །རབ་ཞུགས་ཧཱུཾ་ཡིག་དང་ལྡན་དབྱུག་པ་སྔོན་པོ་བསམ། །དེར་གནས་ཧཱུཾ་ཡིག་འོད་ཀྱིས་ ཁམས་གསུམ་སྣང་བྱས་ཤིང་། །དེར་ཞུགས་ཡུན་མི་རིང་བར་སླར་ཡང་ནང་དུ་བྱ། །རིམ་པ་འདིས་ནི་སྤྲོ་བསྡུ་ཇི་ལྟར་འདོད་པར་བྱ། །སླར་ཡང་དམ་ཚིག་སྔོན་མ་བཞིན་དུ་ཀུན་བྱས་ཏེ། །ཐུན་མཚམས་བཞི་རུ་འདི་ནི་མ་ལུས་བསྒོམ་བྱ་ཞིང་། །ངལ་བར་གྱུར་ན་ཇི་བཞིན་བསྒྲུབས་ལ་སྔགས་བཟླས་བྱ། ། བཅོམ་ལྡན་གཤིན་རྗེ་མཐར་བྱེད་སྒྲུབ་ཐབས་བསྡུས་བྱས་པའི། །བྱམས་པ་དཔལ་བདག་དཔག་མེད་བསོད་ནམས་གང་འདི་ཡིས། །འགྲོ་བ་མ་ལུས་བཅོམ་ལྡན་གཤིན་རྗེ་མཐར་བྱེད་གྱུར། །བདག་ཀྱང་མྱུར་དུ་འདིར་ནི་གཤིན་རྗེ་མཐར་བྱེད་ཤོག །དེ་ལ་སྔགས་ཀྱི་རྒྱལ་པོ་འདིའོ། །ཨོཾ་ཧྲཱིཿཥྚྲཱྀཿ བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་དགྲ་ནག་པོའི་སྒྲུབ་ཐབས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དཔའ་བོ་ཐོད་ པའི་ཕྲེང་བ་ཅན། །སྦྲུལ་སོགས་རྒྱན་གྱིས་རྔམ་བྱས་པའི། །གཤིན་རྗེ་གཤེད་མགོན་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བདེ་བའི་སྟན་ལ་ཡང་དག་འདུག །སྙིང་གར་ཉི་མ་ཧཱུཾ་ཡིག་དགོད། །དེར་སྐྱེས་མཆོད་པའི་ཁྱད་པར་གྱིས། །གུས་པས་ཁྱབ་བདག་ཡང་དག་མཆོད། ། དེ་ཡི་མདུན་དུ་ཕྱོགས་བྱས་ཏེ། །སྡིག་པ་བཤགས་པ་ལ་སོགས་བྱ། །འགྲོ་ཀུན་རང་བཞིན་མེད་པར་ནི། །སྐད་ཅིག་གིས་བལྟས་དེ་ཉིད་ལས། །སྙིང་གའི་ས་བོན་རྟགས་ལས་བྱུང་། །ཞབས་ཀྱི་ཆུ་སྐྱེས་གཡོན་བརྐྱང་བ། །ཁྲོ་གཉེར་བསྡུས་ཤིང་ཞལ་འཇིགས་ལ། །སྨ་ར་སྨིན་མ་དབུ་སྐྲ་སེར། ། ཞལ་གསུམ་ལྗགས་ནི་བསྐྱོད་པ་ཡིས། །འཇིགས་བྱེད་མཆེ་བ་གཙིགས་པ་ཅན། །སྤྱན་ནི་དམར་ཞིང་གསུས་ཆེན་ལ། །སྤྲིན་ནག་གསར་པའི་འོད་ཟེར་ཅན། །ཉི་མའི་དཀྱིལ་འཁོར་ལ་གནས་ཤིང་། །མ་ཧེ་ཡི་ནི་མཚན་ལ་བཞུགས། །སྟག་གི་ཤམ་ཐབས་མིའུ་ཐུང་། །ང་རྒྱལ་ ཐམས་ཅད་འཇོམས་མཛད་པ། །ཉི་མའི་འོད་ཟེར་གཟི་མདངས་ཆེ། །ས་སྟེང་མ་ལུས་ཀུན་དུ་མཆོད། །འབར་ཞིང་འབར་བའི་ཕྲེང་བ་རྣོ། །དུས་མཐའ་ཡི་ནི་མེ་དང་མཚུངས། །རྡོ་རྗེ་རལ་གྲི་གཏུན་ཤིང་དྲག །རོ་ལངས་སྟ་རེ་ཞགས་པ་བསྣམས། །ཕྱག་གཡས་དང་ནི་ གཡོན་པ་ཡི། །དྲུག་པོ་རྣམས་སུ་མཛེས་པར་བསྣམས། །ཁྲོ་བཅས་འཇིགས་བྱེད་ཤིན་ཏུ་དྲག །གཤིན་རྗེ་མཐར་བྱེད་བདུད་འཇོམས་པ། །ཧཱུཾ་ཡིག་གིས་གང་མགྲིན་བསམས་ནས། །འདིར་ནི་དེ་ཡི་ང་རྒྱལ་བྱ། །སྙིང་གར་ཉི་རྡོར་སྙིང་འོད་ཀྱིས། །གཤིན་རྗེ་སྡང་བ་བཟའ་བར་བྱ། །མདུན་ཕྱོགས་ དེ་ནས་མཆོད་ནས་ནི། །རང་དང་རྣམ་པ་གཅིག་བྱས་ཏེ། །ཛཿཧཱུཾ་བཾ་ཧོཿས་བོན་བཞིས། །ཡང་དག་དགུག་དང་གཞུག་པ་དང་། །བཅིང་དང་མཉེས་པས་བདག་མཆོད་ཅིང་། །བསམ་གཏན་གྱིས་ནི་མཆོད་བྱས་ནས། །ཡང་དག་བསྟོད་ནས་སྔགས་བཟླས་བྱ། །དགེ་བ་ཡོངས་སུ་བསྔོ་བྱ་ཞིང་། ། ལངས་ནས་ལྷ་ཡི་རྣལ་འབྱོར་གྱིས། །བརྩེ་བ་གཅིག་པུའི་ཡིད་ཀྱིས་སྤྱད། །དེ་བཞིན་ཉི་མ་སོ་སོར་བྱ། །དངོས་གྲུབ་ཐོབ་པའི་མཚན་མ་འབྱུང་། །འདོད་པའི་དངོས་གྲུབ་བསྒྲུབ་བྱ་བ། །ལས་མཆོག་རབ་ཏུ་བརྐྱང་ན་ཡང་། །ལས་ཀྱི་རྗེས་སུ་འབྲངས་པའི་ཚུལ། །མངས་པས་ཁོ་བོས་མ་བཤད་དོ། །བླ་ མའི་མན་ངག་དེ་ཡང་ནི། །རྒྱུད་ལས་མངོན་འདོད་བསྒྲུབ་པར་བྱ། །མཁས་པས་འཁོར་ལོ་གཞན་རྣམས་ཀྱང་། །ཀུན་ནས་འབད་པས་ཤེས་པར་བྱ། །གཏོར་མ་ཉེར་སྤྱོད་རྣལ་འབྱོར་གྱིས། །ཐུན་མཚམས་བཞི་རུ་ཆོ་ག་བྱ། །བཟླས་པའི་སྔགས་ནི། ཨོཾ་ཧྲཱིཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བདག་གི་བླ་མའི་མན་ངག་ལས་རྟོགས་ནས། །སྒྲུབ་ཐབས་ཆོ་ག་བྱས་པའི་བསོད་ནམས་ཀྱིས། །འཇིག་རྟེན་པ་རྣམས་ཐམས་ཅད་གྱུར་པ་འདིས། །མངོན་པར་འདོད་པའི་འབྲས་བུ་མྱུར་ཐོབ་ཤོག །གཤིན་རྗེའི་དགྲ་ནག་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཡ་མཱནྟ་ཀ་ སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། གཤིན་རྗེ་མཐར་བྱེད་ལ་ཕྱག་འཚལ་ལོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཀླུ་སོགས་རྒྱན་གྱིས་གསལ་མཛད་པ། །གཤིན་རྗེ་གཤེད་མགོན་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བདེ་བའི་སྟན་ལ་ཡང་དག་འདུག།། སྙིང་གར་ཧཱུཾ་ཡིག་མཐིང་ནག་དགོད། །དེ་སྐྱེས་མཆོད་པའི་ཁྱད་པར་གྱིས། །ཁྱབ་བདག་མཆོག་ཏུ་རབ་མཆོད་བྱ། །དེ་ཡི་མདུན་དུ་ཕྱོགས་བྱས་ཏེ། །སྡིག་པ་བཤགས་པ་ལ་སོགས་བྱ། །འགྲོ་ཀུན་རང་བཞིན་མེད་པར་ནི། །སྐད་ཅིག་གིས་ནི་ཐམས་ཅད་བལྟ། །སྙིང་གའི་ས་བོན་རྟགས་ ལས་བྱུང་། །ཞབས་ཀྱི་ཆུ་སྐྱེས་གཡོན་བརྐྱང་བ། །ཁྲོ་གཉེར་བསྡུས་ཤིང་ཞལ་འཇིགས་ལ། །སྨ་ར་དམར་སེར་སྔོན་མ་བཞིན། །ཞལ་གསུམ་ལྗགས་ནི་བསྐྱོད་པ་ཡི། །འཇིགས་བྱེད་མཆེ་བ་གཙིགས་པ་ཅན། །སྤྱན་ནི་དམར་ཞིང་གསུས་ཆེན་ལ། །སྤྲིན་ནག་སར་པའི་འོད་ ཟེར་ཅན། །ཉི་མའི་དཀྱིལ་འཁོར་ལ་གནས་ཤིང་། །མ་ཧེ་ཡི་ནི་མཚན་ལ་བཞུགས། །མིའུ་ཐུང་སྟག་གི་ཤམ་ཐབས་ཅན། །ཁེངས་པ་ཐམས་ཅད་འཇོམས་མཛད་པ། །ཉི་མའི་འོད་ཟེར་གཟི་མདངས་ཅན། །མ་ལུས་ཕྱོགས་རྣམས་འགེངས་བྱེད་པ། །འབར་ཞིང་འབར་བའི་ཕྲེང་བ་ཅན། ། བསྐལ་པ་ཐ་མའི་མེ་དང་མཚུངས། །འཁོར་ལོ་རལ་གྲི་གཏུན་ཤིང་འབར། །རོ་ལངས་དགྲ་སྟ་ཞགས་པ་བསྣམས། །ཕྱག་དྲུག་རྣམས་ན་མཛེས་པ་སྟེ། །གཡས་དང་གཡོན་པའི་ཕྱག་རྣམས་སུ། །ཁྲོ་བཅས་འཇིགས་བྱེད་ཤིན་ཏུ་དྲག །གཤིན་རྗེ་མཐར་བྱེད་བདུད་འདུལ་བ། །ཧཱུཾ་ཡིག་གིས་གང་ མགྲིན་པར་བསྒོམ། །སྐྲག་པ་རྣམས་ནི་རྣམ་པར་སྤང་། །ཉི་ཤུ་ཕྱེད་ཀྱི་སྟོང་ཕྲག་གིས། །སྔགས་རྣམས་སྔགས་ནི་རྟག་ཏུ་རིག། །སེམས་ནི་གཟེངས་བསྟོད་བཟླས་པར་བྱ། །འདིས་ནི་འདོད་པའི་དངོས་གྲུབ་བོ། །སྔོན་དུ་བསྙེན་པའི་ཆོ་ག་ཡིས། །འདི་ཡིས་སྔགས་པའི་སྔགས་རྣམས་འགྲུབ། ། ལས་ཀྱི་རྗེས་འབྲང་ཁ་དོག་རྣམས། །མངས་པས་བདག་གིས་མ་བཤད་དོ། །བླ་མའི་མན་ངག་བསམས་ནས་ནི། །དེ་ལས་འདོད་པའི་དངོས་གྲུབ་བོ། །འབད་པ་ཡིས་ནི་ཤེས་བྱས་ལ། །དཔའ་བོ་རྣམས་ཀྱི་བསྙེན་པའང་བྱ། །གཏོར་མ་ཉེར་སྤྱོད་རྣལ་འབྱོར་གྱིས། །ཐུན་མཚམས་བཞི་རུ་བསྒྲུབ་ པར་བྱ། །བཟླས་པའི་སྔགས་ནི། ཨོཾ་ཧྲཱིཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཡ་མཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། དཔལ་གཤིན་རྗེ་མཐར་བྱེད་ལ་ཕྱག་འཚལ་ ལོ། །སྒོམ་པ་པོས་དང་པོར་ཞལ་བསང་བ་ལ་སོགས་པ་བྱ་སྟེ། རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཟླ་བ་ལ་ཡཾ་ཡིག་ནག་པོ་བསྒོམ་པར་བྱའོ། །དེའི་འོད་ཟེར་གྱིས་བླ་མ་དང་། སངས་རྒྱས་རྣམས་གདན་དྲངས་ནས་ཡང་དག་པར་མཆོད་ཅིང་སྡིག་པ་བཤགས་ པ་ལ་སོགས་པ་བྱའོ། །དེ་ནས་ཡཾ་ཡིག་ཙམ་ལས་རྣལ་འབྱོར་པས་བདག་ཉིད་སྟོང་པ་ཉིད་མངོན་དུ་བྱ་ཞིང་བྱིན་གྱིས་བརླབ་པར་ཡང་བྱ་སྟེ། སྨོན་ལམ་རྗེས་སུ་དྲན་པར་བྱའོ། །དེའི་རྗེས་སུ་རཾ་ཡིག་ལས་བྱུང་བའི་ཉི་མ་ལ་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེ་ཐོ་བ། རང་གི་ས་བོན་གྱིས་མཚན་པ་རྣམ་པར་བསྒོམ་ པར་བྱའོ། །དེ་ལས་སྐྱེས་པའི་རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་བསྒོམ་པར་བྱའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཡིག་ཉིས་འགྱུར་གྱི་རང་བཞིན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་མཚན་པ། ཤེས་རབ་ཀྱི་རང་བཞིན་ཡང་དག་པར་བལྟའོ། །དེའི་ སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པར་དག་པ་དེ་ལ། ཌ་ཌྷ་ཡ་ར་ལ་ཝ་བཞི་ཉིས་འགྱུར་དང་བཅས་པ་དང་། ཀ་ལ་སོགས་པའི་གསལ་བྱེད་ཉིས་འགྱུར་ཡོངས་སུ་རྫོགས་པ་ལས། གཞན་ཡང་ཟླ་བའི་དཀྱིལ་འཁོར་ལ་ཐབས་ཀྱི་ངོ་བོ་མཐའ་ཡས་པ་འབར་བ་འཕྲོ་ཞིང་བསམ་པར་བྱའོ། །དེ་ནས་ དེ་གཉིས་ཡོངས་སུ་རྫོགས་པ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་མཐིང་ག་དང་། ཡཾ་ལས་ཡང་དག་པར་བྱུང་བའི་ཆར་སྤྲིན་ནག་པོ་གསར་པའི་ཁ་དོག་ཅན་གསུས་པ་ཆེ་བ། སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། ཐུང་ཞིང་རྒྱས་ལ་མ་ཧེ་ལ་བཞུགས་པ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། རི་དྭགས་བདག་པོའི་པགས་པས་སྟོད་གཡོགས་བྱས་པ། ཤིན་ཏུ་འཇིགས་པར་བྱེད་པ། རང་གི་སྐུའི་འོད་ཟེར་གྱིས་ཁྲོ་བོ་ལྔ་འཕྲོ་བཞིན་པ་སྤྲུལ་ནས། གདེངས་ཀའི་རྒྱལ་པོས་བརྒྱན་པ། ཁྲག་འཛག་པའི་མགོ་བོ་བརྒྱའི་ཕྱེད་ཀྱི་ཕྲེང་བ་ བསྣམས་པ། ཕྱག་དྲུག་པ་གཡས་ཀྱི་ཕྱག་རྣམས་ཀྱིས་ཐོ་བ་དང་། རལ་གྲི་དང་། རྡོ་རྗེ་བསྣམས་པ། གཡོན་གྱི་ཕྱག་གསུམ་གྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་བསྣམས་པའོ། །ཞལ་དྲུག་པ་དང་པོ་ཁྲོ་ཞལ་དང་། མཐིང་ག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་རྣམས་གཞན་རྣམས་སུ་ཞལ་གྱི་རིམ་པས་སོ། །ཞལ་ཐམས་ཅད་ནི་ཟླུམ་ཞིང་དམར་བའི་སྤྱན་གསུམ་པའོ། །ཞབས་དྲུག་པ། ཞབས་གཉིས་གཡོན་བརྐྱང་མཛད་ཅིང་ཡང་ཞབས་གཉིས་གར་སྟབས་མཛད་པ། ཞབས་གཞན་གཉིས་སེམས་དཔའི་སྐྱིལ་ཀྲུང་མཛད་པ། ཉི་མ་འབར་བའི་ དབུས་སུ་བཞུགས་ཤིང་བགེགས་རྣམས་འཇོམས་པར་མཛད་པ། ཐོད་པ་བརྒྱད་ཀྱིས་ལེགས་པར་བརྒྱན་ཅིང་ཤིན་ཏུ་འཇིགས་པའི་མགོ་བོའི་ཕྲེང་བ་ཅན་ནོ། །དེའི་རྗེས་ལ་ཀྵིཾ་ཛཾ་ཁཾ། ལཾ་སྐཾ་སཾ་གི་ས་བོན་རྣམས་ལས་བྱུང་བའི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་ དབང་ཕྱུག་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་ཞེས་པ་རྣམས་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ནུ་མ་དག་དང་། ལྟེ་བ་ཞེས་པ་རྣམས་ཀྱི་འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། ཆུ་སྐྱེས་དང་། མདའ་དང་། རྡོ་རྗེ་རྣམས་ཕྱག་གཡས་པ་རྣམས་ཀྱིས་བསྣམས་པ། ཕྱག་གཡོན་པ་རྣམས་ཀྱིས་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་པ། དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོ་རྣམས་སུ་བཞུགས་པ། དེའི་རྗེས་སུ་མགོ་བོ་དང་། མགྲིན་པ་དང་། སྙིང་ག་སྟེ། སྐུ་དང་གསུང་དང་། ཐུགས་རྣམས་སུ་གནས་པའི་ཟླ་བའི་དཀྱིལ་འཁོར་ ལ་བཞུགས་པ། ཨོཾ་ཨཱཿཧཱུཾ་ཞེས་པ་ལས་བྱུང་བ་ཁ་དོག་དཀར་པོ་དང་། དམར་པོ་དང་། ནག་པོ་དང་། རྡོ་རྗེ་དང་། ཆུ་སྐྱེས་དང་། རྡོ་རྗེ་རྣམས་ཕྱག་གཡས་པ་རྣམས་ཀྱིས་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་པའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཡེ་ཤེས་སེམས་དཔའ་གདན་ དྲངས་ནས་རོ་གཅིག་ཏུ་བསྒོམས་ཏེ། མི་བསྐྱོད་པས་དབུ་བརྒྱན་པའི་བདག་ཉིད་ཡུན་རིང་དུ་བསྒོམ་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿཥྚྲཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་གཤེགས་སུ་གསོལ་ནས་ལྡང་བར་བྱའོ་ཞེས་པ་ནི་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བིགྷྣཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། བཅོམ་ལྡན་འདས་བགེགས་མཐར་བྱེད་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒྲུབ་པ་པོས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཨཾ་ཡིག་དམར་པོ་ལས་སྐྱེས་པའི་ཉི་མའི་ དཀྱིལ་འཁོར་རང་གི་སྙིང་གར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་བཀོད་ནས། ཧཱུཾ་ཡིག་ལས་སྐྱེས་པའི་འོད་ཟེར་གྱིས་བགེགས་མཐར་བྱེད་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དམིགས་ནས་མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་ དག་པར་མཆོད་ནས་ཕྱག་འཚལ་ཏེ། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ནས། སྟོང་པ་ཉིད་དུ་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པས་སོ། །དེའི་རྗེས་ལ་ཨཾ་ཡིག་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུཾ་ ཡིག་གིས་བྱིན་གྱིས་བརླབ་པར་བསྒོམ་པར་བྱའོ། །ཧཱུཾ་ཡིག་གི་འོད་ཟེར་གྱིས་བསྐུལ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་གཞུག་པ་སྔོན་དུ་འགྲོ་བས། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། བགེགས་མཐར་བྱེད་བསྒོམ་པར་བྱའོ། །ཞབས་གཡོན་བརྐྱང་གིས་བཞུགས་པའི་བདག་ཉིད་ཞལ་ གཅིག་པ། ཕྱག་གཉིས་པ། སྐུ་མདོག་མཐིང་ག །ཕྱག་གཡོན་པས་སྡིགས་མཛུབ་དང་། ཞགས་པ། ཕྱག་གཡས་པ་རྡོ་རྗེ་འཕྱར་བ། འཇིགས་པར་བྱེད་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་གིས་བྱིན་ གྱིས་བརླབས་པའི་རྡོ་རྗེའོ། །དེ་ལས་བྱུང་བའི་བགེགས་མཐར་བྱེད་སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་ཆུ་སྐྱེས་འདབ་མ་སྣ་ཚོགས་ཀྱི་སྟེང་དུ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ། །དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་སོ། །འདི་གཉིས་དང་གསུམ་དང་བཞིའི་ཐུན་མཚམས་སུ་བསྒོམ་པར་ བྱའོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུཾ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།ཨོཾ་ཨིནྡྲཱ་ཡ་ཧྲཱིཿ ཡ་མཱ་ཡ་ཥྚྲཱྀཿ ཝ་རུ་ཎཱ་ཡ་བི། ཀུ་བེ་རཱ་ཡ་ཀྲྀ། ཨཱི་ཤྭ་རཱ་ཡ་ཏ། ཨགྣ་ཡེ་ཨཱ། ནཻཪྡྀ་ཏ་ཡེ་ན། ཝཱ་ཡ་ཝེ་ན། ཙནྡྲཱ་ཡ་ཧཱུཾ། ཨརྐྐཱ་ཡ་ཧཱུཾ། བྲཧྨ་ཎཱ་ཡ་ཕཊ། བ་སུ་དྷཱ་རཱ་ཡ་ཕཊ། བེ་མ་ ཙི་ཏྲ་ཡེ་སྭཱ། སརྦ་བྷཱུ་ཏེ་བྷྱོ་ཧཱ། ཧཱི་ཧཱི། ཧཱུཾ་ཧཱུཾ་ཕེཾ་ཕེཾ་སྭཱ་ཧཱ། ཞེས་པ་ནི་གཏོར་མའི་སྔགས་སོ། །གང་ཞིག་བཟའ་བ་ཐམས་ཅད་ཀྱི་དང་པོ་གཤིན་རྗེ་གཤེད་ལ་དབུལ་ལོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཧཱུཾ་ཀཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས། བཅོམ་ ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་ནམ་མཁའི་ཁམས་སུ་རཾ་ཡིག་ལས་སྐྱེས་པའི་ཉི་མ་ལ་ཧཱུཾ་ཡིག་འབར་ཞིང་འབར་བ་ལ་བསྐལ་པ་ཐ་མའི་མེ་ལྟ་བུ་ཤིན་ཏུ་འབར་བའི་མཆོག་ཏུ་ཁ་དོག་གནག་པ་འོད་ཟེར་ཆེན་པོའོ། །དེ་ལས་སྐྱེས་པའི་དྲག་པོ་ཆེན་པོ་ཁམས་གསུམ་ཟ་ བར་མཛད་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་རབ་ཏུ་སྦྱོར་བའི་ཕྱག་རྒྱ་བཅིང་བར་བྱའོ། །གཡོན་བརྐྱང་གི་ཞབས་ཀྱིས་དེ་བཞིན་དུ་འཇིགས་བྱེད་མནན་ཅིང་འཇིགས་པར་བྱེད་པ། སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་སུ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་དབང་བསྐུར་བའི་ཆོ་གས་ཐུགས་རྡོ་ རྗེའི་ཕྱག་རྒྱ་བཅིང་བར་བྱའོ། །སྔགས་ནི་ཨོཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བ་ལ་སཱ་དྷ་ནཾ། བོད་སྐད་དུ། སྟོབས་པོ་ཆེའི་སྒྲུབ་ཐབས། ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་ པའི་ཆོ་གས་སྟོང་པ་ཉིད་ཀྱི་མཐར་པདྨ་དཀར་པོ་དང་ཉི་མ་ལ་ཧཱུཾ་ཡིག་ལས་བྱུང་བའི་སྟོབས་པོ་ཆེ་ཞལ་གཅིག་པ་ཕྱག་བཞི་པ་སྐུ་མདོག་ཐམས་ཅད་དམར་པོ། དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་པ། སྦྲུལ་གྱིས་བཅིངས་པ། ཕྱག་གཡས་པ་གཉིས་ཀྱིས་དབྱུག་པ་དཀར་པོ་དང་། རྔ་ཡབ་བསྣམས་པ། ཕྱག་ གཡོན་པ་གཉིས་ཀྱིས་ཕྱག་འཚལ་བའི་ཚུལ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་བ། ཞལ་མཆེ་བ་གཙིགས་པ། ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་ཕྲེང་བ་ཅན། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ་བསྒོམ་ པར་བྱའོ། །སྔགས་བཟླས་པར་བྱ་སྟེ། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ། ཞེས་པའོ། །སྟོབས་པོ་ཆེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཀྲོ་དྷ་མ་ཧཱ་བ་ལ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས། བཅོམ་ལྡན་འདས་ཁྲོ་བོ་སྟོབས་པོ་ཆེ་ ལ་ཕྱག་འཚལ་ལོ། །སྟོང་པ་བདག་མེད་པ་ལས་པཾ་ལས་པདྨ། མཾ་ལས་ཉི་མ་ཨ་ལས་ཟླ་བའི་སྟེང་དུ་ཧཱུཾ་སྨུག་ནག་ལས་རྡོ་རྗེ་རྩེ་ལྔ་པ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་སྟོབས་པོ་ཆེ་ཞལ་གསུམ་སྨུག་ནག་གི་སྐུ་མདོག་ཅན། རྡོ་རྗེ་དང་ཞགས་པ་དང་ཐོ་བ་གཡས་ན་བསྣམས་པ། དུང་དམར་དང་གཤོལ་མདའ་དང་ གཏུན་ཤིང་གཡོན་ན་བསྣམས་པ། ཐུགས་ཀ་ནས་འོད་ཟེར་གྱིས་ཡེ་ཤེས་པ་དགུག་གཞུག་བྱས་ནས་ཡང་འོད་ཟེར་གྱིས་ཇི་ལྟར་འདོད་པ་ཉེ་བར་བསྒྲུབ་པོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧ་ན་ད་ཧ་པ་ཙ་བིདྷྭཱནྶ་ཡ། ཛཱ་ཊི་ལཾ་བོ་དྷ་ར་ཨུཙྪུཥྨ་ཀྲོ་དྷ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱོགས་ངན་པ་བསྲུངས་ན་སརྦ་དུར་དི་ཀ་ རཀྵ་རཀྵཿསྭཱ་ཧཱ། མི་གཙང་བ་སོལ་ན་སརྦ་ཨ་སྣ་ཏ་ཀྲོ་ཤུདྡྷེ་ཤུདྡྷ་སྭཱ་ཧཱ། འཆི་བ་བཟློག་ན་སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བརྟ་ཡ་བརྟ་ཡ་སྭཱ་ཧཱ། འཕགས་པ་ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས། དགེ་སློང་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།ཨཱ་ཙརྱ་ནནྡས་རང་འགྱུར་དུ་མཛད་པའོ། །སྒྲ་ བག་ཙམ་བཅོས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཧེ་རུ་ཀའི་སྒྲུབ་ཐབས། ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དུར་ཁྲོད་བརྒྱད་ཀྱི་དབུས་གནས་ནས། །ཟླ་མེད་ཡིད་ཀྱི་དགའ་བ་ཡི། །ཐབས་དང་ཤེས་རབ་རྣམ་པ་ཡིས། །ཟླ་བ་ཉི་མ་རབ་སྦྱོར་ བས། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བ། །ཉི་མའི་དཀྱིལ་འཁོར་ལ་བསྒོམ་བྱ། །དེ་ལ་ཧཱུཾ་ཡིག་ལས་བྱུང་བའི། །རྡོ་རྗེ་རྩེ་གཅིག་དང་ལྡན་པ། །མི་ཡི་པགས་པ་རོ་ཡི་གདན། །རོ་ལངས་སྐྱིལ་ཀྲུང་ཕྱེད་པས་བཞུགས། །ཐལ་བའི་རྡུལ་གྱིས་ལུས་ལ་བྱུགས། །རྡོ་རྗེ་འཕྲོ་བ་ཕྱག་གཡས་ ན། །བ་དན་གཡོ་བཅས་ཁ་ཊྭཱཾ་གཡོན། །ཐོད་པ་དམར་པོ་དང་བཅས་པ། །བརྒྱ་ཕྱེད་མགོ་བོའི་ཕྲེང་བ་ཡི། །དོ་ཤལ་ཡིས་ནི་འཕྲོག་པར་བྱེད། །ཅུང་ཟད་མཆེ་བ་གཙིགས་པའི་ཞལ། །སྤྱན་གསུམ་པ་ནི་སྒེག་བཅས་ཤིང་། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས། །མི་བསྐྱོད་དབུ་རྒྱན་རྣ་ རྒྱན་དང་། །རུས་པའི་རྒྱན་གྱིས་མཛེས་བྱས་ཤིང་། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན། །སངས་རྒྱས་ཉིད་དེར་བསྒོམ་པར་བྱ། །འགྲོ་བའི་བདུད་རྣམས་འཇོམས་བྱེད་པ། །ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་འདི་མདོར་བསྡུས་པའི་ཕྱག་གཉིས་པའི་ཧེ་རུ་ཀའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྭི་བྷུ་ཛ་ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དགྱེས་པའི་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས། བཅོམ་ལྡན་འདས་དགྱེས་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་གསུམ་བདག་ཧེ་རུ་ཀ །དཔལ་མགོན་བླ་མ་ལ་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་ཆོ་ག་ནི། །ཤཱནྟི་པས་གསུངས་རྣམ་གསལ་ལས། །དཔའ་བོ་ ཞལ་གཅིག་ཕྱག་གཉིས་པ། །བདག་མེད་མ་ཡིས་མགུལ་ནས་འཁྱུད། །འཁོར་ལོ་ལ་སོགས་རྒྱན་དང་ལྡན། །སྤྱན་གསུམ་ཞབས་ནི་གཉིས་པས་མཛེས། །འདིར་རྒྱུད་ལས་བསྒོམ་པ་ཁོང་དུ་ཆུད་པར་བྱ་སྟེ། རྣལ་འབྱོར་པ་སྔ་བར་མལ་ནས་ལངས་ཏེ་རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་བལྟས་ལ། དེའི་འོད་ཟེར་གྱིས་ཧེ་རུ་ཀ་གསལ་ཞིང་གདན་དྲངས་ནས་མེ་ཏོག་ལ་སོགས་པ་ཉེ་བར་སྤྱོད་པ་རྣམ་པ་ལྔས་ཡང་དག་པར་མཆོད་ནས་མདུན་དུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཆེན་པོར་སེམས་བསྐྱེད་པ་དང་། སེམས་ཅན་རྣམས་ ལྷའི་བདེ་བ་ལ་ཉེ་བར་ལོངས་སྤྱོད་པ་ལ་རྣམ་པར་བསྡུ་བའི་བྱམས་པ་དང་། ཐམས་ཅད་སྡུག་བསྔལ་གྱིས་འཇོམས་པའི་རྣམ་པའི་སྙིང་རྗེ་དང་། དེ་ལ་བདེ་བ་རྒྱུན་མི་འཆད་པར་ངེས་པའི་རྣམ་པའི་དགའ་བ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཟུང་བ་དང་འཛིན་པ་ལ་སོགས་པའི་ཡིད་མེད་པར་བྱེད་ པའི་མཚན་ཉིད་བཏང་སྙོམས་རྣམས་ཀྱང་བསྒོམ་པར་བྱའོ། །དེ་ནས་ཆོས་ཀྱི་བདག་ལ་སོགས་པའི་རྣམ་པར་རྟོག་པའི་དྲི་མ་སྤངས་ཏེ། གཟུགས་ནི་སྟོན་ཀའི་དྲི་མ་མེད་པའི་ཉི་མ་གུང་གི་ནམ་མཁའ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་དང་རོ་གཅིག་པའི་སྐུ་སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྣམ་པར་སད་ནས་ནམ་མཁའི་ཕྱོགས་སུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་བལྟས་ལ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུཾ་ཡིག་བལྟ་བར་བྱའོ། །དེ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དཔལ་ཧེ་རུ་ཀའི་སྐུས་ འགྲོ་བ་ཐམས་ཅད་ཀྱི་དོན་མཛད་ཅིང་། དེ་ལ་དེ་བཞིན་དུ་རབ་ཏུ་ཞུགས་ཏེ། དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྣ་ཚོགས་པདྨ་དང་རོའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་གཉིས་པ། སྤྱན་གསུམ་པ། ཕྱག་གཡས་ཀྱིས་རྡོ་རྗེ། གཡོན་པས་རྡོ་རྗེས་མཚན་པའི་ཐོད་པ་བསྣམས་པ། གར་གྱི་ཉམས་དང་བཅས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །དབུ་ལ་མི་བསྐྱོད་བདག་ཉིད་ནི། །མི་མགོ་ལས་བྱས་འཁོར་ལོ་བསྣམས། །འོད་དཔག་མེད་པའི་བདག་ཉིད་སྙན། །མི་ཡི་རུས་པའི་རྣ་རྒྱན་ནོ། །རིན་ཆེན་འབྱུང་ལྡན་བདག་ཉིད་མགུལ། །མགུལ་རྒྱན་དང་ནི་ཡང་དག་ ལྡན། །ལག་གདུབ་རྣམ་པར་སྣང་མཛད་དག །དོན་ཡོད་གྲུབ་པའི་བདག་ཉིད་ཀྱིས། །རྐེད་པ་ལ་ནི་རྒྱན་དུ་མཛད། །སྐྲ་ཡི་མཆོད་ཕྱིར་ཐོགས་དང་ནི། །རྐང་གདུབ་ཀྱིས་ཀྱང་ཡང་དག་བརྒྱན། །དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཞལ་གཅིག་པ། ཕྱག་གཉིས་པ། གྲི་གུག་དང་། ཐོད་པ་བསྣམས་པའི་བདག་མེད་མས་ཡང་དག་པར་འཁྱུད་པ་དེ་ལྟ་བུར་གྱུར་པའི་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་འདིའི་རྣ་བ་ལ་བདག་མེད་མ། མིག་ལ་གཏི་མུག་རྡོ་རྗེ་ཅན། །སྣ་ལ་སྦས་པའི་གཽ་རཱི། །ལྕེ་ལ་ཆུ་ཡི་རྣལ་འབྱོར་མ། །ལུས་ཀྱི་དབང་པོ་ལ་རྡོ་རྗེ་མཁའ་འགྲོ་ མ། ཡིད་ལ་བདག་མེད་མ་རྣམས་ལྷག་པར་མོས་པར་བྱའོ། །དེ་ལ་མགོ་བོར་ཆུ་སྐྱེས་འདབ་མ་སུམ་ཅུ་སོ་གཉིས་ཀྱི་སྟེང་དུ་ཧཾ་ཡིག་མགོ་ཐུར་དུ་བསྟན་པའི་རྣམ་པ། མགྲིན་པར་ཆུ་སྐྱེས་འདབ་མ་བཅུ་དྲུག་པའི་སྟེང་དུ་ཨོཾ་ཡིག་མགོ་སྟེང་དུ་བསྟན་པ། སྙིང་གར་ཆུ་སྐྱེས་འདབ་མ་བརྒྱད་པའི་སྟེང་དུ་ཧཱུཾ་ ཡིག་མགོ་ཐུར་དུ་བསྟན་པ། ལྟེ་བར་ཆུ་སྐྱེས་འདབ་མ་དྲུག་ཅུ་རྩ་བཞིའི་སྟེང་དུ་ཨ་ཡིག་མགོ་སྟེང་དུ་བསྟན་པ་བསམ་པར་བྱའོ། །དེ་ནས་དམ་ཚིག་སེམས་དཔའ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་གདན་དྲང་བར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿཞེས་པའི་སྔགས་འདིས་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ཏེ་ཆུ་དང་འོ་མ་བཞིན་དུ་རོ་གཅིག་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཉི་མ་དང་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུཾ་ཡིག་ལས་འོད་ཟེར་བྱུང་སྟེ། འོད་དེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཧེ་རུ་ཀ་གདན་དྲངས་ཏེ་མཆོད་ནས། ཨ་བྷི་ཥིཉྩ་ཏུ་མཱཾ་སརྦ་ཏ་ཐཱ་ག་ཏ་ཞེས་པས་དབང་ཞུ་བར་ བྱའོ། །དེ་རྣམས་ཀྱིས་བདུད་རྩི་ལྔས་གང་བའི་རིན་པོ་ཆེའི་བུམ་པ་རྣམས་ཀྱིས་བདག་ཉིད་དབང་བསྐུར་ཏེ་མགོན་པོ་མི་བསྐྱོད་པས་དབུ་བརྒྱན་པ་བསམ་པར་བྱའོ། །རྣལ་འབྱོར་པའི་ཚོགས་དེ་ཐམས་ཅད་རང་རང་གི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཁུ་བས་མཆོད་པར་བྱའོ། །ཞལ་ནི་མཆེ་གཙིགས་ འཇིགས་ཆེན་པོ། །སྔགས་ཀྱི་མེ་ཏོག་ཕྲེང་བས་བརྒྱན། །ཤ་ཆེན་རྣམས་ནི་རོལ་མཛད་པའི། །ཧེ་རུ་ཀ་དཔལ་བདག་ཕྱག་འཚལ། །ཞེས་པ་འདིས་བསྟོད་པར་བྱའོ། །དེ་ནས་ནམ་མཁའི་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དེའི་འོག་ཏུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས་པདྨའི་སྣོད། དེའི་ དབུས་སུ་ཨོཾ་ཡིག་གིས་མཚན་པའི་གོ་ཀུ་ད་ཧ་ན་དང་། མ་མུ་ཤུ་བི་ར་ལ་སོགས་པའི་དམ་ཚིག་གི་རྫས་རྣམས་ནི་རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བས་བསྲེགས་ཤིང་འབར་བས་དེའི་ཁུ་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚུལ་ཇི་ལྟ་བའི་ཡེ་ཤེས་ཉི་མའི་འོད་དང་ཡེ་ཤེས་ཀྱི་ ས་བོན་གྱི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་དངོས་པོ་དེ་རྣམས་ཀྱིས་ལྷན་ཅིག་བྱས་ཏེ། ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ་ཧཱུཾ་ཡིག་དཀར་པོ་ལས་སྐྱེས་པའི་རྡོ་རྗེའི་རང་བཞིན་གྱི་ལྗགས་སུ་བྱས་ཏེ་བདག་ཉིད་དེས་ ཚིམ་པར་བྱའོ། །དེ་ནས་སྙིང་གར་ཉི་མ་དང་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཧཱུཾ་ཡིག་གིས་ཡང་དག་པར་བསྐོར་བར་བཞུགས་པའོ། །ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའི་ཡི་གེ་བཅུ་གཉིས་ཀྱི་སྔགས་ཀྱི་ཕྲེང་བ་རབ་ཏུ་གསལ་ཞིང་འབར་བཞིན་པ་ཡིད་ཀྱིས་མངོན་པར་བྲིས་ཏེ། གོ་རིམས་ བཞིན་དུ་བརྗོད་པར་གྱུར་པས་དབེན་པར་བཟླས་པར་བྱའོ། །ཉི་མའི་གུང་ཐུན་ལ་སྐད་ཅིག་གིས་དཔལ་ཧེ་རུ་ཀའི་སྐུར་བདག་ཉིད་བསམས་ཏེ། དེ་ནས་མིག་ལ་སོགས་པའི་རྣམ་པར་དག་པས་འཁོར་ལོ་བཞི་བསྒོམས་ནས་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་དང་། བཟླས་པ་ལ་སོགས་ པ་བྱའོ། །འཇིག་རྟེན་གསུམ་བསྐྱོད་དཔའ་བོ་ཡི། །སྒྲུབ་ཐབས་མཆོག་ནི་བྱས་པ་ཡིས། །བསོད་ནམས་གང་བསགས་དེ་ཡིས་ནི། །འགྲོ་ཀུན་རྡོ་རྗེ་འཛིན་པར་ཤོག །དགྱེས་པའི་རྡོ་རྗེ་ཕྱག་གཉིས་པའི་སྒྲུབ་ཐབས་རྫོགས་སོ།། །།ཏཱ་ར་ཤྲཱིས་མཛད་ཟེར།། །། ༄༅༅། །རྒྱ་གར་སྐད་དུ། ཀཻ་བ་ལ་ནཻ་རཱཏྨྱ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མ་རྐྱང་པའི་སྒྲུབ་ཐབས། བདག་མེད་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་ཟླ་བའི་དཀྱིལ་འཁོར་ལ་ཨཾ་ཡིག་སྔོན་པོའི་ས་བོན་དང་གྲི་གུག་སྤྲོ་བ་ལ་སོགས་ པ་སྔོན་དུ་འགྲོ་ཞིང་ཡོངས་སུ་གྱུར་པ་ལས་རོའི་སྟེང་དུ་རང་གི་སྙིང་གར་ཟླ་བ་ལ་གནས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པའི་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་མ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མི་བསྐྱོད་པས་དབུ་བརྒྱན་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ་ ཕྱག་གཡས་ན་གྲི་གུག །གཡོན་ན་ཐོད་པ་བསྣམས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། དེའི་མགོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་རྣམས་སོ། །སྙིང་གར་ཟླ་བ་ལ་གྲི་གུག་གི་ཡུ་བར་ཟླ་བ་ལ་ཨཾ་ཡིག་བལྟས་ཏེ་ སྔགས་འདི་བཟླས་པར་བྱའོ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱ་ཧཱ། ཞེས་སོ། །བདག་མེད་མ་རྐྱང་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྨྱ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་བདག་ མེད་མ་ལ་ཕྱག་འཚལ་ལོ། །དང་པོར་སེམས་ཅན་ཐམས་ཅད་གདོན་པར་འདོད་པའི་ཚུལ་གྱིས་སྙིང་རྗེ་བསྒོམས་ནས་ཕྱི་དང་ནང་དུ་བཅས་པ་སྟོང་པ་ཉིད་དུ་དམིགས་ཏེ། བར་སྣང་ལ་ཨཾ་ཡིག་ལས་གྲི་གུག་དེའི་ཡུ་བར་ཟླ་བ་ལ་ཨཾ་ཡིག་རྣམ་པར་བསམས་ཏེ། དེ་ནས་རྣལ་འབྱོར་པས་འཁོར་ལོ་སྤྲོ་བ་དང་བསྡུ་བ་ བསྒོམས་ནས་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རོའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཅོམ་ལྡན་འདས་བདག་མེད་མ་སྐུ་མདོག་ནག་མོ་གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཕྱག་གཉིས་པ་ཞལ་གཅིག་པ་བསམ་པར་བྱའོ། །དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། དབུ་སྐྲ་དམར་སེར་གྱེན་ དུ་བརྫེས་པ། མགོ་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་གི་ཡི་གེ་རྣམས་སོ། །སྙིང་གར་ཟླ་བ་ལ་གྲི་གུག་གི་ཡུ་བར་ཟླ་བ་ལ་ཨཾ་ཡིག་བསམས་ནས་སྔགས་བཟླས་པར་བྱའོ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱ་ཧཱ། ཞེས་སྔགས་བཟླས་པར་བྱའོ། །བདག་མེད་མའི་ སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བྷཱུ་ཏ་ཌཱ་མ་ར་སཾ་ཀྵིཔྟ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ལུས་ངན་སོགས། །མྱོས་རྣམས་འཇོམས་པར་ མཁས་པ་ཡི། །དཔལ་ལྡན་འབྱུང་འདུལ་ཕྱག་འཚལ་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །མདོར་བསྡུས་མན་ངག་རྣམ་དག་པས། །མདོར་བསྡུས་འདོད་ཕྱིར་སྦྱར་བར་བྱ། །གནོད་སྦྱིན་གནོད་སྦྱིན་མོ་སོགས་འགྲུབ། །བདག་སྙིང་ཡ་མཚན་སྐྱེས་ནས་བྲིས། །དང་པོར་རེ་ཞིག་སྔགས་པས་ ཐུགས་ཀར་ཟླ་བ་ལ་ཁམས་གསུམ་རྣམ་པར་གསལ་བའི་འོད་ཟེར་ཡང་དག་པར་འཁྲིགས་པ། ལུས་ལ་རཾ་ཡིག་དམར་པོའི་ས་བོན་རྣམ་པར་བསམ་པར་བྱའོ། །དེ་ནས་དག་པའི་ལྕགས་ཀྱུའི་རྣམ་པས་མདུན་དུ་འབྱུང་པོ་འདུལ་བྱེད་གདན་དྲངས་ནས་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱིས་མངོན་པར་ མཆོད་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་ཀུནྡ་དང་མཚུངས་དྲི་མེད་རྣམ་རྒྱས་མཚན་མོར་བྱེད་པ་ཡི། །སྟེང་དུ་དུང་འདྲ་ཧཱུཾ་ཡིག་བཀོད་པའི་གནས་དབུས་ཟླ་བའི་དཀྱིལ། །ཤིན་ཏུ་འབར་བྱེད་མ་ལུས་ཡོངས་གྱུར་ཡང་དག་ལས། །སྣ་ཚོགས་པ་ཡི་ཆུ་སྐྱེས་འདབ་མ་འཇམ་པོ་བལྟ་བར་བྱ། །དེ་ནས་ དེ་ཡི་དབུས་སུ་ཨཾ་ཡིག་ཡོངས་གྱུར་སྨན་གྱི་དབང་པོ་སྟེ། །ཧཱུཾ་ཡིག་སྙིང་པོ་ཧཱུཾ་ཡིག་ཡོངས་གྱུར་ལས། །མཐིང་ནག་འབར་བའི་རྡོ་རྗེ་རྣམ་པར་བསྒོམ། །དེ་དག་ཡོངས་གྱུར་སྐད་ཅིག་གིས་བལྟ་ཞིང་། །མཆེ་གཙིགས་སྐུ་མདོག་མཐིང་ནག་འབྱུང་པོ་རྣམས། །སྐྲག་མཛད་རང་བཞིན་འགྲོ་ལ་ཉེར་ཕན་ མཛད། །ཁྱབ་བྱ་གཅིག་ཆགས་རྒྱུ་ཡིས་འཕྲོག་བྱེད་དང་། །དབང་ཕྱུག་གཞོན་སོགས་བདུད་དྲག་ལས་གཅིག་པ། །ཞལ་ནི་ཅུང་ཟད་མཆེ་གཙིགས་ཤིང་། །ཁྲོ་བོ་འབར་ཞིང་རྣམ་པར་འཕྲོ། །དབུ་སྐྲ་དམར་སེར་གྱེན་བརྫེས་མཐིང་། །ན་བཟའ་སྔོན་པོས་སྐུ་ལ་བརྒྱན། །ཕྱག་གཡས་ན་རྡོ་རྗེ་ བསྣམས་པ། གཡོན་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་མཛད་པ། ཐོད་པ་ལྔའི་དབུ་རྒྱན་ཅན། ཕྱག་གཡོན་ན་ཐོད་པ་དང་རྩེ་གསུམ་བསྣམས་པ། གཡས་ན་ཌ་མ་རུ་བསྣམས་པ། རལ་པ་དམར་སེར་གྱིས་དབུ་བརྒྱན་པ། སྤྱན་གསུམ་པ། སྟག་གི་པགས་པའི་ན་བཟའ་བསྣམས་པ། འབྱུང་པོའི་དབང་པོ་གཞན་ལས་རྒྱལ་བ། ཞབས་གཡོན་བརྐྱང་གིས་བཞུགས་པ། ཕྱག་གཉིས་དཔལ་འབྱུང་པོ་འདུལ་བྱེད་ཀྱི་ཕྱག་རྒྱ་བཅིངས་པ་བསྒོམ་པར་བྱའོ། །དེ་ལ་ཕྱག་རྒྱ་འདིའོ། །མིང་མེད་གཉིས་པོ་བཅིང་བྱ་སྟེ། །མཛུབ་མོ་གཉིས་པོ་བསྐུམ་པར་བྱ། །མཐེའུ་ཆུང་གུང་མོ་དེ་ བཞིན་དུ། །མཐེབ་ཆེན་གྱིས་ནི་མནན་པར་བྱ། །ཀླུ་བརྒྱད་ཀྱིས་ཉེ་བར་མཛེས་པ་སྟེ། དེ་ལ་སྟོབས་ཀྱི་རྒྱུ་སྔོན་པོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་མགུལ་རྒྱན་བྱས་པ། དགའ་བོ་དང་ཉེ་དགའ་བོས་རྣ་རྒྱན་བྱས་པ། འདི་དག་ནི་སེར་པོར་གཅིག་པའོ། །མཐའ་ཡས་དཀར་པོས་ཚངས་སྐུད་ བྱས་པ། ནོར་རྒྱས་དཀར་པོས་རྐེད་རྒྱན་བྱས་པ། ཕྱག་རྒྱའི་ཕྱག་དག་ལ་རིགས་ལྡན་དངུལ་ཆུའི་ཁ་དོག་ལྟ་བུའོ། །ཕྱག་གཞན་དག་ལ་དེ་བཞིན་དུ་དུང་སྐྱོང་དཀར་པོའོ། །ཞབས་གདུབ་ལ་པདྨ་དང་པདྨ་ཆེན་པོ་དག་གོ། །འདི་དག་ནི་དམར་པོར་གཅིག་པའོ། །དེ་བཞིན་དུ་ སྤྱན་གཉིས་དམར་པོར་གྱུར་པའི་དཔལ་འབྱུང་པོ་འདུལ་བྱེད་བསྒོམ་པར་བྱའོ་ཞེས་སོ། །ཁྲོ་བ་དང་བཅས་ཤིང་གཅིག་ཏུ་འགྲོ་བའི་དོན་མཛད་པ། སྙིང་ག་དང་། མགྲིན་པ་དང་། མཛོད་སྤུ་དང་། མགོ་རྣམས་སུ་བསྲུང་བའི་དོན་དུ་ཕྱག་རྒྱས་རེག་པར་བྱའོ། །བསམ་གཏན་གྱིས་ངལ་ན་སྔགས་ བཟླས་པར་བྱའོ། །རྡོ་རྗེའི་བཟླས་པ་དང་། ཁྲོ་བོའི་བཟླས་པས་སོ། །སྔགས་ནི། ཧཱུཾ་བཛྲ་ཕཊ་ཅེས་སོ། །སྐྱེས་བུ་དམ་པ་ངེས་པར་ཡོན་ཏན་དོན་གཉེར་རྣམས་ཀྱི་ཕྱིར། །གང་ཞིག་གིས་ཀྱང་དེ་བྲིས་ཅིས་ཀྱང་བདག་གིས་གསལ་བྱས་པ། །དགེ་བ་གང་དེས་རྣམ་པར་སྣང་མཛད་ཐོབ་གྱུར་ ནས། །འཇིག་རྟེན་གསུམ་པོའི་སྡིག་པ་མཐའ་དག་འཇོམས་པར་ཤོག །དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷཱུ་ཏ་ཌཱ་མ་ར་སཱ་དྷ་ནོ་པ་ཡི་ཀ། བོད་སྐད་དུ། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །འབྱུང་པོའི་སྙེམས་པ་རྣམ་འཇོམས་པའི། །ཁྲོ་བོ་འདུལ་བྱེད་ཕྱག་འཚལ་ནས། །ཇི་ལྟར་རྙེད་པའི་མན་ངག་གིས། །དེ་ཡི་སྒྲུབ་ཐབས་བཤད་པར་བྱ། །དང་པོར་རེ་ཞིག་ལག་པ་གཉིས་ལ་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམས་ ཏེ། དེའི་དབུས་སུ་ཧཱུཾ་ཡིག་འབར་བར་བསམས་ནས། སྔགས་འདི་བཟླས་པར་བྱའོ། །ཨོཾ་སིདྡྷི་བཛྲ་ཧཱུཾ། དེ་ནས་ཕྱག་རྒྱ་བཅིང་བར་བྱའོ། །སོར་མོ་རྣམས་ཕན་ཚུན་དུ་འཁྱུད་ནས་སྡིགས་མཛུབ་གཉིས་པོ་རྩེ་མོ་བཞིན་དུ་རབ་ཏུ་བརྐྱང་བར་བྱའོ། །སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་ པར་བསམ་པར་བྱའོ། །དེ་ལ་ར་ཡིག་དམར་པོ་ཐིག་ལེ་དང་བཅས་པ་འབར་ཞིང་འབར་བའི་ཕྲེང་བ་འཁྲིགས་པ་བསམ་པར་བྱའོ། །འདིར་སྡིག་པ་ཐམས་ཅད་ཞི་བ་བརྗོད་པར་བྱ་སྟེ། ཨོཾ་ཧ་ན་བི་ངྷྭཾ་ས་ཡ་ནཱ་ཤ་ཡ་པཱ་པཾ་ཧཱུཾ་ཕཊ། དེའི་རྗེས་ལ་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །མདུན་དུ་ཀུནྡ་དང་། ཤེལ་བཞིན་དུ་བལྟ་བར་བྱའོ། །དེའི་དབུས་སུ་ཧཱུཾ་ཡིག་དང་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་རྣམ་པར་བསམ་པར་བྱའོ། །དེའི་སྟེང་དུ་ཨཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་དེ་བཞིན་དུ་ཧཱུཾ་ཡིག་འབར་ཞིང་འཁྲིགས་པ་རྣམ་པར་བསྒོམས་ནས། ཁྲོ་ བོ་འབེབས་པའི་ཕྱག་རྒྱ་དང་སྔགས་ཀྱིས་གདབ་པར་བྱའོ། །ཕན་ཚུན་དུ་ཁུ་ཚུར་བཅིངས་ཏེ། སྡིགས་མཛུབ་གཉིས་འཁྱུད་པར་བྱའོ། །ཨོཾ་ཨཱཿཀྲོ་དྷ་བེ་ཤ་ཧཱུཾ་ཧཱུཾ་ཧཱུཾ་ཨཿ། དེའི་འོད་ཀྱིས་ཡང་དག་པར་བསྐུལ་ཞིང་གཞུག་པར་བྱའོ། །དེ་ལ་དེ་བཞིན་དུ་དཔག་ཏུ་མེད་པའི་ཁྲོ་བོའི་སྐུ་རབ་ཏུ་བཞུགས་ པར་བསམ་པར་བྱའོ། །དེ་ལ་བསོད་ནམས་དང་ཡེ་ཤེས་ལས་མངོན་པར་གྲུབ་པའི་རྡོ་རྗེ་རྩེ་ལྔ་པ་འབར་བཞིན་པའི་རྡོ་རྗེ་ནག་པོ་ལས་འོད་ཟེར་འཕྲོ་ཞིང་འབར་བའི་ཕྲེང་བ་འཁྲིགས་པ་བསྒོམ་པར་བྱའོ། །རྡོ་རྗེ་དེ་ལས་དཔག་ཏུ་མེད་པའི་ཁྲོ་བོ་ལ་སོགས་པ་ཕྱོགས་བཅུར་འཕྲོས་ཏེ། སེམས་ཅན་ཐམས་ཅད་ ཀྱི་དོན་དུ་རྫུ་འཕྲུལ་ལ་སོགས་པ་མཛད་པར་བལྟ་བར་བྱའོ། །དེ་ལ་ཕྱག་རྒྱ་དེ་བཞིན་དུ། །མངོན་དུ་ཕྱོགས་པས་དགུག་པར་བྱ། །སྔགས་ནི་བརྗོད་པས་དེ་ཉིད་ལ། །རྡོ་རྗེ་དང་ནི་ཞགས་པ་བསམ། །ཨོཾ་བཛྲ་བེ་ཤ་པ་ཏ་ཡེ་ཧཱུཾ། དེ་ནས་ཁྲོ་བོ་ཆེན་པོའི་སྐུར་བདག་ཉིད་བསྒོམ་པར་བྱ་སྟེ། དྲག་པོ་ འབར་བའི་ཕྲེང་བ་འཁྲིགས་པའི་འོད་ཅན། ཕྱག་བཞི་པ། ཁྲོ་བོ་ཆེན་པོ་མིག་སྨན་ཕྱིས་པའི་འོད་ལྟ་བུ། ཕྱག་གཡས་པས་རྡོ་རྗེ་གསོར་བ། གཡོན་པས་སྡིགས་མཛུབ་མཛད་པ། ཞལ་མཆེ་བ་གཙིགས་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། མཐའ་ཡས་ཀྱིས་ཚངས་སྐུད་བྱས་པ། ནོར་རྒྱས་ཀྱིས་སྐ་ རགས་བྱས་པ། དུང་སྐྱོང་གིས་ལག་གདུབ་བྱས་པ། གཞན་ཡང་འདི་རྣམས་དཀར་པོའོ། །ཕྱག་གཡོན་པ་ལ་རིགས་ལྡན་གྱིས་ལག་གདུབ་བྱས་པ་སྟེ། དངུལ་ཆུའི་ཁ་དོག་ལྟ་བུའོ། །དགའ་བོ་དང་ཉེ་དགའ་བོས་རྣ་རྒྱན་བྱས་པ། འཇོག་པོས་མགུལ་རྒྱན་བྱས་པ། དཔུང་རྒྱན་ནི་གཞན་ཏེ་འདི་ རྣམས་ནི་སེར་པོའོ། །པདྨ་དང་པདྨ་ཆེན་པོ་དམར་པོས་རྐང་གདུབ་བྱས་པ། སྟོབས་ཀྱི་རྒྱུ་ནག་པོས་དབུ་སྐྲ་བཅིངས་པའོ། །ཐོད་པའི་ཕྲེང་བས་དབུ་བརྒྱན་ཅིང་། །འཇིག་རྟེན་གསུམ་ཡང་འཇོམས་བྱེད་པའི། །ཨཥྚ་ཧ་ཡི་གད་ཆེན་སྒྲོགས། །ཁྱབ་བདག་འཇིག་རྟེན་གསུམ་ན་གནས། །གཡོན་ བརྐྱང་ཞབས་ཀྱིས་ལེགས་བཞུགས་པའི། །ཉི་མ་བྱེ་བའི་འོད་དང་མཚུངས། །གཞན་གྱིས་མི་ཐུབ་ཞབས་ཀྱིས་གནོན། །ཕྱག་རྒྱ་སྔགས་ཀྱིས་རབ་ཏུ་གནས། །མིང་མེད་གཉིས་པོ་འཁྱུད་བྱ་ཞིང་། །མཛུབ་མོ་གཉིས་པོ་བསྐུམ་པར་བྱ། །མཐེའུ་ཆུང་གུང་མོའང་དེ་བཞིན་ དུ། །མཐེབ་ཆེན་གྱིས་ནི་མནན་པར་བྱ། །མཆོག་གི་ཕྱག་རྒྱ་འདི་ཡིས་ནི། །དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་བསྒྲུབ། །དེ་ནས་ཁྲོ་བོའི་བདག་པོ་ཁྲོ་བོ་ཕྱག་རྒྱ་དང་། སྔགས་ཀྱིས་ཡན་ལག་དྲུག་ལ་དགོད་པར་བྱའོ། །ཕན་ཚུན་དུ་ཁུ་ཚུར་བཅིངས་ནས་གུང་མོ་དག་རབ་ཏུ་བརྐྱང་བར་བྱའོ། ། སྤྱི་བོར་ཕྱག་རྒྱའི་སྔགས་ནི། ཨོཾ་ཧ་ན་བཛྲ་ཧཱུཾ། ཕྱག་རྒྱ་འདིས་དེ་བཞིན་དུ་གུང་མོ་དག་ནང་དུ་བཅུག་སྟེ། མཛུབ་མོ་དག་རྩེ་མོར་བྱས་པ་ནི་ཐོར་ཚུགས་ཀྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ད་ཧ་བཛྲ་ཧཱུཾ། དེ་བཞིན་དུ་ཕྱག་རྒྱ་འདིས་མཐེབ་ཆེན་དག་ལོགས་སུ་བྱས་ཏེ། མཐེབ་ཆེན་གཡས་པ་ནི་མིག་གཡས་ པ་ལ་མཐེབ་ཆེན། གཡོན་པ་ནི་མིག་གཡོན་པ་ལ། ཨོཾ་དཱིཔྟ་བཛྲ་ཧཱུཾ། ཕན་ཚུན་ཁུ་ཚུར་བཅིངས་ནས་མཐེའུ་ཆུང་གཉིས་འཁྱུད་པར་བྱའོ། །མཛུབ་མོ་དག་རབ་ཏུ་བརྐྱང་བར་བྱའོ། །སྙིང་གའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་བཛྲ་རོ་ཥ་ཧཱུཾ། དེ་བཞིན་དུ་ཕྱག་རྒྱ་འདིས་མཛུབ་མོ་དག་རྣ་རྒྱན་དུ་བྱའོ། ། གོ་ཆའི་ཕྱག་རྒྱའི་སྔགས་ནི། ཨོཾ་ཌི་ཌྷ་བཛྲ་ཧཱུཾ། མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ཧ་ན་ད་ཧ་པ་ཙ་ཀྲོ་དྷ་བཛྲ་སརྦ་དུཥྚཱན་མཱ་ར་ཡ་ཧཱུཾ། དེ་ནས་རྡོ་རྗེ་ཁྲོ་བོ་དབབ་པར་བྱའོ། །ཕན་ཚུན་དུ་བྱས་ནས་མཛུབ་མོ་གཉིས་བསྐུམ་པར་བྱའོ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་མ་ནུ་པཱ་ལ་ ཡ་ཤཱི་གྷྲཾ་ཨ་གཙྪ་ཧྲཱིཿཛཿཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་མཆོད་ཡོན་ཐལ་མོ་གན་རྐྱལ་དུ་བྱས་ནས་མཐེབ་ཆེན་གཉིས་ལོགས་སུ་སྦྱར་བར་བྱའོ། །ཨོཾ་སརྦ་དེ་བ་དཱིཔྟ་སཱི་ད་བྷ་ག་བཱན་མ་ཧཱ་ཀྲོ་དྷ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཨཿདེ་ནས་གདན་དབུལ་བར་བྱའོ། །ལག་པ་གཡོན་པ་གན་རྐྱལ་དུ་བྱས་ནས་མཐེབ་ཆེན་བསྒྲེང་སྟེ། ལག་ པ་གཡས་པའི་ཁུ་ཚུར་གྱིས་གཡོན་པའི་མཐེབ་ཆེན་གཟུང་བར་བྱའོ། །གཡས་པའི་མཐེབ་ཆེན་བསྒྲེང་བར་བྱའོ། །ཨོཾ་ཛ་ཡ་ཛ་ཡ་མ་ཧཱ་ཀྲོ་ཏི་ཀྲོ་དྷ་རཱ་ཛ་ཨི་དཾ་བྷཱུ་ཏ་སེ་ནཾ་དར་ཤཱ་ཡ་རཀྵ་རཀྵ་པྲ་ཏི་གྲིཧྞ་སྭཱ་ཧཱ། ཐལ་མོ་སྦྱར་བར་བྱས་ནས་སོར་མོ་ཐམས་ཅད་མ་འབྱར་བར་བྱས་པ་ནི་པདྨའི་ཕྱག་རྒྱ་ཞེས་བརྗོད་ པར་བྱའོ། །གདན་གྱི་ཕྱག་རྒྱའི་སྔགས་ནི། ཨོཾ་པདྨོད་བྷ་བ་ནི་ཥ་ན་ཎཱ་ཡ་སརྦ་དེ་བཏྟ་སྭཱ་ཧཱ། དེ་ནས་འཕང་བར་བྱ་སྟེ། ཕན་ཚུན་དུ་ཁུ་ཚུར་བཅིངས་ནས་མཐེབ་ཆེན་རབ་ཏུ་བརྐྱང་སྟེ། ཁུ་ཚུར་གཡོན་པ་སྙིང་གར་བཞག་སྟེ། ཁུ་ཚུར་གཡས་པ་མཚོན་ཆ་འཕེན་པའི་ཚུལ་དུ་བྱའོ། །ཨོཾ་ནཱ་ཤ་ཡ་ སརྦ་དུཥྚཱན་ད་ཧ་པ་ཙ་དུཥྚཱན་བྷསྨཱི་ཀུ་རུ་ཧཱུཾ་ཕཊ། དེ་ནས་སྔགས་འདིས་ཕྱོགས་བཅིང་བར་བྱ་སྟེ། ཕན་ཚུན་དུ་ཁུ་ཚུར་སོ་སོར་བཅིངས་ཏེ། ལག་པ་གཡོན་པའི་སྡིགས་མཛུབ་རབ་ཏུ་བརྐྱང་སྟེ་གཡས་པའི་དཔུང་པའི་རྩ་བར་གཞག་པར་བྱའོ། །གཡས་པའི་མཐེབ་ཆེན་གྱིས་མཐེའུ་ཆུང་གི་སེན་མོ་ མནན་ཏེ་སོར་མོ་ལྷག་མ་རྣམས་རབ་ཏུ་བརྐྱང་ནས་ཕྱོགས་བཅུར་བསྐོར་བར་བྱའོ། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཙཎྜ། བནྡྷ་བནྡྷ། ཤ་དི་ཤཱཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་འདི་བརྗོད་ནས་རྡོ་རྗེ་གསོར་བར་བྱ་སྟེ། ཁྲོ་བོའི་དངོས་གྲུབ་དངོས་གྲུབ་ཆེ། །དངོས་གྲུབ་རྒྱ་ཆེན་དམ་ཚིག་བསྟན། །ལྷ་རྣམས་ཀུན་ གྱི་དངོས་གྲུབ་དང་། །བླ་མེད་དངོས་གྲུབ་བདག་མྱུར་མཛོད། །ཁྲོ་བོའི་རྒྱལ་པོ་རྩ་བའི་ཕྱག་རྒྱ་བཅིངས་ནས་ཧཱུཾ་བཛྲ་ཕཊ། བལྟ་ཞིང་དམ་ཚིག་སྦྱིན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པར་བྱས་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅིངས་ནས་རྡོ་རྗེ་ཁྲོ་བོ་རང་གི་ལུས་ལ་རབ་ཏུ་ གཞུག་པར་བྱའོ། །ཨོཾ་པྲ་བི་ཤ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུཾ་ཨཱཿཛྭ་ལཱ་མཱ་ལཱ་ཀུ་ལ་བྷི་ཤ་ཎ་བཛྲ་ཨཱཿརང་གི་ལུས་ཀྱི་ནང་དུ་བསྒོམས་ཏེ་གོ་ཆ་ལ་སོགས་པ་བྱས་ནས་ཐམས་ཅད་འདིར་རྫོགས་པར་བྱ་བའི་དོན་དུ་སྙིམ་པས་ཐལ་མོ་སྦྱར་ནས་རྫོགས་པར་བྱ་བའི་སྔགས་བརྗོད་པར་བྱའོ། །ཨོཾ་སིདྡྷ་བཛྲ་ཨ་པཱུ་ར་ཡ་ ཨ་པཱུ་ར་ཡ་ཧཱུཾ་ཕཊ། འདིས་ལྷག་ཆད་ཐམས་ཅད་ཡོངས་སུ་ཁ་སྐོང་བར་འགྱུར་རོ། །དེ་ནས་ཁྲོ་བོའི་ང་རྒྱལ་བསྐྱེད་པས་དངོས་གྲུབ་ཐམས་ཅད་འགུགས་པར་བྱེད་དོ། །སྔགས་འདིས་ཕན་ཚུན་དུ་ཁུ་ཚུར་བཅིངས་ཏེ་མཐེའུ་ཆུང་གཉིས་པོ་འཁྱུད་པར་བྱའོ། །མཛུབ་མོ་རབ་ཏུ་བརྐྱང་སྟེ་བཀུག་ ནས་ཅུང་ཟད་བསྐྱོད་པར་བྱའོ། །ཨོཾ་བཛྲ་རོ་ཥ་མ་ཧཱ་ཀྲོ་དྷ་སིདྷྱཱ་ཀ་ར་ཧཱུཾ་ཛཿདེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་རྣམས་བུང་བ་ནག་པོའི་ཕྲེང་བ་མེ་འབར་བ་བཞིན་དུ་བསམ་པར་བྱའོ། །ཧཱུཾ་བཛྲ་ཕཊ། རང་གི་བ་སྤུའི་བུ་ག་ནས་ཁྲོ་བོའི་སྐུ་སྤྲོ་བ་དང་བསྡུ་བར་བྱེད་པར་བསམ་པར་བྱའོ། །དེའི་ཡི་ གེ་དང་སེམས་རྩེ་གཅིག་ཏུ་གྱུར་པས་སོ། །བཟླས་པས་ངལ་ན་ཁྲོ་བོའི་སྐུ་རང་གི་སྙིང་གའི་ནང་དུ་བསྒོམས་ཏེ། ཐལ་མོ་སྦྱར་ནས་དངོས་གྲུབ་ཐམས་ཅད་ཞུ་བར་བྱའོ། །སིདྡྷི་བཛྲ་ཨ་པཱུ་ར་ཡ་སརྦ་སཏྭཱ་ནཱཾ། ཨཱ་པཾ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཛཿ། དེ་ནས་པདྨའི་ཕྱག་རྒྱས་མཐེབ་ཆེན་ གཉིས་པོ་བསྐྱོད་པར་བྱ་ཞིང་། ལྷ་ཐམས་ཅད་གཤེགས་སུ་གསོལ་བའི་ཕྱག་རྒྱ་དང་། སྔགས་ནི་ཨོཾ་སཱ་ར་སཱ་ར། བི་ས་ར་བི་ས་ར། གཙྪ་གཙྪ། སརྦ་དེ་བ་ཏཱ་ན་ཤྲཱི་བཛྲ་དྷ་ར་ས་མཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་ནས་རང་གི་ལུས་ལ་གོ་ཆ་བྱས་ཏེ། ཁྲོ་བོའི་ང་རྒྱལ་གྱི་ཡིད་ཀྱིས་སྤྱོད་ལམ་ཅི་བདེ་བར་བྱའོ། །རིམ་ པ་འདིས་སྔགས་འབུམ་ཕྲག་གཅིག་བཟླས་པས་མྱུར་དུ་འགྲུབ་བོ། །དེ་ནས་སྔགས་པས་དབང་བསྐུར་བ་རྗེས་སུ་གནང་བ་བྱས་ཏེ། སྔོན་དུ་བསྙེན་པས་རྡོ་རྗེ་འཛིན་པ་བསྒྲུབ་པར་འདོད་པས་ཟླ་བ་གཅིག་ཏུ་ཐུན་མཚམས་གསུམ་དུ་སྟོང་ཕྲག་རེ་བཟླས་པར་བྱའོ། །དེ་ནས་བཅོ་ལྔ་ལ་ཇི་ལྟར་འབྱོར་པའི་ མཆོད་པ་བྱས་ནས། ཏིང་ངེ་འཛིན་ལ་ལེགས་པར་གནས་ཏེ། ཁྲོ་བོའི་ཕྱག་རྒྱ་བཅིངས་ནས་མཚན་མོ་རིལ་པོ་བཟླས་པ་བྱའོ། །དེ་ནས་ནང་པར་སྔ་བར་ས་གཡོ་བའི་ཕྱག་རྒྱ་འབར་ཏེ། འབར་བ་ཙམ་གྱིས་རྡོ་རྗེ་འཛིན་པ་དང་མཚུངས་པར་འགྱུར་ཏེ། རྒས་པ་དང་། འཆི་བ་མེད་པར་ལྷའི་ལུས་སུ་འགྱུར་བར་ བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ། །མདོར་བསྡུས་པ་ཡོངས་སུ་རྫོགས་ཤིང་རྒྱས་པའི་རིམ་པར་གྱུར་པ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་ཀྱི་ཆོ་ག་དམ་པ་ཐམས་ཅད་འདྲེན་པའི་འཇིག་རྟེན་གསུམ་གྱི་རྡོ་རྗེས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་མནྨ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ལྡན་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་དུ་སྔོན་དུ་གསུངས་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུཾ་ཡིག་ནག་པོ་དེ་ཡོངས་སུ་གྱུར་པ་ལས་དཔལ་ལྡན་རྗེ་བཙུན་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་ གཉིས་པ། སྐུ་མདོག་ནག་པོ། སྤྱན་གསུམ་པ་འབར་བ་ཆེན་པོ། ཕྱག་གཡས་པ་དང་གཡོན་པ་དག་གིས་གྲི་གུག་དང་ཐོད་པ་བསྣམས་པ། མགོ་བོའི་ཕྲེང་བའི་དོ་ཤལ་གྱིས་སྐུ་ལ་བརྒྱན་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། མཆེ་བ་གཙིགས་པ། འཇིགས་པར་བྱེད་པ། སྐུ་ཐམས་ཅད་ལ་ སྦྲུལ་གྱིས་བརྒྱན་པ། སྐུ་བོང་ཐུང་བ། ཞལ་ནས་ཁྲག་འཛག་པའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ནས་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དུག་དང་། ཁྲག་དང་སྒོག་པ་དང་། ཡུངས་ཀར་རྣམས་ཀྱིས་ནག་པོ་ཆེན་པོ་ལ་སྤོས་ཕུལ་ནས་སྲན་མ་ མ་ཤ་དང་། ཛམྦུ་ཏི་ག་དང་། ཆང་དང་། མེ་ཏོག་དང་། བྱུག་པ་ལྔའི་ལྕགས་ཀྱུའི་བདུད་རྩིས་ནག་པོ་ཆེན་པོ་མཆོད་པར་བྱ་སྟེ། གཏོར་མའི་སྔགས་འདིས་སོ། །ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ནོ་པ་ཧཱ་རི་ཎི། ཨེ་ཥ་པཥྩི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱིཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚ་ ཁ་ཁ། ཁཱ་ཧི་ཁཱ་ཧི་མ་ར་མ་ར་གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན། མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཚ་བ་གསུམ་གྱིས་བསྒྲུབ་བྱའི་གཟུགས་བྱས་ཏེ་ལུས་ལ་ཚེར་མས་དགང་ཞིང་དུག་དང་སྐེ་ཚེ་རྣམས་ཀྱིས་ཆོ་ག་བཞིན་དུ་བྱུགས་ནས་མེ་ལ་བསྲོ་བར་བྱའོ། །གང་གི་མིང་དང་ བཅས་པ་དེ། །དེ་བཞིན་སྐད་ཅིག་མཐོང་མི་འགྱུར། །སློབ་དཔོན་ཞེ་སྡང་རྟག་ཁྲོ་གང་། །གང་ཞིག་དཀོན་མཆོག་གསུམ་པོ་དང་། །དཔག་མེད་སེམས་ཅན་རྣམས་འཚེ་རྣམས། །ནག་པོ་ཆེན་པོས་ཟ་བར་བྱེད། །དེ་ཡི་ལུས་ཀྱི་ཤ་གཅོད་ཅིང་། །དེ་བཞིན་ཁྲག་ནི་འཐུང་བར་བྱེད། །སྤྱི་བོར་ཐིག་ལེ་ བྱས་ནས་གུས་པ་ཆེན་པོ་བྱས་ཏེ་བཟླས་པའོ། །དཔལ་ལྡན་ནག་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། ནག་པོ་ཆེན་པོའི་སྒྲུབ་ཐབས། དཔལ་ལྡན་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དང་པོར་ རེ་ཞིག་སྔགས་པས་རང་གི་ཡི་དམ་གྱི་ལྷའི་རྣལ་འབྱོར་གྱི་བདག་ཉིད་བསྐྱེད་ནས་ཡི་གེས་བྱིན་གྱིས་བརླབ་པར་བྱའོ། །དེ་ལ་རིམ་པ་འདིས་སོ། །ནམ་མཁའི་ཕྱོགས་སུ་པཾ་ཡིག་ཡོངས་སུ་གྱུར་པ་ལས་པདྨ་དེའི་སྟེང་དུ་ཨཱཿཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་དེའི་དབུས་སུ་ཧཱུཾ་ཡིག་གི་ས་བོན་ ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ། དེའི་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་བལྟས་ནས་དེའི་འོད་ཟེར་གྱིས་སྔོན་མ་བཞིན་དུ་བསྒྲུབ་ཅིང་སྐུ་མདོག་ལ་སོགས་པ་འཆད་པར་འགྱུར་བའི་ནག་པོ་ཆེན་པོ་གདན་དྲངས་ནས། ཧཱུཾ་ཡིག་ལས་བྱུང་བའི་མཆོད་པའི་ལྷ་མོ་རྣམས་ཀྱིས་ཡང་དག་པར་མཆོད་ནས། ཨོཾ་ཨཱཿཧཱུཾ་མུཿ ཞེས་པས་གཤེགས་སུ་གསོལ་ལོ། །དེ་ནས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པའི་སྔགས་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནས་པདྨ་ལ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ། དེ་ལ་ཟླ་བ་ལ་ཧཱུཾ་ཡིག་དཀར་པོ་བལྟས་ནས་དེ་ཡོངས་སུ་གྱུར་པ་ ལས་རལ་གྲི། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་གི་ས་བོན་གྱིས་བྱིན་གྱིས་བརླབས་ལ་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། ནག་པོ་ཆེན་པོ་སྐུ་མདོག་ནག་པོ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཕྱག་བཞི་པ། ཕྱག་གཡས་ན་ རལ་གྲི་དང་། མཆོག་སྦྱིན་མཛད་པ། ཕྱག་གཡོན་ན་རྩེ་གསུམ་དང་ཐོད་པ་བསྣམས་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དྲག་པོའི་འོད་ཟེར་ཅན། ལྗགས་བསྐྱོད་པ། ཞལ་མཆེ་བ་གཙིགས་པ། རྡོ་རྗེ་སེམས་དཔའི་དབུ་རྒྱན་ཅན། ཉི་མ་ལ་བཞུགས་པ། དེ་ལྟ་བུའི་ནག་པོ་ཆེན་པོར་བསྐྱེད་ ནས། སྙིང་གར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་གི་འོད་ཟེར་གྱིས་སྔོན་བཞིན་དུ་ནག་པོ་ཆེན་པོ་རབ་ཏུ་གཞུག་པར་བྱའོ། །སླར་ཡང་དེ་བཞིན་གཤེགས་པ་རྣམས་གདན་དྲངས་ཏེ། དེ་རྣམས་དང་མཱ་མ་ཀཱི་ལ་སོགས་པ་རྣམས་ཀྱི་སྐུས་དབང་བསྐུར་བར་བསམ་པར་བྱའོ། །དེའི་རྗེས་སུ་ཡེ་ཤེས་སེམས་དཔའི་ས་ བོན་གྱི་འོད་ཟེར་ལས་བྱུང་བའི་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་ཅིང་བསྟོད་པར་ཡང་བྱའོ། །བདུད་རྩི་ལྔ་ལས་གྲུབ་པའི་རིམ་པའི་ཉེར་སྤྱོད་ཀྱིས་དེ་ལ་གཏོར་མ་དབུལ་བར་བྱའོ། །དེ་ལ་དབུལ་བའི་སྔགས་ནི། ན་མཿས་མནྟ་ཀཱ་ཡ་བཱཀྩིཏྟ་བཛྲཱ་ཎཱཾ། ན་མོ་བཛྲ་ཀྲོ་དྷ་ཡ་མ་ཧཱ་དཾ་ཤྡྷོཏྐ་ཊྐ་ཊ་བྷཻ་ ར་བཱ་ཡ། ཨ་སི་མུ་ས་ལ་པ་ར་ཤཱུ་པཱ་ཤ་ཧསྟཱ་ཡ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། གརྫྫ་གརྫྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། མ་ཧཱ་ག་ཎ་པ་ཏི་ཛཱི་བི་ཏཱནྟ་ཀ་རཱ་ཡ་ཧཱུཾ། ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་ཎཱཾ། ཨོཾ་ཨཱཿཧཱུཾ། ཨོཾ་མཾ་མཾ། ཧཾ་ཧཾ། ཀཾ་ཀཾ། རཾ་རཾ། མ་ཧཱ་ཀཱ་ཡ་པིཾ་ གོརྡྷ་ཀེ་ཤ་བཪྟ་དྷེ། ཨི་མཾ་བི་ལཾ། གྲྀཧྞ་གྲྀཧྞ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ། ཨི་དཾ་ཀརྨ་ཀུ་རུ་ཀུ་རུ། ཨོཾ་ཨཱཿཧཱུཾ་ཧཱུཾ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱན། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་པ་ལ་སོགས་པ་ནི་གཏོར་མའི་སྔགས་སོ། །ཨོཾ་ཨཱཿམཾ་ཧཾ་རཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་བཟླས་པའི་སྔགས་སོ། །དཔལ་ལྡན་ནག་པོ་ཆེན་ པོའི་སྒྲུབ་ཐབས་རྫོགས་སོ།། །།ལྷ་སོ་སོའི་སྒྲུབ་པའི་ཐབས་རྒྱ་མཚོ་ཞེས་བྱ་བ་འདི་རྣམས་ནི་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ཆེན་པོར་པཎྜི་ཏ་ཆེན་པོ་གཽ་ཏམ་ཤྲཱི་ལས་བརྒྱུད་ཅིང་། པཎྜི་ཏ་ཆེན་པོ་ཀཱིརྟི་ཙནྡྲའི་ཞལ་སྔ་ནས་ཞུས་ནས། སློབ་དཔོན་ཆེན་པོ་དྷརྨ་པ་ལ་རཀྵི་ཏའི་སྐུ་སྐྱབས་དང་། དཔོན་ ཆེན་པོ་ཀུན་དགའ་གཞོན་ནུ་དང་། མ་གཅིག་པས་སྦྱིན་བདག་མཛད་པ་ལ་བརྟེན་ནས། དེ་ཤཱནྟ་རི་ཡོ་གི་གྲགས་པ་རྒྱལ་མཚན་གྱིས། བྱ་ལོ་ཟླ་བ་བཅུ་གཉིས་པའི་དཀར་པོའི་ཚེས་གསུམ་ལ་དབེན་གནས་དམ་པ་ཆུ་མིག་རྫིང་ཁར་ཡོངས་སུ་རྫོགས་པར་བསྒྱུར་རོ། །གྲུབ་པའི་བླ་མ་མཁྱེན་དང་བརྩེ་བའི་མངའ་ བདག་རྣམས་དང་ནི། །བློ་གྲོས་རྩལ་འབྱང་མཁས་མཆོག་ཀུན་གྱིས་འབད་པས་རབ་བསྒྲུབས་པའི། །རིན་ཆེན་ཀུན་གྱི་འབྱུང་གནས་སྒྲུབ་ཐབས་རྒྱ་མཚོ་ཆེན་པོ་འདིས། །འགྲོ་བ་ཀུན་གྱི་དགོས་འདོད་རེ་བ་ཡིད་བཞིན་ལེགས་པར་འགྲུབ་པར་ཤོག། ༄༅༅། །རྒྱ་གར་སྐད་དུ། ནཱ་གེ་ཤྭ་རཱ་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཐོག་མར་གནས་ཁང་ཉམས་དགའ་བར་ཁ་གདོང་དག་པར་བྱས་ནས་སྟན་བདེ་བ་ལ་འདུག་སྟེ། འབྱུང་པོ་ཐམས་ཅད་ཚིམ་པར་བྱེད་པའི་སྔགས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ལ་ཨོཾ་ཨཱཿབིགྷྣཱནྟ་ཀྲིཏ་ཧཱུཾ་ཕཊ་ཅེས་བརྗོད་པས་ཕྱོགས་བཅུའི་བགེགས་ཐམས་ཅད་བསལ་བར་བྱའོ། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་སྔོན་དུ་སོང་བས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློས་རང་གི་སྙིང་གར་ཧཱུཾ་བཻ་ཌཱུརྱའི་མདོག་ལྟ་བུ་ལས་འཕྲོས་པའི་འོད་ཀྱིས་ལུས་ཁྱབ་ནས་རང་ཉིད་དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོར་གྱུར་པར་བསམས། དེ་ནས་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས་མདུན་གྱི་ནམ་མཁའ་ལ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་དཔག་ཏུ་མེད་པ་དང་། དེ་བཞིན་གཤེགས་པ་ཀླུ་དབང་རྒྱལ་པོ་གཙོ་འཁོར་ལྔ་པ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། ཕྱག་འཚལ་བ་སྔོན་དུ་སོང་བས་དངོས་སུ་བཤམས་པའི་མཆོད་པ་རྣམས་ཀྱིས་མཆོད་ལ། ཡིད་ལས་བྱུང་བའམ། མཆོད་པའི་རིམ་པ་ནི་འདི་ཡིན་ཏེ། ཨོཾ་ བཛྲ་ཕུཥྤེ་ཨཱཿཧཱུཾ་ཞེས་བརྗོད་པས་མེ་ཏོག་ཐོགས་པའི་ལྷ་མོ་སྔོན་མོས་ནམ་མཁའ་ཁེངས་པ་དང་། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་ཞེས་བརྗོད་པས་བདུག་སྤོས་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པ་དང་། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་ཞེས་བརྗོད་པས་མར་མེ་ཐོགས་པའི་ལྷ་མོ་དམར་མོས་ནམ་ མཁའ་ཁེངས་པ་དང་། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་ཞེས་བརྗོད་པས་དྲི་མཆོག་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པ་དང་། ཨོཾ་བཛྲ་ན་བི་དྱེ་ཨཱཿཧཱུཾ་ཞེས་བརྗོད་པས་ཞལ་ཟས་ཐོགས་པའི་ལྷ་མོ་སེར་སྐྱ་མ་དཔག་ཏུ་མེད་པས་མཆོད་ལ། ཨོཾ་སརྦ་བི་ཤོ་དྷ་པཱུ་ཛ་མེ་གྷ་སྥ་ར་ཎ་ས་མུ་དྲེ་ཨཱཿཧཱུཾ་ཞེས་པའི་ སྔགས་བརྗོད་ལ། དེ་ཉིད་ལ་རིན་པོ་ཆེ་སྣ་ཚོགས་དང་། གདུགས་དང་། རྒྱལ་མཚན་དང་། དྲིལ་བུ་དང་། བ་དན་དང་། བླ་རེ་ལ་སོགས་པ་དང་། འཁོར་ལོས་སྒྱུར་བའི་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་། རྗེས་སུ་ཡི་རང་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་ བསྐུལ་བ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ་དང་། དགེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། ལམ་བསྟན་པ་རྣམས་བྱའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསྐྱེད་པར་བྱ་བའི་ཕྱིར་སྔགས་འདི་བརྗོད་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ ཤུདྡྷོ྅ཧཾ་ཞེས་བརྗོད་པས། ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་བསམས། དེ་ནས་སྟོང་པ་ཉིད་ལ་གནས་པས་སེམས་ཅན་གྱི་དོན་མི་འགྲུབ་པས་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་པཾ་ལས་པདྨ་འདབ་མ་སྟོང་དང་ལྡན་པ་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་སྟེང་དུ་ཆོས་ཐམས་ཅད་མཐའ་དང་དབུས་མེད་པར་ སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བ་ལས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བར་བསམ། དེའི་སྟེང་དུ་ཡི་གེ་ཧཱུཾ་མི་དཔོགས་རིན་པོ་ཆེའི་མདོག་ལྟ་བུ་ལས་འོད་ཟེར་འཕྲོས་པས་ཀླུ་རྣམས་དང་སེམས་ཅན་གྱི་ལས་དང་ཉོན་མོངས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་དག་ནས་ཧཱུཾ་སྐད་ཅིག་མ་གཅིག་ ལ་ཀླུའི་དབང་ཕྱུག་རྒྱལ་པོའི་སྐུར་གྱུར་པར་བསམ། དེ་ཡང་སྐུ་མདོག་མི་དཔོག་རིན་པོ་ཆེའི་མདོག་ལྟ་བུ་སྦྲུལ་མགོ་བདུན་གདེངས་པའི་རྒྱབ་ཡོལ་ཅན། ཆོས་གོས་ངུར་སྨྲིག་གསོལ་པ་དབུ་གཙུག་ཏོར་དང་ལྡན་པ། ཀླུ་ཐམས་ཅད་ཀླུའི་སྐྱེ་གནས་ལས་ཐར་བར་བྱེད་པ་དང་། སེམས་ཅན་ཐམས་ཅད་ ངན་འགྲོའི་སྐྱེ་གནས་ལས་ཐར་བར་བྱེད་པའི་ཕྱག་རྒྱ་དང་ལྡན་པ། བཞིན་འཛུམ་པ་དང་ལྡན་པར་བསམ། དེའི་མདུན་དུ་བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་སྐུ་མདོག་དཀར་པོ། རིན་པོ་ཆེའི་མྱུ་གུ་ཕྱག་གཡས་ན་བསྣམས་པ། གཡོན་ན་བུམ་པ་བསྣམས་པ། པདྨ་དང་ཟླ་བའི་གདན་ ལ་བཞུགས་པ། བཅོམ་ལྡན་འདས་ལ་བལྟ་བའོ། །གཡས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་སྐུ་མདོག་དམར་པོ་ཀླུ་ཤིང་གི་གོ་ལྕོག་མེ་ཏོག་དང་བཅས་པ་དང་རིལ་བ་སྤྱི་བླུགས་བསྣམས་པའོ། །རྒྱབ་ཏུ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་སྐུ་མདོག་གསེར་བཙོ་མའི་ཁ་ དོག་ལྟ་བུ་ཨུཏྤ་ལ་བསྣམས་པའོ། །གཡོན་དུ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་པདྨ་བསྣམས་པ། བཅོམ་ལྡན་འདས་ལ་བལྟ་བའོ། །གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། གཡོན་ཕྱོགས་སུ་དགྲ་བཅོམ་པ་དཔག་ཏུ་མེད་པ་བསམ་མོ། །འོག་གི་ ཕྱོགས་སུ་ཀླུའི་ཚོགས་དཔག་ཏུ་མེད་པ་རིན་པོ་ཆེ་ཐོགས་པ་ཐལ་མོ་སྦྱར་བ་གྱེན་དུ་ལྟ་བ་བསམ་མོ། །དེ་ནས་ཡེ་ཤེས་སེམས་དཔའ་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་མཆོད་པ་དང་། གསོལ་བ་ལེགས་པར་བཏབ་ལ། ཛཿཧཱུཾ་བཾ་ཧོཿཞེས་པའི་ཡི་གེ་བཞིས་སྤྱན་དྲངས་ལ། དགུག་པ་དང་། གཞུག་པ་དང་ བཅིང་བ་དང་། དགྱེས་པར་བྱས་ལ་སྙིང་པོ་འདི་བརྗོད་པར་བྱའོ། །ཏདྱ་ཐཱ། ཨོཾ་ཏ་ཐཱ་ག་ཏོ་བྷ་ག་བཱན་ནཱ་ག་རཱ་ཛེ་ཤྭ་ར་ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ་སྭཱ་ཧཱ། འབུམ་ཕྲག་བཅུ་གཅིག་བཟླས་པས་མཛེ་ནད་ཐམས་ཅད་དང་། མྱོང་བར་ངེས་པའི་ལས་ཐམས་ཅད་ཟད་པར་འགྱུར་རོ། །བུམ་པ་གཉིས་ལས་གཅིག་ཏུ་བཅོམ་ ལྡན་འདས་འཁོར་དང་བཅས་པའི་སྐུ་གཟུགས་དང་། རིན་པོ་ཆེ་དང་། འབྲུ་སྣ་ཚོགས་ཀྱིས་དགང་བར་བྱའོ། །གཅིག་ཏུ་ཀླུ་ནོར་རྒྱས་ཀྱི་བུ་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་གཟུགས་བཅུག་ལ་རིན་པོ་ཆེ་སྣ་ཚོགས་དང་། ཀླུ་སྨན་སྣ་ཚོགས་དང་། འབྲུ་སྣ་ཚོགས་ཀྱིས་ལེགས་པར་བཀང་ལ། པདྨ་འདབ་ མ་བརྒྱད་པའི་དཀྱིལ་འཁོར་གཉིས་ཀྱི་ཁར་བུམ་པ་གཉིས་པོ་བཞག་ལ་བ་དམར་མོ་གཉིས་ཀྱི་འོ་མས་དགང་བ་དང་། གདུགས་བརྒྱ་རྩ་བརྒྱད་དང་། ཚོན་སྣ་ལྔ་པའི་བ་དན་བརྒྱ་རྩ་བརྒྱད་དང་། ཨ་ཀ་རུ་ནག་པོའི་བདུག་སྤོས་དང་། སྤོས་དཀར་པོ་དང་། བདུག་པ་སྣ་ཚོགས་དང་། མེ་ཏོག་དང་། མར་མེ་ དང་། ལྷ་བཤོས་དང་། རོལ་མོ་སྣ་ཚོགས་པས་མཆོད་པར་བྱའོ། །ཐུན་མོང་གི་ནོར་རྫས་ལ་ལོངས་སྤྱོད་པར་འགྱུར་རོ། །ཞག་བདུན་དུ་སྙིང་པོ་རྒྱུན་མ་ཆད་པར་བཟླས་ན་དབུལ་བ་ཐམས་ཅད་དང་བྲལ་བར་འགྱུར་རོ། །སད་དང་། སེར་བ་དང་། ལྕེ་འབབ་པའི་འཇིགས་པ་ འབྱུང་བར་མི་འགྱུར་རོ། །བུམ་པ་གཉིས་པོ་ཡང་འོག་ཏུ་ཀླུའི་བུམ་པ་བཞག །སྟེང་དུ་བཅོམ་ལྡན་འདས་ཀྱི་བུམ་པ་བཞག་ནས་གནས་ཁང་གི་ཤར་ཕྱོགས་སུ་གཏེར་དུ་སྦས་ན་ཕོངས་པའི་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །ཀླུའི་གནོད་པ་ཐམས་ཅད་དང་བྲལ་བར་འགྱུར་རོ། །ཁྱིམ་དེའི་ སྐྱེས་པ་དང་། བུད་མེད་ཐམས་ཅད་དར་བར་འགྱུར་རོ། །ཆར་དབབ་པ་ནི་བླ་གབ་མེད་པའི་ས་ཕྱོགས་སུ་བྱའོ། །ཆར་བཅད་པ་ནི་བཅོམ་ལྡན་འདས་ལ་ཕུལ་བའི་མེ་ཏོག་ལ་སྦྱིན་སྲེག་བྱའོ། །སའི་གཏེར་འབྱིན་པར་འདོད་ན་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་རྨི་ལམ་ཞུ་བར་བྱའོ། །གཏོར་མ་གསུམ་ བྱས་ལ་གཅིག་ནི་བཅོམ་ལྡན་འདས་ལ་དབུལ་བར་བྱའོ། །གཉིས་པ་ནི་འཇིག་རྟེན་སྐྱོང་བ་རྣམས་ལའོ། །གསུམ་པ་ནི་ཀླུ་རྣམས་ལ་སྦྱིན་པར་བྱའོ། །དེ་ནས་རྫོགས་པའི་རིམ་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །དེ་ནས་གཤེགས་སུ་གསོལ་ལ། ཐུན་མཚམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀླུའི་དབང་ཕྱུག་རྒྱལ་པོའི་མཚན་ཉི་ཤུ་རྩ་རེ་རེ་བརྗོད་པར་བྱའོ། །དེ་བཞིན་གཤེགས་པ་ཀླུའི་དབང་ཕྱུག་རྒྱལ་པོའི་སྒྲུབ་ཐབས། སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་ དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄། །ཡིག་བརྒྱའི་ཆོ་ག་བཞུགས།། །།ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་ སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། །ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿསྭཱ་ཧཱ། ཨོཾ་ཧ་ཕཊ། སྟོང་དང་ལྷ་བསྐྱེད་སྤྱན་དྲང་དང་། །གདན་བཞིར་བྱིན་བརླབས་དབང་བསྐུར་བའོ། །ཞེས་གཞན་ནས་བཤད་དོ། །གསང་སྔགས་དང་རིག་སྔགས་ཐམས་ཅད་ ཀྱི་བདག་པོ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རིག་སྔགས་བརྒྱ་པའི་ཆོ་ག་མདོར་བསྡུས་པ་བཤད་པར་བྱའོ། །གང་ཞིག་སེམས་ཅན་དོན་མཛད་དང་། །སངས་རྒྱས་སྲས་རྣམས་ཐོབ་བྱའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ནས། །བདག་གིས་རིག་སྔགས་བསྒྲུབ་པར་བྱའོ། །སྡོམ་པ་གསུམ་ལ་ གནས་པ་དང་། །ཤེས་བཞིན་དྲན་པར་ལྡན་པ་དང་། །འཕགས་པའི་ནོར་བདུན་ལྡན་པ་དང་། །སྔགས་ཀྱི་རྒྱུད་སྡེ་བཞི་ཤེས་པས། །ཕྱག་རྒྱ་བཞི་ལྡན་སྙིང་རྗེ་ཅན། །ཐབས་ཤེས་ཡོ་བྱད་ཚོགས་པས་བསྒྲུབ། །ཤེས་རབ་ཆེ་བ། སྟོང་པ་ཉིད་ཀྱི་དོན་ཤེས་པ། གཅམ་ཕྱར་ཅན་མ་ཡིན་པ། རིག་སྔགས་བཟླས་པའི་ཚེ་སྨྲ་བ་མ་ཡིན་པ། མེའི་ལས་ལ་མཁས་པ། དེ་ལྟ་བུས་བསྒྲུབ་པར་བྱའོ། །དེ་ལྟ་བུ་ལ་སྦྱིན་པར་བྱའོ། །གཞན་ལ་ནི་མ་ཡིན་ནོ། །དེ་ལ་ཆོ་ག་འདིའི་ཐབས་ནི། དེ་ལ་བུམ་པ་ཤིན་ཏུ་དཀར་བ། གཙང་བ། ཆོ་ག་ཐམས་ཅད་ཚོགས་པ་བའི་རྣམ་ལྔའི་དཀྱིལ་འཁོར་ ཤིན་ཏུ་གཙང་བ་དྲིའི་ཐིག་ལེ་ཉེར་གཅིག་ག་