Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 77

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྐད་ཅིག་སྟོང་ཉིད་སྦྱར་བྱས་ནས། །སེམས་ཉིད་ཀྱི་ནི་ངལ་གསོ་བྱ། །སྔོན་གྱི་དམ་བཅས་དྲན་བྱས་ལ། །ས་བོན་ཙམ་ཞིག་སླར་ཡང་བསམ། །གཅིག་པུ་ཡོངས་སུ་
མྱང་འདས་ན། །བདག་གིས་སེམས་ཅན་བསླུས་འགྱུར་ལ། །སྲིད་པའི་རྒྱ་མཚོ་གཏིང་མེད་ལས། །དེ་ལ་ཇི་ལྟར་བདག་གིས་གདོན། །ཞེས་པའི་འདོད་པས་སྙིང་རྗེར་བྱ། །སེམས་ཉིད་སྟོང་ཉིད་སྤང་བྱས་ལ། །ཀུན་གྱི་ཁམས་ཀྱི་རང་བཞིན་དུ། །སེམས་བསྐྱེད་པ་ཡི་སེམས་

ཀྱིས་ནི། །སངས་རྒྱས་བྱིན་རླབས་ནམ་མཁར་ནི། །ས་བོན་ཨུཏྤལ་དེ་གྱུར་ལས། །ཨུཏྤ་ལ་ནི་ཟླ་བའི་གཟུགས། །ཨ་ཡིག་དབྱངས་ལས་ཡང་དག་བྱུང་། །ཟླ་བ་དེ་ལས་སྔར་ས་བོན། །དེ་ལས་འོད་ཟེར་བྱུང་གྱུར་པ། །དེ་ཡི་རྣམ་པས་སྦྱངས་གྱུར་པར། །
འཇིག་རྟེན་ཁམས་རྣམས་མ་ལུས་བསམ། །ཀུན་ནས་སྦྱངས་པར་རྟོགས་དེ་ཡི། །འོད་ཀྱིས་སངས་རྒྱས་བྱེ་བ་རྣམས། །ཞུགས་གྱུར་དེ་ལས་ཨུཏྤལ་བསམ། །དེ་ཡིས་སྒྲོལ་མར་གྱུར་བྱས་ཏེ། །སྐུ་མདོག་དམར་པོ་ཕྱག་བཞི་མ། །པདྨ་དམར་པོའི་གདན་ལ་བཞུགས། །སྐལ་བཟང་
གོས་ཟུང་དམར་པོས་བརྒྱན། །རྣ་རྒྱན་དམར་པོ་དབུ་རྒྱན་བཅས། །ཕྱག་གཡས་མི་འཇིགས་པ་དང་ནི། །གཞན་ཡང་མདའ་ནི་བསྣམས་པའོ། །གཡོན་ན་གཞུ་དང་གཉིས་པ་ན། །ཨུཏྤལ་དམར་པོ་བསྣམས་པ་ནི། །ཀུ་རུ་ཀུལླེའི་ཕུག་སོན་པ། །ཨཱ་རོ་ལི་ཀའི་དབུ་རྒྱན་ཅན། །སྒྲ་གཅན་སྟེང་དུ་འདོད་ལྷ་
ཡི། །ཆུང་མར་བཅས་པའི་གདན་ལ་བཞུགས། །སྒྱུ་རྩལ་ཀུན་དང་ལྡན་པ་ཡི། །དེ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅས། །ཡང་དག་རྒྱན་རྣམས་ཀུན་ལྡན་པའི། །བཅོམ་ལྡན་འདས་མ་བསྒོམ་པར་བྱ། །དམ་ཚིག་སེམས་དཔའ་རྫོགས་པ་ལ། །ཡེ་ཤེས་འཁོར་ལོ་སྤྱན་དྲང་བྱ། །སྐད་ཅིག་རྣམ་པས་ཡོངས་
རྫོགས་པའི། །ཡེ་ཤེས་འཁོར་ལོ་མདུན་བཞུགས་ལ། །ཛཿཧཱུཾ་བཾ་ཧོཿཞེས་བྱ་འདིས། །དགུག་གཞུག་བཅིང་དང་མཉེས་པར་བྱ། །དམ་ཚིག་ཕྱག་རྒྱ་རབ་སྦྱོར་བས། །ཞལ་གྱི་ལམ་ནས་གཞུག་བྱ་སྟེ། །ལག་གཉིས་ཐལ་མོ་རབ་སྦྱར་ཏེ། །གང་ཚེ་ལེགས་སྦྱར་སྨད་བྱ་སྟེ། །འདི་དག་རྩེ་མོར་བྱ་བ་སྟེ། །དབུས་སུ་
མིང་མེད་བྱ་བ་ལ། །འཁྲི་ཤིང་གུང་མོ་འཁྱུད་པའོ། །མཐེབ་ཆེན་གཉིས་པོ་འོག་ཏུ་སོན། །དམ་ཚིག་འདི་ནི་བཅིང་བྱས་ནས། །འདིས་ནི་འཁོར་ལོ་རབ་གཞུག་བྱ། །དེ་ནས་དབང་བསྐུར་ཞུ་བྱ་སྟེ། །སངས་རྒྱས་ཞེས་བྱའི་ཚིགས་བཅད་བརྗོད། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་སྩལ་བ་
ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཆེར་གྱུར་དེ་རྣམས་ཀྱིས་སྦྱིན་བྱེད། །རྒྱལ་སྲིད་དབང་བསྐུར་མིང་ལས་ནི། །མེ་ཏོག་དབང་དང་རྡོ་རྗེས་གནང་། །སྤྱན་མ་ལ་སོགས་ལྔ་རྣམས་ཀྱིས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་

ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱེད། །སངས་རྒྱས་དབང་བསྐུར་སྒྲོལ་མ་ཡི། །ཆོས་ཀྱི་གཙུག་གི་ནོར་བུར་གྱུར། །འོད་ཟེར་དམར་པོ་རྣམས་ཀྱིས་ནི། །འགྲོ་བ་གསུམ་པོ་སྣང་བྱེད་ཅིང་། །རིན་ཆེན་དབང་བསྐུར་ཐོབ་གྱུར་ནས། །དངོས་གྲུབ་
ཐམས་ཅད་བསྒྲུབ་པར་བྱ། །དེ་རིང་སྔོན་གསུངས་ཆོ་ག་ཡིས། །ལོ་ཕྱེད་བརྟན་པར་ཞུགས་པ་ཡི། །བསྒོམ་པའི་རིམ་པ་སྔོན་འགྲོ་བས། །ཐུན་མཚམས་གསུམ་དུ་གཏོར་མ་དབུལ། །སྒྲོལ་མའི་སྙིང་པོ་འདི་ཡིས་ནི། །ཏིང་ངེ་འཛིན་གྱི་སྔགས་བཟླས་བྱ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུཾ་སྭཱ་ཧཱ། དེ་ནས་སྔོན་བསྙེན་
ཡི་གེ་འབུམ། །བཟླས་ནས་ལས་ནི་བརྩམ་པར་བྱ། །ཆ་ཤས་ཀྱིས་ནི་ཤེས་རབ་འཕེལ། །ཆ་ཤས་གཞན་གྱིས་དབང་དུ་བྱེད། །དེ་བཞིན་ཆ་ཤས་གསུམ་པ་ཡིས། །མི་ཡི་དུག་ནི་འགུགས་པར་བྱེད། །འཇིག་རྟེན་གྱིས་ནི་མཆོད་བྱེད་འགྱུར། །བུད་མེད་སྒེག་མ་མྱོས་པས་ཀྱང་། །གོམས་སྦྱོར་ལྷ་ཡི་བུ་མོ་མཛེས། །ཇི་
ལྟར་འདོད་བཞིན་སྔགས་འཛིན་སྤྱོད། །ཧྲཱིཿཡིག་མྱོས་བྱེད་འདབ་མ་ལ་བཀོད་བུད་མེད་རྣམས་ཀྱི་ལྕེ་འཛག་བྱེད། །དེ་དག་ཉིད་ཀྱང་བློ་ཡིས་སྐྱེ་བོའི་སྙིང་གི་དབུས་སུ་འགའ་ཞིག་ཏུ། །མཆེ་བ་རྣམས་ཀྱི་སྔོན་བསྒོམས་དུག་འཇོམས་ཆོས་ཀྱི་ཡི་གེ་རང་ཉིད་འབབ། །སྒྲོལ་མའི་སྙིང་པོ་འཇིག་རྟེན་གསུམ་ལས་
རྣམ་རྒྱལ་ཤེས་བྱ་བརྩེ་བའི་གནས། །རང་ཉིད་སྒྲོལ་མ་ལས་སྐྱེས་པའི། །ཀུ་རུ་ཀུལླེར་བསྒོམ་པར་བྱ། །བསྒྲུབ་བྱ་དེ་ཡི་ཁ་ནང་སོན། །འདོད་པས་མྱོས་པར་བསམ་པར་བྱ། །ཡེ་ཤེས་སེམས་དཔའི་ཆུ་སྐྱེས་ལས། །སྤྱི་བོར་བདུད་རྩིའི་རྒྱུན་འབབ་བསམ། །བརྟུལ་ཞུགས་ཅན་གྱིས་ཐུན་གསུམ་བསྒོམས། །
ཉི་མ་བདུན་གྱིས་ལྟུང་བར་འགྱུར། །རིམ་པ་གོམས་པས་དངོས་གྲུབ་ཕྲན། །མཁས་པ་ཡིས་ནི་བསྒྲུབ་པར་བྱ། །འདིར་ནི་དཔལ་དང་བཅས་གྱུར་པའི། །དངོས་གྲུབ་ཆེན་པོ་ཉིད་ཀྱང་འགྲུབ། །རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་ཀརྨ་པྲ་ས་
ར་པྲ་ཡོ་ག །བོད་སྐད་དུ། ཀུ་རུ་ཀུལླེའི་ལས་རབ་ཏུ་བརྐྱང་བ་སྦྱོར་བ། འཕགས་མ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། འཕགས་མ་སྒྲོལ་མའི་སྙིང་པོའོ། །ས་གསུམ་ནུས་པ་གཞོམ་མེད་པའི། །དབང་གི་ལས་ནི་རབ་ཏུ་བརྐྱང་། །སྔོན་གསུངས་ཏིང་འཛིན་ལ་གནས་ནས། །ཡི་གེ་འབུམ་དུ་བཟླས་པ་བྱ། །

ཕྱི་ནས་མེ་ཏོག་བདུག་པས་བྱུག །དྲི་དང་ཕྱེ་མ་གོས་ལ་སོགས། །སྔགས་འདིས་མངོན་པར་བསྔགས་གྱུར་ཏེ། །གང་ལ་བྱིན་དེ་དབང་དུ་འགྱུར། །དྲི་བཟང་བདུག་པས་བདག་བདུགས་ནས། །སྐྱེ་བོ་ཐམས་ཅད་དགའ་བར་འགྱུར། །གང་མིང་མེ་ཏོག་དམར་པོ་ཡི། །སྦྱིན་སྲེག་བྱས་ཏེ་དབང་དུ་འགྱུར། །བཟའ་བཏུང་
ལ་ཡང་མངོན་པར་བསྔགས། །གང་ལ་བྱིན་དེ་དབང་འགྱུར་རོ། །སྐྱེས་བུ་ཆེན་པོ་དབང་བྱེད་ན། །ཡུངས་ཀར་དཀར་པོས་སྦྱིན་སྲེག་བྱ། །ཕྱི་ནས་ཚེས་གྲངས་རྒྱུ་སྐར་རྣམས། །བཟང་པོའི་ཉིན་ལ་བཅོམ་ལྡན་མ། །མཆོད་པ་ལ་སོགས་བྱས་ནས་ནི། །གུར་གུམ་གི་ཝང་ག་པུར་སོགས། །གྲོ་གའམ་ནི་ཡང་ན་གོས། །འཁོར་ལོ་རྩིབས་
ནི་བཅུ་དྲུག་པ། །ཨུཏྤལ་འདབ་མའི་རྣམ་པ་ལ། །འཁོར་ལོ་མངོན་པར་བྲི་བྱ་སྟེ། །འཁོར་ལོའི་དབུས་སུ་སྔགས་བཅས་ལ། །བསྒྲུབ་བྱ་ཡི་ནི་མིང་རྣམས་བྲི། །འཁྲུལ་འཁོར་ཀུ་རུ་ཀུལླེ་ཡི། །ཡི་གེ་བཞི་ཡི་འཁྲུལ་འཁོར་ཏེ། །བསྒྲུབ་བྱའི་མིང་ནི་ངེས་པར་བྲི། །ཕྱི་རོལ་ཨོ་ཡི་སུམ་འགྱུར་བྱ། །སྲད་བུ་དམར་པོས་ཡང་དག་བྲི། །
མྱོས་བྱེད་རང་བཞིན་ཐུམ་བུ་ནི། །ལུས་ཀྱི་སྙིང་གའི་དབུས་སུ་གཞུག །སེང་ལྡེང་མེ་ལ་བསྲོ་བར་བྱ། །རྐང་པ་ནས་ནི་དགུག་པར་བྱ། །སྐྱེས་པའམ་ནི་ཡང་ན་བུད་མེད་དབང་བྱེད་ན། །ཟངས་མའི་ཁབ་ཀྱིས་སྐྱེ་གནས་རྐང་པ་དག་དབུག་བྱ། །འདི་ཉིད་དབང་དུ་འགྱུར་བར་ཐེ་ཚོམ་མེད་པ་སྟེ། །སྔགས་ཀྱི་རྒྱལ་པོ་འདི་ཉིད་དད་པ་
ཆེན་པོ་ཡིས། །བཅོམ་ལྡན་འདས་མ་མཆོད་པར་བྱས་ནས་བཟླས་པར་བྱ། །རིམ་པ་འདི་ཉིད་ཀྱིས་ནི་ཀུན་གྱི་དངོས་གྲུབ་འགྱུར། །ཞེས་པ་ནི་ཀུ་རུ་ཀུལླེའི་ལས་རབ་ཏུ་བརྐྱང་བ་སྦྱོར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨུཥྞཱི་ཥ་བི་ཛ་ཡ་སཱ་དྷ་ནཾ། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། །གཙུག་ཏོར་
རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །འདིར་སྔོན་དུ་གསུངས་པའི་ཆོ་གས་ཟླ་བ་ལ་བྷྲཱུཾ་ཡིག་དཀར་པོ་ལས་སྐྱེས་པའི་སྐུ་མདོག་དཀར་མོ། ཞལ་གསུམ་པ། སྤྱན་གསུམ་པ། ལང་ཚོ་གཞོན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་དང་ལྡན་པའི་བཅོམ་ལྡན་འདས་མ་བསམ་པར་བྱའོ། །སེར་པོ་དང་ནག་པོ་ནི་གཡས་དང་
ཅིག་ཤོས་ཀྱི་ཞལ་ལོ། །གཡས་ཀྱི་ཕྱག་བཞི་རྣམས་སུ་སྣ་ཚོགས་རྡོ་རྗེ་དང་། པདྨ་ལ་གནས་པའི་སངས་རྒྱས་དང་། མདའ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་རྣམས་སོ། །གཡོན་གྱི་ཕྱག་བཞི་རྣམས་སུ་གཞུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། མི་འཇིགས་པའི་ཕྱག་རྒྱ་དང་། བུམ་པ་གང་བའོ། །མཆོད་རྟེན་གྱི་

ཕུག་གི་ནང་དུ་བཞུགས་པ། །རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསྐྱེད་ནས་རང་གི་ས་བོན་པདྨ་ལ་གནས་པ་སྙིང་གར་བསམ་པར་བྱའོ། །དེའི་རྗེས་སུ་སྤྱི་བོ་དང་། དཔྲལ་བ་དང་། མགྲིན་པ་དང་། ལྟེ་བ་དང་། རྐང་པ་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཾ་ཨཿཞེས་པའི་ཡི་གེ་རྣམས་བལྟ་བར་བྱའོ། །དེ་ནས་
སྔགས་བཟླས་པར་བྱའོ། །ཨོཾ་བྷྲཱུཾ་སྭཱ་ཧཱ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་སཱི་ཏ་ཏ་པཏྲཱ་པ་རཱ་ཛི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས། འཕགས་མ་གཞན་གྱིས་མི་ཐུབ་མ་ལ་ཕྱག་འཚལ་ལོ། །
འདིར་སྔོན་དུ་གསུངས་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དཀར་པོ་ལས་སྐྱེས་པའི་བཅོམ་ལྡན་འདས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་མ་ཞལ་གསུམ་པ། ཕྱག་དྲུག་པ། ཞལ་སོ་སོ་ལ་སྤྱན་གསུམ་པའོ། །སྐུ་མདོག་དཀར་མོ། །སྔོན་པོ་དང་། དམར་པོ་ནི་གཡས་དང་གཡོན་གྱི་
ཞལ་ལོ། །འཁོར་ལོ་དང་། ལྕགས་ཀྱུ་དང་། གཞུ་རྣམས་གཡས་ཀྱི་ཕྱག་ན་བསྣམས་པའོ། །རྡོ་རྗེ་དཀར་པོ་དང་། མདའ་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་ནི་གཡོན་གྱི་ཕྱག་ནའོ། །ཁྲོ་བོའི་ལྟ་སྟངས་དང་བཅས་པས་གདོན་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ། ལྷའི་རྒྱན་དང་ན་བཟས་
བརྒྱན་པ། འདྲེན་པ་རྣམ་པར་སྣང་མཛད་སྤྱི་བོར་བསྒོམས་ནས་ཕྱག་རྒྱ་བཅིང་བར་བྱའོ། །ལག་པ་གཡས་པའི་ཁུ་ཚུར་དང་སྡིགས་མཛུབ་སྙིང་གར་ཡང་དག་པར་བཀོད་ལ་ལག་པ་གཡོན་པ་རྡོ་རྗེ་ཁུ་ཚུར་འཕྱར་བའོ། །བཟླས་པ་ནི་ཨོཾ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏེ་སརྦ་གྲ་ཧཱ་ནུ་ཏྲཱ་ས་ཡ་ཏྲཱ་ས་ཡ་ཧ་ན་ཧ་ན་དྲུཾ་དྲུཾ་ཧཱུཾ་ཧཱུཾ་ཕཊ་
ཕཊ་སྭཱ་ཧཱ། འཕགས་མ་གཞན་གྱིས་མི་ཐུབ་མ་གདུགས་དཀར་མོ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཙརྩི་ཀ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཙརྩི་ཀའི་སྒྲུབ་ཐབས། རྡོ་རྗེ་ཙརྩི་ཀ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་ག་འདིས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་ཆུ་སྐྱེས་འདབ་མ་བརྒྱད་
པའི་སྟེང་དུ་ཉི་མ་ལ་གནས་པའི་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བ་ལས་ཙཾ་ཡིག་གནས་པར་བསམས་ནས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཙརྩི་ཀ་ཞལ་གཅིག་པ་སྤྱན་གསུམ་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པ། སྐུ་ལུས་རིད་ཅིང་མཆེ་བ་གཙིགས་པ་འཇིགས་པ་མི་མགོའི་ཕྲེང་

བའི་རྒྱན་གྱིས་མགུལ་བའི་ཕྱོགས་རྣམ་པར་བརྒྱན་པ། ཕྱག་རྒྱ་ལྔའི་རྒྱན་གྱིས་བརྒྱན་ཅིང་མི་བསྐྱོད་པའི་ཅོད་པན་ཅན། སྟག་གི་པགས་པའི་ཤམ་ཐབས་མནབས་པ། སྐྲ་གྲོལ་བ། ཕྱག་དྲུག་པ། གཡས་ན་རྡོ་རྗེ་དང་། རལ་གྲི་དང་། འཁོར་ལོ་བསྣམས་པ། གཡོན་ན་ཐོད་པ་དང་། ནོར་བུ་དང་།
ཆུ་སྐྱེས་བསྣམས་པ། སྐུ་མདོག་དཀར་མོའོ། །ལས་ཀྱི་རྗེས་སུ་འབྲང་བའི་གཟུགས་ཁ་དོག་དཀར་པོ་ལ་སོགས་པ་དང་ལྡན་པར་བསྒོམས་ནས། རང་གི་སྙིང་གའི་ཙཾ་ཡིག་གི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཤིང་མདུན་དུ་ཡང་དག་པར་བཞུགས་ནས། མཆོད་པ་ལ་སོགས་པ་བྱས་ཏེ་རབ་ཏུ་བཅུག་ནས། དེ་ནས་
སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་ཙརྩི་ཀེ་ཧཱུཾ་སྭཱ་ཧཱ་ཞེས་སོ། །རྡོ་རྗེ་ཙརྩི་ཀའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་པྲ་ཏི་སཱ་ར་སཱ་དྷ་ནཾ། བོད་སྐད་དུ། སོ་སོ་འབྲང་བ་ཆེན་མོའི་སྒྲུབ་ཐབས། འཕགས་མ་སོ་སོ་འབྲང་བ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་ག་
འདིས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ་ཨ་ཡིག་ལས་ཟླ་བའི་དཀྱིལ་འཁོར་ལ་པྲཾ་ཡིག་སེར་པོ་སྣ་ཚོགས་པའི་འོད་ཟེར་འཕྲོ་བས་གཞན་གྱི་དོན་བྱས་ཤིང་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོ་འབྲང་མ་ཆེན་མོར་བདག་ཉིད་སྐད་ཅིག་གིས་བསྐྱེད་པར་བྱའོ། །སྐུ་མདོག་སེར་མོ་ཞལ་བཞི་
པ། སྤྱན་གསུམ་པ། ཕྱག་བརྒྱད་པའོ། །ཞལ་དང་པོ་སེར་པོ། གཡས་དཀར་པོ། རྒྱབ་ཀྱི་ཞལ་སྔོན་པོ། གཡོན་དམར་པོའོ། །ཕྱག་གཡས་པ་རྣམས་ཀྱིས་རལ་གྲི་དང་། འཁོར་ལོ་དང་། རྩེ་གསུམ་པ་དང་། མདའ་བསྣམས་པ། ཕྱག་གཡོན་པ་རྣམས་ཀྱིས་དགྲ་སྟ་དང་། གཞུ་དང་། ཞགས་པ་དང་། རྡོ་རྗེ་བསྣམས་
པའོ། །སྣ་ཚོགས་པདྨ་དང་། ཟླ་བའི་གདན་ལ་རོལ་པའི་སྟབས་ཀྱིས་ཡང་དག་པར་བཞུགས་པ་འོད་ཀྱི་དཀྱིལ་འཁོར་དམར་པོ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་པའི་ན་བཟའ་བསྣམས་པ། དར་གྱི་སྟོད་གཡོགས་ཅན། དེ་བཞིན་དུ་རིན་པོ་ཆེ་སྣ་ཚོགས་པའི་དབུ་རྒྱན་ཅན་དུ་བསམ་པར་བྱའོ། །
དེ་ནས་སྐུ་གསུང་ཐུགས་རྣམས་སུ་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུཾ་དཀར་པོ་དང་དམར་པོ་དང་། སྔོན་པོའི་ཡི་གེ་གསུམ་བསམ་པར་བྱའོ། །དེ་ནས་ནུ་མའི་བར་དུ་ཟླ་བ་ལ་གནས་པའི་པྲཾ་ཡིག་རྣམ་པར་བསམས་ལ་བདག་ཉིད་ལ་ལྷ་མོ་རྣམས་ཀྱིས་རྣམ་པ་སྣ་ཚོགས་པའི་མཆོད་པ་བྱེད་པར་བལྟ་ཞིང་ཇི་སྲིད་མི་ངལ་བར་དེ་སྲིད་དུ་བསྒོམ་

པར་བྱའོ། །ངལ་བར་གྱུར་ན་རང་གི་སྙིང་གར་ཟླ་བ་ལ་སྔགས་རྣམས་མུ་ཏིག་གི་དོ་ཤལ་བཞིན་དུ་བལྟས་ལ་བཟླས་པར་བྱའོ། །ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སོ་སོ་འབྲང་བ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་པྲ་ཏི་སཱ་ར་སཱ་དྷ་ནཾ། བོད་སྐད་དུ། སོ་སོ་
འབྲང་བ་ཆེན་མོའི་སྒྲུབ་ཐབས། འཕགས་མ་སོ་སོ་འབྲང་བ་ཆེན་མོ་ལ་ཕྱག་འཚལ་ལོ། །དང་པོར་རྣལ་འབྱོར་པས། སེམས་མཉམ་པར་གཞག་པར་གྱུར་པས་སྙིང་གར་པཾ་ཡིག་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ། དེའི་སྟེང་དུ་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེ་ལ་པྲཾ་ཡིག་སེར་
པོ་རྣམ་པར་བཀོད་པ་ལ་དེ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་བསྐུལ་ཞིང་གདན་དྲངས་ནས་མདུན་དུ་སྟན་སྣ་ཚོགས་པ་ལ་ཉེ་བར་བཞུགས་ཏེ། ཕྱག་འཚལ་བ་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་
རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། བཟོད་པར་གསོལ་བ་རྣམས་བྱའོ། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་
བརྗོད་ནས་སྟོང་པ་ཉིད་དུ་རྣམ་པར་བསྒོམ་མོ། །དེ་ནས་སྐད་ཅིག་གིས་རང་གི་སེམས་ཟླ་བ་ལ་གནས་པའི་པྲཾ་ཡིག་སེར་པོ་རྣམ་པར་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་སོ་སོ་འབྲང་མ་སྐུ་མདོག་ཤིན་ཏུ་སེར་བ་རིན་པོ་ཆེའི་ཅོད་པན་ཅན། སེར་པོ་དང་། དཀར་པོ་དང་། སྔོན་པོ་དང་། དམར་པོའི་ཞལ་བཞི་དང་ལྡན་
པ། སྤྱན་གསུམ་པ། ཕྱག་བརྒྱད་པ། ཕྱག་གཡས་པ་རྣམས་ཀྱིས་རལ་གྲི་དང་། འཁོར་ལོ་དང་། རྩེ་གསུམ་པ་དང་། མདའ་བསྣམས་པ། ཕྱག་གཡོན་པ་རྣམས་ཀྱིས་ཞགས་པ་དང་། དགྲ་སྟ་དང་། གཞུ་དང་། རྡོ་རྗེ་རྣམས་བསྣམས་པའོ། །པདྨ་དང་ཟླ་བའི་གདན་ལ་རོལ་པའི་སྟབས་ཀྱིས་བཞུགས་པ། རིན་པོ་
ཆེའི་རྒྱན་སྣ་ཚོགས་པས་བརྒྱན་པ་རྣམ་པར་བསྒོམ་མོ། །དེའི་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་དང་། ཉེ་བའི་སྙིང་ག་རྣམས་སུ་ཟླ་བ་ལ་གནས་པའི་དཀར་པོ་དང་། དམར་པོ་དང་སེར་པོ་དང་ནག་པོ་རྣམས་ཏེ། ཨོཾ་ཨཱཿཔྲཾ་ཧཱུཾ་ཞེས་པའི་ཡི་གེ་རྣམས་རྣམ་པར་བཀོད་ལ་སྔགས་འདི་བརྗོད་ནས་བདག་ཉིད་ལྷ་

མོའི་སྐུར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་སྙིང་གའི་འོད་ཟེར་རྣམས་ཀྱིས་མི་བསྐྱོད་པ་ལ་སོགས་པ་རྣམས་ཡང་དག་པར་བསྐུལ་ནས་གདན་དྲངས་ཏེ་དབང་བསྐུར་བ་བླངས་ནས་ཅོད་པན་གྱི་བདག་པོ་མི་བསྐྱོད་པར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་ག་ལས་མཆོད་པའི་
ལྷ་མོ་རྣམས་ཡང་དག་པར་སྤྲོས་ནས་མཆོད་པ་དང་བསྟོད་པ་རྣམས་བྱས་ནས་ཡི་གེ་བརྒྱ་པའི་སྔགས་བཟླས་པར་བྱའོ། །ཇི་སྲིད་དུ་ངལ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །སེམས་ངལ་བར་གྱུར་ན་སྔགས་བཟླས་པར་བྱའོ། །ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་སོ། །ཧཱུཾ་ཧཱུཾ་
ཕཊ་ཕཊ་ཅེས་པའི་སྔགས་བྲལ་བར་ཡང་ངོ་། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་
བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཡི་གེ་བརྒྱ་པའོ། །ལངས་པའི་དུས་སུ་དམ་ཚིག་ལ་མཆོད་པ་ལ་སོགས་པ་བྱས་ནས་བཟོད་པར་གསོལ་བར་བྱའོ། །སོ་སོ་འབྲང་མ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏི་སཱ་རེ་སཱ་དྷ་ནཾ། བོད་སྐད་དུ། སོ་སོ་འབྲང་མའི་སྒྲུབ་ཐབས། འཕགས་
མ་སོ་སོ་འབྲང་མ་ལ་ཕྱག་འཚལ་ལོ། །སྐྱེ་བོ་ཐམས་ཅད་ལ་ཡང་བྱམས་པ་སྟེ་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བའི་ཟུག་རྔུས་མནར་ཞིང་མྱོས་པ་རྣམས་ལ་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཀྱི་བློར་བྱས་ནས་མན་ངག་འདི་ལས་སྒྱུ་མ་དང་རྨི་ལམ་དང་མཚུངས་པས་ཤིན་ཏུ་མཆོག་ཏུ་མ་ལུས་པ་རྣམས་སྟོང་པ་ཉིད་
དུ་རྣམ་པར་བལྟས་ནས་འགྲོ་བ་རྣམས་ཀྱི་རྣམ་པར་ཤེས་པ་དང་ལུས་གཅིག་ཏུ་སྔགས་པས་མདུན་དུ་རྣམ་པར་བསྒོམས་ཏེ། དེ་ནས་དེ་རྣམས་ཀྱི་ཡང་ཨ་ཡིག་དཀར་པོ་ལ་རི་བོང་འཛིན་པའི་གཟུགས་སུ་གྱུར་ནས། སེར་པོའི་རྣམ་པའི་པྲཾ་ཡིག་ཏུ་བྱས་ཏེ། རང་གི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་སོ་སོ་ནས་
ཁམས་གསུམ་ཡང་སྣང་བར་མཛད་པར་བསམས་ནས་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་རྣམ་པར་དངས་པའི་ཟླ་བའི་གདན་ལ་བཞུགས་པ། ཀུན་ནས་སེར་ཞིང་སེར་བ་དང་། ཀུན་ནས་དཀར་ཞིང་དཀར་བ་དང་། དམར་བའི་ཞལ་གསུམ་ལ་སྤྱན་གསུམ་གསུམ་གྱིས་སྤྲས་པ། རིན་པོ་ཆེའི་རང་བཞིན་གྱི་ཅོད་

པན་ཅན། ན་བཟའ་སྣ་ཚོགས་པ་མནབས་པ། འོད་ཀྱི་དཀྱིལ་འཁོར་དམར་པོ་ཅན་ཞབས་རོལ་པའི་སྟབས་ཀྱིས་བཞུགས་པ། དཀར་འཛིན་ཟུང་ལྡན་པ་ལ་གོས་ཀྱིས་སྟོད་གཡོགས་སུ་བྱས་པ། རལ་གྲི་དང་། འཁོར་ལོ་དང་། མདའ་དང་། རྩེ་གསུམ་པ་དང་། དགྲ་སྟ་དང་། དཔལ་གྱི་ཞགས་པ་དང་།
རྡོ་རྗེ་དང་། གཞུ་རྣམས་ཕྱག་གི་འདབ་མ་རྣམས་ཀྱིས་བསྣམས་པའི་སོ་སོ་འབྲང་མར་སྒྲུབ་པོ་རང་ཉིད་དུ་གྱུར་ནས་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་རྣམས་གསལ་ཞིང་བློ་དང་ལྡན་པ་ལུས་ཀྱི་རི་བོང་དང་རང་གི་མཐར་བལྟས་ཏེ་ཟླ་བ་ལ་སོན་པ་དཀར་པོ་དང་། སེར་པོ་དང་། སྔོན་པོའི་བདག་ཉིད་རྣམས་སོ། །
ཟླ་བ་ལ་མཛེས་པའི་ནུ་མ་ཟུང་གི་དབུས་སུ་གཅིག་ཏུ་གྱུར་པའི་པྲཾ་ཡིག་ལས་སྐྱེས་པའི་འོད་ཟེར་རྫོགས་པས་རང་གི་ལུས་ཡོངས་སུ་གང་བར་བསམས་ནས་རང་གི་ལྷ་མོའི་ཚོགས་དེ་བཞིན་དུ་ཡང་སྤྲོ་བ་དང་བསྡུ་བའི་ཚོགས་ཡང་དག་པར་བསྐྱེད་ནས། གང་གི་ཚེ་ངལ་ན་དེའི་ཚེ་མུ་ཏིག་གི་ཕྲེང་བ་བཞིན་དུ་
བརྟན་ཞིང་འོད་ཟེར་ཤིན་ཏུ་རྒྱ་ཆེན་པོ་རབ་ཏུ་འབར་བས་རང་གི་སྙིང་གར་ཟླ་བའི་སྟེང་དུ་མཚུངས་པ་མེད་པར་བསམས་ནས་བཟླས་པར་བྱའོ། །འདི་བཞིན་དུ་རྟག་ཏུ་གུས་པ་དང་བཅས་ཤིང་འཇམ་པ་དུས་མང་པོ་དང་བཅས་པ་མ་ཡིན་པར་བསམ་པ་རྣམ་པར་དག་པས་སོ། །དེ་ལ་སྔགས་ཀྱི་རྒྱལ་པོ་འདིའོ། །
ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སོ་སོ་འབྲང་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མཱ་ཡུ་རཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས། འཕགས་མ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔོན་
དུ་གསུངས་པའི་ཆོ་ག་འདིས་སྣ་ཚོགས་པདྨ་དང་ཟླ་བ་ལ་མཱཾ་ཡིག་ལྗང་གུ་ལས་སྐྱེས་པའི་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ་ཞལ་གསུམ་པ། ཕྱག་དྲུག་པ། ཞལ་སོ་སོ་ལ་སྤྱན་གསུམ་པ། ནག་པོ་དང་། དཀར་པོ་དག་ནི་གཡས་དང་། གཡོན་གྱི་ཞལ་ལོ། །ཕྱག་གཡས་པ་གསུམ་
གྱིས་གོ་རིམས་ཇི་ལྟ་བ་བཞིན་དུ་རྨ་བྱའི་མཇུག་སྒྲོ་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་རྒྱའོ། །དེ་བཞིན་དུ་ཕྱག་གཡོན་པ་གསུམ་ན་རིན་པོ་ཆེའི་ཆུན་པོ་དང་། གཞུ་དང་པང་ན་གནས་པའི་བུམ་པའོ། །རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལང་ཚོ་གཞོན་ཞིང་སྒེག་པའི་ཉམས་དང་

ལྡན་པ། ཟླ་བའི་གདན་ལ་ཟླ་བའི་འོད་ཟེར་དང་ལྡན་ཞིང་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་དུ་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་དེའི་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་དང་ལྟེ་བ་ལ་གནས་པའི་ཟླ་བ་རྣམས་ལ་གོ་རིམས་བཞིན་དུ་
ཨོཾ་ཨཱཿམཱཾ་ཧཱུཾ་ཞེས་པའི་ཡི་གེ་བཞི་པོ་རྣམ་པར་བསྒོམས་ནས་སྤྲོ་བ་དང་བསྡུ་བ་བྱས་ཏེ། དེ་ནས་སྔགས་བཟླས་པར་བྱའོ། །ཨོཾ་མ་ཧཱ་མཱ་ཡུ་རཱི་བིདྱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྨ་བྱ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ས་ཧ་སྲ་པྲ་མ་རྡ་ནཱི་སཱ་དྷ་ནཾ། བོད་སྐད་དུ།
འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྣ་ཚོགས་པདྨ་དང་ཟླ་བ་ལ་བྷྲཱུཾ་ཡིག་ལས་བྱུང་བའི་སྟོང་ཆེན་མོ་རབ་ཏུ་འཇོམས་པར་བདག་ཉིད་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་མོ་ཞལ་གཅིག་
པ། ཕྱག་དྲུག་པ། གཡས་ཀྱི་ཕྱག་གསུམ་ན་རལ་གྲི་དང་། མདའ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་སྟེ། གཡོན་གྱི་ཕྱག་གསུམ་ན་གཞུ་དང་ཞགས་པ་དང་། དགྲ་སྟའོ། །རྒྱན་སྣ་ཚོགས་པས་བརྒྱན་པ་ལང་ཚོ་གཞོན་ཞིང་སྒེག་པའི་སྐུ་ཉམས་དང་ལྡན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན་པདྨ་དང་ཟླ་བའི་
གདན་ལ་བཞུགས་ཤིང་འོད་དང་ལྡན་པའོ། །འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་མནྟྲ་ཨ་ནུ་དྷཱ་རི་ཎཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་ཐབས།
འཕགས་མ་གསང་སྔགས་རྗེས་སུ་འཛིན་མ་ལ་ཕྱག་འཚལ་ལོ། །གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་ཞལ་གཅིག་པ། ཕྱག་བཞི་པ། སྐུ་མདོག་ནག་མོ། ཕྱག་གཡས་པ་གཉིས་ན་རྡོ་རྗེ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་དང་། ཕྱག་གཡོན་པ་གཉིས་ན་དགྲ་སྟ་དང་། ཞགས་པ་བསྣམས་པ།
ཧཱུཾ་གི་ས་བོན་ཅན་མི་བསྐྱོད་པས་དབུ་བརྒྱན་པ། ཉི་མའི་གདན་ལ་འོད་ཟེར་དང་ལྡན་པའོ་ཞེས་སོ། །འཕགས་མ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཤཱི་ཏ་ཝ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས། འཕགས་མ་

བསིལ་བའི་ཚལ་ཆེན་མོ་ལ་ཕྱག་འཚལ་ལོ། །བསིལ་བའི་ཚལ་ཆེན་མོ་ཞལ་གཅིག་པ། ཕྱག་བཞི་པ། སྐུ་མདོག་དམར་མོ་ཕྱག་གཡས་པ་གཉིས་ཀྱིས་བགྲང་ཕྲེང་དང་། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་པ་གཉིས་ཀྱིས་རྡོ་རྗེའི་ལྕགས་ཀྱུ་དང་། ཐུགས་ཀར་པོ་ཏི་བསྣམས་པ། ཛཾ་ཡིག་གི་ས་བོན་ལས་
འཁྲུངས་ཤིང་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་བཞུགས་ཤིང་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཉི་མའི་གདན་ལ་འོད་ཟེར་དང་ལྡན་པའོ། །འཕགས་མ་བསིལ་བའི་ཚལ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ། ༄༅༅། །རྒྱ་གར་སྐད་དུ། པཉྩ་དེ་ཝ་ཏཱི་སཱ་དྷ་ནཾ་ཨུཏྡེ་ཤ།།
བོད་སྐད་དུ། ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྟན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དེ་ནས་ཁྲུས་བྱས་པའི་མཐར་ལྷ་མོ་ལྔ་མདོར་བསྟན་པ་ནི། དེ་ལ་སོ་སོ་འབྲང་བ་ཆེན་མོ་ནི་སྐུ་མདོག་སེར་མོ་ཞལ་གསུམ་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་པ། ཕྱག་
བཅུ་པའོ། །ནག་པོ་དང་། དཀར་པོ་དག་ནི་གཡས་དང་། ཅིག་ཤོས་ཀྱི་ཞལ་ལོ། །གཡས་ཀྱི་ཕྱག་ལྔ་རྣམས་ནི་གོ་རིམས་བཞིན་དུ་རལ་གྲི་དང་། རྡོ་རྗེ་དང་། མདའ་དང་། མཆོག་སྦྱིན་དང་། ཕྱག་ཐུགས་ཀར་གནས་པ་ལ་གདུགས་རྣམས་སོ། །དེ་བཞིན་དུ་གཡོན་གྱི་ཕྱག་ལྔ་རྣམས་ན་གཞུ་དང་། རྒྱལ་
མཚན་དང་། རིན་པོ་ཆེའི་ཆུན་པོ་དང་། དགྲ་སྟ་དང་། དུང་རྣམས་སོ། །རིན་ཆེན་འབྱུང་ལྡན་ཀྱི་དབུ་རྒྱན་ཅན། ཤ་འགག་ནག་པོ་ཅན། སྟོད་གཡོགས་དམར་པོས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་འགྱིང་ཞིང་བཞུགས་པ། ལྷའི་རྒྱན་དང་། གོས་ཐམས་ཅད་ཀྱིས་བརྒྱན་པའོ། །རྨ་བྱ་ཆེན་མོ་ནི་སྐུ་མདོག་ལྗང་
གུ་ཞལ་གཅིག་པ། ཕྱག་གཉིས་པ། མཛེས་ཤིང་རྨ་བྱའི་མདོངས་དང་ལྡན་པ་མཆོག་སྦྱིན་གྱི་ཕྱག་རྒྱ་ཕྱག་གཡས་པ་དང་གཡོན་པ་དག་གིས་སོ་ཞེས་སོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་ནི་སྔོན་མ་ཇི་ལྟ་བ་དེ་བཞིན་ནོ། །གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་ནི་ཞལ་གཅིག་པ། ཕྱག་བཞི་པ། སྐུ་
མདོག་ནག་མོ་ཕྱག་གཡས་པ་དག་གིས་རལ་གྲི་དང་། མཆོག་སྦྱིན་གྱི་ཕྱག་རྒྱའོ། །ཕྱག་གཡོན་པ་དག་གིས་དགྲ་སྟ་དང་། ཞགས་པ་བསྣམས་པའོ་ཞེས་སོ། །བསིལ་བའི་ཚལ་ཆེན་མོ་ནི་སྐུ་མདོག་དམར་མོ་ཞལ་གཅིག་པ་ཕྱག་བཞི་པ་ཕྱག་གཡས་པ་དག་གིས་རལ་གྲི་དང་། མཆོག་སྦྱིན། །

གཡོན་པ་དག་གིས་དགྲ་སྟ་དང་ཞགས་པའོ་ཞེས་སོ། །ཡི་གེ་གསུམ་གྱིས་མཚན་ཅིང་རང་གི་ས་བོན་གྱི་དབུས་སུ་རང་གི་མིང་དང་བཅས་པ་ནི་འདི་རྣམས་ཀྱི་སྔགས་སོ། །ལྷ་མོ་ལྔའི་སྒྲུབ་ཐབས་མདོར་བསྟན་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་པྲ་དྱཾ་གཱི་ར་སཱ་དྷ་ནཾ།
བོད་སྐད་དུ། ཕྱིར་བཟློག་པ་ཆེན་མོའི་སྒྲུབ་ཐབས། འཕགས་མ་ཕྱིར་བཟློག་པ་ཆེན་མོ་ལ་ཕྱག་འཚལ་ལོ། །ཕྱིར་བཟློག་པ་ཆེན་མོ་སྐུ་མདོག་ནག་མོ་ཞལ་གཅིག་པ། ཕྱག་དྲུག་པ། རལ་གྲི་དང་། ལྕགས་ཀྱུ་དང་། མཆོག་སྦྱིན་རྣམས་ཕྱག་གཡས་པ་རྣམས་ནའོ། །པདྨ་དམར་པོ་དང་། རྩེ་གསུམ་
དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གནས་པ་ནི་ཕྱག་གཡོན་པ་རྣམས་ནའོ། །ས་བོན་ནི་ཧཱུཾ་ཡིག་གོ། །མི་བསྐྱོད་པས་དབུ་བརྒྱན་པ། ལང་ཚོ་གཞོན་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །ཕྱིར་བཟློག་པ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་
དུ། དྷྭ་ཛཱ་གྲ་ཀེ་ཡཱུ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་ཕྱག་འཚལ་ལོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་སྐུ་མདོག་ནག་མོ། ཞལ་གསུམ་པ། ཕྱག་བཞི་པ། དམར་པོ་དང་ལྗང་གུ་ནི་གཡས་དང་གཡོན་གྱི་ཞལ་ལོ། །ཕྱག་གཡས་
པ་གཉིས་ན་རལ་གྲི་དང་། ཞགས་པའོ། །རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་། འཁོར་ལོ་དག་ཕྱག་གཡོན་པ་དག་ན་བསྣམས་པའོ། །དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་མཆེ་བ་གཙིགས་ཤིང་ལྟོ་འཕྱང་བ། ཉི་མའི་
གདན་ལ་ཞབས་གཡོན་བརྐྱང་གིས་བཞུགས་པ། འོད་ཟེར་དང་ལྡན་པའོ། །གོས་སེར་པོའི་ཤ་འགག་ཅན། ས་བོན་ནི་ཧཱུཾ་ཡིག་གོ། །མི་བསྐྱོད་པས་དབུ་བརྒྱན་པ་ཅན་ནོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏཱ་སཱ་དྷ་ནཾ།
བོད་སྐད་དུ། གཞན་གྱིས་མི་ཐུབ་མའི་སྒྲུབ་ཐབས། འཕགས་མ་གཞན་གྱིས་མི་ཐུབ་མ་ལ་ཕྱག་འཚལ་ལོ། །གཞན་གྱིས་མི་ཐུབ་མ་སྐུ་མདོག་སེར་མོ་ཞལ་གཅིག་པ་ཕྱག་གཉིས་པ། རིན་པོ་ཆེ་སྣ་ཚོགས་པའི་རྒྱན་གྱིས་ཉེ་བར་མཛེས་པ། ཚོགས་བདག་ཡང་དག་པར་གནོན་པ། ཕྱག་གཡས་པ་ཐལ་ལྕག་བརྡེག་

པའི་ཚུལ་དུ་བྱས་པ། ཕྱག་གཡོན་པ་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གནས་པ། ཞལ་མཆེ་བ་གཙིགས་ཤིང་ཤིན་ཏུ་འཇིགས་པར་བྱེད་པ་མ་ལུས་པའི་བདུད་འཇོམས་པ། ཚངས་པ་ལ་སོགས་པའི་གདུག་པ་ཅན་གྱི་དྲག་པོའི་ལྷ་རྣམས་ཀྱིས་བསྐོར་ཞིང་གདུགས་བསྒྲེང་བའོ་ཞེས་སོ། །གཞན་
གྱིས་མི་ཐུབ་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གནྡྷ་རཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གནྡྷ་རིའི་སྒྲུབ་ཐབས། འཕགས་མ་རྡོ་རྗེ་གཱནྡྷཱ་རཱི་ལ་ཕྱག་འཚལ་ལོ། །རྡོ་རྗེ་གནྡྷ་རཱི་ནག་མོ་ཞལ་དྲུག་པ། ཕྱག་བཅུ་གཉིས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་ཞབས་གཡོན་བརྐྱང་པའོ། །ཞལ་མཆེ་བ་
གཙིགས་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་པ། ཕྱག་གཡས་པ་དྲུག་ན་གོ་རིམས་བཞིན་དུ་རྡོ་རྗེ་དང་། དྲིལ་བུ་དང་། རལ་གྲི་དང་། ཏྲི་ཤཱུལ་དང་། མདའ་དང་འཁོར་ལོ་རྣམས་བསྣམས་པ། ཕྱག་གཡོན་པ་དྲུག་ན་ཁ་ཊྭཱཾ་ག་དང་། ལྕགས་ཀྱུ་དང་། གཞུ་དང་། དགྲ་སྟ་དང་། ཞགས་པ་དང་། སྙིང་གར་སྡིགས་མཛུབ་འཕྱར་
བའོ། །ཞལ་དང་པོ་ནི་ནག་པོའོ། །ཞལ་གཞན་རྣམས་ནི་ཁ་དོག་ལྔ་སྟེ། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྔོན་པོའོ། །སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པའོ། །བཟླ་བའི་སྔགས་ནི། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཞེས་སོ། །རྡོ་རྗེ་གནྡྷ་རཱིའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་གནྡྷ་རཱི་སཱ་དྷ་ནཾ།
བོད་སྐད་དུ། རྡོ་རྗེ་གནྡྷ་རཱིའི་སྒྲུབ་ཐབས། རྡོ་རྗེ་གནྡྷ་རཱི་ལ་ཕྱག་འཚལ་ལོ། །རྡོ་རྗེ་གཱནྡྷ་རཱི་ནག་མོ་ཞལ་དྲུག་པ། ཕྱག་བཅུ་གཉིས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་ཞབས་གཡོན་བརྐྱང་བ། ཞལ་མཆེ་བ་གཙིགས་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་པ། གཡས་ཀྱི་ཕྱག་དྲུག་རྣམས་སུ་གོ་རིམས་བཞིན་དུ་རྡོ་རྗེ་
དང་། རྡོ་རྗེ་དྲིལ་བུ་དང་། རལ་གྲི་དང་། རྩེ་གསུམ་དང་། མདའ་དང་། འཁོར་ལོ་རྣམས་སོ། །གཡོན་གྱི་ཕྱག་དྲུག་རྣམས་སུ་ཁཊྭཱཾ་ག་དང་། ལྕགས་ཀྱུ་དང་གཞུ་དང་། དགྲ་སྟ་དང་། ཞགས་པ་དང་། སྙིང་གར་སྡིགས་མཛུབ་འཕྱར་བའོ། །ཞལ་དང་པོ་ནི་ནག་པོའོ། །ཞལ་གཞན་ལྔ་ནི་ཁ་དོག་ལྔ་སྟེ། དཀར་པོ་དང་། སེར་པོ་དང་།
དམར་པོ་དང་། ལྗང་གུ་དང་། སྔོན་པོའོ། །སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པའོ། །འདི་ལ་ཡང་གཟུངས་འདིའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བྷ་ག་ཝ་ཏི་མ་ཧཱ་བཛྲ་གནྡྷ་རཱི་ཨ་ནེ་ཀ་ཤ་ཏ་སཱ་ཧ་སྲ་པྲ་ཛྭ་ལི་ཏ་དཱིཔྟེ་ཛྭ་ལི་ཏ་དཱིཔྟེ་ཛཱ་ཡཻ་ཨུ་གྲ་བྷཱི་མ་བྷ་ཡཱན་ཀཱ་ཡཻ་

ཡོ་གཱི་ནཱི་ཡཻ་བྷི་ཥ་མ་བྷ་གི་ནཱི་ཡཻ་དྭ་ད་ཤ་བྷུ་ཛ་ཡཻ་བི་ཀཱིརྞ་ཀེ་ཤཱི་ཡེ་ཨ་ནེ་ཀ་རཱུ་པ་བི་བི་དྷ་བེ་ཤ་དྷ་ར་ཎཱི་ཡཻ་ཨེ་ཧྱེ་ཧི་བྷ་ག་ཝ་ཏཱི་མ་ཧཱ་བཛྲ་གནྡྷ་རཱི་ཏྲ་ཡ་ནཱཾ་རཏྣ་ནཱཾ་ས་ཏྱེ་ན་ཨཱ་ཀདྡྷྱ་ཨ་ཀདྡྷྱ་བ་ལ་དེ་ཝཱ་དེ་ཀཾ་ཡེ་ཙཱ་ནྱེ་ས་མ་ཡེ་ན་ཏིཥྛ་ན་ཏི་ཏཱ་ནཱ་བརྟ་ཡི་ཥྱཱ་མི། ཤཱི་གྷྲཾ་གྲྀཧྞ་གྲྀཧྞ་ཨོཾ་ཨ་ལི་ཨ་ལི་ཧུ་ལུ་ཧུ་ལུ་མུ་ལུ་མུ་ལུ་
ཙུ་ལུ་ཙུ་ལུ་དྷ་མ་དྷ་མ་རཾ་ག་རཾ་ག་རཾ་གཱ་པ་ཡ་རཾ་གཱ་པ་ཡ་པཱུ་ར་ཡ་པཱུ་ར་ཡ། ཨཱ་བི་ཤ་ཨཱ་བི་ཤ་བྷ་ག་བ་ཏཱི་མ་ཧཱ་བཛྲ་གནྡྷ་རཱི་སིདྡྷ་ཙཎྜ་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་ཧྲཱིཿཧ་ཧ་ཧཱུཾ་ཕཊ་སྭཱ་ཧཱ། འདིའི་ལས་རབ་ཏུ་བརྐྱང་པ་ནི་ཆོ་ག་འདི་ལས་སོ། །རྡོ་རྗེ་གནྡྷ་རཱིའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་
རཀྵ་བི་དྷིཿ། བོད་སྐད་དུ། བསྲུང་བ་ལྔའི་ཆོ་ག །འཕགས་མ་སོ་སོ་འབྲང་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཞལ་བསང་བ་ལ་སོགས་པ་བྱས་ནས་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཨོཾ་ཨཱཿརཀྵཿརཀྵ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་རྣལ་འབྱོར་པའི་གནས་
དང་བདག་ཉིད་བསྲུང་ཞིང་ལྷག་པར་གནས་པར་བྱའོ། །དེ་ནས་རང་གི་ཐུགས་ཀར་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ། དེའི་སྟེང་དུ་པྲཾ་ཡིག་ལས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྣང་བར་མཛད་ནས་མདུན་དུ་བལྟས་ཏེ་སོ་སོ་འབྲང་མ་ཆེན་མོ་ལ་
སོགས་པའི་འཁོར་དང་བཅས་པ་མཆོད་པར་བྱའོ། །མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་བཟངས་དང་། གཏོར་མ་དང་། ཞལ་ཟས་ལ་སོགས་པ་རྣམས་ཕུལ་ནས་སྡིག་པ་སོ་སོར་བཤགས་པ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དགེ་བའི་
རྩ་བ་ཡོངས་སུ་བསྔོ་བ་དང་། བཟོད་པ་གསོལ་བ་རྣམས་བྱའོ། །དེ་ནས་ཚད་མེད་པའི་གནས་བཞི་བསྒོམ་པར་བྱ་སྟེ། དེ་ལ་སྡུག་བསྔལ་བ་རྣམས་འདོན་པར་འདོད་པའི་སྙིང་རྗེ་དང་། བདེ་བ་ལ་རབ་ཏུ་དགོད་པའི་བྱམས་པ་དང་། བདེ་བ་ལ་གནས་པ་ཉིད་ཀྱིས་དགའ་བ་དང་། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་གཏང་
སྙོམས་སུ་བྱའོ། །དེ་ནས་ཆོས་ཐམས་ཅད་ལ་ཡིད་ཀྱིས་དམིགས་ནས་རྣམ་པར་མི་རྟོག་པ་རྣམ་པར་བསྒོམས་ཏེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་ཧཱུཾ་ཡིག་གིས་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དེ་བཞིན་དུ་རྡོ་རྗེའི་གུར་དང་། རྡོ་རྗེའི་ར་བ་དང་།

རྡོ་རྗེའི་བླ་བྲེ་ཡང་རྣམ་པར་བསམ་པར་བྱའོ། །དེའི་དབུས་སུ་སུཾ་ཡིག་ཡོངས་སུ་གྱུར་པ་ལས་རི་བོ་མཆོག་རབ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་གྱུར་པ་མེ་ཏོག་སྣ་ཚོགས་མངོན་པར་བཀྲམ་པས་སོ། །དེའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེ་ལ་པཾ་ཡིག་ཡོངས་སུ་གྱུར་པ་ལས། སྣ་ཚོགས་
པདྨ་གེ་སར་དང་བཅས་པའི་ཟེའུ་འབྲུ་ལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་པྲཾ་ཡིག་ལས་འོད་ཟེར་ཡང་དག་པར་འཕྲོ་བ། དེས་ཡེ་ཤེས་ལྔའི་བདག་ཉིད་སྤྱན་དྲངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་ཏུ་བྱས་ནས་ས་བོན་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་
བའི་སྐུ་མདོག་གི་རྣམ་པ་ཅན་དང་རོ་གཅིག་ཏུ་གྱུར་ནས་སོ་སོ་འབྲང་བ་ཆེན་མོ་སྐུ་མདོག་དཀར་མོ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན་སྤྱི་བོར་ཟླ་བའི་གདན་ལ་མཆོད་རྟེན་གྱིས་བརྒྱན་པ། ཉི་མའི་དཀྱིལ་འཁོར་ལ་ཞབས་གཡས་བརྐྱང་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཞལ་
བཞི་པ། སྤྱན་གསུམ་པ། ཕྱག་བརྒྱད་པ། རྣ་རྒྱན་གཡོ་བས་མཛེས་ཤིང་དོ་ཤལ་དང་རྐང་གདུབ་ཀྱིས་བརྒྱན་པ། ཕྱག་གདུབ་དང་། དཔུང་རྒྱན་དང་། སྐ་རགས་ཀྱིས་མཛེས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཅོམ་ལྡན་འདས་མ་དེའི་ཞལ་དང་པོ་ནི་སྐུ་
མདོག་ལྟར་དཀར་པོ། གཡས་ནག་པོ། རྒྱབ་སེར་པོ། གཡོན་དམར་པོའོ། གཡས་ཀྱི་ཕྱག་དང་པོ་ན་འཁོར་ལོ། གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའ་དང་། བཞི་པ་ན་རལ་གྲི། གཡོན་གྱི་ཕྱག་དང་པོ་ན་རྡོ་རྗེའི་ཞགས་པ། གཉིས་པ་ན་རྩེ་གསུམ། གསུམ་
པ་ན་གཞུ། བཞི་པ་ན་དགྲ་སྟའོ། །བྱང་ཆུབ་ཀྱི་ཤིང་གིས་ཉེ་བར་མཛེས་པ། སྣ་ཚོགས་པའི་རིན་པོ་ཆེའི་མེ་ཏོག་དང་འབྲས་བུ་ལ་སོགས་པས་བརྒྱན་པ། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་དང་། དགའ་བྱེད་དབང་ཕྱུག་ལ་སོགས་པ་རྣམས་ཀྱིས་ཡང་
དག་པར་བསྟོད་པ་དང་ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་གཡས་ཕྱོགས་ནས་ཡང་དག་པར་བསྙེན་བཀུར་བར་བྱེད་པ། དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། རྣམ་ཐོས་སྲས་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་

པོ་ལ་སོགས་པ་རྣམས་དང་། ལྷ་རྣམས་ཀྱིས་བསྟོད་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་བག་ཆགས་ལས་སྐྱེས་པའི་རྣམ་པར་སྨིན་པ་རྣམས་གཅོད་པར་མཛད་པ། གསང་སྔགས་མཆོག་གི་ཕྱག་རྒྱས་དུག་དང་བྱད་སྟེམས་རྣམས་འཇོམས་ཤིང་ཕྱེ་མར་
མཛད་པ། ཞེ་སྡང་རབ་ཏུ་སྦྱོར་བའི་མངོན་སྤྱོད་ཀྱིས་ཀྱང་གདུག་པའི་སེམས་དང་ལྡན་པ་རྣམས་རྣམ་པར་འཇོམས་པར་མཛད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་འཕགས་པའི་ཚོགས་རྣམས་ཡང་དག་པའི་མཆོད་པ་རྣམས་ཀྱིས་མངོན་པར་དགའ་བ་རྣམས་ཡོངས་སུ་སྐྱོང་
བར་མཛད་པ། ཐེག་པ་ཆེན་པོ་ལེན་པ་དང་། ཡི་གེ་འདྲི་བ་དང་། ཀློག་པ་དང་། འཆང་བ་དང་། ཁ་ཏོན་བྱེད་པ་དང་། ཉན་པ་དང་། འཛིན་པ་དང་མངོན་པར་ལྡན་པ་རྣམས་ལ་ཡོངས་སུ་སྐྱོང་བར་མཛད་པ་དེ་ལྟ་བུར་གྱུར་པའི་བཅོམ་ལྡན་འདས་མ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་དུས་རྟག་ཏུ་རྒྱུན་མི་འཆད་
པར་གོམས་ཤིང་བལྟ་བར་བྱའོ། །དེའི་བཟླས་པའི་སྔགས་ནི། ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སོ་སོ་འབྲང་མ་ཆེན་མོ་དེའི་ཤར་ཕྱོགས་སུ་ཇི་ལྟ་བ་དེ་བཞིན་དུ་སྔོན་མའི་སྦྱོར་བས་ལྷག་པར་བྱས་ཏེ། སྣ་ཚོགས་པདྨའི་དབུས་སུ་ཧཱུཾ་ཡིག་གི་ས་བོན་དང་
མཚན་མ་ཡོངས་སུ་གྱུར་པ་ལས་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྐུ་མདོག་ནག་མོ་དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ་མིའི་ཐོད་པས་བརྒྱན་པ་སྨིན་མཚམས་སུ་ཁྲོ་གཉེར་བསྡུས་ཤིང་ཞལ་མཆེ་བ་གཙིགས་པ། འོད་ཟེར་འཕྲོ་བ་ཉི་མའི་དཀྱིལ་འཁོར་གྱི་གདན་ལ་
རོལ་པའི་སྟབས་ཀྱིས་འབྱུང་པོ་ཆེན་པོ་དང་། གནོད་སྦྱིན་ཆེན་པོ་ཀུན་ནས་གནོན་པ། ཕྱག་གདུབ་དང་། དཔུང་རྒྱན་གྱིས་བརྒྱན་པ། དོ་ཤལ་དང་། ཞབས་གདུབ་ཀྱིས་མཛེས་པ། དེའི་ཕྱག་གཡས་ཀྱི་དང་པོ་ན་མཆོག་སྦྱིན་དང་རྡོ་རྗེ། གཉིས་པ་ན་ལྕགས་
ཀྱུ། གསུམ་པ་ན་མདའ། བཞི་པ་ན་རལ་གྲི། ཕྱག་གཡོན་གྱི་དང་པོ་ན་སྡིགས་མཛུབ་དང་ཞགས་པ། གཉིས་པ་ན་དགྲ་སྟ། གསུམ་པ་ན་གཞུ། བཞི་པ་ན་པདྨའི་སྟེང་དུ་རིན་པོ་ཆེ་ཆ་དྲུག་པའོ། །དེའི་རྩ་བའི་ཞལ་ནག་པོ། གཡས་དཀར་པོ། །རྒྱབ་སེར་པོ། །

གཡོན་ལྗང་གུ། ཐམས་ཅད་སྤྱན་གསུམ་གསུམ་པ། སྐུ་ལ་རིན་པོ་ཆེ་ལ་སོགས་པ་སྣ་ཚོགས་པས་བརྒྱན་པ། ཕ་རོལ་གྱི་སྟོབས་ཆེན་པོ་གནོན་པ། དྲག་མོའི་ཆ་ལུགས་ཅན། ནྱ་གྲོ་དྷའི་ཤིང་ལྗོན་པས་ཉེ་བར་མཛེས་པ་མ་མོ་བདུན་ལ་སོགས་པའི་ལྷ་མོ་རྣམས་སྐྲག་པར་མཛད་པ། ནམ་གྲུ་ལ་སོགས་
པའི་མི་རྣམས་འཇོམས་པར་མཛད་པ། ནོར་རྒྱས་ལ་སོགས་པའི་ཀླུ་རྣམས་ཡང་དག་པར་སྐྲག་པར་མཛད་པ། རླུང་དང་མཁྲིས་པ་དང་བད་ཀན་ལ་སོགས་པ་རྣམས་སྦྱོང་བར་མཛད་པ། དྲག་པོའི་མུན་པ་སྟུག་པོའི་སྤྲིན་རྣམས་སེལ་བར་མཛད་པ། འཆི་བདག་ཐམས་ཅད་ཟད་པར་བྱེད་པའོ། །དེའི་བཟླས་པའི་སྔགས་ནི་ཨོཾ་ཨ་
མྲྀ་ཏ་བ་རཻ་བ་ར་བ་ར་པྲ་བ་ར་བི་ཤུདྡྷེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་སོ་སོ་འབྲང་མ་ཆེན་མོའི་ལྷོ་ཕྱོགས་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཾ་ཡིག་གི་ས་བོན་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་རྨ་བྱ་ཆེན་མོ་སྐུ་མདོག་སེར་མོ་ཉི་མའི་དཀྱིལ་འཁོར་ལ་ཞབས་གཡས་བརྐྱང་བའི་སེམས་
དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གསུམ་པ་སྤྱན་གསུམ་པ། ཕྱག་བརྒྱད་པ། རིན་པོ་ཆེའི་ཅོད་པན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེའི་གཡས་ཀྱི་ཕྱག་དང་པོ་ན་མཆོག་སྦྱིན། གཉིས་པ་ན་རིན་པོ་ཆེའི་བུམ་པ་བསྣམས་པ། གསུམ་པ་ན་འཁོར་ལོ། བཞི་པ་ན་རལ་གྲིའོ། །གཡོན་གྱི་
ཕྱག་དང་པོ་ན་ལྷུང་བཟེད་ཀྱི་སྟེང་ན་དགེ་སློང་། གཉིས་པ་ན་རྨ་བྱའི་མདོངས། གསུམ་པ་ན་བུམ་པའི་སྟེང་ན་སྣ་ཚོགས་རྡོ་རྗེ། བཞི་པ་ན་རིན་པོ་ཆེའི་རྒྱལ་མཚན་ནོ། །དེ་ནས་རྩ་བའི་ཞལ་ནི་སེར་པོ། གཡས་ནག་པོ། གཡོན་དམར་པོའོ། །མྱ་ངན་མེད་པའི་ཤིང་ལྗོན་པས་ཉེ་བར་མཛེས་པའོ། །
དེའི་ལོགས་ན་གནས་པའི་བི་ཤེཿབདུན་གྱིས་གཡོགས་པ། དྲག་པོ་དང་བཅས་པའི་སེར་སྐྱ་ལ་སོགས་པའི་སྲིན་པོ་རྣམས་འཇོམས་པར་མཛད་པ་ཀླུ་ལ་སོགས་པ་ཐམས་ཅད་སྐྲག་པར་མཛད་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པ། རྒྱུ་སྐར་
ཉི་ཤུ་རྩ་བདུན་དང་བཅས་པའི་གཟའ་དགུ་ལ་སོགས་པ་རྣམས་ཀྱིས་བསྙེན་བཀུར་བྱ་བའི་འོས་སུ་གྱུར་པ། བརྟན་པ་དང་གཡོ་བའི་དུག་ཐམས་ཅད་རྣམ་པར་གྲོལ་བ། ལྷ་དང་བཅས་པའི་ལྷ་མ་ཡིན་རྣམས་ཡང་དག་པར་རྨོངས་པར་མཛད་པའོ། །བཅོམ་ལྡན་འདས་མ་དེའི་བཟླས་པའི་སྔགས་ནི། ཨོཾ་ཨ་

མྲྀ་ཏ་བི་ལོ་ཀི་ནི་གརྦྷ་སཾ་རཀྵ་ཨཱ་ཀཪྵ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་སོ། །སོ་སོ་འབྲང་མ་དེའི་ནུབ་ཕྱོགས་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་མཾ་ཡིག་གི་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པའི་གསང་སྔགས་རྗེས་སུ་འཛིན་མ་བསྒོམ་པར་བྱ་སྟེ། སྐུ་
མདོག་དཀར་མོ་ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་བཅུ་གཉིས་པ་ཉི་མའི་དཀྱིལ་འཁོར་འོད་འཕྲོ་བ་ལ་གཡས་བརྐྱང་གིས་བཞུགས་པ། རིན་པོ་ཆེའི་ཅོད་པན་ཅན། རྒྱན་ཐམས་ཅད་ཀྱིས་མཛེས་ཤིང་ལང་ཚོ་གཞོན་ནུ་དང་ལྡན་པ། དོ་ཤལ་དང་། རྐང་གདུབ་དང་། རྣ་རྒྱན་
གྱིས་བརྒྱན་པ། ཤི་རི་ཤཱའི་ཤིང་ལྗོན་པས་ཉེ་བར་མཛེས་པ། དེའི་ཕྱག་དང་པོ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ། གཉིས་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ། གསུམ་པ་མཆོག་སྦྱིན། བཞི་པ་མི་འཇིགས་པ། ལྔ་པ་རྡོ་རྗེ། དྲུག་པ་ན་མདའོ། །གཡོན་གྱི་གསུམ་པ་སྡིགས་མཛུབ་
དང་བཅས་པའི་ཞགས་པ། བཞི་པ་ན་གཞུ། ལྔ་པ་ན་རིན་པོ་ཆེའི་དོག་པ། དྲུག་པ་ན་པདྨས་མཚན་པའི་ཆུ་སྐྱེས་སོ། །རྩ་བའི་ཞལ་དཀར་པོ། གཡས་ནག་པོ། གཡོན་དམར་པོའོ། །མེ་ཏོག་སྣ་ཚོགས་པ་མངོན་པར་བཀྲམ་པ། འཇིག་རྟེན་སྐྱོང་བ་བརྒྱད་ལ་སོགས་པ་དང་
བཅས་པའི་ལྷ་རྣམས་ཀྱིས་ཡང་དག་པར་མཆོད་པའི་འོས་སུ་གྱུར་པ། རྒྱལ་པོ་ཆེན་པོ་བཞི་དང་བཅས་པའི་ལྷའི་ཚོགས་རྣམས་ཀྱིས་ཡང་དག་པར་བསྟོད་པ། མེ་ཏོག་མོ་དང་བཅས་པའི་རིག་འཛིན་མ་རྣམས་ཀྱིས་མཆོད་པའོ། །དེའི་བཟླས་པའི་སྔགས་ནི་ཨོཾ་བི་མ་ལེ་བི་པུ་ལེ་ཛ་ཡ་བ་
རེ་ཨ་མྲྀ་ཏེ་བི་ར་ཛེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་སོ། །དེ་ནས་སོ་སོ་འབྲང་མ་དེའི་བྱང་ཕྱོགས་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཏྲཾ་ཡིག་གི་ས་བོན་ཡོངས་སུ་གྱུར་པ་ལས་སྐྱེས་པའི་བསིལ་བའི་ཚལ་ཆེན་མོ་སྐུ་མདོག་ལྗང་གུ་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་
གིས་བཞུགས་པ། ཞལ་གསུམ་མ། སྤྱན་གསུམ་མ། ཕྱག་དྲུག་པ། དེ་བཞིན་གཤེགས་པའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ལྷའི་ན་བཟས་ཉེ་བར་སྤྲས་པའོ། །དེའི་ཕྱག་དང་པོ་མི་འཇིགས་པའི་ཕྱག་རྒྱ། གཉིས་པ་ན་རྡོ་རྗེ། གསུམ་པ་ན་མདའོ། །གཡོན་

གྱི་དང་པོ་ཞགས་པ་དང་བཅས་པའི་སྡིགས་མཛུབ། གཉིས་པ་ན་གཞུ། གསུམ་པ་ན་རིན་པོ་ཆེའི་རྒྱལ་མཚན་ནོ། །རྩ་བའི་ཞལ་ལྗང་གུ། གཡས་པ་དཀར་པོ། གཡོན་པ་དམར་པོའོ། །ཙམ་པ་ཀའི་ཤིང་ལྗོན་པས་ཉེ་བར་མཛེས་པ། འདོད་ལྷ་དང་བཅས་པའི་ལྷ་རྣམས་
ཀྱིས་མཆོད་ཅིང་བསྟོད་པ། འཕྲོག་མ་དང་བཅས་པའི་གནོད་སྦྱིན་དང་གནོད་སྦྱིན་མོ་རྣམས་རྣམ་པར་འཇོམས་པར་མཛད་པ། བྱ་རོག་དང་། འུག་པ་དང་། བྱ་རྒོད་དང་། ཁྲ་དང་། ཀ་པོ་ར་ལ་སོགས་པ་རྣམས་འཇོམས་ཤིང་འདེད་པར་མཛད་པ། འབྱུང་པོ་དང་། ཡི་དགས་དང་།
ཤ་ཟ་དང་། རོ་ལངས་དང་། སྲིན་པོ་ལ་སོགས་པ་དང་བཅས་པ་རྣམས་ཡང་དག་པར་རྨོངས་པར་མཛད་པའོ། །དེའི་བཟླས་པའི་སྔགས་ནི་ཨོཾ་བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཨིནྡྲི་ཡ་བ་ལ་བི་ཤོ་དྷ་ནི་ཧཱུཾ་ཧཱུཾ་ཕཊ། དེ་བཞིན་དུ་ཇི་ལྟར་གསུངས་པའི་མཎྜལ་རྣམ་པར་བསྒོམས་ནས། དེའི་
འོད་ཟེར་གྱི་ཚོགས་ཀྱིས་ཁྱབ་པ་ལས་རང་རང་གི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཁམས་གསུམ་མ་ལུས་པ་མངོན་པར་ཁྱབ་ནས་དེ་ལ་དེ་བཞིན་དུ་ཡི་གེ་ལ་རབ་ཏུ་གཞུག་པར་བྱའོ། །སླར་ཡང་ནམ་མཁའི་མཐོངས་སུ་སྤྲོས་ནས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་ཡང་དག་པར་བསྟོད་
ཅིང་གདན་དྲངས་པ་རང་གི་དམ་ཚིག་གི་འཁོར་ལོ་ལ་རབ་ཏུ་གཞུག་པར་བྱའོ། །དེ་ནས་གཉིས་སུ་མེད་ཅིང་རོ་གཅིག་ཏུ་གྱུར་པར་རྣམ་པར་བསྒོམས་ལ། དེའི་འོད་ཟེར་རྣམས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་གདན་དྲངས་ཏེ་ཡང་དག་པར་མཆོད་ནས་དབང་བསྐུར་བར་གསོལ་བ་བཏབ་
ནས་བདག་ཉིད་ལ་དབང་བསྐུར་བར་བལྟ་བར་བྱའོ། །མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་སྔོན་དུ་འགྲོ་བས་མཁས་པས་བསྒོམ་པར་བྱའོ། །མིག་ལ་གཏི་མུག་རྡོ་རྗེ་སོ་སོ་འབྲང་མ་ཆེན་མོའོ། །རྣ་བ་ལ་ཞེ་སྡང་རྡོ་རྗེ་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཆེན་མོའོ། །སྣ་ལ་
སེར་སྣ་རྡོ་རྗེ་རྨ་བྱ་ཆེན་མོའོ། །ཞལ་ལ་འདོད་ཆགས་རྡོ་རྗེ་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོའོ། །རེག་བྱ་ལ་ཕྲག་དོག་རྡོ་རྗེ་བསིལ་བའི་ཚལ་ཆེན་མོའོ། །དེ་བཞིན་དུ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་

རྣམས་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་རང་བཞིན་རྣམས་ལ་དེ་བཞིན་དུ་ལྷ་རྣམས་ཀྱི་རྣམ་པར་དག་པའི་ཁྱད་པར་ཤེས་པར་བྱའོ། །དེ་ལ་དེ་ལྟ་བུའི་དམ་ཚིག་ཏུ་གྱུར་པས་ཆོ་ག་འདིས་སྔགས་བཟླས་པར་བྱའོ། །གོང་གི་སྔགས་
ཀྱི་ཡི་གེ་བརྗོད་པར་བྱ་བ་དེའི་ལྷའི་སྦྱོར་བས་བསྒྲུབ་བྱའི་མིང་སྤེལ་ནས་ཞི་བའི་སེམས་ཀྱིས་རྒྱུན་མི་འཆད་པར་བཟླས་པར་བྱའོ། །རིམས་དང་། དུག་དང་། དེ་བཞིན་དུ་ནད་དང་། གཡུལ་ལ་ཡང་དེ་བཞིན་དུ་བྱའོ། །མཁའ་འགྲོ་མ་དང་། འབྱུང་པོ་དང་། རྨུགས་བྱེད་དང་།
གཙང་པོ་དང་། དགྲས་རབ་ཏུ་འཚེ་བ་དང་། ཐོག་དང་། སྐར་མདའ་ལྟུང་བའི་འཇིགས་པ་རྣམས་ལ་རི་དང་། ནགས་དང་། ལམ་དག་ཏུ་དེའི་སྔགས་དྲན་པས་རྟག་ཏུ་བག་ཚ་བ་ཐམས་ཅད་སེལ་བར་བྱེད་དོ། །དེ་ལ་རིམ་པ་འདི་བཞིན་དུ། །སེམས་ཅན་ཀུན་ལ་ཕན་
དོན་ཕྱིར། །སེམས་ཅན་ཀུན་ལ་ཕན་འབྱུང་བ། །གང་དང་གང་གིས་གསོལ་འདེབས་པ། །དེ་ཡི་ཚེ་ནི་འཕེལ་བའི་རྒྱུ། །བསྲུང་བ་ལྔ་ཡི་ཆོ་ག་འདིས། །བདེ་ལེགས་འབྱུང་བ་བདག་གིས་བྲི། །སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །དགེ་བའི་མཎྜལ་ཟླུམ་པོ་བྲི། །
ས་ཕྱོགས་གཙང་ཞིང་ཉམས་དགའ་བར། །བ་ཡི་ལྕི་བས་ཉེ་བར་བྱུགས། །བླ་རེ་ཡིས་ནི་སྟོད་གཡོགས་ཤིང་། །རྣམ་པ་སྣ་ཚོགས་གོས་རྣམས་བཅད། །ཙནྡན་ཁྱད་པར་ཅན་དག་དང་། །དྲི་བཟངས་དག་གིས་ཀུན་ནས་བྱུགས། །སོར་མོ་ཉི་ཤུ་རྩ་བརྒྱད་ཀྱི། །མཎྜལ་
ཟླུམ་པོར་བྲི་བར་བྱ། །དེ་ནས་རྡུལ་ཚོན་དཀར་པོ་ཡིས། །ཞི་བའི་ལས་ལ་རབ་ཏུ་བསྔགས། །ཟེའུ་འབྲུ་གེ་སར་དང་བཅས་པའི། །པདྨ་འདབ་མ་བརྒྱད་པར་བྱ། །བུམ་པ་ལྔ་ནི་ཡང་དག་དགོད། །མེ་ཏོག་ཕྲེང་བ་གོས་ཀྱིས་མཛེས། །ལོ་མ་དག་གིས་ཁ་བརྒྱན་ཅིང་། །
གདུགས་དང་བ་དན་ཡང་དག་ལྡན། །པུ་སྟི་དང་ནི་ཆོས་དབྱིངས་དང་། །བྲིས་སྐུ་མདུན་དུ་ཡང་དག་བཀྲམ། །མེ་ཏོག་སྤོས་དང་དྲི་དང་ནི། །གཏོར་མ་ཞལ་ཟས་དབུལ་བར་བྱ། །དཱུར་བ་ཀུན་དང་ཡང་དག་སྦྱོར། །མེ་ཏོག་དཀར་པོ་ཁྱད་འཕགས་རྣམས། །ཕྱོགས་

དང་ཕྱོགས་མཚམས་ལྷ་རྣམས་ཀྱི། །ཆོ་ག་ཇི་བཞིན་མཆོད་པར་བྱ། །ཟན་དང་བུ་རམ་མེ་ཏོག་དཀར། །འོ་མ་ཡི་ནི་བྱེ་བྲག་རྣམས། །ཤར་ཕྱོགས་གནས་སུ་དགོད་བྱས་ནས། །དྲི་ཟ་རྣམས་ལ་གཏོར་མ་དབུལ། །ཏིལ་ནག་དང་ནི་ཆང་གིས་བཀང་། །ཤ་དང་ཉ་ཤ་སྒོག་
པ་རྣམས། །ལྷོ་ཕྱོགས་སུ་ནི་ཡང་དག་དགོད། །གྲུལ་བུམ་རྣམས་ལ་གཏོར་མ་དབུལ། །འོ་མ་ཞོ་དང་འོ་ཐུག་དང་། །མཉྫ་ན་ཡི་བྱེ་བྲག་རྣམས། །ནུབ་ཀྱི་ཕྱོགས་སུ་ཡང་དག་དགོད། །གཏོར་མ་ཆེན་པོ་ཀླུ་ལ་འབུལ། །མོན་གྲེའུ་མུད་ག་རྒྱ་སྲན་དང་། །ཛམྦུ་ཊི་དང་བུར་ཆང་
རྣམས། །བྱང་གི་ཕྱོགས་སུ་ཡང་དག་དགོད། །གནོད་སྦྱིན་རྣམས་ལ་གཏོར་མ་དབུལ། །དབང་ལྡན་ནས་ནི་བརྩམས་ནས་ནི། །ཇི་སྲིད་རླུང་གི་སྤྱོད་ཡུལ་བར། །ནག་པོ་དམར་པོ་སེར་པོ་དང་། །ལྗང་གུའི་མེ་ཏོག་ཕྲེང་བ་དཔྱང་། །དབུས་སུ་མེ་ཏོག་ཕྲེང་བ་དཀར། །མེ་ཏོག་
སྣ་ཚོགས་ཁྱད་འཕགས་རྣམས། །འོ་མ་ཁྲག་གི་ཁམ་ཕོར་རྣམས། །ཞོ་ཟན་དྲི་རྣམས་དེ་བཞིན་དུ། །དེ་བཞིན་དངོས་པོ་མ་ལུས་རྣམས། །ཇི་ལྟར་རིགས་པས་མཆོད་ཡོན་དབུལ། །འབྲས་བུ་རྩ་བ་ཇི་སྙེད་དང་། །ལ་དུ་མོ་ད་ཀ་ཆང་བུ། །ཇི་སྐད་གསུངས་བཞིན་
ཆང་བུ་སོགས། །ཀ་ར་འོ་མའི་བྱེ་བྲག་གི། །གཏོར་མ་ལྷོ་ཡི་ཕྱོགས་སུ་བཞག །མཚན་མ་བརྒྱད་ཀྱིས་རབ་མཛེས་པ། །དེ་བཞིན་དུ་ཡང་། ཆོས་འཆད་པ་ཡི་སློབ་དཔོན་དང་། །ལས་ཀྱི་རྡོ་རྗེ་དེ་བཞིན་དུ། །ཁྲུས་བྱས་གཙང་མའི་གོས་བགོ་ཞིང་། །དེ་བཞིན་
སྟན་ཡང་གཙང་མར་འདོད། །ཞལ་ནི་ཤར་དུ་མངོན་ཕྱོགས་ནས། །སྨྲ་བཅད་ནས་ནི་རྟག་ཏུ་བཀླག །དགེ་སློང་ཚུལ་ཁྲིམས་གཙང་མ་ཡི། །བསོད་སྙོམས་པ་རྣམས་མཆོག་ཏུ་བསྔགས། །སྦྱིན་བདག་སློབ་དཔོན་གང་ཞིག་གིས། །ཡོངས་སུ་དག་པར་བཀླག་པར་བྱ། །
ལན་གཅིག་ལ་སོགས་བརྩམས་ནས་ནི། །ཉི་ཤུ་རྩ་གཅིག་ལ་སོགས་བཀླག །ཆོ་ག་ཆད་པ་ལ་སོགས་པས། །བཀླགས་པས་ཡང་དག་འགྲུབ་མི་འགྱུར། །བློ་དང་བརྩོན་འགྲུས་ཕུན་ཚོགས་པ། །བརྩེ་བས་སེམས་ཅན་དོན་བརྩོན་པས། །དེ་ཡི་བདེ་ལེགས་སྒྲུབ་པར་ནི། །སྔོན་གྱི་སངས་

རྒྱས་རྣམས་ཀྱིས་གསུངས། །ཁ་ཟས་དཀར་པོས་སྟོན་མོ་བྱས། །ཤ་ཡི་བཟའ་བ་རྣམ་པར་སྤངས། །བསྟན་བཅོས་ཀུན་ལས་མཐུན་པར་ནི། །ཀུན་ལ་ཤ་ནི་མེད་བྱས་ལ། །སློབ་དཔོན་བྱང་དུ་ཞལ་ཕྱོགས་པས། །དེ་ལ་ལས་ནི་ཡང་དག་བརྩམ། །བསྒོམ་
པ་སྔོན་དུ་གསུངས་པ་བཞིན། །ལྷ་རྣམས་སོ་སོ་ལ་དམིགས་ནས། །མཆོད་ཅིང་བསྟོད་པ་དང་ལྡན་པས། །དྲིལ་བུ་དཀྲོལ་ཞིང་དེ་བཞིན་ལ། །མཐའ་ཡས་སྤྱོད་ཡུལ་སངས་རྒྱས་ལ་ནི་ཕྱག་འཚལ་འདུད། །བདེན་པ་གསུང་མཛད་སངས་རྒྱས་ལ་ནི་ཕྱག་འཚལ་འདུད། །བདེན་
པ་ལ་ནི་རབ་གནས་རབ་ཏུ་རྒྱལ་གྱུར་ཅིག །འདོད་པ་ཀུན་ལས་གྲོལ་ཞིང་འབྲས་བུ་དང་བཅས་ཤོག །སྐྱེས་བུ་དཔའ་བོ་ཕྱག་འཚལ་འདུད། །དེ་བཞིན་གཤེགས་ལ་ཕྱག་འཚལ་འདུད། །ལྷ་རྣམས་ཀུན་ལ་ཕྱག་འཚལ་འདུད། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །དཱུར་བ་ཀུན་དང་ཡང་
དག་སྦྱར། །བསྒྲུབ་བྱའི་མིང་ནི་སྔགས་ཀྱིས་སྤེལ། །ལྷ་རྣམས་ཀུན་ནི་མཆོད་བྱ་ཞིང་། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། །སྔགས་ནི་ལན་ཅིག་བརྗོད་ནས་ནི། །ལན་ཅིག་སྦྱོར་བས་མཆོད་པར་བྱ། །ཁྲི་ཕྲག་གཅིག་གི་ལས་ཀྱིས་ནི། །ཚེ་ནི་ཀུན་དུ་འཕེལ་བར་རིགས། །གང་དང་གང་གིས་
གསོལ་འདེབས་ན། །དེར་ནི་མཎྜལ་བྲི་བར་བྱ། །རྒྱལ་སྲིད་ཡུལ་དང་དེ་བཞིན་གྲོང་། །ལྷས་དང་སྐྱེད་མོས་ཚལ་དེ་བཞིན། །མི་མ་ཡིན་པ་ཞུགས་གྱུར་པའི། །འཆི་ནད་དང་ནི་མུ་གེ་རྣམས། །དེ་ཡི་ལས་ཀྱིས་བསྲུང་བར་བྱ། །ཤིང་སྐམ་ལ་ཡང་ལོ་འབྲས་འབྱུང་། །ལས་ཀྱི་སྡུག་
བསྔལ་བསམ་མི་ཁྱབ། །བྱ་བ་གང་ཞིག་བསྒྲུབ་འདོད་ན། །དེ་ནས་བསྲུང་བའི་ཆོ་ག་ཡིས། །ངེས་པར་སྲུང་བར་བྱེད་པར་འགྱུར། །རླུང་དང་མཁྲིས་པ་ལས་སྐྱེས་ནད། །བད་ཀན་འདུས་པ་ལས་གྱུར་པའི། །མ་ལུས་པ་ཡི་ནད་རྣམས་ཀུན། །རྟག་ཏུ་བདེ་ལེགས་ཉིད་དུ་འགྱུར། །
ཀློག་དང་ཁ་ཏོན་སྦྱོར་བ་ཡིས། །ངེས་པར་བགེགས་རྣམས་མེད་པར་འགྱུར། །བསྲུང་བ་ལྔའི་ཆོ་ག་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཤྲྀཾ་ཁ་ལཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །

སྔོན་དུ་གསུངས་པའི་ཆོ་གས། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ལྗང་གུའི་ཡི་གེ་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་པ་ཕྱག་དྲུག་པ། སྔོན་པོ་དང་དཀར་པོ་ནི་གཡས་དང་ཅིག་ཤོས་ཀྱི་ཞལ་ལོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་རྡོ་རྗེ་དང་། རྡོ་རྗེ་ལྕགས་སྒྲོག་དང་
མདའ་རྣམས་གཡས་ཀྱི་ཕྱག་གསུམ་ནའོ། །སྡིགས་མཛུབ་དང་། ཞགས་པ་དང་། གཞུ་རྣམས་ནི་གཡོན་གྱི་ཕྱག་གསུམ་ནའོ། །སྐུ་མདོག་ལྗང་སེར་ཞལ་ཅུང་ཟད་བཞད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གདུག་པ་ཅན་གྱི་སེམས་ཅན་རྣམས་འདུལ་བའི་བདག་ཉིད་དུ་བསམས་
ལ་ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་ལག་པ་གཉིས་སོ་སོར་ཁུ་ཚུར་བཅིངས་ཏེ་མཐེབ་ཆུང་དང་སྡིགས་མཛུབ་གཉིས་ལྕགས་སྒྲོག་གི་རྣམ་པ་ཅན་དུ་བཅིང་བར་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱའོ། །ཨོཾ་བཛྲ་ཤྲཱིཾ་ཁ་ལེ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་པ་ནི་བཟླས་པའོ། །རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་
ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཤྲྀཾ་ཁ་ལཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་ལ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་
གནས་པའི་ཧཱུཾ་ཡིག་ལྗང་གུ་ལས་སྐྱེས་པའི་སྐུ་མདོག་ལྗང་གུ་ཞལ་གསུམ་པ་ཕྱག་བརྒྱད་པ། ཞལ་དང་པོ་ཅུང་ཟད་བཞད་པ། གཡས་སེར་སྐྱ་ལ་སྤྱན་སེར་སྐྱ་དང་ལྡན་པ། གཡོན་པ་དམར་ཞིང་ཁྲོ་གཉེར་ཅན་མཆེ་བ་གཙིགས་པ། གཡས་ཀྱི་ཕྱག་བཞི་རྣམས་སུ་མི་འཇིགས་པ་དང་།
རྡོ་རྗེ་དང་། རྡོ་རྗེ་ལྕགས་སྒྲོག་དང་མདའ་བསྣམས་པ། གཡོན་གྱི་ཕྱག་བཞི་རྣམས་སུ་ཁྲག་གིས་གང་བའི་ཐོད་པ་དང་། སྡིགས་མཛུབ་དང་། ཞགས་པ་དང་། གཞུ་བསྣམས་པའོ། །རོལ་པའི་སྟབས་ཀྱིས་བཞུགས་པ། བྱི་ལའི་པགས་པས་སྟོད་གཡོགས་བྱས་པ། དོན་
ཡོད་གྲུབ་པས་དབུ་བརྒྱན་པ། དབུ་སྐྲ་སེར་སྐྱ་གྱེན་དུ་འཁྱིལ་པར་བསམས་ལ། ཨོཾ་བཛྲ་ཤྲྀཾ་ཁ་ལེ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། །འདི་ནི་མན་ངག་གི་རིམ་པའི་ནང་ནས་འབྱུང་བའི་རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།

བཛྲ་ཤྲྀྃ་ཁ་ལཱ་སཱ་དྷ་ན་ཨུ་པ་ཡི་ཀ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་ཀྱི་ཆོ་ག །འཕགས་མ་རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཆོས་ཐམས་ཅད་སྟོང་པ་ཉིད་དོ་ཞེས་དེ་བཞིན་དུ་བརྗོད་ནས།
གཞན་གང་ཞིག་རྣམས་ཀྱང་འདིས་ཆོས་རྣམས་སྟོང་པ་ཉིད་ཀྱི་མཐར་བལྟ་ཞིང་ཕུན་སུམ་ཚོགས་པར་བསྐྱེད་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེ་ནས་ཇི་སྲིད་སེམས་ཅན་དང་སེམས་ཅན་གྱིས་བསྡུས་པ་རྣམས་ཡང་དག་པར་བླངས་ནས་
བདག་གིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་དགོད་པར་བྱའོ་ཞེས་སོ། །དེ་ནས་སྙིང་གར་སྣ་ཚོགས་ཆུ་སྐྱེས། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེ་ནས་ཧཱུཾ་ཡིག་ལས་སྐྱེས་པའི་རྡོ་རྗེ་ལྕགས་སྒྲོག་མའི་བདག་ཉིད་འཆིང་བ་ཐམས་ཅད་གཅོད་པ། གདུག་པའི་སེམས་ཅན་
རྣམས་འདུལ་བ། སྐུ་མདོག་ལྗང་གུ་ཞལ་གསུམ་པ། སྤྱན་གསུམ་གསུམ་པ་གཡས་པའི་ཞལ་སེར་སྐྱ་ལ་སྤྱན་སེར་སྐྱ། ཞལ་གཡོན་པ་ཁྲོ་གཉེར་ཅན། དམར་པོ་མཆེ་བ་གཙིགས་པའོ། །ཞལ་དང་པོ་ཅུང་ཟད་བཞད་པའོ། །ཕྱག་བརྒྱད་པ་གཡས་ཀྱི་དང་པོས་མི་འཇིགས་པ་སྦྱིན་པ།
གཉིས་པ་ན་རྡོ་རྗེ། གསུམ་པ་ན་རྡོ་རྗེ་ལྕགས་སྒྲོག །བཞི་པ་ན་མདའ། གཡོན་གྱི་ཕྱག་དང་པོ་ན་ཐོད་པ་ཁྲག་གིས་ཡོངས་སུ་གང་བ། གཉིས་པ་ན་སྡིགས་མཛུབ། གསུམ་པ་ན་ཞགས་པ། བཞི་པ་ན་གཞུའོ། །སངས་རྒྱས་ཀྱི་སྤྲིན་ཚོགས་འཕྲོ་བ་ཤིན་ཏུ་རོལ་པའི་སྟབས་
ཀྱིས་བཞུགས་པ། བྱི་ལའི་པགས་པའི་སྟོད་གཡོགས་བྱས་པའི་རྡོ་རྗེ་ལྕགས་སྒྲོག་མ་བསྒོམ་པར་བྱའོ། །སྐད་ཅིག་གིས་བྱང་ཆུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་སྨོས་ཅི་དགོས། ཨོཾ་བཛྲ་ཤྲྀཾ་ཁ་ལེ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་སོ། །རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་ཀྱི་ཆོ་ག་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། དྷྭ་ཛཱ་གྲ་ཀཻ་ཡཱུ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་ཕྱག་འཚལ་ལོ། །ངན་སོང་འཇིགས་པ་ཀུན་འཇོམས་པའི། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་འདུད། །དེ་ཡི་སྒྲུབ་

ཐབས་དངོས་གྲུབ་ཕྱིར། །བདག་གིས་དད་པས་བྲི་བར་བྱ། །དང་པོར་རེ་ཞིག་སྔགས་པས་ཞལ་བསང་བ་ལ་སོགས་པ་བྱས་ནས་ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། མཁས་པས་བྱམས་པ་ལ་སོགས་པའི་ཡིད་དག་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་
པའི་མཆོག་བདུད་རྣམས་འཇོམས་ཤིང་གཡུལ་ལས་སྒྲོལ་བར་བྱེད་པ་བསྒོམ་པར་བྱའོ། །ཨོཾ་ཙནྡྲཱརྐ་བི་མཱ་ལེ་སྭཱ་ཧཱ་ཞེས་པའི་སྔགས་བརྗོད་ནས་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བའི་སྟེང་དུ་དྷྭཾ་ཡིག་སེར་པོའི་འོད་ཟེར་གྱིས་ནམ་མཁའི་
ཕྱོགས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ནས། ཡིད་ཀྱིས་རང་བཞིན་གྱི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེའི་རྗེས་ལ་ཨོཾ་སྭ་བྷ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་
ཞེས་པའི་སྔགས་བརྗོད་ནས་སྐད་ཅིག་གིས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པས་ང་རྒྱལ་བསྐྱེད་ནས་སེམས་ཅན་རྣམས་གདོན་པའི་བསམ་པས་གཟུགས་བརྙན་བཞིན་དུ་ཟླ་བ་དང་ཉི་མ་ཡང་དག་པར་སྦྱོར་བའི་སྟེང་དུ་དྷྭཾ་ཡིག་སེར་པོའི་
འོད་ཟེར་གྱིས་མཐའ་ཡས་པའི་སེམས་ཅན་རྣམས་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུས་བརྒྱན་ཅིང་། དེའི་སྙིང་གར་རབ་ཏུ་ཞུགས་ནས་སླར་ལོག་སྟེ། འོད་ཟེར་གྱི་ཚོགས་པས་ས་བོན་ལ་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་
ལས་གཡུལ་ལས་སྒྲོལ་བར་བྱེད་པའི་ལྷ་མོ་སྐུ་མདོག་སེར་མོ་ཡིད་དུ་འོང་བ་ཞལ་བཞི་པ་ཕྱག་བཞི་པ་ཁྲོ་ཞིང་ཞབས་གཡོན་བརྐྱང་བ་ལྟོ་བ་འཕྱང་བ། སྤྱན་གསུམ་པ། དམར་ལ་ཟླུམ་ཞིང་མཛེས་པ། ན་བཟའ་སྔོན་པོ་མནབས་པ། རལ་གྲི་དང་། འཁོར་ལོ་ཕྱག་གཡས་ན་བསྣམས་པ། གཡོན་པ་
དག་གིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་ནག་པོ་དང་། རྡོ་རྗེས་མཚན་པའི་གཏུན་ཤིང་དཀར་པོ་བསྣམས་པ། སྐུའི་ཕྱོགས་གཡོན་དུ་རྩེ་གསུམ་ལ་འཁྱུད་པའོ། །ཞལ་དང་པོ་ནི་སེར་པོའོ། །གཡོན་པ་ནི་དམར་པོའོ། །ཅིག་ཤོས་ནི་དཀར་པོའོ། །སྟེང་དུ་འཇིགས་ཤིང་དུ་བའི་

མདོག་ལྟ་བུའོ། །རལ་པ་དམར་སེར་གྱེན་དུ་བརྫེས་ཤིང་བཅིངས་པ། ཐོད་པ་ལྔས་བརྒྱན་པ། པདྨ་དང་ཉི་མའི་དབུས་སུ་བཞུགས་ཤིང་བརྟན་པ་བསྒོམ་པར་བྱའོ། །དེ་བཞིན་དུ་དམ་ཚིག་སེམས་དཔའ་བསྐྱེད་ནས་ཉི་མ་ལ་གནས་པའི་སྙིང་གའི་ས་བོན་གྱི་འོད་
ཟེར་གྱིས་ཡེ་ཤེས་སེམས་དཔའ་གདན་དྲངས་ཏེ་ཡང་དག་པར་མཆོད་པར་བྱའོ། །ཛཿཧཱུཾ་བཾ་ཧོཿཞེས་པ་འདི་རྣམས་ཀྱི་ཡི་གེས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་དབང་དུ་བྱའོ། །དེ་ནས་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་སོ། །དེ་ནས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་རང་གི་ཐུགས་ཀ་ནས་རྣམ་པར་འཕྲོས་པའི་བདུད་རྩི་ལྔས་ཡོངས་སུ་གང་བའི་གསེར་གྱི་བུམ་པས་ཕྱག་ནས་དབང་བསྐུར་བཞིན་པའི་བདག་ཉིད་དུ་བསྒོམ་པར་
བྱའོ། །དེ་ལ་དབང་བསྐུར་བའི་ཚིགས་སུ་བཅད་པ་འདིའོ། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ་སྭཱ་ཧཱ།
དེ་ནས་རབ་ཏུ་གང་ཞིང་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པས་དབུ་བརྒྱན་པར་བསྐྱེད་ལ། སྔགས་བཟླས་ནས་རྟག་ཏུ་བདེ་བའི་ཚིག་གིས་མཆོག་སྟེར་བར་འགྱུར་རོ། །ཨོཾ་བྷ་ག་བ་ཏཱི་དྷྭ་ཛཱ་གྲ་ཀཻ་ཡཱུ་རེ་པ་ར་སཻ་ནྱ་བི་དྷྭཾ་ས་ན་ཀ་རི་སྭ་སཻ་ནྱ་པ་རི་པ་ལ་ནི། ཨུ་པ་ཀཱ་མུ་ཁི་ཁ་ཁ་ཁཱ་ཧི་ཁཱ་ཧི་པར་སཻ་ནྱ་ཨ་
ནནྡ་མུ་ཁེ་ན་ཨ་ནནྡ་བྷུ་ཛེ་ན་པྲ་ཧ་ར་པྲ་ཧ་ར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་སརྦ་གྲ་ཧ་ནཀྵེ་ཏྲ་དྷྱ་མི་ཀ་ར་ཎི་སྭཱ་ཧཱ་ཉེ་བའི་སྙིང་པོའོ། །ཕྲེང་སྔགས་ནི་གཟུངས་ལས་བལྟ་བར་བྱའོ། །ལངས་པའི་དུས་སུ། ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་རྗེས་འཇུག་དངོས་
གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འདིར་ནི་བྱོན་པར་ཞུ། །ཞེས་པའི་སྔགས་འདིས་གཤེགས་ནས་གནས་པར་བྱའོ་ཞེས་སོ། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆོས་ཀྱི་འབྱུང་གནས་བློ་གྲོས་ཞབས་ཀྱིས་མཛད་

པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨུཥྞཱི་ཥ་བི་ཛ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཁ་བསང་བ་ལ་སོགས་པ་
བྱས་ནས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསམས་ནས། དེའི་སྟེང་དུ་བྷྲཱུཾ་ཡིག་དཀར་པོ་བལྟས་ལ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འགྲོ་བ་
རྣམས་གསལ་བར་མཛད་ནས། མདུན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསམས་ནས་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་སླར་ཡང་རང་གི་སྙིང་གར་ཟླ་བ་ལ་པཾ་ཡིག་ལས་
སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་བསམས་ནས། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་གནས་པའི་བྷྲཱུཾ་ཡིག་དཀར་པོ་བལྟས་ལ། དེ་ཡོངས་སུ་གྱུར་པ་ལས་གཙུག་ཏོར་རྣམ་པར་རྒྱལ་མ་མཆོད་རྟེན་གྱི་དྲུང་དུ་བཞུགས་པ་སྐུ་མདོག་དཀར་མོ་ཞལ་གསུམ་པ་སྤྱན་གསུམ་པ། ཕྱག་
བརྒྱད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅིངས་ནས་བཞུགས་པ། ཞལ་དང་པོ་དཀར་པོ། ཞལ་གཡས་པ་སེར་པོ། ཞལ་གཡོན་པ་སྔོན་པོ། མཆེ་བས་མ་མཆུ་མནན་པ། གཡས་ཀྱི་ཕྱག་བཞི་རྣམས་སུ་སྣ་ཚོགས་རྡོ་
རྗེ་དང་། ཆུ་སྐྱེས་དམར་པོའི་སྟེང་ན་བཞུགས་པའི་རྒྱལ་བ་འོད་དཔག་མེད་པ་དང་། མདའ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་རྣམས་སོ། །གཡོན་གྱི་ཕྱག་བཞི་རྣམས་སུ་གཞུ་དང་། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང་། བུམ་པ་བཟང་
པོ་རྣམས་སོ། །རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་ཅིང་ལྷའི་ན་བཟའི་སྟོད་གཡོགས་མནབས་པ། སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། འོད་ཟེར་དཀར་པོའི་ཕྲེང་བ་ཅན་དུ་བལྟ་བར་བྱའོ། །དེའི་གཡས་ཕྱོགས་སུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་གཡོན་ན་

པདྨ་བསྣམས་པ། ཕྱག་གཡས་ན་རྔ་ཡབ་བསྣམས་པའོ། །གཡོན་ཕྱོགས་སུ་ཕྱག་ན་རྡོ་རྗེ་སྐུ་མདོག་ཨུཏྤ་ལ་སྔོན་པོའི་འདབ་མ་ལྟ་བུ་ཕྱག་གཡོན་ན་ཨུཏྤ་ལ་ལ་གནས་པའི་རྡོ་རྗེ་བསྣམས་པ། ཕྱག་གཡས་ན་རྔ་ཡབ་བསྣམས་པ་དེ་དག་བཞུགས་པར་བསམ་
པར་བྱའོ། །དེ་ནས་ཤར་དང་། ལྷོ་དང་། ནུབ་དང་། བྱང་ཕྱོགས་རྣམས་སུ་མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང་། དབྱུག་སྔོན་ཅན་དང་། སྟོབས་པོ་ཆེ་རྣམས་ཐམས་ཅད་སྐུ་མདོག་སྔོན་པོ་ཕྱག་གཉིས་པ། ཞལ་གཅིག་པ། སྤྱན་གསུམ་པ། ཞབས་གཡོན་བརྐྱང་
བའི་སྟག་གི་པགས་པའི་ན་བཟའ་མནབས་པ། དབུ་སྐྲ་གྱེན་དུ་བརྫེས་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་བཞུགས་པ། ཕྱག་གཡོན་པ་སྡིགས་མཛུབ་དང་བཅས་པའི་ཞགས་པ་བསྣམས་པ། ཕྱག་གཡས་པ་རྣམས་སུ་རལ་གྲི་དང་། ལྕགས་ཀྱུ་
དང་། དབྱུག་པ་དང་། རྡོ་རྗེ་བསྣམས་པ་བསྒོམ་པར་བྱའོ། །སྟེང་གི་ཕྱོགས་སུ་གནས་གཙང་མའི་རིས་ཀྱི་ལྷའི་བུ་བདུད་རྩིས་བཀང་བའི་བུམ་པ་བསྣམས་ཤིང་བདུད་རྩིའི་རྒྱུན་འབབ་བཞིན་པ་བསམ་པར་བྱའོ། །དེ་ལྟ་བུའི་བཅོམ་ལྡན་འདས་མ་འཁོར་དང་བཅས་པ་བསམ་ཞིང་
དགོད་པར་བྱའོ། །ཨོཾ་ཡིག་ནི་སྤྱི་བོར་རོ། །ཨཱཿཡིག་ནི་མགྲིན་པ་ལའོ། །ཧཱུཾ་ཡིག་ནི་སྙིང་གར་རོ། །ཏྲཱཾ་ཡིག་ནི་དཔྲལ་བ་ལའོ། །ཧྲཱིཿཡིག་ནི་ལྟེ་བ་ལའོ། །ཨཾ་ཨཱཿརྐང་པ་དག་ལའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱའོ། །ཐལ་མོ་ཡང་དག་པར་སྦྱར་ནས་མཛུབ་མོ་བཀུག་ནས་མཐེབ་
ཆེན་དག་དང་སྦྱར་བ་ལེགས་པར་སྦྱིན་པར་མཛད་ནས། ཨོཾ་ཡིག་གསུམ་དང་བཅས་པའི་གཟུངས་ལན་ཅིག་བཟླས་ནས་ཕྱི་ནས་འདུལ་བའི་ཕྱག་རྒྱས་སྔགས་བཟླས་པར་བྱའོ། །ཨོཾ་བྷྲཱུཾ་སྭཱ་ཧཱ་སྙིང་པོའི་སྔགས་སོ། །ཨོཾ་ཨ་མི་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །ཨོཾ་ཨ་
མི་ཏེ་ཨ་མི་ཏོད་བྷ་བེ་ཨ་མེ་ཏ་བི་ཀྲཱན་ཏེ་ཨ་མི་ཏ་ག་ཏེ་ཨ་མི་ཏེ་གཱ་མི་ནི་ཨ་མི་ཏཱ་ཡུརྡ་དེ་ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤ་ཀྵ་ཡཾ་ཀ་རི་ཡཻ་སྭཱ་ཧཱ། ཞེས་པ་ནི་ཕྲེང་བའི་སྔགས་སོ། །འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། ཨུཥྞཱི་ཥ་བི་ཛ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །བསམ་གཏན་མ་ཆགས་འགྲོ་ལ་མཉེས། །འགྲོ་མགོན་པདྨ་ལ་བཏུད་
ནས། །རང་ཉིད་སྒྲུབ་ཐབས་དྲན་བྱའི་ཕྱིར། །རྣམ་པར་རྒྱལ་མའི་སྒྲུབ་ཐབས་བཤད། །ས་འཛིན་ལ་སོགས་ཡིད་འོང་བའི། །ཕྱོགས་འགའ་ཞིག་ཏུ་གནས་ནས་ནི། །ཤིན་ཏུ་འཇམ་པའི་སྟན་ལ་འདུག །རྣལ་འབྱོར་བསམ་བྱ་བསམ་པར་བྱ། །སེམས་
ཅན་རྣམས་ཀྱི་བདེ་འབྱུང་བ། །དེ་ལ་བྷྲཱུཾ་བཅས་འོད་ཟེར་འཕྲོས། །སངས་རྒྱས་རྣམས་ནི་གསལ་བྱས་ནས། །དུས་གསུམ་གཤེགས་རྣམས་མཆོད་པར་བྱ། །མཆོད་ཅིང་དེ་རྣམས་མདུན་དུ་ནི། །ལུས་སོགས་ལས་སྐྱེས་སྡིག་པ་རྣམས། །བགྱིད་སྩལ་དབྱེ་
བས་ཡང་དག་སྐྱེས། །མན་ངག་རིག་པས་ཐམས་ཅད་བཤགས། །དེ་ལས་བྱུང་བ་རྣམ་པར་སྦྱང་། །དགེ་བ་ཀུན་ལ་རྗེས་ཡི་རང་། །དཀོན་མཆོག་གསུམ་ལ་སྐྱབས་སོང་ནས། །སྤྲོས་པ་དང་བཅས་རིམ་པ་བཞིན། །མན་ངག་གིས་ནི་བརྟན་བྱས་ནས། །
ཇི་སྲིད་བྱང་ཆུབ་བར་དུ་བསྒྲུབ། །བརྩེ་བས་སེམས་ཅན་རྣམས་ལ་དམིགས། །བྱང་ཆུབ་སེམས་ཉིད་བསྒོམ་པར་བྱ། །མཚན་མེད་དམིགས་པ་མེད་པ་ཡི། །རང་བཞིན་མེད་པ་མཁའ་དབྱིངས་བཞིན། །དེ་ལ་ཨ་ཡིག་ལས་བྱུང་བའི། །ཆུ་སྐྱེས་ལ་གནས་ཟླ་དཀྱིལ་
ལ། །ས་བོན་ལས་བྱུང་ལྷ་མོ་ནི། །ཞལ་གསུམ་སོ་སོར་སྤྱན་གསུམ་པ། །ལང་ཚོ་གཞོན་ཞིང་ཕུན་སུམ་ཚོགས། །སྒེག་པ་ལ་སོགས་ཉམས་དང་ལྡན། །སངས་རྒྱས་ཀུན་གྱི་ཡོན་ཏན་གང་། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །འོད་ཟེར་
དང་ལྡན་ན་བཟའ་ནི། །སྟོན་ཀའི་ཟླ་བ་དང་མཚུངས་པ། །ཛཾ་བུ་ནཱ་དའི་གསེར་མདོག་ཅན། །གཡས་པའི་ཞལ་ནི་ཞི་བའོ། །དུས་མཐའི་མེ་འབར་སྤྲིན་བཞིན་འཕྲོ། །འཇིགས་ཤིང་མི་བཟད་གཡོན་པའི་ཞལ། །ཕྱག་གཡས་ཉིད་ཀྱི་ཐུགས་ཀར་ནི། །སྣ་ཚོགས་རྡོ་རྗེ་

ཡང་དག་བསྣམས། །གཉིས་པ་ཆུ་སྐྱེས་སྟེང་གནས་པའི། །སངས་རྒྱས་དང་ནི་གསུམ་པར་མདའ། །མཆོག་སྦྱིན་ཕྱག་རྒྱ་བཞི་པའོ། །གཡོན་ན་གོ་རིམས་ཇི་བཞིན་དུ། །སྡིགས་མཛུབ་དང་བཅས་ཞགས་པ་དང་། །གཞུ་དང་དེ་བཞིན་མི་འཇིགས་པ། །བུམ་པ་
གང་བ་བསྣམས་པ་ནི། །མཆོད་རྟེན་ནང་བཞུགས་བསྒོམ་པར་བྱ། །སྙིང་གར་ས་བོན་དང་བཅས་པའི། །པདྨ་བསམ་བྱ་དེ་སྟེང་དུ། །འོད་ཟེར་དཀར་པོའི་དྲ་བ་ཡིས། །བསྐུལ་ཞིང་གདན་དྲངས་ནམ་མཁའ་ལ། །སངས་རྒྱས་སྤྲིན་ཚོགས་ཆེན་པོ་དང་། །བྱང་ཆུབ་སེམས་དཔའ་མཐའ་དག་
འཁོད། །བརྩེ་ཆེན་བདག་ཉིད་དེ་རྣམས་ཀྱང་། །རང་རྒྱུད་དུས་གསུམ་འཁོར་བར་བསམ། །དབང་བསྐུར་རབ་ཏུ་སྦྱིན་པར་མཛད། །འབད་པས་རྟག་ཏུ་བསམ་པར་བྱ། །མཆོད་རྟེན་ནང་བཞུགས་ཨོཾ་དང་ཏྲཱཾ། །ཨཱཿཡིག་འོད་ཟེར་རབ་ཏུ་འཕྲོ། །ཧཱུཾ་ཧྲཱིཿཨཾ་ཨཱཿཞེས་པ་ཡི། །ས་བོན་ལས་
སྐྱེས་གོ་རིམས་བཞིན། །སྤྱི་བོ་དཔྲལ་བ་མགྲིན་པའི་གནས། །སྙིང་ག་ལྟེ་བ་རྐང་པའི་གནས། །ཟླ་བའི་དཀྱིལ་འཁོར་དབུས་གནས་པའི། །འཇིག་རྟེན་དབང་ཕྱུག་རྣལ་འབྱོར་བསམ། །སྟོན་ཀའི་ཟླ་འོད་དང་མཚུངས་པ། །འོད་ཟེར་དག་གི་ཕྲེང་བ་འཕྲོ། །ཆུ་སྐྱེས་རྡོ་རྗེ་དག་ལས་
བྱུང་། །གཡས་པ་དག་གིས་རྔ་ཡབ་བསྣམས། །པདྨ་རྡོ་རྗེ་འཛིན་པ་དག །དེ་ཡི་གཡས་གཡོན་ལོགས་སུའོ། །མདུན་དུ་མི་གཡོ་བ་དང་ནི། །འདོད་པའི་རྒྱལ་པོ་གཡས་ཕྱོགས་སུ། །རྒྱབ་ཀྱི་ཕྱོགས་སུ་དབྱུག་སྔོན་ཅན། །གཡོན་དུ་སྟོབས་ཆེན་དགོད་པར་བྱ། །རལ་གྲི་ལྕགས་ཀྱུ་དབྱུག་
པ་དང་། །རྡོ་རྗེ་རྣམས་ནི་ཕྱག་ན་བསྣམས། །གློག་བཅས་རྡོ་རྗེ་ལྟུང་བཞིན་པའི། །དུས་མཐའི་ཆུ་འཛིན་དང་མཚུངས་པ། །སྤྱན་ནི་སོས་ཀའི་ཉི་འོད་བཞིན། །གདུག་པ་རྣམས་ཀྱི་སྲོག་འཕྲོག་བྱེད། །ཀུན་གྱི་ཕྱག་གཡོན་རྣམས་ན་ནི། །སྡིགས་མཛུབ་དང་བཅས་ཞགས་པ་
བསྣམས། །འོད་ཟེར་འབར་བའི་ཕྲེང་བས་འཁྲིགས། །སྣ་ཚོགས་པདྨ་ཉི་དཀྱིལ་བཞུགས། །སྔགས་པས་ཉིན་དང་མཚན་མོ་རུ། །རྣལ་འབྱོར་ལྡན་པ་འདི་ཡིས་བསྒོམ། །རྡོ་རྗེའི་ཐེག་པར་རབ་ཞུགས་ནས། །དེ་ཡིས་མྱུར་དུ་བྱང་ཆུབ་འཐོབ། །ཅེས་པ་ནི་གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་རྫོགས་སོ།། །།

༄༅༅། །རྒྱ་གར་སྐད་དུ། དེ་ཝཱི་བ་སུ་དྷཱ་རཱ་སཱ་དྷཱ་ནཾ། བོད་སྐད་དུ། ལྷ་མོ་ནོར་རྒྱུན་མའི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྔོན་མ་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་རྣམ་པར་བསྒོམས་ནས་སྐད་ཅིག་གིས་བདག་ཉིད་ཛཾ་བྷ་ལའི་སྐུར་བསམས་
ནས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བཾ་ཡིག་གི་ས་བོན་ལས་བྱུང་བའི་བཅོམ་ལྡན་འདས་མ་ནོར་རྒྱུན་མ་བསམ་པར་བྱ་སྟེ། སྐུ་མདོག་གསེར་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོ་བརྒྱད་གཉིས་ལོན་པ་ལྟ་བུ། ཕྱག་གཡས་པ་མཆོག་སྦྱིན། གཡོན་པ་རིན་པོ་ཆེའི་
ཕྲེང་བ་བསྣམས་པ། མི་བསྐྱོད་པས་དབུ་བརྒྱན་པའོ། །བཅོམ་ལྡན་འདས་མའི་མདུན་དུ་དཔལ་གྱི་ནོར། གཡས་ཕྱོགས་སུ་ནོར་སྟེར་མ། རྒྱབ་ཀྱི་ཕྱོགས་སུ་དཔལ་གྱི་ནོར་ཞལ་མ། གཡོན་ཕྱོགས་སུ་ནོར་གྱི་བློ་གྲོས་བརྟེན་མའོ། །དེ་རྣམས་ཀྱང་དང་པོའི་ས་བོན་གྱི་ཡི་གེ་ལས་རང་གི་གཙོ་
མོ་དང་མཚུངས་པའི་སྐུར་བསམ་པར་བྱའོ། །དེ་བཞིན་དུ་བསྒོམས་ནས་སྔགས་བཟླས་པར་བྱའོ། །ཨོཾ་བ་སུ་དྷཱ་རི་ཎཱི་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སྭཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སྭཱ་ཧཱ། སོ་སོའི་བདག་ཉིད་ལ་བའི་ལྕི་བའི་མཎྜལ་གྲུ་བཞི་པ་ཁྲུ་གཉིས་པའི་
ཚད་དུ་བྱས་ནས་ཐུན་མཚམས་གསུམ་དུ་མེ་ཏོག་དྲི་བཟང་པོས་སྟོང་ཕྲག་བཞིར་མཆོད་པར་བྱའོ། །ཟླ་བ་དྲུག་ཏུ་བཟླས་པས་ཡིད་ཀྱི་ཤིང་རྟ་ཡོངས་སུ་གང་བར་འགྱུར་རོ། །ཇི་ལྟར་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པས་དཔལ་ཆེན་མོར་འགྱུར་བའོ། །ནོར་རྒྱུན་མའི་སྒྲུབ་
ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། ནོར་རྒྱུན་མའི་སྒྲུབ་ཐབས། ལྷ་མོ་ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །དེ་ནས་ནོར་རྒྱུན་མ་བསྒོམ་པར་འདོད་པས་དེའི་ཚེ་སྔོན་མ་བཞིན་དུ་ཐམས་ཅད་བྱས་ནས། འོན་ཀྱང་དྲུག་པའི་ས་བོན་
ལ་ཟླ་བ་ཕྱེད་པ་དང་ཐིག་ལེས་བརྒྱན་པའོ། །དེ་དེ་བཞིན་དུ་ཡོངས་སུ་རྫོགས་པ་ལས་ནོར་རྒྱུན་མ་སྐུ་མདོག་སེར་མོ་ཕྱག་གཡོན་ན་འབྲུའི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་པའི་ཆར་འབབ་བཞིན་པའི་བུམ་པ་བསྣམས་པ། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གྲོགས་

མོའི་འཁོར་གྱིས་བསྐོར་བར་བསྒོམ་པར་བྱའོ། །བདག་ཉིད་དེ་བཞིན་དུ་ནོར་རྒྱུན་མ་ཞེས་སོ། །ལག་པ་གཉིས་ཁུ་ཚུར་བཅིངས་ནས་གུང་མོའི་ཚིགས་གསུམ་པ་བཅག་པ་ནོར་རྒྱུན་མའི་ཕྱག་རྒྱའོ། །དེ་ནས་སྔགས་བཟླས་པར་བྱའོ། །ཨོཾ་བ་སུ་ནི་དྷ་ན་ཀྵེ་ཏྲེ་
སྭཱ་ཧཱ། བཅོམ་ལྡན་འདས་མའི་བྲིས་སྐུ་བཀྲམ་ནས་མཆོད་པ་ཆེན་པོ་བྱས་ཏེ་བསྒོམས་ནས་ཉལ་བར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་དངོས་གྲུབ་ཏུ་འགྱུར་རོ། །ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བ་སུ་དྷཱ་རཱ་སཱ་དྷ་ནཾ། བོད་སྐད་དུ།
ནོར་རྒྱུན་མའི་སྒྲུབ་ཐབས། ནོར་རྒྱུན་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་བཾ་ཡིག་སེར་པོ་ཡོངས་སུ་གྱུར་པ་ལས་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་པ་ལང་ཚོ་གཞོན་ཞིང་རྒྱན་དང་ན་བཟས་རྣམ་པར་བརྒྱན་པ་འབྲས་ཀྱི་སྙེ་མ་དང་རིན་པོ་ཆེའི་ཆར་
འབབ་བཞིན་པའི་བུམ་པ་ཕྱག་གཡོན་ན་བསྣམས་ན། ཕྱག་གཡས་པ་མཆོག་སྦྱིན་མཛད་པ། དཔག་ཏུ་མེད་པའི་གྲོགས་མོའི་འཁོར་གྱིས་བསྐོར་བ། སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། རིན་ཆེན་འབྱུང་ལྡན་གྱིས་ད