Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 16 / 23 (50.000 ký tự/trang)
བུ་བརྒྱན་པ། རང་གི་སྙིང་གའི་ས་བོན་ལས་སྐད་ ཅིག་གིས་བསྐྱེད་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཁུ་ཚུར་བྱས་ནས། གུང་མོའི་ཚིགས་གསུམ་པ་བཅག་པ་ནི་ནོར་རྒྱུན་མའི་ཕྱག་རྒྱའོ། །དེ་ནས་ཨོཾ་བ་སུ་དྷཱ་རཱ་རཏྣ་ནི་དྷཱ་ན་ཀྵེ་ཏྲེ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། །ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་རཱི་ཎི་ཨུ་པ་དེ་ཤཿ། བོད་སྐད་དུ། ནོར་རྒྱུན་མའི་གཟུངས་ཀྱི་མན་ངག །འཕགས་མ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །ནོར་རྒྱུན་མའི་བྲིས་སྐུའམ། སྐུ་གཟུགས་བཀྲམ་ནས་མདུན་དུ་ཙནྡན་གྱི་མཎྜལ་གྲུ་བཞི་པ་བྱས་ནས། དེ་ནས་བཅོམ་ ལྡན་འདས་མ་བསྐྱེད་ནས་མཆོད་ཅིང་ལག་པ་ཙནྡན་གྱིས་བྱུགས་ཏེ། ནོར་རྒྱུན་མའི་གཟུངས་ཀྱི་པོ་ཏི་སྐུད་པས་བཅིངས་ནས་མེ་ཏོག་ཕྲེང་བ་དཔྱངས་ཏེ་མདུན་དུ་ཆུའི་སྣོད་བཞག་ནས་ནང་དུ་བཅུག་སྟེ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་ཀྱིས་དམིགས་ནས། དངོས་གྲུབ་མངོན་པར་ འདོད་པས་སྙིང་གར་བཟུང་སྟེ། ནོར་རྒྱུན་མའི་གཟུངས་བཀླག་པར་བྱའོ། །ཀློག་པ་ཡང་སྭཱ་ཧཱ་དང་ལྡན་པས་སྔགས་རྣམས་ཀྱི་སྭཱ་ཧཱ་ཞེས་པའི་སྒྲ་བརྗོད་པ་ན་མེ་ཏོག་དཀར་པོ་དཱུར་བ་དང་བཅས་ཏེ་ཀ་ར་དང་འབྲས་དང་ཆུའི་སྣོད་དུ་དབུལ་བར་བྱའོ། །གོས་དང་ས་ཕྱོགས་གཙང་མར་ཇི་སྲིད་ཟླ་བ་ དྲུག་བཀླག་ཅིང་ཆུའི་ནང་དུ་གཤེགས་པར་བྱའོ། །ནོར་རྒྱུན་མའི་གཟུངས་ཀྱི་མན་ངག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་སྔ་བར་ལངས་ནས་ ཞལ་བསང་བ་ལ་སོགས་པ་བྱས་ནས་དམ་ཚིག་གི་རི་ལུ་ཞལ་དུ་བཅུག་སྟེ། རིའི་ཕུག་ལ་སོགས་པ་ཡིད་དུ་འོང་བའི་གནས་སུ་སྣ་ཚོགས་རྡོ་རྗེའི་སྟན་ལ་འདུག་ནས་ཨཱ་ལི་དང་ཀཱ་ལི་དབྱངས་ལན་གསུམ་བརྗོད་པས་བདག་ཉིད་རྡོ་རྗེ་ཕག་མོར་གྱུར་ནས་དེའི་རྣམ་པ་ཅན་དུ་འགྲོ་བ་ཐམས་ཅད་ ངེས་པར་བྱས་ཏེ། རང་གི་སྙིང་གར་ཆུ་སྐྱེས་དང་ཉི་མ་ལ་བཾ་ཡིག་དམར་པོ་བལྟས་ནས་དེ་ལས་བྱུང་བའི་འོད་ཟེར་དམར་པོ་བསྐལ་པའི་མེ་ལྟ་བུའི་ཤིན་ཏུ་མི་བཟད་པ་འོག་མིན་གྱི་གནས་སུ་སོང་ནས་རྡོ་རྗེ་ཕག་མོ་འཆད་པར་འགྱུར་བའི་སྐུ་མདོག་དང་ཕྱག་མཚན་དང་ལྡན་པ་དང་། བླ་མ་དང་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ནས་བཞུགས་ཏེ། སྙིང་ག་ནས་ཕྱུང་བའི་འོད་ཟེར་གྱི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། དེའི་མདུན་དུ་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དགེ་བ་ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ནས་ཚད་མེད་པའི་གནས་བཞི་རྣམ་པར་བསྒོམས་ཏེ། དེ་ནས་ཆོས་ཐམས་ཅད་རྡོ་རྗེའི་རང་བཞིན་གྱི་སྟོང་པ་ཉིད་དུ་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭབྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པའི་སྔགས་ཀྱི་དོན་མངོན་དུ་ བྱས་ནས་སྐད་ཅིག་གིས་མི་གནས་པའི་སྐུར་བསམ་པར་བྱའོ། །སྔོན་གྱི་སྨོན་ལམ་གྱི་དབང་གིས་ཏིང་ངེ་འཛིན་ལས་རྣམ་པར་བཞེངས་ནས་ནམ་མཁའ་ལ་ཡྃ་རྃ་བྃ་ལྃ་ཡོངས་སུ་གྱུར་པ་ལས་གཞུའི་དབྱིབས་དང་ཟུར་གསུམ་དང་ཟླུམ་པོ་དང་གྲུ་བཞི་རྣམས་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་ པོ་རྣམས་ཏེ་འབྱུང་བ་ཆེན་པོ་བཞིའི་དཀྱིལ་འཁོར་རྣམས་སྟེང་ནས་སྟེང་དུ་བལྟ་བར་བྱའོ། །དེའི་སྟེང་དུ་སུཾ་ཡིག་ལས་བྱུང་བའི་རི་རབ་གྲུ་བཞི་པ་རིན་པོ་ཆེ་བཞིའི་རང་བཞིན་ཅན་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པ་རྣམ་པར་བསམས་ནས། དེའི་སྟེང་དུ་ཨོཾ་མེ་དི་ནཱི་བཛྲཱི་ བྷ་བ་བཛྲ་བནྡྷ་ཧཱུྃ། ཨོཾ་བཛྲ་པྲཱ་ཀཱ་རཱ་ཧཱུྃ་བཾ་ཧཱུྃ། ཨོཾ་བཛྲ་པཾ་ཛ་ར་ཧཱུྃ་ཡྃ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོཾ་ཤ་ར་ཛཱ་ལ་ཏྲཱྃ་ཤྃ་ཏྲཱྃ། ཨོཾ་བཛྲ་ཛྭ་ལཱ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། སྔགས་འདི་རྣམས་ཀྱིས་རྡོ་རྗེའི་ས་གཞི་ལ་སོགས་པའི་རིམ་པ་དྲུག་གོ། །བསྒྲུབས་ནས་དེའི་ནང་དུ་གྲུ་བཞི་ལ་སོགས་པའི་མཚན་ ཉིད་ཐམས་ཅད་དང་ལྡན་པའི་གཞལ་ཡས་ཁང་རྣམ་པར་བསམས་ནས་དེའི་དབུས་སུ་པྃ་ཡིག་དམར་པོ་ལས་སྐྱེས་པའི་པདྨ་འདབ་མ་བརྒྱད་པའོ། །དེའི་ཟེའུ་འབྲུ་ལ་ཨཱ་ལི་ཀཱ་ལི་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བ་འོད་དམར་པོ་རྡོ་རྗེའི་ནང་དུ་སོང་བ་ལས་བྃ་ཡིག་ དམར་པོའི་རང་བཞིན་འོད་རབ་ཏུ་གསལ་བར་བལྟ་བར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སེ་འབྲུའི་མེ་ཏོག་ལྟ་བུ་ཕྱག་གཉིས་པ། ཕྱག་གཡས་པ་རྡོ་རྗེའི་སྡིགས་མཛུབ་མཛད་པ། གཡོན་ན་ཐོད་པ་དང་ཁཊྭཱྃ་ག་བསྣམས་པ་ཞལ་ གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱག་རྒྱ་དྲུག་གིས་བརྒྱན་པ། ཕྱོགས་ཀྱི་གོས་ཅན་ཡེ་ཤེས་ལྔའི་བདག་ཉིད་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཅན། ཞབས་གཡས་བརྐྱང་བས་འཇིགས་བྱེད་དང་དུས་མཚན་མནན་པ། མགོ་བོ་རློན་པའི་ཕྲེང་བས་སྐུ་ལ་བརྒྱན་ པ། ཁྲག་འཛག་བཞིན་པ་འཐུང་བ་བསྒོམ་པར་བྱའོ། །དེ་ནས་ཤར་ལ་སོགས་པའི་འདབ་མ་བཞི་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཡོན་སྐོར་དུ་མཁའ་འགྲོ་མ་དང་། ལཱ་མ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ནག་མོ་དང་། ལྗང་གུ་དང་། དམར་མོ་དང་། དཀར་མོ་ རྣམས་ཏེ་དེ་རྣམས་ཞལ་གཅིག་པ། ཕྱག་བཞི་པའོ། །ཕྱག་གཡོན་ན་ཁ་ཊྭཱྃ་ག་དང་ཐོད་པ་བསྣམས་པ། གཡས་ན་ཌ་མ་རུ་དང་གྲི་གུག་བསྣམས་པ། སྤྱན་གསུམ་པ། དབུ་སྐྲ་གྲོལ་བ། གཅེར་བུ་ཞབས་གཡས་བརྐྱང་གིས་བཞུགས་པ། ཕྱག་རྒྱ་ལྔས་ རྣམ་པར་བརྒྱན་པར་བསྒོམ་པར་བྱའོ། །མཚམས་ཀྱི་འདབ་མ་བཞི་རྣམས་ལ་བྱང་ཆུབ་ཀྱི་སེམས་ལ་སོགས་པས་གང་བའི་ཐོད་པ་རྣམས་བསྒོམ་པར་བྱའོ། །དེའི་རྗེས་ལ་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ནས་བཅོམ་ལྡན་འདས་མའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿཡིག་གིས་ སྤྱན་དྲངས་ནས། ཧཱུཾ་ཡིག་གིས་རང་དམ་ཚིག་གི་འཁོར་ལོ་ཆུ་ལ་ཆུ་བཞིན་དུ་གཞུག་པར་བྱའོ། །བྃ་ཡིག་གིས་བཅིངས་ནས་ཧོཿཡིག་གིས་མཉེས་པར་བྱའོ། །དེ་ནས་ཨོཾ་བྃ་བྷྲཱུྃ་ཧཱུཾ་ཁྃ་ཨཱཿཧཱུཾ་ཧ། ཞེས་པའི་ཡི་གེ་རྣམས་ཀྱིས་སྐྱེ་མཆེད་རྣམས་སྦྱང་བར་བྱའོ། །ལྷ་མོ་དྲུག་གི་དག་པ་ དང་། །སྔགས་ཀྱི་རྐང་པ་རྣམས་ཀྱིས་བཅོམ་ལྡན་འདས་མའི་གོ་ཆར་བྱའོ། །ཨོཾ་བྃ་ལྟེ་བ་ལའོ། །ཧྃ་ཡྃ་ཐུགས་ཀའོ། །ཧྲཱིཾ་མྃ་ཞལ་ལོ། །ཧྲཱེཾ་ཧྲཱིྃ་དབུ་ལའོ། །ཧཱུཾ་ཧཱུཾ་སྤྱི་བོ་ལའོ། །ཕཊ་ཕཊ་སྐུ་ཐམས་ཅད་ལ་ན་བཟར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྐུ་གསུང་ཐུགས་ རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་ཨོཾ་ཨཱཿཧཱུཾ་ཞེས་པ་རྣམ་པར་དགོད་དོ། །བསྒོམས་པས་ངལ་ན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ། །ཐུན་མཚམས་གསུམ་དུ་གཏོར་མ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་མ་བསྒོམ་པར་བྱའོ། ། སྤྱོད་ལམ་ཐམས་ཅད་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་མའི་སྐུ་གཟུགས་ཀྱིས་གནས་པར་བྱའོ་ཞེས་སོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་བ་དྷཱུ་ཏཱི་པ་དཔལ་ལྡན་གཉིས་མེད་རྡོ་རྗེའི་ཞབས་ཀྱིས་མཛད་པའོ།། །། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་ལོ་ཀ་སཱ་དྷ་ནཾ་བི་དྷིཿ། བོད་སྐད་དུ། ཤེས་རབ་ཀྱི་སྣང་བ་སྒྲུབ་པའི་ཆོ་ག །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །བློ་ངན་བསྲེག་མཁས་སྨྲ་བ་ངན་པའི་ཕྱོགས་འཇིག་ཅིང་། །དུག་འཇོམས་སྐྱེ་བོའི་ཚོགས་རྣམས་ཐར་ལ་བདེ་བར་སྐྱོང་། །རབ་ཞི་བདེ་ བ་འཕེལ་མཛད་རྡོ་རྗེ་ཕག་མོ་ལ། །ཀཾ་ཀས་བྱིན་ནི་ཕྱག་འཚལ་ལྷ་མོའི་ཚོགས་པ་བྲི། །དེ་ལ་མཚན་མོ་ནམ་ཕྱེད་ཀྱི་ཐུན་གྱི་ལྷག་མ་ལ་ཆོ་ག་བཞིན་དུ་ལངས་ནས་དུར་ཁྲོད་ལ་སོགས་པ་ཡིད་དང་མཐུན་པའི་གནས་འགའ་ཞིག་ཏུ་ཙནྡན་བཟང་པོ་ལ་སོགས་པས་བྱུགས་ཏེ་མེ་ཏོག་སྣ་ ཚོགས་པས་གཅལ་དུ་བཀྲམ་པས་ཉེ་བར་མཛེས་པ་ལ། མངོན་སུམ་དུ་རོའི་གདན་ནམ། ཡང་ན་ཇི་ལྟ་བའི་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བྱམས་པ་ལ་སོགས་པ་བསྒོམ་པ་སྔོན་དུ་འགྲོ་བས་རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿཡིག་ དཀར་པོ་ལས་སྐྱེས་པའི་འོད་ཟེར་གྱི་དྲ་བས་རབ་ཏུ་གསལ་བར་མཛད་ནས། རྡོ་རྗེ་ཕག་མོ་ལ་སོགས་པའི་བླ་མ་དང་རྣལ་འབྱོར་མ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་དེ་བཞིན་གཤེགས་པ་རྣམས་ཇི་ལྟ་བ་བཞིན་དུ་མདུན་དུ་མངོན་སུམ་དུ་ཡང་དག་པར་བལྟས་ནས་སྙིང་གའི་ས་ བོན་ལས་བྱུང་བའི་རབ་ཏུ་གཏུམ་མོ་དང་། དྲག་མིག་མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་དང་། དཔའ་བོའི་བློ་གྲོས་མ་དང་། མིའུ་ཐུང་མ་དང་། ལངྐའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་དང་། ས་སྲུང་མ་དང་། འཇིགས་བྱེད་ ཆེན་མོ་དང་། རླུང་ཤུགས་མ་དང་། ཆང་འཐུང་མ་དང་། ལྷ་མོ་སྔོ་བསངས་མ་དང་། ཤིན་ཏུ་བཟང་མོ་དང་། རྟ་རྣ་མ་དང་། བྱ་གདོང་མ་སྟེ་གསུང་གི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་དང་། འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་དང་། ཆང་འཚོང་མ་དང་། འཁོར་ལོའི་གོ་ ཆ་མ་དང་། ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མ་དང་། འཁོར་ལོས་སྒྱུར་མ་དང་། བརྩོན་འགྲུས་ཆེན་མོ་སྟེ། སྐུའི་འཁོར་ལོའི་ལྷ་མོ་བརྒྱད་པོ་རྣམས་ཏེ། ནག་པོ་དང་དམར་པོ་དང་དཀར་པོའི་ཁ་དོག་རྣམས་སོ། །མི་བསྐྱོད་པ་དང་། འོད་དཔག་མེད་དང་རྣམ་པར་སྣང་མཛད་རྣམས་ཀྱིས་ དབུ་བརྒྱན་པ་ཟླ་བའི་གདན་ལ་བཞུགས་པ། སྤྱན་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། རྡོ་རྗེ་དང་། པདྨ་དང་། འཁོར་ལོ་དང་ཐོད་པའི་ཕྲེང་བ་དང་། ཟུར་ཕུད་གསུམ་གྱིས་དབུ་བརྒྱན་པ། གྲི་གུག་དང་ཐོད་པ་དང་ཁ་ཊྭཱཾ་ག་དང་། ལག་པའི་འདབ་མས་མཆོད་པ་ཐོགས་པ་རྣམས་ཀྱིས་ མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། ཕྱིན་ཆད་མི་བྱེད་པའི་སྡོམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་བརྟེན་པ་དང་། བདག་ ཉིད་དབུལ་བ་དང་། བསྐུལ་མ་འདེབས་པ་དང་། གསོལ་བ་འདེབས་པ་རྣམས་ཆོ་ག་བཞིན་དུ་བསྒྲུབས་ནས་བསོད་ནམས་ཡོངས་སུ་བསྔོ་བར་བྱའོ། །སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒྲུབས་ལ་སྤྱི་བོར་ཐལ་མོ་ཡང་དག་པར་སྦྱར་ནས་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས་དེ་བཞིན་ གཤེགས་པ་རྣམས་ལ་བསྐུལ་མ་གདབ་པར་བྱའོ། །དེ་ལ་ཚིགས་སུ་བཅད་པ་འདིའོ། །ཨོཾ་དེ་བཞིན་གཤེགས་པ་ཀུན་གྱི་སྔགས། །སེམས་ཅན་ཀུན་གྱི་དངོས་གྲུབ་ཀུན། །ཕུན་སུམ་ཚོགས་པ་ཀུན་འབྱུང་བར། །དེ་བཞིན་གཤེགས་རྣམས་བཞུགས་སུ་གསོལ། །ཨོཾ་སྭ་ བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་སོ། །དེའི་རྗེས་ལ་མཆོད་པར་བྱ་བ་དང་། མཆོད་པ་དང་མཆོད་པར་བྱེད་པ་པོའི་ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པས་རྨི་ལམ་གྱི་རྐྱེན་བཞིན་དུ་བདག་ཉིད་སོ་སོར་རིག་པས་ལྷག་པར་ གྲོལ་བར་བྱའོ། །སྙིང་གའི་སྔགས་ཀྱི་འོད་ཟེར་གྱི་དྲ་བས་རང་བཞིན་མེད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་ང་རྒྱལ་བྱའོ། །དེ་ནས་རང་གི་སེམས་པཾ་ཡིག་དམར་པོའི་ཚུལ་གྱིས་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའི་སྟེང་དུ་ཨཾ་ཡིག་ལས་སྐྱེས་པའི་ཉི་ མའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་དཀར་པོ་ལས་ཉི་མ་དང་། ཟླ་བ་ལ་གནས་པའི་ཧྲཱིཿདཀར་པོས་བྱིན་གྱིས་བརླབས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ་བསྒོམ་པར་བྱའོ། །སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་ཞིང་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་བཅུ་དྲུག་གི་རྣམ་པ་སྟོན་ཀའི་ཟླ་ བ་ལྟར་དཀར་བ་ལ་སྤྱན་གསུམ་དམར་ཞིང་ཟླུམ་པ། ཅུང་ཟད་མཆེ་བ་གཙིགས་པའི་ཞལ་མངའ་བ། སྣ་ཚོགས་པའི་མེ་ཏོག་གིས་རྣམ་པར་མཛེས་པ། དབུ་སྐྲ་གྲོལ་བ་ཕྱེད་བཅིངས་བས་རྣམ་པར་མཛེས་པ། རྡོ་རྗེ་ནག་པོའི་ཕྲེང་བ་གཉིས་ཀྱི་དབུས་སུ་ཐོད་པའི་ཕྲེང་བ་དང་ཟུར་ཕུད་གསུམ་བཅིངས་ པ། འཁོར་ལོ་དང་རྣ་རྒྱན་དང་མགུལ་རྒྱན་དང་ལག་གདུབ་དང་སྐ་རགས་ཀྱིས་བརྒྱན་པ། འགྱིང་བཞིན་པའི་བ་དན་གསུམ་འབར་བ། ཕྱག་གཡས་ཀྱི་འདབ་མ་ན་གནས་པ། སྔོན་དུ་གསུངས་པའི་རྡོ་རྗེས་སྐྱེས་བུའི་མི་ཤེས་པའི་འཇིགས་པ་རྣམ་པར་འཇོམས་པ། ཕྱག་གཡོན་པ་ན་དབྱུག་ པ་དཀར་པོ་སྟེང་གི་རྩེ་མོ་ན་རྡོ་རྗེ་རྩེ་མོ་ལྔ་པ། འོག་ཏུ་མི་མགོ་སྐམ་པོ་དང་མགོ་བོ་རློན་པ་དང་སྣ་ཚོགས་རྡོ་རྗེ་གསེར་གྱི་བུམ་པའི་རྩ་བ་ལས་བྱུང་བ་སྒྲ་དང་བཅས་པའི་དྲིལ་བུ་གཡེར་ཀ་ཕྲ་མོས་བརྒྱན་པ་བ་དན་སྣ་ཚོགས་པས་རྣམ་པར་མཛེས་པའི་དབྱུག་པ་དཔུང་པ་ལ་རེག་པའི་ ཁ་ཊྭཱཾ་ག་དང་བདུད་བཞིའི་ཁྲག་གིས་གང་བའི་པདྨའི་སྣོད་བསྣམས་པ། ཁྲག་འཛག་བཞིན་པའི་མགོ་བོ་རློན་པ་ལྔ་བཅུའི་ཕྲེང་བ་མགུལ་དུ་འཕྱང་བ། པདྨ་དམར་པོའི་སྟེང་དུ་ཉི་མ་ལ་གནས་པའི་ཤེས་པ་མེད་པའི་སྐྱེས་བུ་ཞབས་གཡས་བརྐྱང་གིས་བཞུགས་པ། གཅེར་བུ་རབ་ཏུ་ གཏུམ་པ་ཉི་མའི་འོད་ལྟ་བུ་རབ་ཏུ་འཕྲོ་བའི་བ་སྤུའི་ཕྲེང་བ་ཅན། གཟུགས་བརྙན་དང་མཚུངས་པ། སྒེག་པ་ལ་སོགས་པའི་ཉམས་དགུ་དང་ལྡན་པ། སྤྲུལ་པ་སྣ་ཚོགས་པས་ཕྱོགས་བཅུར་འགྲོ་བའི་དོན་མཛད་པ། གཞན་ཉི་མ་ལ་གནས་པའི་ཧྲཱིཿཡིག་གིས་བྱིན་གྱིས་བརླབས་པ། ཉི་མ་ལ་ གནས་པའི་རྡོ་རྗེ་སྙིང་པོ་ལ་བདག་ཉིད་རྡོ་རྗེ་ཕག་མོར་བསྒོམ་པར་བྱའོ། །དེ་ལས་སྙིང་གའི་ས་བོན་གྱི་འོད་ཀྱི་དྲ་བས་སེམས་ཅན་ཐམས་ཅད་དེའི་གཟུགས་སུ་གྱུར་པར་བསྐྱེད་ནས་བདག་ལ་རབ་ཏུ་ཞུགས་ཏེ། བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོའོ་ཞེས་པའི་ང་རྒྱལ་བསྐྱེད་ པར་བྱའོ། །དེའི་རྗེས་ལ་རང་གི་ལྟེ་བར་སྣ་ཚོགས་པདྨ་ལ་ཉི་མ་དཀར་དམར་ལ་ཧྲཱིཿཡིག་དཀར་པོར་བལྟས་ལ། དེ་ལ་སྔགས་ནི་ཕྲེང་བའི་རྣམ་པ་དཀར་པོ་འཁོར་ལོ་འཁོར་བཞིན་པ་བཞིན་དུ་སྦྱོར་བས་ཞལ་གྱི་སྒོ་ནས་འཐོན་ཏེ། སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་དང་། ནོར་བུ་དང་། སྔགས་ དང་། སྨན་དང་། ཟླ་བ་དང་། སྐར་མ་དང་། རི་མོ་དང་། བསྟན་བཅོས་དང་། སྒྱུ་རྩལ་ལ་སོགས་པའི་མཐུ་རྣམས་བཀུག་ནས་ལྟེ་བའི་བུ་ག་ནས་རབ་ཏུ་ཞུགས་ཏེ། རང་དང་གཞན་གྱི་མི་ཤེས་པ་ཐམས་ཅད་བསྲེག་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡང་ དག་པར་བསྐུལ་ནས་ནམ་མཁའ་ལ་བཞུགས་པའི་ཡེ་ཤེས་པའི་ལྷ་མོ་མདུན་དུ་བལྟས་ནས། སྔོན་དུ་གསུངས་པའི་ལྷ་མོའི་ཚོགས་རྣམས་ཀྱིས་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ནས་ཕཻཾ་ཡིག་གི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་འབར་བའི་ཕྱག་རྒྱ་དཔྲལ་བར་བཅིངས་ཏེ། གཡོན་དུ་འཁོར་བཞིན་པས་སྤྱན་དྲང་བར་བྱའོ། །དེ་དག་གཅིག་ཏུ་གྱུར་པས་བསྒོམ་ཞིང་སྔགས་ཀྱིས་ང་རྒྱལ་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། དེ་ལ་དེའི་ས་བོན་གྱིས་ཡང་དག་པར་བསྐུལ་ནས་ནམ་མཁའ་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་ གཤེགས་པ་རྣམས་གདན་དྲངས་ཏེ། དེ་རྣམས་ཀྱིས་བདུད་རྩི་ལྔར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བུམ་པ་རྣམས་དང་། དེར་སྤྲུལ་པ་སྣ་ཚོགས་པའི་རོལ་མོ་དང་རྔ་དང་དུང་དང་རྫ་རྔ་དང་འཁར་རྔ་དང་པི་ཝང་དང་གླིང་བུ་དང་གླུ་དབྱངས་རྣམས་དང་། ལྷ་དང་ལྷ་མ་ཡིན་རྣམས་ ཀྱང་ཅ་ཅོའི་དཔུང་གཉེན་རྣམས་དང་། གུར་གུམ་དང་ག་བུར་དང་གླ་རྩི་དང་དྲི་བཟངས་མེ་ཏོག་གི་ཆར་འབབ་པ་དང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ཀྱང་ཁྲུས་བྱའོ། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་ པས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཞེས་པ་འདིས་བྱིན་གྱིས་བརླབ་ཅིང་སྣ་ཚོགས་པདྨ་དང་ཉི་མ་ལ་བཞུགས་པའི་མི་བསྐྱོད་པ་དབུ་ལ་བཞུགས་པར་བསམ་པར་བྱའོ། །དེ་ནས་དེའི་སྤྲུལ་པ་རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དེ་ ལ་སྤྲུལ་པ་རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་མངོན་པར་མཆོད་ནས་འཆད་པར་འགྱུར་བའི་རིམ་པས་བདུད་རྩི་མྱང་བ་ལ་སོགས་པ་བྱས་ནས་ཇི་སྲིད་འདོད་ཀྱི་བར་དུ་བསམ་གཏན་བྱས་ནས་སྤྲོ་བ་དང་བསྡུ་བ་ལ་སོགས་པ་སྔོན་དུ་འགྲོ་བས་མྱུར་བ་ལ་སོགས་པའི་ཉེས་པ་དང་བྲལ་བས་སྔགས་ བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཧྲཱིཿགང་གི་ཚེ་ལྡང་བར་འདོད་ན་དེའི་སྔགས་ཀྱི་ཕྲེང་བ་ལྟེ་བ་ལ་གནས་པའི་ཧྲཱིཿཡིག་ལ་བསྒོམ་པར་བྱའོ། །མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྨོན་ལམ་བཏབ་སྟེ་ཡོངས་སུ་བསྔོ་བ་བྱས་ནས་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་དེ་ལྷ་མོའི་ང་ རྒྱལ་གྱིས་བྱ་བ་བྱའོ། །ཆོས་ཐམས་ཅད་ཀྱང་དེ་ལ་གཉིས་སུ་མེད་པར་བལྟ་ཞིང་སྤྱོད་ལམ་ཅི་བདེ་བར་བྱའོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ལྟ་སྟེ། ཨོཾ་ཨཱཿ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ་སུ་ཏོ་ཥྱོ་མེ་བྷ་བ་སུ་པོ་ཥྱོ་མེ་བྷ་བ་ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིཾ་མེ་ པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཞེས་སོ། །ཐུན་མཚམས་རྣམས་སུ་ཡང་སྐད་ཅིག་གིས་ལྷ་མོའི་རྣམ་པ་མངོན་དུ་བྱས་ཏེ་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཇི་སྲིད་འདོད་ཀྱི་ བར་དུ་བསྒོམས་ཏེ་སྔོན་བཞིན་དུ་སྔགས་བཟླས་ནས་སྔོན་མ་བཞིན་དུ་ཐམས་ཅད་བྱའོ། །མཚན་ཕྱེད་ཀྱི་ཐུན་མཚམས་སུ་ཡང་ཐམས་ཅད་བྱས་ནས་ཉལ་བའི་དུས་སུ་སྤྱི་བོར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པར་བལྟས་ནས་ཡང་དག་པར་མཆོད་པར་ བྱའོ། །ཡན་ལག་བརྒྱད་ཀྱིས་ཕྱག་བྱས་ཏེ་ཉལ་བ་ན་སེང་གེའི་ཉལ་སྟབས་ཀྱིས་ཉལ་བར་བྱའོ། །དེ་ནས་སྔ་དྲོའི་ཐུན་ལ་ལྷ་མོས་གཉིད་རབ་ཏུ་བསླང་ནས་སྔོན་བཞིན་དུ་ཐམས་ཅད་བྱའོ་ཞེས་སོ། །ཡང་ན་གང་ཞིག་རིམ་པ་འདིས་ས་ཕྱོགས་འགའ་ཞིག་ཏུ་རོའི་གདན་ལ་སྐྱིལ་ཀྲུང་གིས་ སྟན་བདེ་བ་ལ་ཉེ་བར་འདུག་སྟེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེས་དམིགས་ནས། སྡིག་པ་བཤགས་པ་ནས་བརྩམས་ཏེ་ཇི་སྲིད་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བར་དུ་སྔོན་དུ་འགྲོ་བས་ཨཱཿཡིག་ཡོངས་སུ་གྱུར་པ་ལས་རང་གི་ལྕེ་པདྨའི་རྣམ་པ་ལ་ཧྲཱིཿཡིག་འབར་ཞིང་འོད་གསལ་བ་ཇི་ སྲིད་འདོད་པར་བསྒོམས་ཤིང་བརྟན་པར་བྱས་ནས་བརྒྱ་ཕྱེད་ཀྱི་ཕྲེང་བའི་རྡོག་པོ་སྲད་བུ་ལ་བརྒྱུས་ནས་ཐུན་གསུམ་མམ་ཐུན་བཞིར་རྣལ་འབྱོར་པས་བཟླས་པར་བྱའོ། །གཉིད་ལོག་པ་ན་སྔོན་གྱི་ཆོ་ག་བཞིན་དུ་ཉལ་བར་བྱའོ། །དེ་བཞིན་དུ་བཟླས་པ་དང་བསྒོམ་པ་ཆོ་ག་བཞིན་དུ་རྗེས་སུ་གནང་བས་འཇིག་རྟེན་ པའི་ཆོས་བརྒྱད་ལས་ངེས་པར་གྲོལ་ནས་དད་པ་དང་དམ་ཚིག་དང་སྡོམ་པ་ལ་གནས་ཤིང་བརྩེ་བ་དང་ལྡན་པས་དགེ་བའི་བཤེས་གཉེན་ལ་གུས་པར་བྱས་ནས། དེའི་ཕྱི་ནས་རྣལ་འབྱོར་པས་འབུམ་ཕྲག་བདུན་བཟླས་པས་བསྟན་བཅོས་དང་སྒྱུ་རྩལ་གྱི་ཆོས་ཐམས་ཅད་ལ་རང་གིས་མངོན་པར་ཤེས་པར་ འགྱུར་རོ། །ཤེས་རབ་དང་ལྡན་པ་དང་དཔའ་བ་དང་། འཇིགས་པ་མེད་པ་དང་། འཁོར་གྱིས་ཟིལ་གྱིས་མི་ནོན་པར་འགྱུར་རོ། །རྒོལ་བ་པོར་ཡང་འགྱུར་རོ། །རིམས་དང་ངན་ཐབས་དང་། དུག་དང་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་བར་དུ་གཅོད་པར་མི་འགྱུར་རོ། །གང་ཟོས་པ་དེ་ཐམས་ ཅད་ཀྱང་བདུད་རྩིར་འགྱུར་རོ། །འདིའི་སྔགས་བཟླས་པས་དངོས་གྲུབ་ཏུ་འགྱུར་རོ། །འདིའི་སྔགས་ཀྱིས་ཐོད་ལེ་ཀོར་ལ་མངོན་པར་བསྔགས་ནས་གང་གི་ལག་ཏུ་བྱིན་ན་བླུན་པོ་ཡང་སྙན་ངག་མཁན་དུ་འགྱུར་རོ། །དེའི་དྲི་ཙམ་གྱིས་ཀྱང་སྦྲུལ་ལ་སོགས་པ་རྣམས་ཉེ་ནུས་པ་མ་ཡིན་ནོ། །འདི་རྣམས་ ཀྱི་བར་དུ་གཅོད་པས་བར་ཆད་བྱེད་པ་རྣམས་དང་གཞན་རྣམས་ཀྱི་ཡང་ཐམས་ཅད་ལ་ཕན་པར་བྱེད་ནུས་པར་འགྱུར་རོ། །བདག་གིས་མང་པོ་སྨོས་པས་ཅི་ཞིག་བྱ་སྟེ། བེམས་པོའི་བློ་ཡང་བསྟན་བཅོས་ལ་ཉོན་མོངས་པར་བྱ་མི་དགོས་ཏེ། མི་གཡོ་བའི་སེམས་ཀྱིས་སོ། །སྔགས་འདི་ འབུམ་ཕྲག་གཉིས་བཟླས་ན་འདིས་ཤེས་རབ་ཀྱི་སྣང་བ་སྒྲུབ་པར་བྱེད་དོ། །འདིར་ཡང་གང་ཞིག་རྣམས་ཀྱིས་སེམས་བརྟན་པར་གྱུར་པས་ཡོན་ཏན་མཐའ་ཡས་པ་གསུངས་པ་དང་ལྡན་པར་འགྱུར་རོ། །དེ་རྣམས་ཀྱིས་ཤིན་ཏུ་མཆོག་གི་དངོས་གྲུབ་ཏུ་འགྱུར་རོ་ཞེས་སོ། །ཤེས་རབ་ཀྱི་སྣང་བ་སྒྲུབ་ པའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧྱཱ་བ་ཤྱ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་ཕག་མོའི་དབང་དུ་བྱ་བའི་ཆོ་ག །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་དབང་དུ་བྱ་བ་འཕགས་པའི་བདེན་པ་བཞི་ལ་གཞུག་ནས་དབང་གི་ཆོ་ག་བརྗོད་པར་བྱ་སྟེ། དེ་ནས་ སྔོན་དུ་གསུངས་པའི་རིམ་པས་བཅོམ་ལྡན་འདས་མ་མཆོག་ཏུ་དམར་བ་རྫོགས་པར་བསྐྱེད་ནས་ས་བོན་དང་མཚན་མ་ཡོངས་སུ་གྱུར་པ་ལས་སྐུ་མདོག་དམར་མོ་རྣམ་པར་བསྒོམས་ནས་ཡང་དག་པར་མཆོད་པ་དང་བསྟོད་པ་བྱའོ། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་རྣམས་ཀྱིས་དེ་ ཉིད་གསུམ་དབུལ་བར་བྱའོ། །ཁ་ཐུར་དུ་བསྟན་པའི་ཐོད་པ་གསུམ་གྱི་སྟེང་དུ་ཨ་ཡིག་དམར་པོ་ལས་བྱུང་བའི་པདྨའི་སྣོད་དུ་དམ་ཚིག་བཅུ་དང་དབྱངས་ཡིག་བཅུ་དྲུག་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་བཞིས་བྱིན་གྱིས་བརླབས་པར་བལྟས་ལ། འོག་ཏུ་ཡཾ་དང་རཾ་ཡིག་ཡོངས་སུ་གྱུར་པ་ ལས་རླུང་དང་མེའི་དཀྱིལ་འཁོར་དག་གིས་འབར་བ་དང་བསྲེག་པ་དག་བྱས་ནས་ཉེ་བར་ཡང་དག་པར་བཀོད་པའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་ནས་དེ་བཞིན་གཤེགས་པའི་ཚོགས་རྣམས་གདན་དྲངས་ནས་དེ་ལ་ནང་དུ་བྱས་ཏེ། དབྱངས་ཡིག་དང་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ དུ་ཧཱུཾ་ཡིག་ལས་སྐྱེས་པ་ཟླ་བ་ལ་གནས་པ་དེས་བྱིན་གྱིས་བརླབས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འཕྲོ་བཞིན་པའི་འོད་ཟེར་གྱི་དྲ་བས་རྡོ་རྗེ་འཛིན་པ་ཉིད་ཀྱང་ཟླ་བའི་རྡོ་རྗེ་ལ་གཞུག་པར་བྱའོ། །ཉེ་བར་སྨིན་པ་དང་ཐེ་ཚོམ་ལ་སོགས་པའི་སྐྱོན་དུ་གྱུར་ན་དེའི་སྟེང་དུ་ཨོཾ་ཡིག་ བསམས་ནས་དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་རྣམས་བདུད་རྩིའི་གཟུགས་སུ་གྱུར་ནས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པ་ན་གནས་པའི་བདུད་རྩི་རྣམས་ཀྱང་དེ་ལ་རབ་ཏུ་ཞུགས་ཤིང་ཨོཾ་ཡིག་ཀྱང་ཞུགས་ཏེ། ཇི་ལྟ་བ་བཞིན་ཡོངས་སུ་གྲུབ་པའི་བདུད་རྩིར་བལྟས་ནས་ལན་གསུམ་དེ་ཉིད་ གསུམ་གྱིས་བརླབས་ནས་ཆོ་ག་བཞིན་དུ་བདུད་རྩི་མྱང་བ་ལ་སོགས་པ་བྱའོ། །ཇི་སྲིད་འདོད་ཀྱི་བར་བསྒོམས་ནས་རང་གི་མིང་གི་ཡི་གེ་ཡོངས་སུ་གྱུར་པ་ལས་བསྒྲུབ་བྱ་མདུན་དུ་འཁོར་བར་བལྟས་ཤིང་དེ་ལ་སྔགས་ཀྱི་ཕྲེང་བ་ལས་བྱུང་བའི་འོད་ཟེར་རྣམས་ཀྱིས་དེ་ལ་བཀུག་ནས་དེ་ལ་མང་དུ་ བསྒོམ་པར་བྱ་སྟེ། དེའི་སེམས་ཀྱི་རྣམ་པ་ཡོངས་སུ་གྱུར་པ་ལས་ཀུན་ནས་དམར་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམ་པར་བྱའོ། །སྔགས་ཀྱི་ཕྲེང་བ་ལས་ལྷ་མོ་སྐུ་མདོག་དམར་མོ་ཕྱག་གཡོན་པས་ཧྲཱིཿཡིག་གི་ཞགས་པ་བསྣམས་པ། ཕྱག་གཡས་པས་ཨུཏྤ་ལ་ དམར་པོ་ཁ་བྱེ་བ་རྡོ་རྗེའི་ལྕགས་ཀྱུ་ལྟ་བུ་བསྣམས་པ་བསྒྲུབ་བྱའི་མདུན་དུ་འགྲོ་བར་བལྟས་ཏེ། ཨོཾ་ཨཱཿཧྲཱིཿ། ཨ་མུ་ཀ་སྱ་ཙིཏྟ་མཱ་ཀཪྵ་ཡ་ཧཱུཾ་ཛཿཞེས་པས་དེ་ལ་རྣལ་འབྱོར་པས་བཀའ་བསྒོ་བར་བྱའོ། །དེ་ནས་ལྷ་མོ་དེ་ཆོ་ག་བཞིན་དུ་རབ་ཏུ་གཞུག་པར་བྱ་བས་ཞགས་པས་ཡང་དག་ པར་བཅིངས་ཤིང་ལྕགས་ཀྱུས་བསྐུལ་ཞིང་ཇི་ལྟ་བ་བཞིན་དུ་བཀུག་ནས་རང་གི་སེམས་ལ་རབ་ཏུ་གཞུག་པར་བྱའོ། །ལྷ་མོ་ནི་སྔགས་ཀྱི་ནང་དུ་བལྟ་བར་བྱའོ། །དེ་ནས་དེ་སྐྲ་གྲོལ་ཞིང་རྣམ་པར་མྱོས་ཤིང་འདོད་པས་མྱོས་པར་འདོད་པས་གཅིག་པུ་དབང་དུ་གྱུར་ཏེ་ལག་པ་ཐལ་མོ་སྦྱར་ནས་སྒྲུབ་པ་པོ་ལ་གདོང་ མངོན་པར་ཕྱོགས་ཏེ་མངག་གཞུག་བྱེད་པར་འགྱུར་རོ། །རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ།། །།ཕྱོགས་ཀྱི་གོས་ཅན་སྐྲ་གྲོལ་བའི་རྡོ་རྗེ་ཕག་མོ་ལྟེ་བའི་ཕྱོགས་སུ་གྲི་གུག་དང་ཐོད་པ་བསྣམས་ཤིང་གར་མཛད་པ་བསྒོམས་ན་དབང་དུ་བྱེད་པར་འགྱུར་རོ་ཞེས་སོ། །རྡོ་རྗེ་ཕག་མོའི་ དབང་དུ་བྱ་བའི་ཆོ་གའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བཱ་རཱ་ཧཱི་ཀཱལྤ་སརྦ་ཨརྠ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་སྒྲུབ་པ། བཅོམ་ལྡན་འདས་མ་འཕགས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་མ་ གསང་བའི་དབང་ཕྱུག་མ་ལྷ་མོ་རྣམས་དང་བཅས་པ་རྣམས་ཀྱི་བདག་མོ་ཆེན་མོ་ཆེར་གསང་བ་ཆེན་མོ་སྒྱུ་མ་ཆེན་མོ་དབང་ཕྱུག་ཆེན་མོ་འཇིག་རྟེན་གསུམ་པོ་བསྡུ་བ་དང་སླར་ཡང་འཇིག་རྟེན་གསུམ་དུ་སྤྲོ་བར་བྱ་བ་ནི། འདི་ནི་གསང་བ་པ་རྣམས་ཡུམ། །སྒྱུ་མ་ཆེན་མོར་རྣམ་པར་གྲགས། །འཇིག་ རྟེན་གསུམ་པོ་སྐྲག་མཛད་པའི། །རིག་སྔགས་འདི་ཐོབ་དབང་ཕྱུག་ཆེ། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་བྱེད་དབང་ཕྱུག་རིག་སྔགས་ཀྱིས། །ལྷ་ཡི་ཚོགས་རྣམས་ཀུན་བཅས་དང་། །གནོད་སྦྱིན་ལྷ་མིན་མི་དང་ནི། །རིག་འཛིན་ཤ་ཟ་སྲིན་པོ་དང་། །ལྟོས་འགྲོ་མི་འམ་ཅིར་ བཅས་རྣམས། །དབང་དུ་འགུགས་བྱེད་འབྱུང་རྣམས་ནི། །ཆུ་སྐྱེས་ཐང་ལས་སྐྱེས་རྣམས་ཀྱང་། །ངོ་མཚར་ཆེར་བྱེད་རིག་སྔགས་ལ། །མིག་འཕྲུལ་ལྟར་བྱེད་དེ་བཞིན་དུ། །རྨོངས་དང་རེངས་བྱེད་དེ་བཞིན་དུ། །རྣམ་པར་ཞེ་སྡང་སྐྲོད་སོགས་དང་། །དབང་དུ་འགུགས་བྱེད་རྨུགས་པ་དང་། ། དཔག་མེད་ངོ་མཚར་རྣམ་པ་རྣམས། །རིག་སྔགས་བཀླགས་པས་འགྲུབ་འགྱུར་ཏེ། །སྒྲུབ་པ་པོ་ཡི་ངག་ཀྱང་འགྲུབ། །དེ་ལ་བཟླས་མེད་བརྟུལ་ཞུགས་མེད། །སྨྱུང་གནས་ཆོ་གས་བསྒྲུབ་མི་དགོས། །ལྷ་མོས་བདེན་པ་དག་ལ་གསུངས། །ཉོན་མོངས་མེད་པར་དངོས་གྲུབ་འགྱུར། ། ཁྱོད་ཀྱི་སྔགས་ནི་སྒྱུ་མ་ཆེ། །འཇིག་རྟེན་གསུམ་པོ་ཐམས་ཅད་སྒྲུབ། །རྣལ་འབྱོར་ཆེན་པོར་རབ་བཤད་བྱ། །ལྷ་མོ་ཡི་གེའི་ཕྲེང་བ་ཡིས། །ཨོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧཱི་བཾ། ཨཱརྱཱ་པ་རཱ་ཛི་ཏེ། ཏྲཻ་ལོཀྱ་མཱ་ཏེ་མ་ཧཱ་བིདྱེ་ཤྭ་རི། སརྦ་བྷཱུ་ཏ་བྷ་ཡཱ་བ་ཧེ་མ་ཧཱ་བཛྲེ། བཛྲེ་ས་ནེ། ཨ་ཛི་ཏེ། ཨ་པ་རཱ་ ཛི་ཏེ། བ་ཤྱཾ་ཀ་རི་ནེ་ཏྲོ་བྷྲ་མ་ཎི། བི་ཥ་ཎི། ཤོ་ཥ་ཎི། རོ་ཥ་ཎི། ཀྲོ་དྷེ་ཀ་རཱ་ལི་ནི། ཏྲཱ་ས་ནི། མཱ་ར་ཎི། པྲཱ་བྷེ་ད་ནི། ཨ་པ་ར་ཛ་ཡེ། བི་ཛ་ཡེ། ཛཾ་བྷ་ནི་སྟྭཾ་བྷ་ནི། མོ་ཧ་ནི། བཛྲ་བཱ་རཱ་ཧཱི། མ་ཧཱ་ཡོ་གི་ནཱི་ཀཱ་མེ་ཤྭ་རཱི་ཁ་གེ། ཏདྱ་ཐཱ་པྲོ་ཏཾ་གེ་པྲོ་ཏཾ་གེ །ཧ་ན་ཧ་ན། པྲཱ་ཎཱན་ཀིཾ་ཀི་ནི། ཁིཾ་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧསྟེ། ཤོ་ཥ་ཡ་ ཤོ་ཥ་ཡ་ཁ་ཊྭཱཾ་ག་ཀ་པཱ་ལ་དྷཱ་རི་ཎི། མ་ཧཱ་བི་སི་ཏ་མཱཾ་སཱ་ཤ་ནི། མཱ་ནུ་ཥ་ཨནྟྲ་པྲཱ་བྲི་ཏེ། སཱནྣི་དྷྱཾ་ན་ར་སི་ར་མཱ་ལཱ་གྲཾ་ཐི་ཏ་དྷཱ་རི་ཎི། སུཾ་བྷ་ནི་སུཾ་བྷེ། ཧ་ན་ཧ་ན། པྲཎཱི། སརྦ་པཱ་ཤཱུ་པ་ནཱ། མ་ཧཱ་མཱཾ་ས་ཙྪེ་ད་ནི། ཀྲོ་དྷ་མཱུརྟྟེ། དཾཥྚྲཱ་ཀ་རཱ་ལི་ནི་མ་ཧཱ་མུ་དྲེ། ཤྲཱི་ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ཧི་ཥི། ས་ཧ་སྲ་ཤི་རེ། ས་ཧ་སྲ་བ་ཧ་བེ། ཤ་ཏ་ས་ཧ་སྲ་ཨ་ན་ནེ། ཛྭ་ལི་ཏ་ཏེ་ཛཾ་སེ། ཛྭ་ལ་མུ་ཁི་པིཾ་ག་ལ་ལོ་ཙ་ནེ། བཛྲ་ཤཱ་རཱི་རེ། བཛྲ་ཨཱ་ས་ནི། མི་ལི་ཏེ། ཧེ་ཧེ། ཧ་ཧ། ཧཱུཾ་ཧཱུཾ། ཁ་ཁ། དྷུ་དྷུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། མུཉྩ་མུཉྩ་ཨ་དྭཻ་ཏེ་མ་ཧཱ་ཡོ་གི་ནི། པ་ཋི་ཏ་སིདྡྷེ། དྲེཾ་དྷཾ་དྲེཾ་དྷཾ། གྲཾ་གྲཾ། ཧེ་ཧེ། ཧཱ་ཧཱ། བྷཱི་མེ། ཧ་ས་ཧ་ས། བི་རེ། ཧཱ་ཧཱ། ཧོ་ཧོ། ཧཱུཾ་ཧཱུཾ། ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི། ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པ་རི་བཱ་རེ་ཧུྃ་ཧཱུྃ་ཕཊ་སིཾ་ཧ་རཱུ་པེ། ཁ་ག་ཛཾ་རཱུ་པེ་གཿ། ཏྲཻ་ལོཀྱ་ཨུ་ད་རེ། ས་མུ་དྲ་མེ་ཁ་ལེ། གྲ་ས་གྲ་ས་ཧུྃ་ཧཱུྃ་ཕཊ། བཱི་ར་ཨ་དྭཻ་ཏེ་ཧཱུྃ་ཧཱུྃ། ཧཱཿཧཱཿ། མ་ཧཱ་བི་ཤུ་མོ་ཧ་ནི། མ་ཧཱ་ཡོ་གེ་ཤྭ་རི་ཏྭཾ། ཌཱ་ཀི་ནཱི་ལོ་ཀཱ་ནཱཾ་བནྡྷ་ནི་སཏྱཿ། པྲ་ཏྱ་ཡ་ཀཱ་རི་ ཎི་ཧུཾ་ཧཱུྃ་ཕཊ། བྷཱུ་ཏ་ཏྲཱ་ས་ནི། མ་ཧཱ་བཱི་རེ། པ་ར་མ་སིདྡྷེ། ཡོ་གི་ཤྭ་རི་ཕཊ། ཧུྃ་ཧཱུྃ་ཕཊ། ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་མ་སྒྱུ་མ་ཆེན་མོ་བཀླགས་པས་འགྲུབ་པའི་སྒྲུབ་ཐབས་སོ། །ཟླ་བ་གཟས་བཟུང་བའམ། ཉི་མ་གཟས་བཟུང་བ་མཐོང་ནས་ལན་ཉི་ཤུ་རྩ་གཅིག་བཀླག་ པར་བྱའོ། །དེ་ནས་དངོས་གྲུབ་ཏུ་འགྱུར་རོ། །ཇི་སྲིད་བཀླགས་པ་དེ་སྲིད་དུ་བུད་མེད་སྟོང་ཕྲག་གཅིག་གི་རྗེས་སུ་འཇུག་པར་འགྱུར་རོ། །ལྷན་ཅིག་བརྗོད་པས་དབང་དུ་འགྱུར་རོ། །ཁྲོ་བའི་སེམས་ཀྱིས་སྙིང་པོར་བྱེད་པས་སྐྲོད་པ་དང་རྣམ་པར་ཞེ་སྡང་བ་དང་རེངས་པར་ཡང་བྱེད་དོ། །དབང་དུ་བྱ་བར་ འདོད་པས་མེ་ཏོག་ལ་ཡོངས་སུ་བཟླས་ནས་ནམ་མཁའ་ལ་འཕངས་ན། ཚངས་པ་ལ་སོགས་པ་མཐོང་བར་བྱེད་དོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བཟླས་ནས་ཁྱིམ་དང་གྲོང་དང་གྲོང་ཁྱེར་དུ་འཕངས་ན་སྲེག་པར་མཐོང་བར་བྱེད་དོ། །རྨ་བྱའི་སྒྲོ་ལ་ལན་ཅིག་བཟླས་ནས་ནམ་མཁའ་ལ་བསྐོར་ན་སླར་ ཡང་ཞི་བར་བྱེད་དོ། །ཀ་ར་ལ་ལན་ཅིག་བཟླས་ནས་ཕྱོགས་བཞིར་གཏོར་ན་དཔུང་ཚོགས་ཡན་ལག་བཞིར་མཐོང་བར་བྱེད་དོ། །རྨ་བྱའི་སྒྲོས་ཕྱིར་བཟློག་ནས་བསྐོར་ན་སླར་ཡང་མེད་པར་བྱེད་པར་འགྱུར་རོ། །ད་ནི་སྒྱུ་མ་ཆེན་མོའི་དུར་ཁྲོད་བརྗོད་པར་བྱ་སྟེ། ཤར་ཕྱོགས་ཀྱི་ཆ་ལ་དཀྱིལ་འཁོར་ གྱི་སྒྲུབ་པ་པོ་རྗེས་སུ་འཛིན་པ་ཞེས་བྱ་བའི་དུར་ཁྲོད་དོ། །བྱང་དུ་གཉིས་སུ་མེད་པར་བྱེད་པའོ། །ནུབ་ཏུ་ཁྲོ་བོའི་གདོང་ངོ་། །ལྷོ་རུ་མུན་པ་མི་བཟད་པའོ། །མེ་རུ་འཇིགས་པ་ཆེན་པོའོ། །བདེན་བྲལ་དུ་རྣལ་འབྱོར་མང་པོའི་འདུས་པ་ཆེན་པོའོ། །རླུང་དུ་སེང་གེའི་སྒྲ་ཕཊ་ཆེན་པོ་ སྒྲོགས་པའོ། །དབང་ལྡན་དུ་ཆུ་སྐྱེས་ས་བོན་ཞེས་བྱ་བའི་དུར་ཁྲོད་རྣམས་སོ། །འདི་རྣམས་སུ་ཇི་ལྟ་བ་བཞིན་དུ་སྦྱོར་བས་ལུས་དང་ཡན་ལག་སྲེག་པ་དང་། ཕྱེད་སྲེག་པ་དང་ལུས་ཉམས་པ་དང་། ལུས་ཕྱེད་ཉམས་པ་འཇིགས་པའི་རྣམ་པ་འཇིགས་པར་བྱེད་པ་དང་། མདུང་གིས་ཕུག་པའི་རོ་ བཅིངས་པ་དང་། སྐྱ་སྣར་དང་། ཀཾ་ཀོ་ལ་ལི་དང་། ཨ་མྲ་དང་། ཤི་རི་ཥ་དང་། ཨུ་དུམྺཱ་ར་དང་། ཨ་ཤྭདྠཱ་དང་། ནཱ་ག་གེ་སར་གྱི་ཤིང་རྣམས་སོ། །གོ་རིམས་བཞིན་དུ་མ་ཧེ་དང་བྱི་ལ་དང་། དོམ་དང་སྟག་དང་། བྱ་རྒོད་དང་ཕག་དང་། ཤ་ཟའི་གདོང་པ་ཅན་རྫུ་འཕྲུལ་ཆེན་པོའི་གནོད་སྦྱིན་ རྣམས་སོ། །ཀུན་ནས་དུར་ཁྲོད་བརྒྱད་དུ་ཅེ་སྤྱང་དང་བྱ་རྒོད་དང་འུག་པ་དང་བྱ་རོག་དང་རོ་ལངས་ལ་སོགས་པ་ཞེས་སོ་ལྷ་མོ་སྒྱུ་མ་ཆེན་མོའི་དུར་ཁྲོད་དོ།། །།རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཨོཾ་ཧྲཱིཿགྷ་ཊ་ཡ་གྷ་ཊ་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མ་ཕུལ་ནས་བསམ་གཏན་བྱའོ། ། ལྟེ་བའི་དབུས་སུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པ། དེའི་སྟེང་དུ་ཧྲཱིཿཡིག་བསྐལ་པའི་མེ་བཞིན་དུ་རབ་ཏུ་འབར་བཞིན་པ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོའོ། །འདབ་མ་བཞི་ལ་ བདུད་རྩི་ལྔས་གང་བའི་པདྨའི་སྣོད་བསམ་པར་བྱའོ། །ཡི་དགས་ཀྱི་གདན་ལ་གཡས་བརྐྱང་གི་སྟབས་ཀྱིས་བཞུགས་པ། གཅེར་བུ་སྐྲ་གྱེན་དུ་བརྫེས་པ་ཐོད་པའི་དབུ་རྒྱན་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་བཞི་པའི་གཡས་ན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། གཡོན་ན་ཁ་ཊྭཱཾ་ ག་དང་ཐོད་པ་དང་སྡིགས་མཛུབ་ཀྱི་ཞགས་པ་བསྣམས་པ། ཞལ་གཅིག་པ་སྤྱན་གསུམ་པ། ཁྲོ་གཉེར་བསྡུས་ཤིང་ཞལ་གཙིགས་པའོ། །རྡོ་རྗེ་རྟ་རྣ་མ་དང་ཤིན་ཏུ་འཇིགས་བྱེད་མ་དང་། ལྟོ་ཆེན་མ་དང་། ལྗགས་བསྐྱོད་མ་རྣམས་བསྒོམ་པར་བྱའོ། །ཨོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་ སརྦ་དུཥྚཱཾ་ཧྲིཾ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཧྲཱི་ཧཱུཾ་ཧྲཱིཾ་ཧྲཱིཾ་སྙིང་པོའོ། །འབུམ་བཟླས་པར་བྱའོ། །འདིར་ཏིང་ངེ་འཛིན་དུ་གྱུར་པས་འགྲུབ་པར་ཐེ་ཚོམ་མེད་དོ། །ཨོཾ་ཨ་ཧྲཱིཿཧཱུཾ་ཧཾ་ཧཿསྔགས་འདིས་ཤ་ཆེན་ཕྱེ་མར་བྱས་ནས་རི་མོའི་མདུན་དུ་སྤོས་དབུལ་བར་བྱའོ། །ཉིན་རེ་ བཞིན་ཇི་སྲིད་དུ་ལན་ཉི་ཤུ་རྩ་གཅིག་གིས་འགྲུབ་སྟེ་གཞན་དུ་མ་ཡིན་ནོ། །ཨོཾ་ཧཱུཾ་ཧཱུཾ་ཧཾ་ཧཿཧཿཧྲིཾ་ཧྲིཾ་ཕེཾ་ཕེཾ་ཕེཾ་ཕཊ་ཀ་རཾ་ཞེས་མཚན་མོ་གཏོར་མ་དབུལ་ནས་བདུད་ཐམས་ཅད་ཞི་བར་བྱ་བའི་ཕྱིར་མཚན་མོ་གཏོར་མ་དང་ཡོ་བྱད་ལྔ་སྦྱིན་པར་བྱའོ། །གང་འགའ་ཞིག་ཏུ་སྨྲ་བར་ཡང་མི་བྱ་སྟེ། རྡོ་རྗེ་རྣལ་འབྱོར་ མས་འདིར་བྱིན་གྱིས་རློབ་པར་ཐེ་ཚོམ་མེད་དོ། །དཔལ་རྡོ་རྗེ་ཕག་མོ་རྟོག་པ་ལས་གསུངས་པའི་དོན་ཐམས་ཅད་སྒྲུབ་པའི་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཻ་ཏྲེ་ཡ་སཱ་དྷ་ནཱཾ། བོད་སྐད་དུ། བྱམས་པའི་སྒྲུབ་ཐབས། མགོན་པོ་བྱམས་པ་ལ་ ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་ག་འདིས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཻཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་ཆུ་སྐྱེས་ལ་བཞུགས་པའི་ཞལ་གསུམ་སྤྱན་གསུམ། ཕྱག་བཞི་པ་ནག་པོ་དང་དཀར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ། །སྐུ་མདོག་གསེར་ལྟ་བུའོ། ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའོ། །གཞན་གཡས་པ་དང་། གཡོན་པའི་ཕྱག་དག་གིས་མཆོག་སྦྱིན་དང་ནཱ་ག་གེ་སར་གྱི་མེ་ཏོག་གི་སྙེ་མ་བསྣམས་པ། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པའི་བྱམས་པའི་སྐུར་བདག་ཉིད་དམིགས་ནས་ཕྱག་རྒྱ་ བཅིང་བར་བྱའོ། །ལག་པ་གཉིས་སོ་སོར་ཁུ་ཚུར་བཅིངས་ནས་སྡིགས་མཛུབ་དག་མཐེ་བོའི་དབུས་སུ་བཞག་ནས་མེ་ཏོག་གི་རྣམ་པར་སྦྱར་བར་བྱའོ། །དེ་ནས་བཟླས་པ་བྱ་སྟེ། ཨོཾ་མཻ་ཏྲེ་ཡ་སྭཱ་ཧཱ། བྱམས་པའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མཻ་ཏྲེ་ཡ་སཱ་དྷ་ནཾ། བོད་སྐད་དུ། བྱམས་པའི་སྒྲུབ་ཐབས། འཕགས་པ་བྱམས་པ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཻཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས། སྣ་ཚོགས་པདྨའི་སྟེང་དུ་བཞུགས་པའི་འཕགས་པ་མགོན་པོ་བྱམས་པ་ཞལ་གསུམ་པ་ཕྱག་བཞི་ པ་ནག་པོ་དང་དཀར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ། །སྐུ་མདོག་གསེར་ལྟ་བུ་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཉིས་པའི་ཕྱག་གཡས་པས་མཆོག་སྦྱིན་པ། གཉིས་པའི་ཕྱག་གཡོན་པས་ནཱ་ག་གེ་སར་གྱི་མེ་ཏོག་གི་སྙེ་མ་བསྣམས་པའོ། །ལྷའི་རྒྱན་དང་ན་བཟས་སྐུ་ལ་རྣམ་ པར་མཛེས་པའི་བདག་ཉིད་མངོན་དུ་བྱ་སྟེ། ཕྱག་རྒྱ་བཅིང་བར་བྱའོ། །ལག་པ་གཉིས་པོ་སོ་སོར་བཅིངས་ཏེ་སྡིགས་མཛུབ་དག་མཐེབ་ཆེན་གྱི་དབུས་སུ་བཞག་ནས་མེ་ཏོག་གི་རྣམ་པར་སྦྱར་བར་བྱའོ། །དེ་ནས་བཟླས་པ་བྱའོ། །ཨོཾ་མཻ་ཏྲེ་ཡ་སྭཱ་ཧཱ། བྱམས་པའི་སྒྲུབ་ཐབས་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨུཙྪསྨ་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་ཞིང་དགྱེས་པ་ཛཾ་བྷ་ལའི་སྒྲུབ་ཐབས། དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ཐུབ་པའི་གཞོན་ནུ་ཐུབ་དབང་དགེ་བ་ཡིས། །ཕུན་ཚོགས་མཆོག་གིས་དཔག་མེད་རྣམ་པར་བརྒྱན། །གང་ཞིག་ཞབས་ལ་སྤྱན་གསུམ་ དྲག་པོ་ཡི། །གཙུག་གི་ནོར་བུའི་རྒྱན་གྱིས་བཏུད་གྱུར་པ། །བླ་མེད་ཡོན་ཏན་གཉིས་མེད་པའི། །རིན་ཆེན་ཚོང་འདུས་འདྲེན་པ་སྟེ། །རང་གི་ཕུན་ཚོགས་འགྲོ་རྣམས་ཀྱི། །རྒྱ་ཆེན་ཐོབ་ཕྱིར་བརྟེན་པར་བགྱི། །དེ་ལ་དང་པོར་རེ་ཞིག་བདག་གིས་དཔལ་ཛཾ་བྷ་ལ་སྒྲུབ་ལ་ས་ལ་སོགས་པའི་རིམ་པ་ཐོབ་ ནས། དེའི་ཚེ་བདག་གིས་ཡང་འགྲོ་བ་རྣམས་འདི་དང་ཕྱི་མའི་ཕུན་སུམ་ཚོགས་པའི་གནས་ལ་དགོད་པར་བྱའོ་ཞེས་པའི་བསམ་པ་དང་ལྡན་པས་སྙིང་གི་ནང་དུ་བུ་ག་ནས་རྗེས་དབྱངས་དང་བྲལ་བའི་ཨ་ཡིག་འོད་ཟེར་དཀར་པོ་འཕྲོ་ཞིང་དེ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་དེ་ལ་ཧཱུཾ་ཡིག་དབུས་ནག་ པོ་ཕྱིའི་ཁོར་ཡུག་ཅུང་ཟད་སེར་པོའི་འོད་ཟེར་གྱི་ཚོགས་མགོའི་སྟེང་དུ་འཕྲོ་བའོ། །དེ་ལས་སྐྱེས་པའི་རྡོ་རྗེ་འོག་ཏུ་རྩེ་མོ་བཞི་པ་སྟེང་དུ་རྩེ་ལྔ་པ་སྦྱར་བ་ལས་རྩེ་མོ་དགུ་སྟེ། གསུང་རབ་ཡན་ལག་དགུའི་རྣམ་པར་དག་པའོ། །གཞན་ནས་སྟེང་དང་འོག་ཏུ་རྩེ་མོ་གཅིག་ཏུ་བྱས་ནས་དབུས་ཀྱི་རྩེ་མོ་དང་དགུ་ ཞེས་སོ། །ཧཱུཾ་ཡིག་བཞིན་དུ་ཁ་དོག་དང་བྱ་བ་དང་ཚངས་པའི་ནང་དུ་ཟླ་བ་ལ་གནས་པའི་དེ་དང་འདྲ་བའི་ཧཱུཾ་དང་ལྡན་པ་བསྒོམ་པར་བྱའོ། །དེ་ནས་ཧཱུཾ་ཡིག་དང་རྡོ་རྗེ་དག་ལས་འོད་ཟེར་འཕྲོས་ནས། ཨོཾ་ཨ་ཞེས་པའི་སྔགས་བརྗོད་པ་སྔོན་དུ་འགྲོ་བས་ཕྱོགས་བཅུའི་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཛཾ་བྷ་ལའི་ སྐུ་དཔག་ཏུ་མེད་པ་མར་མེ་ལས་མར་མེ་གཞན་འབྱུང་བ་བཞིན་དུ་འོད་ཟེར་གྱིས་མདུན་དུ་བཀུག་ནས་དེའི་སྐུ་གཅིག་ཏུ་བསྒོམས་ཏེ། ཉེར་སྤྱོད་ལྔས་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་ནས། ཚད་མེད་པའི་བར་བསྒོམ་སྟེ། དེའི་རྗེས་སུ་ཡང་ཧཱུཾ་དང་རྡོ་རྗེའི་འོད་ཟེར་རྣམས་མ་ ལུས་པ་ལུས་ཀྱི་ནང་དུ་བསྒོམས་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བ་སྟོང་པ་ཉིད་ཀྱི་རང་བཞིན་ལ། ཟླ་བ་དང་རྡོ་རྗེའི་ས་བོན་གྱི་འོད་ཟེར་རྣམས་ལ། ཨོཾ་ཨ་ཞེས་པ་འདིས་སྤྲོས་ཏེ། བཀུག་ནས་བཅོམ་ལྡན་འདས་རབ་ཏུ་གཞུག་པར་བྱའོ། །རབ་ཏུ་བཅུག་པའི་མཐར་སྐད་ཅིག་གིས་ཟླ་བ་ལ་སོགས་པ་རྫོགས་ པ་ལས་བདག་ཉིད་བཅོམ་ལྡན་འདས་ཛཾ་བྷ་ལ་གཞོན་ནུ་ལོ་ལྔ་ལོན་པ་ལྟ་བུ་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུ་ཐུང་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །ཁ་ནས་རིན་པོ་ཆེ་སྐྱུག་བཞིན་པ། ནོར་སྦྱིན་སེར་པོ་གན་རྐྱལ་དུ་ཉལ་བའི་དཔྲལ་བར་ཞབས་གཡས་པས་མནན་པ། རྐང་ པ་གཉིས་ཀྱི་སྟེང་དུ་ཞབས་གཡོན་པས་མནན་ཅིང་། གཡོན་བརྐྱང་གི་ཞབས་སུ་མཛད་པ། གཅེར་བུ་རྟགས་སྟེང་དུ་ལངས་པ། ལྟོ་བ་འཕྱང་བ། ཐུགས་ཀར་ཕྱག་གཡས་པས་ཐོད་པ་ཁྲག་གིས་བཀང་བ་ལ་ཞལ་མངོན་པར་གཟིགས་པ། བརླ་གཡོན་པའི་སྟེང་དུ་ཕྱག་གཡོན་པས་རིན་པོ་ཆེའི་ སྙེ་མ་སྐྱུག་བཞིན་པའི་ན་གུ་ལི་ཁ་ཐུར་དུ་བསྟན་པ་བསྣམས་པ། མིའུ་ཐུང་རྣ་བ་མ་ཕུག་པ། ཞལ་ཟླ་བ་ཕྱེད་པ་ལྟ་བུ། མཆེ་བ་གཙིགས་པ། སྤྱན་གཉིས་ཟླུམ་ཞིང་དམར་བ། དཔྲལ་བར་ཁྲོ་གཉེར་བསྡུས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ས་གནོན་གྱི་ཕྱག་རྒྱ་མཛད་པའི་ཐུབ་པ་མི་བསྐྱོད་ པ་སྔོན་པོས་དབུ་བརྒྱན་པ། དགའ་བོ་སྔོན་པོ་ཏ་མ་ལ་ལྟ་བུས་དབུ་སྐྲ་བཅིང་པ། འཇོག་པོ་དམར་པོས་སྙན་དཀྲིས་པ། པདྨ་ཆེན་པོ་པདྨའི་རྩ་བ་ལྟ་བུ་དཀར་པོས་དོ་ཤལ་བྱས་པ། དུ་བའི་མདོག་ལྟ་བུ་མཐའ་ཡས་ཀྱིས་མཆོད་ཕྱིར་ཐོགས་མཛད་པ། ནོར་རྒྱས་དཀར་པོས་སྐ་རགས་མཛད་པ། པདྨ་ ཀུན་ད་ལྟར་ཤིན་ཏུ་མཛེས་པས་ཞབས་གདུབ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་མཛད་པ། རིགས་ལྡན་དུ་བ་ལྟ་བུ་ཁྲ་བོས་དབུ་རྒྱན་བྱས་པ། མདོག་ནག་ཅིང་ཕྱིའི་ཁོར་ཡུག་ཅུང་ཟད་སེར་བ་འོད་ཟེར་གྱི་ཚོགས་འཕྲོ་བ་བསམས་ནས། དཔྲལ་བ་དང་ཞལ་དང་དཔུང་པ་གཡས་གཡོན་དང་སྙིང་ ག་དང་རྡོ་རྗེའི་སྟེང་དང་བརླ་གཡས་གཡོན་དང་ཞབས་གཡས་གཡོན་དག་གི་ནང་དུ་བུ་གར་གནས་པའི་ཟླ་བའི་དཀྱིལ་འཁོར་བཅུ་རྣམས་ལ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པའི་ཡི་གེ་རྣམས་སེར་ཞིང་འོད་ཟེར་སེར་པོར་བལྟ་བར་བྱའོ། །དེའི་དུས་སུ་སྣ་ནས་རླུང་འབྱུང་བའི་དུས་སུ་ཧཱུཾ་ ཡིག་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་སྙིང་གའི་ཧཱུཾ་དང་རྡོ་རྗེའི་འོད་ཟེར་རྣམས་ཀྱིས་ཡང་ཕྱོགས་རྣམས་སུ་འཕྲོ་ཞིང་རེག་པ་ཙམ་གྱིས་སེམས་ཅན་རྣམས་བཅོམ་ལྡན་འདས་ཀྱི་སྐུར་བསམས་ཏེ། ཡང་རླུང་རྔུབ་པའི་དུས་སུ་ཧཱུཾ་ཡིག་གིས་རབ་ཏུ་འཇུག་པར་བསམས་ནས་སེམས་བརྟན་པར་བྱ་ སྟེ་སྔགས་བཟླས་པར་བྱའོ། །འཇིག་རྟེན་གསུམ་ན་གནས་པའི་རིན་པོ་ཆེ་སྣ་ཚོགས་པ་ཐམས་ཅད་ཀླུ་དང་སྲེ་མོ་དང་ནོར་སྦྱིན་རྣམས་ཀྱི་ཁ་རུ་རབ་ཏུ་གཞུག་པར་བྱའོ། །སླར་ཡང་རླུང་འབྱུང་བ་ན་ཀླུ་ལ་སོགས་པས་མིད་པའི་རིན་པོ་ཆེ་རྣམས་མདུན་དུ་སྐྱུག་པར་བསམ་པར་བྱའོ། །དེ་བཞིན་དུ་ཡང་ དང་ཡང་དུ་སྤྲོ་ཞིང་བསྡུ་བ་ལ་སོགས་པ་བྱས་ནས། དེའི་རྗེས་སུ་ངལ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། །ཡང་ན་ཡི་གེ་བཅུ་བཀོད་པའི་སྔགས་སོ། །ཆུ་འབུལ་བའི་དུས་སུ་ལག་ པ་གཡས་པ་གན་རྐྱལ་དུ་བྱས་པའི་དབུས་སུ་བཾ་ཡིག་གི་འོད་ཟེར་གྱིས་ལག་པ་བུམ་པ་བཟང་པོ་བཞིན་དུ་བྱའོ། །ལག་པའི་རྩ་བར་ཨོཾ་ཡིག་གི་འོད་ཟེར་གྱིས་ལག་གདུབ་ཀྱི་རྣམ་པ་དང་ལྡན་པའི་བཾ་མོ། །དབུས་སུ་ཛཾ་ངོ་། །མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེའུ་ཆུང་དང་། མཐེབ་ཆེན་གྱི་རྩེ་མོ་རྣམས་ལ། བྷ་ལ་ཛ་ལེནྡྲཱའི་ཡི་གེ་རྣམས་རིམ་པ་ཇི་ལྟ་བ་བཞིན་ནོ། །ཨོཾ་དང་བཾ་ཡིག་ནི་དབུས་སུའོ། །གང་ཡཾ་ཡིག་གི་གཡས་དང་གཡོན་དུ་སྭཱ་ཧཱའི་ཡི་གེའོ། །འདི་རྣམས་ནི་ཨོཾ་ཡིག་ལ་སོགས་པ་རང་རང་གི་གནས་ལ་བུ་ག་རྣམས་སུ་ཟླ་བ་ལ་གནས་པའི་ཁ་དོག་ སེར་ཞིང་འོད་ཟེར་སེར་པོར་བསམས་ནས། ལག་པ་ཆུ་དང་མེ་ཏོག་དང་བཅས་པས་ཁ་མངོན་པར་ཕྱོགས་ཏེ། ཨོཾ་ཨིནྡྲ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཞེས་པའི་སྔགས་ལན་བདུན་མངོན་པར་བསྔགས་ནས། དེའི་རྗེས་སུ་ལག་པ་བརྐྱང་སྟེ་སྦྱིན་པར་བྱ་བའི་ཆུ་རང་གི་ཞལ་དུ་ཞུགས་ཤིང་ཛཾ་ཡིག་ གི་འོད་ཟེར་གྱིས་སྙིང་གའི་གནས་ནས་རྡོ་རྗེ་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡང་ཁ་དོག་སེར་པོར་བྱས་ཏེ། རྡོ་རྗེའི་སྒོ་ནས་ཐོན་ཏེ་ལག་མཐིལ་དུའོ། །མདུན་དུ་སྐད་ཅིག་གིས་བསྒོམས་ནས་དེའི་ཞལ་མངོན་པར་ཕྱོགས་པས་སྐུ་གཟུགས་ཀྱི་ཞལ་གྱི་ནང་དུ། ཨོཾ་ཛླུཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དོ། །རཏྣ་ཏྲ་ཡཱ་ཞེས་པ་ལ་སོགས་པས་ཀྱང་ལན་བདུན་དབུལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཞེས་པ་ལ་སོགས་པ་ཡང་ལན་ཅིག་བརྗོད་ནས། བུ་རམ་དང་བསྲེས་ཤིང་འབྲས་ཀྱི་ཁུར་བ་ལ་སོགས་པས་གཏོར་མ་དབུལ་བར་བྱའོ། །ཇི་ལྟར་གསུངས་པ་ བཞིན་དུ་ཐུན་མཚམས་གསུམ་དང་ཡང་ན་ཐུན་གཅིག་ཏུ་གནས་ནས་བསྟོད་པ་དང་སྨོན་ལམ་ཡང་གདབ་པར་བྱའོ། །དེ་བསྒོམས་པའི་རྗེས་ལ་བཅོམ་ལྡན་འདས་ཨོཾ་བཛྲ་མུཿཞེས་པས་གཤེགས་པར་བྱའོ། །འོན་ཀྱང་སྨིན་དྲུག་དང་དབོ་དང་ས་ག་དང་ཆུ་སྟོད་དང་། གཞན་ཡང་བཟང་ཞིང་ བཟང་བའི་ཉི་མ་དགེ་བ་ལ། རྡོ་རྗེའི་དུམ་བུ་ལ་སྐད་ཅིག་གིས། བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་ནས་ཡང་དག་པར་མཆོད་དེ། གསོ་སྦྱོང་བླངས་ནས། བཟོ་བོ་གཅིག་གིས་ཉི་མ་གཅིག་ལ་དཔའ་བོའི་རིམ་པས་སྐུ་གཟུགས་བྱའོ། །བྱས་ནས་ཀྱང་བདག་ཉིད་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ བཅོམ་ལྡན་འདས་ཀྱི་སྐུ་ལ་ཡི་གེ་རྣམས་དགོད་པ་དང་བསྒོམ་པ་དང་ཆུ་དབུལ་བ་ལ་སོགས་པས་བསྒྲུབ་པར་བྱའོ་ཞེས་པ་ནི་མན་ངག་གོ། །དེ་ནས་གཤེགས་སུ་གསོལ་བར་བྱའོ། །བཅོམ་ལྡན་འདས་ཀྱི་སྐུ་གཟུགས་ནི་རྟག་ཏུ་གནས་ཏེ་བཀུར་སྟི་ལ་སོགས་པ་བྱའོ་ཞེས་སོ། །པཎྜི་ཏ་ཆེན་པོ་ འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་ཨུཙྪཱསྨ་ཛཾ་བྷ་ལའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛཾ་བྷ་ལའི་སྒྲུབ་ཐབས། དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་ མཐར་ཐུག་པ་རྣམ་པར་བསམས་ནས། སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བ་ལ་ཛཾ་ཡིག་ལས་སྐྱེས་པའི་བཅོམ་ལྡན་འདས་ཛཾ་བྷ་ལ་བསྒོམ་པར་བྱ་སྟེ། གསེར་གྱི་མདོག་ཅན་ལྟ་བུ་ཐུང་ཞིང་ལྟོ་བ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་པ་དང་གཡས་པའི་ཕྱག་ དག་གིས། སྲེ་མོ་དང་བཱི་ཛ་པཱུ་ར་ཀ་བསྣམས་པ། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ། ཨུཏྤ་ལའི་ཕྲེང་བ་བསྣམས་པའོ། །ཤར་ལ་སོགས་པའི་འདབ་མ་རྣམས་སུ་ནོར་བུ་བཟང་པོ་དང་གང་བ་བཟང་པོ་དང་། ནོར་སྦྱིན་དང་རྣམ་ཐོས་སྲས་རྣམས་སོ། །མེ་ལ་སོགས་པའི་འདབ་མ་ལ་ཀི་ལི་མི་ ལི་དང་། ཙི་པི་ཀུཎྜ་ལི་དང་། མུ་ཁེནྡྲ་དང་། ཙ་རེནྡྲ་རྣམས་སོ། །དེ་བཞིན་དུ་ཇི་ལྟར་གསུངས་པའི་རིམ་པས་ནོར་རྒྱུན་མ་དང་། ཆུ་ཤེལ་མ་དང་། སོ་ལེགས་མ་དང་། འཕགས་མ་དང་། ཤིན་ཏུ་བཟང་མོ་དང་། སྦས་མ་དང་། ལྷ་མོ་དང་། དབྱངས་ཅན་མ་ཞེས་ཏེ། གནོད་སྦྱིན་མོ་འདི་རྣམས་ བསམ་པར་བྱའོ། །ནོར་རྒྱུན་མ་ནི་ཛཾ་བྷ་ལ་དང་ལྷན་ཅིག་ཏུའོ། །གནོད་སྦྱིན་མོ་རྣམས་ནི་ནོར་རྒྱུན་མ་ཇི་ལྟ་བ་བཞིན་ནོ། །གནོད་སྦྱིན་རྣམས་ཛཾ་བྷ་ལ་བཞིན་ཏེ། དེ་བཞིན་དུ་བསམས་ནས་སྔགས་བཟླས་པར་བྱའོ། །དེ་ལ་གནོད་སྦྱིན་རྣམས་ཀྱི་སྔགས་ནི། ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་མ་ ཎི་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲ་ཡེ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡེ་སྭཱ་ཧཱ། ཨོཾ་བཻ་ཤྲ་མ་ཎཱ་ཡཻ་སྭཱ་ཧཱ། ཨོཾ་ཀི་ལི་མི་ལི་ཡེ་སྭཱ་ཧཱ། ཨོཾ་ཙི་པི་ཀུཎྜ་ལི་ཡཻ་སྭཱ་ཧཱ། ཨོཾ་མུ་ཁེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཙ་རེནྡྲ་ཡེ་སྭཱ་ཧཱ། དེ་ནས་གནོད་སྦྱིན་མོ་རྣམས་ཀྱི་སྔགས་ནི། ཨོཾ་བ་སུ་དྷ་རཱ་ཡེ་སྭཱ་ཧཱ། ཨོཾ་ཙནྡྲ་ཀནྟ་ཡཻ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡཻ་སྭཱ་ཧཱ། ཨོཾ་སུ་དནྟ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྱཱ་ཡཻ་སྭཱ་ཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སྭཱ་ཧཱ། ཨོཾ་གུ་པ་ཏ་ཡཻ་སྭཱ་ཧཱ། ཨོཾ་དེ་བཱི་ཡཻ་སྭཱ་ཧཱ། ཨོཾ་སྭ་ར་སྭ་ཏཱི་ཡཻ་སྭཱ་ཧཱ། དེ་བཞིན་དུ་ཐུན་མཚམས་གསུམ་དུ་བསྒོམས་ནས། ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་རབ་ཏུ་ཕུལ་བས། འཇིག་རྟེན་གསུམ་ གྱི་མངའ་རིས་སྟེར་བར་འགྱུར་རོ། །སྔ་བར་བྱ་རོག་མི་གྲག་པ་ཙམ་ན་ཆུའི་ནང་དུ་བཟླས་ན་ནོར་མི་ཉམས་ཤིང་འཕེལ་བར་འགྱུར་རོ། །དེ་ནས་གསེར་ལ་སོགས་པའི་སྣོད་དུ་ནོར་རྒྱུན་མ་དང་གནོད་སྦྱིན་ལྷན་ཅིག་ཏུའོ། །སྣོད་གཉིས་པར་བཅོམ་ལྡན་འདས་ཛམྦྷ་ལ་གནོད་སྦྱིན་གྱིས་ ཡོངས་སུ་བསྐོར་བ་བྲིས་ཏེ་ཡང་དག་པར་སྦྱར་ནས་བསྒྲུབ་པར་བྱའོ། །དངོས་གྲུབ་ཆེན་པོ་བརྒྱད་ལ་སོགས་པ་ཡང་སྟེར་བར་འགྱུར་རོ། །ཛམྦྷ་ལའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛཾ་བྷ་ལའི་སྒྲུབ་ཐབས། ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །སྟོང་པ་ཉིད་བསྒོམས་པའི་རྗེས་ལ། ཉི་མ་ལ་ཛཾ་ཡིག་ལས་སྐྱེས་པའི་ཛཾ་བྷ་ལ་སེར་པོ་ཞལ་གསུམ་པ་ཕྱག་དྲུག་པ་མི་བསྐྱོད་པས་རལ་པའི་ཅོད་པན་ཅན། ཕྱག་གཡས་པ་གསུམ་ན་མ་ཏུ་ལུང་ག་དག་དང་ལྕགས་ཀྱུ་དང་མདའ་བསྣམས་ པ། གཡོན་གྱི་ཕྱག་དང་པོས་རྩིབས་ལོགས་གཡོན་དུ་གནས་པའི་ཤེས་རབ་མ་ལ་འཁྱུད་པ། གཞན་དག་གིས་ཞགས་པ་དང་བཅས་པའི་སྲེ་མོང་དང་། གཞུ་བཀང་བའི་བདག་ཉིད་དུ་བསྐྱེད་ནས། མདུན་དུ་དེའི་སྐུ་བསམས་ཤིང་ལྷག་པར་གནས་ནས་དེའི་སྤྱི་བོར་ རྡོ་རྗེ་འཛིན་པ་ཆེན་པོ་བསྒོམས་ལ། དེ་ལ་རབ་ཏུ་བཅུག་ཅིང་དབང་བསྐུར་ནས། རྡོ་རྗེའི་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་བླུད་པར་བྱའོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པ་ནི་སྔགས་སོ། །བར་གྱི་མན་ངག་ཛཾ་བྷ་ལའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ཤྲཱི་ ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཛཾ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ། དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྙིང་གར་ཟླ་བའི་དབུས་སུ་ཛཾ་ཡིག་སེར་པོ་ལས་དཔལ་ཛཾ་བྷ་ལ་སྐུ་མདོག་སེར་པོ་ཕྱག་གཉིས་པ། ཕྱག་གཡས་ན་བཱི་ཛ་པཱུ་ར་ཀ་དང་། གཡོན་ན་ནེེའུ་ལེ་རིན་པོ་ཆེའི་ཆར་འབེབས་བཞིན་པ་བསྣམས་པ། སངས་རྒྱས་ལྔའི་ཅོད་པན་ཅན། ཞབས་གཉིས་ཀྱིས་དུང་གི་མགོ་དང་པདྨའི་མགོའི་གཏེར་ཆེན་པོ་དག་མནན་པ། ཨུཏྤ་ལ་སྔོན་པོའི་ཕྲེང་བ་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ཛམྦྷ་ལའི་སྐུར་རང་ཉིད་བསྒོམ་པར་བྱའོ། །རང་གི་ཁྱིམ་དུ་ ཡང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབབ་བཞིན་པ་རབ་ཏུ་འཇུག་པའི་བདག་ཉིད་བསམ་པར་བྱའོ། །དེ་ནས་ལག་པ་གཉིས་ཁུ་ཚུར་བཅིངས་ཏེ། གུང་མོ་དག་གི་དབུས་མའི་ཚིགས་གསུམ་པ་བཀུག་པ་ནི་ཛཾ་བྷ་ལའི་ཕྱག་རྒྱའོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། སྔགས་འདིས་རྗེ་བཙུན་ལ་ཆུ་ཁྱོར་བ་ བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཕྱི་ནས་མཆོད་ནས་སྔགས་བཟླས་པར་བྱའོ། །དངོས་གྲུབ་ནི་སྦྱིན་བདག་ཆེན་པོར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དཔལ་ཛཾ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། །།སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པའོ།། །། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛཾ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ། བཅོམ་ལྡན་འདས་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྙིང་གར་པདྨ་དང་། ཟླ་བ་ལ་ཛཾ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་སངས་ རྒྱས་ལ་སོགས་པ་ཡང་དག་པར་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་སྟོང་པ་ཉིད་སྔོན་དུ་བྱ་སྟེ། དེ་ལ་དེ་བཞིན་དུ་གནས་པའི་སྣ་ཚོགས་པདྨ་དང་ཟླ་བ་ལ་ཛཾ་ལས་བྱུང་བའི་ས་བོན་གྱི་འོད་ཟེར་གྱིས་སེམས་ཅན་གྱི་དོན་མཛད་ནས། དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་ གསེར་གྱི་མདོག་ལྟ་བུ་སངས་རྒྱས་ལྔའི་ཅོད་པན་ཅན། མཛེས་པའི་གོས་དང་། རྒྱན་གྱིས་སྤྲས་པ། ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ན་བཱི་ཛ་པཱུ་ར་ཀ་དང་། གཡོན་ན་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུག་པའི་ནེའུ་ལེ་བསྣམས་པ། ཨུཏྤ་ལ་སྔོན་པོའི་ཕྲེང་བ་ཅན། ལོགས་ གཉིས་ན་རིན་པོ་ཆེའི་སྙེ་མའི་ཆར་འབེབས་པའི་གནོད་སྦྱིན་གཉིས་གནས་པ། ཞབས་ཀྱི་འོག་ན་གནས་པའི་རིན་པོ་ཆེའི་སྙེ་མའི་བུམ་པ་དཔག་ཏུ་མེད་པའི་འོད་ཟེར་གྱི་ཕྲེང་བ་འཁྲིགས་པའི་བདག་ཉིད་དུ་བསམ་པར་བྱའོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་སོ། །ལག་པ་གཉིས་ཁུ་ ཚུར་བཅིངས་ཏེ་གུང་མོའི་དབུས་སུ་ཚིགས་གསུམ་པ་བཅག་པའི་ཕྱག་རྒྱས་སྙིང་ག་དང་། མགྲིན་པ་དང་། སྤྱི་བོ་དང་མཛོད་སྤུ་རྣམས་སུ་སྦྱིན་པར་བྱའོ། །སྔ་བར་ཡང་དེ་བཞིན་དུ་སྐད་ཅིག་གིས་བསྒོམས་ནས། འདིས་ཆུ་སྙིམ་པ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་དྷ་ན་མེ་ དེ་ཧི་ད་ད་པཱ་ཡ་སྭཱ་ཧཱ། ཛཾ་བྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བིསྟ་ར་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛཾ་བྷ་ལའི་སྒྲུབ་ཐབས་རྒྱས་པ། དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །སྟོང་པ་ཉིད་བསྒོམས་པའི་རྗེས་སུ་ཅུང་ ཟད་དམར་བའི་ཟླ་བའི་དཀྱིལ་འཁོར་ལ་གནོད་སྦྱིན་གྱི་ཤིང་རྟ་ཟུར་གསུམ་པདྨ་འདབ་མ་བརྒྱད་པའི་རྣམ་པའོ། །དེའི་དབུས་སུ་བཾ་ཡིག་ལས་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཕྱག་ན་འབྲས་ཀྱི་སྙེ་མ་དང་མཆོག་སྦྱིན་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གནོད་སྦྱིན་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ འདི་ལྟ་སྟེ། བཟང་མོ་དང་། རབ་ཏུ་བཟང་མོ་དང་། སྦས་མ་དང་། རབ་ཏུ་སྦས་མ་དང་། ལྷ་མོ་དང་། དབྱངས་ཅན་མ་དང་། འཕགས་མ་དང་། ཆུ་ཤེལ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བ། ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ་ཛཾ་ཡིག་ལས་སྐྱེས་པའི་ཛཾ་བྷ་ལ་ ནོར་རྒྱུན་མ་ལ་འཁྱུད་པ། བྱང་ཆུབ་ཀྱི་སེམས་ངེས་པར་སྦྱོར་བས་རིན་པོ་ཆེ་ཕྱག་ན་ཡང་དག་པར་བསྟོད་པ་གསལ་བར་བསྒོམ་པར་བྱའོ། །འབབ་པའི་དུས་སུ་བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་སུ་ནོར་བུ་བཟང་པོ་སྐུ་མདོག་སྔོན་པོའོ། །ལྷོ་ཕྱོགས་སུ་གང་བ་བཟང་པོ་སེར་པོའོ། །ནུབ་ ཕྱོགས་སུ་རྣམ་ཐོས་སྲས་དམར་པོའོ། །བྱང་ཕྱོགས་སུ་གནོད་སྦྱིན་དམར་པོའོ། །མེ་དང་བདེན་བྲལ་དང་རླུང་དང་། དབང་ལྡན་གྱི་མཚམས་སུ་མུ་ཁེནྡྲ་སྔོན་པོ་དང་ཀི་ལི་མི་ལི་དང་། ཀི་ལི་མི་ལི་ཆེན་པོ་དང་། ཞལ་གྱི་དབང་པོ་སྐུ་མདོག་དམར་པོ་དང་། སྤྱོད་པའི་དབང་པོ་སྐུ་མདོག་ལྗང་ གུ་སྟེ། གསེར་གྱི་ཟུར་ཕུད་ལྔ་པ། ཕྱག་གཡས་ན་བཱི་ཛ་པཱུ་ར་ཀ་དང་། གཡོན་ན་རིན་པོ་ཆེ་འབར་བ་འབོ་བཞིན་པའི་སྲེ་མོང་བསྣམས་པ། དེ་བཞིན་གཤེགས་པ་ལྔ་འཕྲོ་བ། པདྨ་ཅན་དང་དུང་ཅན་གྱི་གཏེར་ཆེན་པོའི་མགོ་བོར་རིན་པོ་ཆེའི་ཆར་འབེབས་བཞིན་པ་རང་གི་ཁང་པའི་ གནས་ཀྱི་ཕྱོགས་གཅིག་ཏུ་བསམ་པར་བྱའོ། །མགོན་པོ་ཛཾ་བྷ་ལ་སྐུ་མདོག་སེར་པོ་ཨུཏྤ་ལ་སྔོན་པོའི་ཕྲེང་བ་བསྣམས་པ། དེ་ཐམས་ཅད་ཀྱང་གནོད་སྦྱིན་མོ་བརྒྱད་ཀྱི་བྷ་གའི་དབུས་སུ་གནས་པ། རིན་པོ་ཆེའི་ཆར་འབེབས་བཞིན་པ། ཛཾ་བྷ་ལ་དང་འདྲ་བ་བསྒོམ་པར་བྱའོ། ། ཤར་སྒོར་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ། ལྷོ་སྒོར་གནོད་སྦྱིན་དང་གནོད་སྦྱིན་ཆེན་པོ་དང་། ནུབ་སྒོར་ཀི་ལི་མི་ལི་དང་། ཀི་ལི་མི་ལི་ཆེན་པོའོ། །བྱང་སྒོར་གང་བ་དང་གང་བ་བཟང་པོ་ཆེན་པོ་སྟེ། དེ་ཐམས་ཅད་ཀྱང་གཅེར་བུ་འབྲས་བུ་འཕྱང་བ། ལྟོ་བ་འཕྱང་ཞིང་རིན་པོ་ཆེའི་ ཆར་འབེབས་པའོ། །དེ་ནས་སྤྱི་བོར་ནོར་བུ་བཟང་པོ། མིག་གཉིས་ལ་རྣམ་ཐོས་སྲས། ཁ་ལ་མུ་ཁེནྡྲའོ། །ནུ་མའི་བར་དུ་གང་བ་བཟང་པོ། ལྟེ་བ་ལ་ནོར་སྦྱིན། བརླ་དག་ལ་ཀི་ལི་མི་ལི་དང་། ཀི་ལི་མི་ལི་ཆེན་མོ། རྐང་པ་དག་ལ་ཙི་པི་ཀུཎྜ་ལིའོ་ཞེས་པའི་ལྷ་རྣམས་ བཀོད་ལ། ཡི་གེ་རྣམས་དགོད་པར་བྱའོ། །ཨོཾ་ནི་སྤྱི་བོར་རོ། །ཛླུཾ་ནི་དཔྲལ་བར་རོ། །ཙླུཾ་ནི་རྣ་བ་དག་ལའོ། །མགོ་བོའི་རྒྱབ་ཏུ་སྭཱ་ཧཱའོ། །མཁྲིག་མགུལ་དུ་ཙླུཾ་མོ། །ལག་པའི་དབུས་སུ་སླུཾ་མོ། །སོར་མོ་ཐམས་ཅད་ལ་ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨོཾ་ཛླུཾ་ཙླུཾ་སྭཱ་ཧཱ་ཞེས་པའི་ སྔགས་སོ། །དེ་བཞིན་དུ་མཛུབ་མོ་ལ་ནོར་བུ་བཟང་པོའོ། །གུང་མོ་ལ་གང་བ་བཟང་པོའོ། །མིང་མེད་ལ་ནོར་སྦྱིན་ནོ། །མཐེའུ་ཆུང་ལ་རྣམ་ཐོས་སྲས་སོ། །ཙི་པི་ཀུཎྜ་ལི་ནི་མཐེབ་ཆེན་ལའོ། །མཁྲིག་མཚམས་སུ་ཀི་ལི་མི་ལི་ནའོ། །ཡི་གེ་རྣམས་ལག་པ་ལ་བཀོད་ནས། སྔ་བར་རྡོ་རྗེའི་ཆུ་ལ་སོགས་པའི་བདུད་རྩི་ལྔ་སྟེ། དེའི་ངོ་བོ་མ་ཡིན་པ་ཡང་རྡོ་རྗེའི་ཆུ་ཙམ་ཡང་བསྲེས་ཏེ་ཁྱོར་བས་འཐུང་ནས། ལག་པས་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཐུན་མཚམས་གསུམ་གྱིས་ཡུན་མི་རིང་བར་འགྲུབ་པར་འགྱུར་རོ། །ཨོཾ་ཛླུཾ་ཙླུཾ་སླུཾ་སཾ་ཞེས་བརྗོད་ ནས་ཆུ་ཁྱོར་བས་སྦྱིན་པར་བྱའོ། །གལ་ཏེ་དེ་བཞིན་བྱས་པས་མ་གྲུབ་ན། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་བདག་ཉིད་བསྒོམས་ནས། ཛཾ་བྷ་ལའི་སྐུ་གཟུགས་ལ་དུག་དང་སྐེ་ཚེ་དང་ཚྭ་དང་མྱོས་བྱེད་ཀྱི་ལོ་མའི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བས་བྱུགས་ཏེ། དུར་ཁྲོད་ཀྱི་མེ་ལ་ཁྲོས་པས་ བདུགས་ན། ངེས་པར་འགྲུབ་པར་འགྱུར་ཞེས་སོ། །ཛཾ་བྷ་ལའི་སྒྲུབ་ཐབས་རྒྱས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཛཾ་བྷ་ལའི་སྒྲུབ་ཐབས། ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་གནས་ཀྱི་དོན་ ཐམས་ཅད་དང་རང་གི་ལུས་ཀྱང་སྟོང་པར་བསྒོམ་པའོ། །དེའི་རྗེས་ལ་ཅུང་ཟད་དམར་བའི་ཟླ་བའི་དཀྱིལ་འཁོར་ལ་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཉིད་གནོད་སྦྱིན་གྱི་ཤིང་རྟ་གྲུ་གསུམ་པདྨ་འདབ་མ་བརྒྱད་པའི་རྣམ་པའོ། །དེའི་དབུས་སུ་བཾ་ཡིག་ལས་ནོར་རྒྱུན་མ་སྐུ་མདོག་སེར་ མོ་ཕྱག་ན་འབྲས་ཀྱི་སྙེ་མ་དང་མཆོག་སྦྱིན་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གནོད་སྦྱིན་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་འདི་ལྟ་སྟེ། བཟང་མོ་དང་། རབ་ཏུ་བཟང་མོ་དང་། སྦས་མ་དང་། རབ་ཏུ་སྦས་མ་དང་། ལྷ་མོ་དང་། དབྱངས་ཅན་མ་དང་། འཕགས་མ་དང་། ཆུ་ཤེལ་མ་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ། ཛཾ་ཡིག་གི་བདག་ཉིད་སངས་རྒྱས་ལྔའི་ཅོད་པན་ཅན། ཕྱག་གཡས་ན་བཱི་ཛ་པཱུ་ར་ཀ །གཡོན་ན་ནེའུ་ལེ་བསྣམས་པའོ། །དེ་བཞིན་གཤེགས་པ་ལྔས་རིན་པོ་ ཆེ་སྣ་ཚོགས་པའི་ཆར་འབེབས་བཞིན་པ་དུང་ཅན་གྱི་མགོ་དང་། པདྨ་ཅན་གྱི་མགོའི་གཏེར་ཆེན་པོ་ལ་ཞབས་གཉིས་བཞུགས་པ་རང་གི་ཁང་པའི་ཕྱོགས་གཅིག་ཏུ་བསམ་པར་བྱའོ། །སྐུ་མདོག་སེར་པོ་ཨུཏྤ་ལ་སྔོན་པོའི་ཕྲེང་བ་བསྣམས་པའི་དཔལ་ལྡན་མགོན་པོ་ཛཾ་བྷ་ལ་ནོར་རྒྱུན་མ་ ལ་ཡང་དག་པར་འཁྱུད་པ། བྱང་ཆུབ་སེམས་ཀྱི་ཐིག་ལེ་ལས་སྐྱེས་པའི་རིན་པོ་ཆེའི་ཚོགས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་པར་བསྒོམ་པར་བྱ་སྟེ། འབབ་པའི་དུས་སུ་ཤར་ཕྱོགས་སུ་གང་བ་བཟང་པོ་སྔོན་པོ། ལྷོ་ཕྱོགས་སུ་རྣམ་ཐོས་སྲས་སེར་པོ། ནུབ་ཕྱོགས་སུ་ནོར་སྦྱིན་ དམར་པོའོ། །བྱང་ཕྱོགས་སུ་ནོར་བུ་བཟང་པོ་སེར་པོའོ། །མེའི་མཚམས་སུ་ཙི་པི་ཀུཎྜ་ལི་དམར་པོ། བདེན་བྲལ་དུ་ཀི་ལི་མི་ལི་སྔོན་པོ། རླུང་དུ་སྤྱོད་པའི་དབང་པོ་སེར་པོ། དབང་ལྡན་དུ་ཁའི་དབང་པོ་སེར་པོའོ། །དེ་ཐམས་ཅད་ཀྱང་ནོར་སྦྱིན་མོའི་བྷ་གའི་དབུས་ན་གནས་ པའི་རིན་པོ་ཆེའི་ཆར་འབེབས་བཞིན་པའི་ཛཾ་བྷ་ལ་བཞིན་དུ་བསྒོམ་པར་བྱའོ། །ཤར་སྒོར་གནོད་སྦྱིན་ཆེན་པོ་གཅེར་བུ་འབྲས་བུ་འཆང་བ་རིན་པོ་ཆེའི་ཆར་འབེབས་པའོ། །ལྷོ་སྒོར་པདྨ་དང་པདྨ་ཆེན་པོ་དག་གོ། །ནུབ་སྒོར་ཀི་ལི་དང་མ་ཧཱ་ཀི་ལི་དག་གོ། །བྱང་སྒོར་གང་བ་དང་གང་ བ་བཟང་པོ་དག་གོ། །དེ་དག་རྣམས་ཀྱང་གཅེར་བུ་འབྲས་བུ་འཆང་བའོ། །མགོན་པོ་ཛཾ་བྷ་ལ་ལ་གོ་རིམས་བཞིན་དུ་སྔགས་ཀྱི་ཡི་གེ་རྣམས་དགོད་པར་བྱའོ། །ཨོཾ་ནི་སྤྱི་བོར་རོ། །ཛཾ་ནི་ཞལ་ལའོ། །བྷ་ལ་ནི་ཕྱག་གཉིས་ལའོ། །ཛ་ཐུགས་ཀར་རོ། །ལེན་ལྟེ་བ་ལའོ། །དྲཱ་ཡ་ནི་བརླ་ གཉིས་ལའོ། །སྭཱ་ཧཱ་ནི་པུས་མོ་གཉིས་ལའོ། །སྤྱི་བོར་ནོར་བུ་བཟང་པོའོ། །སྤྱན་གཉིས་ལ་རྣམ་ཐོས་སྲས་སོ། །ཁ་ལ་མུ་ཁེནྡྲའོ། །ནུ་མའི་བར་དུ་གང་བ་བཟང་པོའོ། །ལྟེ་བར་ནོར་སྦྱིན་ནོ། །བརླ་གཉིས་ལ་ཀི་ལི་མི་ལིའོ། །རྐང་པ་དག་ལ་ཙི་པི་ཀུཎྜ་ལིའོ། །ཡན་ལག་ ཐམས་ཅད་ལ་ཙ་རེནྡྲའོ། །ད་ནི་ཡི་གེ་དགོད་པར་བྱའོ། །ཨོཾ་སྤྱི་བོར་རོ། །ཛླུཾ་དཔྲལ་བར་རོ། །ཙླུཾ་རྣ་བ་དག་ལའོ། །སཾ་མགོ་བོའི་རྒྱབ་ཏུ་དགོད་པར་བྱའོ། །ད་ནི་ལག་པ་ལ་དགོད་པར་བྱ་བ་སྟེ། ལྷ་རྣམས་ཀྱི་ཡི་གེ་ཨོཾ་མཁྲིག་མགུལ་དུ། ཛླུཾ་ལག་པའི་དབུས་སུ། ཙླུཾ་སོར་མོ་ཐམས་ ཅད་ཀྱི་རྩེ་མོ་ལ། སཾ་སོར་མོ་ཐམས་ཅད་ཀྱི་རྩ་བ་ལའོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་པས་རབ་ཏུ་གནས་པར་བྱའོ། །མཛུབ་མོ་ལ་ནོར་བུ་བཟང་པོ། གུང་མོ་ལ་གང་བ་བཟང་པོ། མིང་མེད་ལ་ནོར་སྦྱིན། མཐེའུ་ཆུང་ལ་རྣམ་སྲས། དེ་བཞིན་དུ་ཁའི་དབང་པོ་ལག་པའི་མཐིལ་ དུ། མཁྲིག་མགུལ་དུ་ཀི་ལི་མི་ལི། མཐེབ་ཆེན་ལ་ཙི་པི་ཀུཎྜ་ལི། མཛུབ་མོ་དང་བཅས་པའི་མཐེབ་ཆེན་གྱི་བར་དུ་ཙ་རེནྡྲའོ། །ལག་པའི་དབུས་སུ་ཛཾ་བྷ་ལ་ཛ་ལེནྡྲཱའོ། །རྡོ་རྗེའི་ཆུ་ལ་སོགས་པའི་བདུད་རྩི་ལྔ་དེའི་ངོ་བོ་མ་ཡིན་ཀྱང་། རྡོ་རྗེ་ཆུ་དང་ཆུ་བསྲེས་ནས་ཁྱོར་བས་བཏུང་སྟེ། ཁྱོར་ བ་བརྒྱ་རྩ་བརྒྱད་ཐུན་མཚམས་གསུམ་དུ་དབུལ་བར་བྱའོ། །རིང་པོར་མི་ཐོགས་པར་ཛཾ་བྷ་ལ་དང་འདྲ་བར་འགྱུར་རོ། །ནོར་དང་གསེར་འཕེལ་ཞིང་ས་གཞི་རྫས་ཀྱིས་ཡོངས་སུ་གང་བར་འགྱུར་རོ། །ཨོཾ་ཛླུཾ་ཙླུཾ་སཾ་ཞེས་བརྗོད་ཅིང་ཆུ་ཁྱོར་བས་དབུལ་བར་བྱའོ། །གྲུབ་པར་མ་གྱུར་ན་དཔལ་རྡོ་རྗེ་ ཧཱུཾ་མཛད་དུ་བདག་ཉིད་བསྒོམས་ལ་ཛཾ་བྷ་ལའི་སྐུ་གཟུགས་ལ་དུག་དང་སྐེ་ཚེ་དང་ནིམ་པའི་ལོ་མ་དང་། དྷ་དུ་ར་དང་། དུར་ཁྲོད་ཀྱི་སོལ་བས་བྱུགས་ལ་བསྲོ་ཞིང་སྐམ་པར་བྱའོ། །ཕྱི་ནས་དུར་ཁྲོད་ཀྱི་མེ་ལ་ཁྲོས་པས་བདུགས་ན་ངེས་པར་འགྲུབ་པར་འགྱུར་རོ། །དཔལ་ལྡན་ཛཾ་བྷ་ ལའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྷཱ་ར་དཱ་ན་ཛཾ་བྷ་ལོ་པ་དེ་ཤ །བོད་སྐད་དུ། ཛཾ་བྷ་ལ་ལ་ཆུ་དབུལ་བའི་མན་ངག །དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །མིང་མེད་ཀྱི་རྩེ་མོ་ལ་ཛཾ་ཡིག་སེར་པོ་བསམས་ལ། ཕྱག་རྒྱ་ལ་སོགས་ པས་སྣོད་ལ་ཛཾ་བྷ་ལ་བསྒོམས་ནས། མིང་མེད་ཀྱི་རྩ་བ་ལ་ཆུ་རྒྱུན་ལག་པའི་བར་དུ་ལྷུང་བས། དེའི་དབུ་ལ་དེ་བཞིན་དུ་འབབ་ཅིང་ཛཾ་ཡིག་བརྒྱ་རྩ་བརྒྱད་བཟླས་ལ་བསྒོམ་པར་བྱའོ། །ཛཾ་བྷ་ལ་ལ་ཆུ་དབུལ་བའི་མན་ངག་གོ། །ལག་པ་གཡས་པ་ལ་བྲུཾ་དང་པོའི་ལྔ་པའི་ས་ བོན་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔ་བསམས་ནས། དེ་ལ་ཡང་ཟླ་བ་དང་ལྷན་ཅིག་ཁུ་བར་བྱས་ཏེ། མདུན་དུ་ཛཾ་ལས་བྱུང་བའི་ཛཾ་བྷ་ལ་རབ་ཏུ་གྲགས་པ་བསྐྱེད་ནས། སྔོན་དུ་གསུངས་པའི་ཁུ་བས་དེའི་སྤྱི་བོར་ཆུ་དང་ལྷན་ཅིག་བརྒྱ་རྩ་བརྒྱད་མཛུབ་ མོ་བརྐྱང་བའི་བར་དུའོ། །ཁུ་ཚུར་ཕྱེད་བཅིངས་པའི་ལག་པས་ཆུ་ཁྱོར་བ་ནས་ལྟུང་བས་མ་ལུས་པའི་ཕུན་སུམ་ཚོགས་པར་འགྱུར་རོ། །ཛཾ་བྷ་ལའི་མན་ངག་གོ། །རྒྱལ་བ་རྣམ་པར་སྣང་མཛད་ཞེས་གྲགས་རིན་ཆེན་འབྱུང་ལྡན་དང་། །དེ་བཞིན་འོད་དཔག་མེད་དང་དོན་ཡོད་གྲུབ་པ་མི་བསྐྱོད་གྲགས། ། འདི་རྣམས་སྐུ་མདོག་དཀར་སེར་དམར་དང་ལྗང་གུ་སྔོན་པོ་རྣམས། །བྱང་ཆུབ་མཆོག་དང་མཆོག་སྦྱིན་བསམ་གཏན་མི་འཇིགས་ས་གནོན་ཕྱག །དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་ནི། །བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་ཞེས་སོ། །ཟླ་བ་ལག་པ་གཡས་གནས་པའི། །ཡི་གེ་ལྔ་ལས་བྱུང་བ་ཡི། ། དེ་བཞིན་གཤེགས་པ་ལྔ་བསམས་ནས། །ཁུ་བའི་གཟུགས་སུ་རྣམ་པར་བསྒོམ། །ཛཾ་ལས་བྱུང་བའི་ཛཾ་བྷ་ལ། །བསམས་ནས་ཆུ་ཁྱོར་གུས་པས་དབུལ། །དེ་ཡི་སྔགས་ནི་བཟླས་པ་ཡི། །བརྒྱ་རྩ་བརྒྱད་ནི་དབུལ་བར་བྱ། །ཛཾ་བྷ་ལ་ལ་ཆུ་དབུལ་བའི་མན་ངག་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཧ་ཡ་གྲཱྀ་བ་སཱ་དྷ་ནཾ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་ཧཾ་ཡིག་དམར་པོའི་ཡེ་ཤེས་རྫོགས་པ་ལས་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་ གསུམ་པ་ཕྱག་བརྒྱད་པ། ཞལ་སོ་སོ་བ་ལ་སྤྱན་གསུམ་པ་སྔོན་པོ་དང་དཀར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ། །སྦྲུལ་གྱིས་བརྒྱན་པ་ཞབས་རོལ་པའི་སྟབས་ཀྱིས་བཞུགས་ཤིང་། ཁྲོ་བོའི་ལྟ་སྟངས་ཀྱིས་གཟིགས་པ། ཞལ་དང་པོ་བཞད་པ་ཞལ་གཡས་པས་ལྗགས་ བསྒྲིལ་བ། ཞལ་གཡོན་པའི་མཆེ་བ་དག་གིས་མ་མཆུ་བསྡམས་པའོ། །སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །རྡོ་རྗེ་དང་དབྱུག་པ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། མདའ་འཕྱར་བ་ནི་གཡས་ཀྱི་ཕྱག་བཞི་ནའོ། །སྡིགས་མཛུབ་དང་རང་གི་ནུ་མ་བཟུང་བ་དང་། པདྨ་དང་། གཞུ་འཕྱར་བ་ནི་གཡོན་གྱི་ཕྱག་བཞི་ནའོ། །མི་བསྐྱོད་པས་དབུ་བརྒྱན་པར་བསམ་པར་བྱའོ་ཞེས་པ་ནི་རྟ་མཆོག་གི་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ནོ། །བཟླས་པའི་སྔགས་ནི། ཨོཾ་ཧཾ་ཧ་ཡ་གྲཱྀ་བ་སྭཱ་ཧཱ། རྟ་མགྲིན་གྱི་སྒྲུབ་ཐབས། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། སཔྟ་ཤ་ཏི་ཀ་ཀལྤོ་ཀྟ་ཧ་ཡ་གྲཱྀ་བ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་བདུན་བརྒྱ་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ཐབས། དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །དངོས་པོ་ཐམས་ཅད་རང་བཞིན་གྱིས་མི་གནས་པ་ཞེས་པ་ནི་བདེ་བར་གཤེགས་ པ་རྣམས་ཀྱི་དགོངས་པར་རིག་པར་བྱས་ནས། དེ་ནས་རི་རབ་ཡན་ལག་བརྒྱད་པ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ལ་དེའི་དབུས་སུ་དཔག་ཚད་སྟོང་གི་ཚད་ཀྱི་གདན་ལ་ཉེ་བར་འདུག་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ལུས་དང་ངག་དང་ ཡིད་བྱིན་གྱིས་བརླབས་ལ། དེ་ཡིས་དེ་བཞིན་དུ་ནམ་མཁའ་ཁྱབ་པའི་ཉི་མའི་དཀྱིལ་འཁོར་ལ་མངོན་པར་ཁྱབ་པར་སྤྲུལ་ནས། དེ་ལ་དེ་བཞིན་དུ་ཧཱུཾ་ཡིག་འབར་བ་ལས་འོད་ཟེར་གྱི་རྣམ་པར་བསམ་ཞིང་། དེ་ནས་ལུས་ངག་ཡིད་ཐམས་ཅད་རྡོ་རྗེ་རྣམས་ཀྱིས་ཕྱག་འཚལ་བས་ཨོཾ་ཨཱཿ ཧཱུཾ་ཞེས་པ་འདིས་ཕྱོགས་བཅུའི་མཐར་ཐུག་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ནས་ཡེ་ཤེས་ཀྱི་རྣམ་པས་རབ་ཏུ་ཞུགས་ཏེ། སླར་ཡང་ཧཱུཾ་ཡིག་གཉིས་པས་རྟ་མགྲིན་ཡང་དག་པར་བསྐུལ་ཞིང་གདན་དྲངས་ནས་རབ་ཏུ་ ཞུགས་ཏེ་ཧཱུཾ་ཡིག་གསུམ་པས་བདག་ཉིད་དེ་བཞིན་དུ་རྟ་མགྲིན་བཞིན་དུ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ཅན་སྐུ་མདོག་དམར་པོ་འཇིགས་སུ་རུང་བ་སྤྱན་གསུམ་པ། དྲག་པོ་སྨ་ར་དམར་སེར་ཅན། གསུས་པ་ཆེ་བ། ཞལ་མཆེ་བ་གཙིགས་པ། ཐོད་པའི་ཕྲེང་བ་ཅན། རལ་པའི་ཅོད་པན་ཅན། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཞལ་གཉིས་པ་སྔོ་ཞིང་འཇིགས་སུ་རུང་བའི་ཧཱི་ཧཱིའི་སྒྲ་སྒྲོགས་ཤིང་ཚངས་པའི་སྒོ་ངའི་རྩེ་མོ་ནས་རྣམ་པར་གནོན་པ། གཉིས་པས་སྲིད་པ་ལ་སོགས་པའི་མཐར་ཐུག་པ་ལའོ། །ཀླུ་བརྒྱད་ཀྱིས་བརྒྱན་པ། མིའུ་ཐུང་གི་རྣམ་པ་ཅན། སྟག་གི་པགས་ པའི་ཤམ་ཐབས་ཅན། སྦྲུལ་གྱི་རྒྱན་གྱིས་བརྒྱན་པ། ལྷ་དང་ལྷ་མ་ཡིན་མཐའ་དག་ལ་བསྡིགས་པར་མཛད་པ། རྡོ་རྗེ་དང་དབྱུག་པ་བསྣམས་པ། རྟ་མགྲིན་ལས་ཁ་དོག་སྣ་ཚོགས་པའི་འོད་ཟེར་སྤྲོ་བ་དང་བསྡུ་བ་བསམ་པར་བྱའོ། །སྔགས་ནི་ཨོཾ་ཧ་ཡ་གྲཱྀ་བ་ ཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ་ཞེས་ཏེ། བཅོམ་ལྡན་འདས་འདིའི་མཐུས་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། བཅུད་དང་། བཅུད་ཀྱིས་ལེན་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབས་པས་མངོན་དུ་འགྱུར་རོ་ཞེས་རྟོག་པ་བདུན་བརྒྱ་པ་ལས་གསུངས་ སོ། །ཅིས་ཀྱང་བཅོམ་ལྡན་འདས་ཀྱི་བཟླས་པ་འབུམ་ཕྲག་གསུམ་བྱས་པས་འཁོར་ལོས་སྒྱུར་བ་དང་རྒྱལ་སྲིད་གཉིས་མངོན་དུ་འགྱུར་རོ། །ལྷའི་བུ་མོ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་ཞིང་རིག་འཛིན་མ་མདུན་དུ་བྱས་ཏེ། དེ་ལ་བདེ་བའི་འབྲས་བུ་ཉམས་སུ་མྱོང་ཞིང་གནས་ སོ། །ལྷའི་དབང་པོས་གདུགས་འཛིན་པར་འགྱུར་རོ། །ཚངས་པའི་སྔགས་པ་དང་། ཐག་བཟངས་རིས་ཀྱི་དམག་དཔོན་དང་། འཕྲོག་བྱེད་དང་། སོ་སོར་འཕྲོག་བྱེད་དང་། ལྷ་རྣམས་མཐའ་དག་སྟོབས་མེད་པར་འགྱུར་རོ། །གཅེར་བུ་པའི་སློབ་དཔོན་བདེ་བྱེད་དང་མཐའ་ དག་གི་ཡོན་ཏན་རྣམས་ཉེ་བར་སྟོན་པར་བྱེད་དོ། །ཇི་སྲིད་བཅོམ་ལྡན་འདས་ཀྱིས་བྱམས་པ་མངོན་པར་མ་རྟོགས་པ་དེ་སྲིད་དུ་གནས་སོ། །མངོན་པར་རྟོགས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་འགྱུར་རོ། །རྟོག་པ་བདུན་བརྒྱ་པ་ལས་གསུངས་པའི་རྟ་མགྲིན་གྱི་སྒྲུབ་ ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སརྦ་ཏནྟྲ་ཧྲྀ་ད་ཡ་ཨུཏྟ་ར་ཧ་ཡ་གྲཱྀ་བ་སཱ་དྷ་ནཾ། བོད་སྐད་དུ། རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཕྱི་མའི་རྟ་མགྲིན་གྱི་སྒྲུབ་ཐབས། དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །དེ་ནས་རྟ་མགྲིན་གྱི་སྒྲུབ་ཐབས་ཡང་དག་པར་རབ་ཏུ་ བཤད་པར་བྱའོ། །དང་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་གནས་སུ་བདུད་རྩི་ལྔས་བྱུགས་ཏེ། ཇི་ལྟར་རྙེད་པའི་སྟན་ལ་ཉེ་བར་འདུག་ནས་རང་གི་སྙིང་ག་ནས་ཧཱུཾ་ཡིག་གི་འོད་ཟེར་གྱིས་ཡང་དག་པར་བསྐུལ་ནས་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཉེ་བར་སྤྱད་པ་ ཐམས་ཅད་ཀྱིས་ཡང་དག་པར་མཆོད་ཅིང་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཡང་དག་པར་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྔགས་འདིས་རང་བཞིན་སྟོང་པར་བསྒོམ་པར་ བྱའོ། །ཕྱི་ནས་ནམ་མཁའི་དཀྱིལ་འཁོར་གྱི་དབུས་སུ་པདྨ་འདབ་མ་བཞི་པའི་ཟེའུ་འབྲུའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བདུད་རྩི་དང་བཅས་པའི་ཐོད་པ་བསམ་པར་བྱའོ། །དེ་ལ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་སངས་རྒྱས་ཀྱི་ཐུགས་དྲག་པོ་རྣམ་པར་བསམ་པར་བྱ་སྟེ། ཞལ་ བཞི་པ། ཞབས་བཞི་པ། གཡས་བསྐུམ་པ་དག་དང་། གཡོན་བརྐྱང་བ་དག་གོ། །ཕྱག་བརྒྱད་པ། དཔའ་བོ་ཆེན་པོ་ལྷ་མོ་བཞིས་ཡོངས་སུ་བསྐོར་བའོ། །བདག་ཉིད་གང་ཞིག་གྲུབ་འདོད་པས། །ཁྱབ་བདག་ཆེན་པོ་རྟ་མགྲིན་ནི། །སྐུ་མདོག་དམར་པོ་མཆེ་བ་རྣོ། །སྤྱན་ནི་གསུམ་ པ་དམར་པོ་དང་། །ནག་པོ་དཀར་པོ་རྩ་བ་དང་། །གཡས་དང་གཡོན་པའི་ཞལ་ཉིད་དོ། །སྟེང་ཞལ་རྟ་ཡི་རྣམ་པ་ལ། །པཱ་ལ་ཤ་ཡི་ཁ་དོག་བཞིན། །ཐོད་པ་ཁྲག་གིས་གང་བ་དང་། །ཤ་ཆེན་ཆང་ཉིད་དག་ཀྱང་ངོ་། །རྟ་ཡི་ཞལ་སོགས་དབུ་ལ་ནི། །དབང་བསྐུར་རབ་ཏུ་སྦྱིན་པར་བྱ། ། རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང་། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །ལྕགས་ཀྱུ་མདའ་དང་ཐོད་པ་དང་། །རྡོ་རྗེ་རྣམས་ནི་ཕྱག་གཡས་ན། །ཞགས་པ་གཞུ་དང་ཁ་ཊྭཱཾ་ག། །དྲིལ་བུ་རྣམས་ནི་ཕྱག་གཡོན་ན། །བྷ་གའི་དབུས་སུ་སྒྲུབ་པ་པོས། །འདི་ལྟ་བུ་ཉིད་འདིར་ བསྒོམ་བྱ། །བདུད་རྩི་ལྔ་ཡིས་ཡང་དག་མཆོད། །མཆོད་པའི་བདག་ཉིད་བསྒོམ་པར་བྱ། །ཤར་དུ་ལྷ་མོ་བྲི་བར་བྱ། །རྟ་ཡི་རྡོ་རྗེ་འཇིགས་ཆེན་མོ། །ཧྲཱིཿཡིག་ལས་ནི་ཡང་དག་བྱུང་། །ཞལ་གཅིག་པ་ལ་ཕྱག་ནི་བཞི། །གཡོན་ན་གཞུ་དང་ཐོད་པ་ལ། །བདུད་རྩི་དང་བཅས་ གཡས་པ་ནི། །མདའ་ཉིད་དང་ནི་ཀེང་རུས་ཏེ། །སྣ་ཚོགས་གཟུགས་ཅན་འབར་བ་སྟེ། །ལྷོ་རུ་ཕྱག་རྒྱ་བྲི་བྱ་བ། །ཞལ་གཅིག་ཕྱག་ནི་བཞི་པ་སྟེ། །ཧཾ་ཡིག་ལས་ནི་ཡང་དག་བསྐྱེད། །ཕྱག་གཡོན་ཁ་ཊྭཱཾ་ག་དང་ནི། །ཁྲག་གིས་གང་བའི་ཐོད་པ་བསྣམས། །གཡས་ན་ཞགས་པ་ཆེན་པོ་ དང་། །ཀེང་རུས་བརྟུལ་ཞུགས་བསྣམས་པའོ། །ཐོད་པའི་གདན་གྱི་དབུས་གནས་པའི། །སྐུ་མདོག་ནག་མོ་འབར་བ་ཆེ། །ཕག་མོ་ཞེས་པ་བྲི་བར་བྱ། །ནུབ་ཏུ་ཅེ་སྤྱང་རྡོ་རྗེ་མ། །ཐོད་པའི་གདན་ལ་ཡང་དག་བཞུགས། །ཧྲཱིཿཡིག་ལས་བྱུང་ལྷ་མོ་ནི། །སྐུ་མདོག་སེར་ མོ་ཞལ་གཅིག་མ། །ཕྱག་བཞི་གཡོན་གྱི་ཐོད་པ་ན། །དྲི་ཆེན་གྱིས་གང་རྒྱལ་མཚན་ཞགས། །གཡས་ཀྱིས་ཌ་མ་རུ་དང་ནི། །ཀེང་རུས་བརྟུལ་ཞུགས་བསྣམས་པའོ། །བྱང་དུ་ཕྱག་རྒྱ་བྲི་བར་བྱ། །སྐུ་མདོག་དཀར་མོ་རྡོ་རྗེའི་ལག །འདབ་མ་བཞི་ལ་བྲི་བར་བྱ། །ཆ་བསགས་རྟ་མགྲིན་མཆོད་ པར་བྱ། །དྲི་ཆེན་དྲི་ཆུ་དང་བཅས་པས། །ལྷ་མོ་ཐམས་ཅད་གཡས་བརྐྱང་གི། །ཞབས་གནས་འབར་བའི་ཕྲེང་བ་འཁྲིགས། །ཐོད་པའི་ཕྲེང་བས་རྣམ་པར་བརྒྱན། །སྤྱན་གསུམ་མཆེ་བ་རྣོ་ཞིང་འཇིགས། །བདག་ཉིད་དངོས་གྲུབ་འདོད་གང་གིས། །སྔགས་ཀྱི་རྒྱལ་པོ་དྲན་པར་བྱ། །དེ་ལ་ སྔགས་ནི་འདིའོ། །ཨོཾ་ཧ་ཡ་གྲཱི་བ་ཧྲཱིཿཨ་ཧཾ་ཨ་ཧཾ། ཨཱཾ་ཨཱཾ། ཧཱུཾ་ཧཱུཾ་སྭཱ་ཧཱ། སྔགས་འདི་བསམ་གཏན་བྱས་ནས་ནི། །རྟག་ཏུ་བཟླས་ཤིང་དྲན་པར་བྱ། །འབུམ་ཕྲག་གཉིས་དང་བྱེ་བ་དང་། །སྟོང་ཕྲག་གཅིག་གིས་ནད་མེད་འགྱུར། །སྔོན་དུ་ངེས་པར་བསགས་པ་ཡི། །སྡིག་པའང་ཅུང་ ཟད་མེད་པར་འགྱུར། །རྣལ་འབྱོར་དབང་ཕྱུག་དུས་ཀུན་དུ། །སྲུང་བར་བྱེད་ཅིང་བགེགས་མེད་འགྱུར། །དེ་ཡི་སེམས་ཀྱིས་རྟ་ཡི་ཞལ། །ལྷ་མོ་ས་ཁམས་བརྟན་པར་བསྒོམ། །བྱམས་པ་འཕྲོག་པའི་སེམས་ཀྱིས་ནི། །མེ་ལོང་ལྟ་བུའི་ཡེ་ཤེས་སྦྱོར། །ལྷ་མོ་ཅེ་སྤྱང་གདོང་དེ་ཡིས། ། ཆུ་ཡི་ཁམས་ཀྱི་དབང་བསྐུར་ནས། །སྙིང་རྗེར་གྱུར་པའི་སེམས་ཀྱིས་ནི། །མཉམ་པ་ཉིད་ཀྱི་ཡེ་ཤེས་གཟུགས། །ཕག་མོ་ཞལ་གྱི་སྦྱོར་བ་ཡིས། །མེ་ཡིས་མི་ཤེས་བསྲེགས་གྱུར་ནས། །དགའ་བས་རྣམ་པར་དགྱེས་པ་ཡིས། །སོ་སོར་རྟོག་པའི་ཡེ་ཤེས་སོ། །ལྷ་མོ་གླང་པོ་ གདོང་དེ་ཡིས། །རླུང་ཞེས་མངོན་པར་བརྗོད་པར་བྱ། །བཏང་སྙོམས་དྲན་པའི་སེམས་ཀྱིས་ནི། །བྱ་བ་གྲུབ་པའི་སྦྱོར་བ་ལས། །སེམས་ནི་དཀར་པོའི་གཟུགས་ཀྱིས་ནི། །སྣ་ཚོགས་གཟུགས་སུ་མངོན་པར་བརྗོད། །སྙིང་རྗེས་བརླན་པའི་ཆོས་རྣམས་ནི། །ནག་པོའི་སྒྲ་ཡི་སྒྲ་ཉིད་ ལ། །དཀར་པོ་སྡིག་པ་འཇོམས་པ་སྟེ། །སེར་པོ་དྲི་མ་མེད་པའི་ཆ། །དམར་པོ་བྱེད་པའི་ཆོས་རྣམས་ཀྱི། །ཆགས་པའི་སེམས་ཀྱིས་དེ་བཞིན་གཤེགས། །ཞབས་བཞི་རྣམ་པར་དག་པ་ནི། །དེ་ཡི་རྫུ་འཕྲུལ་རྐང་པ་བཞི། །རྣམ་པ་བཞི་པོ་འདི་ཡིས་ནི། །ཞལ་ཉིད་ཀྱང་ནི་འདིར་ གསུངས་སོ། །སེམས་ཀྱི་རང་བཞིན་ནམ་མཁའ་མཚུངས། །ཆོས་དབྱིངས་རྣམ་པར་དག་པ་ལས། །ལམ་ནི་རྣམ་པར་དག་པ་ཡིས། །གསང་བ་ཐོབ་པར་མ