Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 77

Văn bản gốc(Tây Tạng)

Trang 14 / 23 (50.000 ký tự/trang)
ཁོར་ལོ་ལ་བསྒྲུབ་བྱ་གནས་པར་བསམ་པར་བྱའོ། །སྒྲུབ་པ་པོ་ནི་སྔགས་ཀྱི་གཟུགས་ཀྱིས་ཉེ་བར་བསྟན་པར་ངེས་ཤིང་དགའ་བས་རྟག་ཏུ་སྔགས་བཟླས་
པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་སྭཱ་ཧཱ། ཉིན་མཚན་ཐམས་ཅད་དུ་ཡང་འདི་བྱའོ། །དེ་ནས་དེ་མྱོས་པར་གྱུར་ཏེ་འོང་བར་འགྱུར་རོ། །སྔགས་ཀྱིས་བསྐུལ་ནས་སྐྲ་གྲོལ་བ་གོས་མེད་པ་འདོད་པ་མྱོས་པས་ནོན་པ་དེ་ཐོབ་ནས་རང་གི་ཡི་དམ་གྱི་རྣལ་འབྱོར་གྱིས་
སངས་རྒྱས་ཀྱི་དཀྱིལ་འཁོར་མཆོད་པར་བྱའོ། །གཞོམ་པར་མི་ནུས་པའི་དངོས་གྲུབ་རྒྱ་ཆེན་པོ་ཐོབ་པར་འགྱུར་རོ། །ཨུ་ཌྱན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མའི་
སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཀྱེ་ཡི་རྡོ་རྗེའི་རྒྱུད་རིམ་ལས། །འཇིག་རྟེན་གསུམ་པོ་དབང་བྱེད་པའི། །རིགས་བྱེད་ཆེན་པོ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་གསལ་བར་བརྗོད། །འདིར་རྒྱུད་ལས་ལྷག་པར་བསྒོམ་པར་བྱ་སྟེ། སྔགས་པས་སྔ་བར་ཉལ་བ་ལས་ལངས་
ཏེ། སྙིང་གར་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་ཧྲཱིཿཡིག་དམར་པོ་བལྟས་ཏེ། དེའི་འོད་ཟེར་གྱིས་འཆད་པར་འགྱུར་བའི་བཅོམ་ལྡན་འདས་མ་རིགས་བྱེད་མ་མདུན་དུ་བལྟས་ནས་ཉེར་སྤྱོད་ལྔའི་སྤྲིན་ཚོགས་ཀྱིས་ཡང་དག་པར་མཆོད་ནས། དེའི་མདུན་དུ། དཀོན་མཆོག་
གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་ལན་གསུམ་དུ་བརྗོད་པར་བྱའོ། །དེ་ནས་སྡུག་བསྔལ་གྱིས་སྡུག་བསྔལ་བའི་སེམས་ཅན་རྣམས་ལ་དམིགས་ཏེ། དེ་རྣམས་སྡུག་བསྔལ་བ་ལས་འདོན་པའི་མཚན་ཉིད་ཀྱི་སྙིང་རྗེ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ཆོས་དང་གང་
ཟག་གི་གཟུང་བ་དང་འཛིན་པའི་རང་བཞིན་དག་གི་དངོས་པོ་མེད་པའི་ངོ་བོ་ཉིད་གཉིས་སུ་མེད་པར་བརྗོད་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་བསྒོམས་ལ་དེའི་སྔགས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་དེ་རྣམས་ལྷ་དང་ནམ་མཁའ་གཉིས་སུ་

མེད་པར་བསམ་པར་བྱའོ། །ཉི་མའི་དཀྱིལ་འཁོར་བལྟས་ལ། དེའི་དབུས་སུ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་ཟེའུ་འབྲུ་ལ་ཉི་མ་ལ་ལྷའི་ས་བོན་ནོ། །དེ་ལ་སྤྲོ་བ་དང་བསྡུ་བ་བྱས་ནས་དེ་ལ་དེ་བཞིན་དུ་རབ་ཏུ་ཞུགས་ནས་དེ་ཐམས་ཅད་ཡོངས་སུ་གྱུར་པ་
ལས་དཔལ་ཀུ་རུ་ཀུལླེའི་སྐུར་བདག་ཉིད་བལྟ་བར་བྱའོ། །ཆུ་སྐྱེས་དམར་པོ་འདབ་མ་བརྒྱད་པའི་དབུས་སུ་རོའི་སྙིང་གར་ཉི་མའི་སྟེང་དུ་དཀྱིལ་འཁོར་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཉི་མའི་དཀྱིལ་འཁོར་གྱི་འོད་ལ་ཕྱོགས་དང་ཕྱོགས་མཚམས་བརྒྱད་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་
བསྐོར་བ། སྐུ་མདོག་དམར་མོ་ལོ་བརྒྱད་གཉིས་ལོན་པ་ལྟ་བུ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། དབུ་ལ་སངས་རྒྱས་ལྔའི་རང་བཞིན་ཐོད་པ་ལྔས་བརྒྱན་པ། མགོ་བོ་རློན་པའི་དོ་ཤལ་གྱིས་བརྒྱན་པ། ཞལ་མཆེ་བ་གཙིགས་པ། ལྗགས་འདྲིལ་བ། སྤྱན་གསུམ་དམར་ཞིང་ཟླུམ་པ་
གཡོན་དུ་ལྟ་བ། ཁྲོ་ཞིང་སྒེག་པའི་ཉམས་ཅན། རུས་པའི་རང་བཞིན་གྱི་འཁོར་ལོ་དང་། རྣ་རྒྱན་དང་། མགུལ་རྒྱན་དང་། ལག་གདུབ་དང་། སྐ་རགས་དང་། དཔུང་རྒྱན་དང་། རྐང་གདུབ་རྣམས་ཀྱིས་བརྒྱན་པ། རྩ་བའི་ཕྱག་གཉིས་ཀྱིས་མེ་ཏོག་དམར་པོའི་གཞུ་དང་ཨུཏྤ་ལའི་
མདེའུ་ཅན་གྱི་མདའ་རྣ་བའི་རྩར་འགེངས་པ། ཕྱག་ལྷག་མ་གཉིས་ཀྱིས་ཨུཏྤ་ལའི་ཞགས་པ་དང་། ལྕགས་ཀྱུ་བསྣམས་པ་བསམ་པར་བྱའོ། །དེའི་སྤྱི་བོ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་རྣམས་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གར་ཉི་མ་ལ་གནས་པའི་
ཨུཏྤ་ལ་དམར་པོའི་ཟེའུ་འབྲུ་ལ་ཉི་མ་ལ་ཧྲཱིཿཡིག་དམར་པོ་བལྟས་ལ། དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་ཞིང་གདན་དྲངས་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། བདུད་རྩི་ལྔས་གང་བའི་བུམ་པ་རྣམས་ཀྱིས་དབང་བསྐུར་ཞིང་བཅོམ་ལྡན་འདས་འོད་
དཔག་མེད་ཀྱིས་དབུ་བརྒྱན་པའོ། །དེ་ནས་རང་གི་སྙིང་གར་ས་བོན་བརྒྱད་ལས་ལྷ་མོ་བྱུང་སྟེ། རང་རང་གི་བྱང་ཆུབ་ཀྱི་སེམས་ཀྱི་ཁུ་བས་ཡང་དག་པར་མཆོད་ནས་དེ་ལ་དེ་བཞིན་དུ་ས་བོན་སྤྲོ་བར་བྱའོ། །སྔགས་དང་ཡི་གེ་རྣམ་པར་སྤངས། །ཐིག་ལེ་མ་ཡིན་སེམས་མ་ཡིན། །འདི་ནི་མཆོག་

གི་བདེ་ཆེན་ཏེ། །དོར་བ་མེད་ཅིང་བླང་དུ་མེད། །ཅེས་པ་འདིས་བསྟོད་ནས། དེ་ནས་བདུད་རྩི་མྱང་བའི་ཆོ་གས་བདུད་རྩི་རྣམ་པ་ལྔ་རབ་ཏུ་འབར་ཞིང་རྫོགས་པས་ཧཱུཾ་ཡིག་དཀར་པོ་ལས་ལྕེ་རྡོ་རྗེའི་རང་བཞིན་དུ་བྱས་ལ་ཡི་གེ་གསུམ་གྱིས་བརླབས་ནས་བདག་ཉིད་ཀུ་རུ་ཀུལླེའི་སྐུར་བསྒོམ་མོ། །བསྒོམས་པས་
སྐྱོ་ན་སྔགས་པས་སྔགས་བཟླས་པར་བྱའོ། །དེ་བཞིན་དུ་ཧྲཱིཿཡིག་ལ་ཡང་དག་པར་བསྐོར་ཞིང་གནས་པའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་པའི་ཡི་གེ་བརྒྱད་པོའི་སྔགས་ནི་སྔགས་ཀྱི་ཕྲེང་བ་འབར་བ་བཞིན་དུ་ཡིད་ཀྱིས་བསྐོར་ནས། མྱུར་བ་དང་བུལ་བ་ལ་སོགས་པའི་སྐྱོན་རྣམས་དང་བྲལ་ཞིང་ཙནྡན་
དམར་པོའི་ཕྲེང་བས་བཟླས་པར་བྱའོ། །བྱེ་བ་དྲུག་བཟླས་ན་འགྲོ་བ་དྲུག་ལ་འཁོར་ལོས་སྒྱུར་ཞིང་སེམས་ཅན་རྣམས་དབང་དུ་བྱེད་དོ། །ཐུན་མཚམས་ཀྱི་ནང་དུ་སྐད་ཅིག་གིས་བདག་ཉིད་ཀུ་རུ་ཀུལླེའི་སྐུར་བསྐྱེད་པར་བསམས་ནས་མཆོད་པ་དང་བསྟོད་པ་ལ་སོགས་པ་བྱའོ། །ཉན་བཤད་ལ་སོགས་པ་བྱ་
བ་ཐམས་ཅད་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་དེ་བཞིན་དུ་བྱའོ། །དེ་ནས་སྨོན་ལམ་གདབ་པ་ལ་སོགས་པ་བྱས་ནས་ཅི་བདེར་ཉལ་བར་བྱའོ། །མན་ངག་འདི་ཡང་བླ་མ་བརྒྱུད་པའི་རིམ་པས་ཤེས་ཤིང་རང་གི་སྙིང་གའི་ས་བོན་ལས་བདུད་རྩིའི་ཁུ་བ་འཛག་བཞིན་པ་སྙིང་ག་ལས་ལངས་ནས་
མགོ་བོ་ནས་གཡོན་དུ་འཁོར་ཞིང་དཀྲིས་ནས་རྣ་བ་གཡས་ཀྱི་བུ་གར་ཞུགས་ཤིང་ལག་པ་གཡས་པས་གཞུའི་རྒྱུད་ལ་གནས་པའི། མདའི་ལྟང་གི་བུ་ག་ནས་མདེའུའི་རྩེ་མོར་ཞུགས་ཤིང་དེའི་འོད་ཟེར་འཕྲོ་ཞིང་གསལ་བས་སྲིད་པ་གསུམ་དུ་སོང་ནས་སེམས་ཅན་རྣམས་ཀྱི་སྙིང་ལ་ཞུགས་ཏེ།
དེའི་སྟེང་དུ་ཆུ་སྐྱེས་རྣམས་ཡང་དག་པར་བསྐུལ་ནས་བཀུག་སྟེ། སླར་ཡང་དེ་ལ་དེ་བཞིན་དུ་ཞུགས་ནས་མདའི་མདེའུ་ལས་རྣ་བའི་བུ་ག་ནས་མགོ་ལ་གཡས་སུ་བསྐོར་བས་སྨིན་མའི་དབུས་སུ་གནས་ནས་ཨ་བ་དྷཱུ་ཏཱིའི་ལམ་ནས་མགྲིན་པ་དང་སྙིང་ག་དང་ལྟེ་བའི་མཐར་ཐུག་པ་བདེ་བ་ཆེན་པོའི་སྣང་
བའི་གནས་ལ་མན་ངག་ཇི་ལྟ་བ་བཞིན་དུ་རབ་ཏུ་གཞུག་པར་བྱའོ། །དེ་ནས་ཐབས་དང་ཤེས་རབ་དྲི་མ་མེད་པའི་ཏིང་ངེ་འཛིན་ལས་ཡང་དག་པར་བྱུང་བ་དེའི་བདེ་བ་ཆེན་པོས་གང་བ་བཞིན་དུ་རང་གི་ལུས་དང་ཁམས་གསུམ་ཡང་བལྟ་བར་བྱའོ། །དེའི་སྐད་ཅིག་ལ་ཚིགས་སུ་བཅད་པ་འདིའི་དོན་དྲན་

པར་བྱ་སྟེ། ཐོག་མ་དབུས་མཐའ་མེད་པ་སྟེ། །འཁོར་བ་དང་ནི་མྱང་འདས་མིན། །དེ་ནི་བདེ་བ་ཆེན་པོ་སྟེ། །བདག་མིན་གཞན་ཡང་མིན་པའོ། །དེ་བཞིན་དུ་སླར་ཡང་ཇི་སྙེད་པའི་སེམས་ཅན་རྣམས་དབང་དུ་བྱས་ནས་དེ་ལ་བྱང་ཆུབ་ཆེན་པོ་མངོན་སུམ་
དུ་བྱས་ཏེ། དེ་བཞིན་དུ་སྦྱོར་བས་བཟོད་པར་བྱའོ། །དེ་བཞིན་དུ་བསྒྲུབ་བྱ་དང་བསྒྲུབ་བྱ་མོ་ཀུ་རུ་ཀུལླེའི་སྐུར་བསྒོམས་ནས་གང་དུ་དེའི་ས་བོན་ལ་དེ་བཞིན་དུ་སྒྲུབ་པ་པོའི་མདའ་ལས་བསྒྲུབ་བྱའི་ལག་ན་གནས་པའི་མདའི་མདེའུ་ལ་དེའི་འོད་ཟེར་གྱི་རྣམ་པར་སོང་ནས། དེ་བཞིན་དུ་རྣ་བ་གཡས་
ནས་ཞུགས་ཏེ་དེ་བཞིན་དུ་སོང་ཞིང་དེ་བཞིན་དུ་གནས་ནས་དེ་བཞིན་དུ་ཞུགས་ཤིང་དེའི་གནས་ལ་སོན་ནས་དེ་བཞིན་དུ་གནས་པར་བྱའོ། །དཔལ་ཀུ་རུ་ཀུལླེའི་རྟོག་པ་ལས་ཧྲཱིཿཡིག་མྱོས་བྱེད་ཀྱི་གདུག་ལ་དགོད་པར་གསུངས་ཏེ། དེ་ནས་ངེས་པར་བསྒྲུབ་བྱ་སྒྲུབ་པ་པོའི་གཞན་དབང་དུ་གྱུར་ནས་
ཡིད་སྤྲོ་བས་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད། །ཆོ་ག་འདི་བསྒྲུབས་བསོད་ནམས་གང་། །དེ་ཡིས་སྐྱེ་བོ་མ་ལུས་ཀུན། །དབང་གྱུར་བྱང་ཆུབ་སྦྱོར་བར་ཤོག །དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་རང་བྱིན་གྱིས་བརླབ་པའི་རིམ་པའོ། །རིགས་བྱེད་
མའི་སྒྲུབ་ཐབས་དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་ཀྲ་མ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀྱེ་རྡོ་རྗེའི་རིམ་པའི་རིགས་བྱེད་མའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོ་རང་གི་སྙིང་གར་ཁ་
དོག་དམར་པོའི་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། དེ་ལ་ཧྲཱིཿཡིག་དམར་པོ་བལྟ་བར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །ཕྱི་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །འདིར་རྣལ་འབྱོར་པས་སྟོང་པ་ཉིད་ལ་གནས་ནས་རཾ་ཡིག་ལས་མདུན་དུ་ཉི་མ་རྣམ་པར་བསྒོམས་
ལ། དེའི་སྟེང་དུ་ཧཱུཾ་ཡིག་ཁ་དོག་ནག་པོ་འོད་ཟེར་དང་ལྡན་པ་བསྒོམ་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་བཅིངས་ནས་ཨོཾ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཕྱི་ནས་

རྣལ་འབྱོར་པས་པདྨ་དམར་པོའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའོ། །དེའི་སྟེང་དུ་སླར་ཡང་ཟླ་བའི་དཀྱིལ་འཁོར་རོ། །དེ་ཡོངས་སུ་གྱུར་པ་ལས་ཀུ་རུ་ཀུལླེར་བདག་ཉིད་བསམ་པར་བྱ་སྟེ། སྐྱིལ་ཀྲུང་ཕྱེད་པའི་
གར་སྟབས་ཀྱིས་བཞུགས་པ་གཞོན་ཞིང་རྐེད་པ་ལ་སྟག་གི་པགས་པའི་ཤམ་ཐབས་མནབས་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ་མགོན་པོ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག་ན་མདའ་གཞུ་དང་དེ་བཞིན་དུ་ཨུཏྤ་ལ་བསྣམས་པའོ། །འདིར་གནས་
ངེས་པ་མེད་ཅིང་ཟས་ཀྱང་ངེས་པ་མེད་ལ། འདིར་སྔགས་བཟླས་ཤིང་བྱ་བ་དང་ལྡན་པས་སོ། །ཇི་ལྟ་བ་བཞིན་དུ་འགའ་ཞིག་གིས་ཀྱང་མི་ཤེས་ཏེ་དེ་བཞིན་དུ་བསྒྲུབ་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཟླ་བ་ཕྱེད་དུ་ཁྲི་ཕྲག་གཅིག་གིས་རྒྱལ་པོ་དང་། སྐྱེ་དགུའི་འཇིག་རྟེན་དབང་དུ་འགྱུར་རོ། །
བྱེ་བས་དུད་འགྲོ་དང་གནོད་སྦྱིན་ལ་སོགས་པ་དང་། འབུམ་ཕྲག་བདུན་གྱིས་ལྷ་མ་ཡིན་རྣམས་ཀྱང་ངོ་། །ཀྱེའི་རྡོ་རྗེའི་རིམ་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ་ཤྲཱི་ཧེ་བཛྲ་ཏནྟྲོད་ཌྷི་ཏཾ། བོད་སྐད་དུ། རིགས་བྱེད་མའི་
སྒྲུབ་ཐབས་ཀྱེའི་རྡོ་རྗེའི་རྒྱུད་ལས་བཏོན་པ། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་རབ་སད་སྣུམ་ཞིང་ཉི་མའི་འོད་ཟེར་མི་བཟད་དཔལ་གྱི་སྣང་བ་ཡང་དག་འཕྲོ་བ་ཅན། །འདོད་ཆགས་རྡོ་རྗེའི་འོད་ཟེར་ཆེན་པོ་འཕྲོ་ཞིང་ཀུན་ནས་ཆགས་པའི་དབུ་སྐྲ་དམར་སེར་གྱེན་བརྫེས་པ། །གང་གིས་རྩེ་
གཅིག་རྣམ་པར་བསམས་ནས་སུམ་ཅུའི་གྲོང་ཁྱེར་ལྷ་མོའི་ལག་པས་ཡང་དག་འཁྱུད་ཐོབ་པ། །འགྲོ་བ་རྣམས་ནི་མཚུངས་པ་མེད་པར་དབང་དུ་མཛད་པ་སྨན་རྣམས་གྲུབ་པ་དེ་ལ་ཕྱག་འཚལ་ནས། །དུར་ཁྲོད་དང་ནི་ཁྱིམ་དང་རི་བྲག་ས་ཕུག་རི་ལྗོངས་ཤིང་དྲུང་དང་ནི་ཡང་ན་རང་ཁྱིམ་མམ། །ས་
ཕྱོགས་བར་དུ་གཅོད་པ་བྲལ་བའི་གནས་ནི་འགའ་ཞིག་ཏུ་ཡང་བདེ་བའི་སྟན་ལ་ཉེ་བར་འདུག །དཔལ་ལྡན་ཀྱེ་ཡི་རྡོ་རྗེའི་རིམ་པས་སྲིད་པ་གསུམ་པོ་ཡོངས་གྱུར་པ་ལས་ཟག་མེད་ཡེ་ཤེས་སྐུ། །བསྒོམ་བྱ་ཨུཏྤལ་དམར་པོའི་འོད་ཀྱིས་སྣང་མཛད་འགྲོ་རྣམས་སྲིད་དང་མྱང་འདས་སྒྱུ་མ་བཞིན་

དུ་བསམ། །དང་པོར་སེམས་ཅན་རྣམས་ལ་བྱམས་ཤིང་ཕན་པ་བུ་བཞིན་ཤིན་ཏུ་མཉེས་གཤིན་གཟུགས་ནི་རྣམ་པར་བསམ། །སེམས་ཅན་ཐམས་ཅད་བུ་གཅིག་ན་བ་བཞིན་དུ་རྟོགས་པའི་རྗེས་སུ་བརྩེ་བ་གང་ཞིག་བསྒོམ་པར་བྱ། །དེ་རྣམས་ཐར་པར་མཐོང་ཞིང་
ཕུན་ཚོགས་ཀྱིས་གང་ཤིན་ཏུ་དགའ་བར་གྱུར་པ་གཞན་དོན་གཅིག་པུའི་གཟུགས། །ཕན་དང་མི་ཕན་བློ་གྲོས་དྲི་མ་སེམས་ཅན་ཀུན་ལ་སྟོང་པ་ཉིད་དུ་བཏང་སྙོམས་བསྒོམ་པར་བྱ། །དེ་ནས་ཐམས་ཅད་རྫོགས་ནས་རང་སྙིང་སྒྲ་ནི་བརྟག་ཅིང་ཉི་མ་ལ་གནས་ཧྲཱིཿཡིག་དམར་པོ་ཡི། །འོད་ཟེར་
རབ་ཏུ་འཕྲོ་བས་བླ་མ་དང་ནི་བདེ་གཤེགས་སྲས་བཅས་སངས་རྒྱས་རྣམས་ནི་སྤྱན་དྲངས་ནས། །འཁོར་བའི་སྐྱེ་གནས་གང་རྣམས་སུ་ནི་ལས་ཀྱི་སྒྲིབ་པ་གང་ཞིག་བགྱིས་དང་བགྱིད་དུ་སྩལ་པ་དང་། །རྗེས་སུ་ཡི་རང་རྣམས་ནི་རབ་ཏུ་བཤགས་བགྱི་གཞན་ཡང་དགེ་བ་རྣམས་ལ་དེ་བཞིན་རྗེས་ཡི་
རང་། །དེ་རྗེས་རྣམ་པ་ཀུན་བྲལ་བཅོམ་ལྡན་འདས་མ་བླ་མ་དམ་པའི་བཀའ་ཡིས་དེ་བཞིན་ཤེས་གྱུར་ནས། །བསྒོམ་པར་བྱ་བ་དེ་ཡི་མདུན་དུ་དཔེ་མེད་ལྷན་ཅིག་སྐྱེས་པ་རྒྱལ་བ་རྣམས་ཀྱི་ཆོས་ཀྱི་སྐུ། །དེ་ནི་ཐམས་ཅད་མཁྱེན་པ་དེ་བཞིན་སྲིད་པ་གསུམ་པོ་རྣམས་ནི་མ་ལུས་སྣང་བར་མཛད་
པའི་སྐུ། །ཕྱོགས་རྣམས་ཐམས་ཅད་ཕ་རོལ་ཕྱིན་པ་མཆོག་རྣམས་ཡོངས་གྱུར་མི་ཤེས་དེ་ཉིད་དེ་ལ་དེ་བཞིན་དུ། །ནུབ་པར་གྱུར་ཅིང་དེ་ལ་རྣལ་འབྱོར་པས་ནི་སྨོན་ལམ་ལས་འཁྲུངས་ཆོས་ཀྱི་སྐུ་ཉིད་གྱུར་པ་སྟེ། །ངོ་བོ་ཉིད་ལས་སྐྱེས་ཤིང་ལོངས་སྤྱོད་རྫོགས་སྐུ་རང་གི་འོད་ཟེར་གཅིག་
འཕྲོ་ཉི་མའི་དཀྱིལ་འཁོར་ལ། །དེ་ལ་ཧཱུཾ་ཡིག་སྔོན་པོའི་འོད་ཟེར་དེ་ནས་ཤེས་ཤིང་སྣ་ཚོགས་རྡོ་རྗེ་དེ་ཡི་བདག་ཉིད་ལ། །རབ་གུར་རྣམས་མཆོག་གི་སྟོབས་ཅན་བདུད་ཀྱི་དཔའ་བོ་ཆེན་པོ་རྣམས་ཀྱིས་དབྱེ་བར་མི་ནུས་པ། །ཕྱི་ནས་ཆུ་སྐྱེས་དམར་པོའི་སྟེང་དུ་ཉི་མའི་འོད་ཟེར་དང་ནི་མཚུངས་པའི་སྒྲ་ཡི་
ཐིག་ལེ་དང་། །ཧྲཱིཿཡིག་ལས་ནི་བྱུང་བའི་ཨུཏྤལ་དམར་པོའི་སྟེང་དུ་རྣམ་པར་འཕྲོ་བའི་ཉི་མའི་དཀྱིལ་འཁོར་ལ། །དེ་ལ་མདུན་དུ་ཁམས་གསུམ་འཁོར་བ་ཡི། །ཉི་མ་དམར་ཆེན་འབར་བ་ལ་ནི་ཧྲཱིཿ། །ལྷ་མོའི་མདུན་དུ་ཤིན་ཏུ་འབར་བ་ཡི། །དཔལ་གྱི་མེ་ཡིས་བདུད་ཚོགས་བསྲེག་

མཛད་པ། །དང་པོའི་ཇི་བཞིན་ཤིན་ཏུ་གསལ་བ་ཡི། །པདྨ་དམར་པོ་རབ་གསལ་སྙིང་པོ་འབར། །དམར་སེར་སྐྲ་བརྫེས་ནུ་མ་སྐུ་སྨད་དག །རྒྱས་ཤིང་ཕྱག་རྒྱས་རབ་སྒེག་ཉམས་ཅན་མ། །སྤྱན་གསུམ་དམར་ཞིང་གཡོན་དུ་གཟིགས་ལ་ཆགས། །ཞལ་ནི་མཆེ་བ་གཙིགས་ཤིང་འོད་ཀྱིས་
རེག །ཞལ་ནི་རབ་སྒྲོགས་ལྗགས་ཀྱི་རྩེ་མོ་ནི། །གྱེན་དུ་བསྐྱོད་ཅིང་འོད་ཟེར་འབར་བ་ཅན། །སྣ་ཚོགས་མེ་ནི་འཕྲོ་ཞིང་འོད་ཟེར་འབར་བའི་རོ་ནི་འགྲོ་བཞིན་པ་ལ་ཞབས་ནི་རྩེ་མོ་ཆགས། །ཅིག་ཤོས་ཞབས་ནི་སྟེང་དུ་རྣམ་པར་བཀོད་ཅིང་འཕྲོ་བཞིན་པ་དང་གཡོན་པར་ཤེས་པའི་
གཟུགས་ཅན་མ། །རྣམ་པར་འཕྲོ་བའི་རྒྱ་ཆེན་འོད་ཟེར་ལུས་ཀྱིས་ཁྱབ་ཅིང་སྐུ་སྨད་ལྕི་ཞིང་རྒྱས་པས་ངེས་པར་ཆགས། །ཆུ་སྐྱེས་དམར་པོ་རྣམ་པར་བསྣམས་ཤིང་མགུལ་དུ་མི་མགོའི་དོ་ཤལ་ཕྲེང་བ་རབ་ཏུ་འཆང་བ་ཅན། །སྡོང་བུ་དང་བཅས་ཨུཏྤལ་དམར་པོ་རྒྱ་ཆེར་རབ་ཏུ་རྒྱས་ཤིང་
འཕྲོ་བ་གཉིས་འཕངས་རྩེ་བར་བྱེད། །གཞུ་དང་མདའ་ནི་རབ་ཏུ་རྒྱས་པ་གསལ་བར་རྣ་བའི་རྩ་བར་རྒྱུད་ནི་རབ་ཏུ་གང་བར་བཀང་། །ཡུམ་ཉིད་ས་གསུམ་མ་ལུས་རྣམས་ནི་མདུན་དུ་ལྕགས་ཀྱུས་འགུགས་ཤིང་ས་ལ་འགྱེལ་བ་བཞིན་དུ་བྱེད། །ཆུ་སྐྱེས་དམར་པོ་ཕྱག་གཡོན་བསྣམས་ཤིང་བླ་
མེད་ལྷན་ཅིག་སྐྱེས་པའི་དགའ་བས་རྒྱལ་སྲིད་དེ་བཞིན་དུ། །རང་གི་འདོད་པས་ཟླ་བ་རབ་ཏུ་གསལ་ཞིང་དཔལ་ནི་ཉེ་བར་དགོད་བཞིན་མི་མགོའི་ཐོད་པ་ལྔ། །ཡན་ལག་ལྔ་ལ་ཕྱག་རྒྱ་ལྔ་ཡིས་བརྒྱན་ཅིང་ཡོངས་སུ་གྱུར་ལས་སངས་རྒྱས་ལྔ་ནི་རིམ་པ་བཞིན། །འདོད་ཆགས་རྡོ་རྗེས་
བཅོམ་ལྡན་འདས་མའི་དབུ་ལ་རྣམ་བརྒྱན་དེ་ཡི་རང་བཞིན་སྒྲུབ་བྱེད་དབང་པོ་ཡིས། །དེ་ནི་མ་ནིང་བཟླས་པས་རྒྱལ་བྱེད་ཇི་ལྟར་ལྷ་རྣམས་དེ་ཡི་ཞབས་ལ་ཕྱག་ནི་འཚལ་བར་བྱེད། །བཅོམ་ལྡན་འདས་མའི་སྒྲུབ་ཐབས་མཆོག་གྱུར་འདི་ནི་གང་ཞིག་རོལ་པས་བཞུགས་པའི་བཀའ་ཡིས་ནི། །
སྙན་དངགས་མཁན་པོ་བརྩེ་བས་མངོན་བརྗོད་ཅན་གྱི་སྒྲུབ་ཐབས་བསོད་ནམས་གང་ཞིག་བསགས་གྱུར་པ། །དེ་ཡིས་བློ་གྲོས་མུན་པའི་མཚན་མ་དང་བྲལ་དྲི་མེད་ཤེས་རབ་རྒྱས་ཤིང་འཕྲོ་བ་ཅན། །རང་གི་འདོད་པ་རབ་བརྐྱང་འོད་གསལ་བདེ་བ་ཆེན་པོས་འགྲོ་རྣམས་རབ་ཏུ་གནས་གྱུར་ཅིག །

ཀུ་རུ་ཀུལླེའི་སྒྲུབ་ཐབས་དཔལ་ཀྱེའི་རྡོ་རྗེའི་རྒྱུད་ལས་ཕྱུང་བ་རྫོགས་སོ།། །།སྙན་ངག་མཁན་ཆེན་པོ་བརྩེ་བ་ཅན་ཞེས་པས་འདི་ཚིགས་སུ་བཅད་པར་བསྡེབས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཊ་བྷུ་ཛ་ཀུ་རུ་ཀུལླེ་བྷཊྚཱ་རི་ཀཱ་ཡཱཿསཱ་དྷ་ནཾ། བོད་སྐད་
དུ། རྗེ་བཙུན་མ་ཀུ་རུ་ཀུལླེ་ཕྱག་དྲུག་པའི་སྒྲུབ་ཐབས། ལྷ་མོ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་རིགས་བྱེད་མའི། །སྒྲུབ་པའི་ཐབས་ནི་བཤད་པར་བྱ། །དང་པོ་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རིགས་བྱེད་མའི་བྲིས་སྐུ་ལ་སོགས་པ་བཀྲམ་ནས་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ནས་ཡིད་ཀྱི་རང་བཞིན་གྱི་མཆོད་པའི་རྣམ་པས་མཆོད་ཅིང་ཕྱག་འཚལ་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །འདི་ལྟ་སྟེ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་
དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །བྱང་ཆུབ་མཆོག་ཏུ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་མགྲོན་དུ་བདག་གིས་གཉེར། །བྱང་ཆུབ་མཆོག་ཏུ་མངོན་འདོད་སྤྱོད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཨོཾ་
སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པ་ལན་གསུམ་བརྗོད་ནས་རང་བཞིན་གྱིས་རྣམ་པར་དག་པར་མོས་པར་བྱ་ཞིང་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུཾ་ཡིག་ལས་འོད་ཟེར་གྱི་ཕྲེང་བ་རྣམ་པར་བསམ་
པར་བྱའོ། །དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རྣམས་སྣང་བར་མཛད་ནས་སེམས་ཅན་ཐམས་ཅད་དབང་དུ་བྱས་ནས། དེའི་ས་བོན་མཐའ་དག་ལས་ཀུ་རུ་ཀུལླེ་བདག་ཉིད་ཀྱི་ལུས་ལ་རབ་ཏུ་ཞུགས་ཤིང་བདག་ཉིད་ཀྱང་ཀུ་རུ་ཀུལླེའི་སྐུར་བལྟ་བར་བྱའོ། །
པདྨ་ཁ་དོག་དམར་པོ་དང་ཉི་མའི་སྟན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རབ་ཏུ་གསལ་བའི་དཀྱིལ་འཁོར་ལ་ཕྱག་དྲུག་པ་གཡས་དང་གཡོན་གྱི་དང་པོ་དག་གིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་འཛིན་པའོ། །གཉིས་པའི་གཡས་པ་དང་གཡོན་པ་དག་གིས་ལྕགས་

ཀྱུ་དང་ཨུཏྤ་ལ་དམར་པོ་བསྣམས་པ། ཕྱག་ལྷག་མ་གཉིས་ཀྱིས་མདའ་དང་གཞུ་རྣ་བའི་རྩར་འགེངས་པའོ། །སྒེག་པའི་ཉམས་དང་ལྡན་པ། ཕྱག་གསེར་གྱིས་བརྒྱན་པ། ལང་ཚོ་གཞོན་ཞིང་ན་བཟའ་དམར་པོས་བརྒྱན་པ། ཤ་འགག་དམར་པོ་མནབས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་
པ། དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པ། ཐུགས་ཀར་ཨུཏྤ་ལ་དམར་པོའི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ལ་བནྡུ་ཛི་བ་ཀའི་མེ་ཏོག་ལྟ་བུའི་རཾ་ཡིག་བཀོད་ལ་དེ་བཞིན་དུ་བསྒོམས་ལ་ང་རྒྱལ་བྱ་སྟེ་བདག་ནི་རྗེ་བཙུན་མ་རིགས་བྱེད་མའོ། །དེ་ནས་ལྷ་རྣམས་ནི་མཆོད་པའི་རྣམ་པ་སྣ་ཚོགས་
པ་ལག་ན་འཆང་བ་བརྐྱང་བ་ལ་སོགས་པ་རྣམས་ཀྱིས་མཆོད་ཅིང་བསྟོད་དེ། རླུང་གི་འཁོར་ལོ་ལ་གནས་པར་བལྟས་ལ། སྙིང་གར་ལྕགས་ཀྱུས་ཕུག་ལ་བསྒྲུབ་བྱའི་སྙིང་གར་ཉེ་བར་འདུག་ལ་ལྕག་གིས་བྲབ་པར་བྱའོ། །ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདས་བསྒྲུབ་བྱ་འགུགས་ཤིང་
ཡང་ནས་ཡང་དུ་རྣམ་པར་བཅིང་བར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་སྭ་བ་མ་ནཱ་ཡ་ཧོཿསྭཱ་ཧཱ། དེ་ནས་བསྒྲུབ་བྱ་མྱོས་ཤིང་རྐང་པ་གཉིས་ནས་འགྱེལ་བར་བལྟ་ཞིང་བསྐུལ་བར་བྱའོ། །དེ་ལྟར་ཐུན་མཚམས་གསུམ་དུ་རྟག་ཏུ་བསྒོམས་ན་བརྒྱ་བྱིན་ཡང་དབང་དུ་བྱེད་པར་འགྱུར་
རོ། །སྔོན་དུ་བསྙེན་པ་བྱས་ནས་རི་མོ་མཁན་སྐྲ་ལ་སོགས་པ་ཁྲུས་བྱས་ཏེ་གསོ་སྦྱོང་བླངས་ནས་རི་མོ་སར་པ་གཙང་ཞིང་དབེན་པའི་ཕྱོགས་སུ་བྲི་བར་བྱའོ། །དེ་བཞིན་དུ་རྫོགས་པ་དང་སྦྱར་ལ་དགེ་བའི་ཉི་མ་ལ་རབ་ཏུ་གནས་པར་བྱ་ཞིང་། དེའི་མདུན་དུ་ཙནྡན་དཀར་པོས་མཎྜལ་མངོན་པར་བྱུགས་ལ་
མར་གྱི་མར་མེ་རབ་ཏུ་སྦར་ཏེ། ཉེར་སྤྱོད་ལྔས་བཅོམ་ལྡན་འདས་མ་ཡང་དག་པར་མཆོད་པར་བྱས་ནས་འདིའི་སྔགས་ཁྲི་བཟླས་སོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ། །རྗེ་བཙུན་མ་ཀུ་རུ་ཀུལླེ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོགས་སོ།། །།
༄༅༅། །རྒྱ་གར་སྐད་དུ། ཥ་ཊ་བྷུ་ཛ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པས་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་དང་སངས་རྒྱས་

དང་བྱང་ཆུབ་སེམས་དཔའ་རྣམས་གདན་དྲངས་ནས་མཆོད་པ་དང་། སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །དེ་ནས་སྟོང་པ་ཉིད་དུ་མོས་པ་བྱ་ཞིང་། སྔགས་ཀྱིས་བྱིན་གྱིས་བརླབས་ལ། ཨོཾ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་རཾ་ཡིག་འོད་ཟེར་གྱི་ཕྲེང་བ་དང་
བཅས་པ་རྣམ་པར་བསམ་ཞིང་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རིགས་བྱེད་མ་བལྟ་བར་བྱའོ། །པདྨ་དམར་པོ་འདབ་མ་བརྒྱད་པ་དང་ཉི་མའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པ། ཕྱག་དྲུག་པ། གཡས་དང་གཡོན་གྱི་ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་
རྒྱལ་བའི་ཕྱག་རྒྱ་འཛིན་པ། གཉིས་པའི་གཡས་པ་དང་། གཡོན་པ་དག་གིས་ལྕགས་ཀྱུ་དང་། ཨུཏྤ་ལ་དམར་པོ་བསྣམས་པའོ། །ཕྱག་ལྷག་མ་གཉིས་ཀྱིས་མདའ་དང་གཞུ་རྣ་བའི་རྩར་འགེངས་པ། ན་བཟའ་དམར་པོ་མནབས་པ། དེ་བཞིན་གཤེགས་པ་ལྔས་དབུ་བརྒྱན་པ།
བསྒྲུབ་བྱའི་སྙིང་གར་ཨུཏྤ་ལ་དམར་པོའི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ལ་རཾ་ཡིག་ཁ་དོག་དམར་པོ་རྣམ་པར་བསྒོམས་ཏེ། རླུང་གི་དཀྱིལ་འཁོར་ལ་གནས་ཤིང་དེའི་སྙིང་གར་ལྕགས་ཀྱུས་ཕུག་སྟེ་བཀུག་ནས་སྙིང་གར་ཞུགས་ཤིང་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདས་བསྒྲུབ་བྱ་ཡང་
ནས་ཡང་དུ་འགུགས་ཤིང་སྔགས་བཟླས་པར་བྱའོ། །དེ་ལ་ཡང་སྔགས་འདིའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་ཧོཿསྭཱ་ཧཱ། དེ་ནས་དེ་ལ་བསྒྲུབ་བྱ་མོས་པའི་དབང་དུ་བྱས་ནས་རྐང་པའི་དྲུང་དུ་ལྷུང་བར་བལྟ་ཞིང་བསྐུལ་བར་བྱའོ། །དེ་ལྟ་བུས་བརྒྱ་བྱིན་ཡང་
དབང་དུ་བྱེད་དོ། །རིགས་བྱེད་མ་ཕྱག་དྲུག་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚ་བྷུ་ཛ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མ་ཕྱག་བརྒྱད་མའི་སྒྲུབ་ཐབས། རིགས་བྱེད་མ་ལ་ཕྱག་འཚལ་ལོ། །སྔོན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་
པ་བསྒོམས་ནས་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མ་ལ་ཧྲཱིཿཡིག་སྤྲོ་བ་དང་བསྡུ་བའི་སྐུར་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ཕྱག་བརྒྱད་མ། སྐུ་མདོག་དམར་མོ་པདྨ་དམར་པོ་འདབ་མ་བརྒྱད་པ་དང་། ཉི་མ་ལ་རྡོ་རྗེ་སྐྱིལ་

ཀྲུང་གིས་བཞུགས་པ་གཞལ་ཡས་ཁང་གི་དབུས་སུ་གནས་ཤིང་ཕྱག་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པའོ། །གཡས་ཀྱི་ཕྱག་ལྷག་མ་རྣམས་ཀྱིས་ལྕགས་ཀྱུ་དང་རྣ་བའི་རྩར་མདའ་འགེངས་པ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་བསྣམས་པའོ། །
གཡོན་གྱི་ཕྱག་ལྷག་མ་རྣམས་ཀྱིས་ཞགས་པ་དང་། གཞུ་དང་། ཨུཏྤལ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་བསྒོམ་པར་བྱའོ། །ཤར་གྱི་འདབ་མར་རབ་ཏུ་དང་བའི་སྒྲོལ་མའོ། །ལྷོའི་འདབ་མར་རྫོགས་པའི་སྒྲོལ་མའོ། །ནུབ་ཀྱི་འདབ་མར་རྒྱལ་བའི་སྒྲོལ་མའོ། །
བྱང་གི་འདབ་མར་རྣ་བའི་སྒྲོལ་མའོ། །དབང་ལྡན་གྱི་འདབ་མ་ལ་ཙུནྡའོ། །མེའི་འདབ་མ་ལ་གཞན་གྱིས་མི་ཐུབ་མའོ། །བདེན་བྲལ་གྱི་འདབ་མ་ལ་མར་མེའི་སྒྲོལ་མའོ། །རླུང་གི་འདབ་མ་ལ་གཽ་རཱིའི་སྒྲོལ་མ་རྣམས་བསྒོམ་པར་བྱའོ། །དེ་རྣམས་ཐམས་ཅད་ཀྱང་སྐུ་མདོག་སེར་
མོ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །ཕྱག་གཡས་པ་དག་གིས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། མདའ་སྙན་གྱི་རྩར་འགེངས་པའོ། །ཕྱག་གཡོན་པ་དག་གིས་ཨུཏྤ་ལ་དང་། གཞུ་བསྣམས་པའོ། །ཤར་གྱི་སྒོར་རྡོ་རྗེ་རོ་ལངས་མ་འཇིགས་
ཤིང་ལྟོ་བ་འཕྱང་བ་སྐུ་མདོག་དམར་མོ་མི་བསྐྱོད་པས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་སྡིགས་མཛུབ་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང་ཞགས་པ་བསྣམས་པའོ། །ལྷོའི་སྒོར་གཞན་གྱིས་མི་ཐུབ་མ་སྐུ་མདོག་སེར་མོ་རིན་ཆེན་
འབྱུང་ལྡན་གྱིས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་དབྱུག་པ་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང་ཞགས་པ་བསྣམས་པའོ། །ནུབ་ཀྱི་སྒོར་རལ་པ་གཅིག་མ་མདོག་ནག་མོ་སྐྲ་གྱེན་དུ་བརྫེས་ཤིང་ལྟོ་བ་འཕྱང་བ། །མཆེ་བ་གཙིགས་
ཤིང་མཆུ་བསྡམས་པ། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག་གཡས་པ་དག་གིས་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང་ཞགས་པ་བསྣམས་པའོ། །བྱང་སྒོར་རྡོ་རྗེ་གནྡྷ་རཱི་སྐུ་མདོག་གསེར་ལྗང་གུ་ལྟ་བུ་དོན་ཡོད་གྲུབ་པས་དབུ་བརྒྱན་པ་ཞལ་

འཇིགས་ཤིང་ལྟོ་བ་འཕྱང་བའོ། །ཕྱག་གཡས་པ་དག་གིས་ཁཊྭཱཾ་ག་དང་། ལྕགས་ཀྱུ་བསྣམས་པ། ཕྱག་གཡོན་པ་དག་གིས་དྲིལ་བུ་དང་ཞགས་པ་བསྣམས་པ་བསམ་པར་བྱའོ། །བཞི་པོ་འདི་རྣམས་ཞབས་གཡོན་བརྐྱང་གིས་གནས་པའོ། །དེ་ལ་འདིར་
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་ལག་པ་གཉིས་རྒྱབ་སྦྱར་ནས་མིང་མེད་གཉིས་མདུད་པ་བྱས་པ་སྟེ། མཐེའུ་ཆུང་དང་གུང་མོ་མཐེབ་ཆེན་གྱིས་བསྡམས་ནས་མཛུབ་མོ་ལྕགས་ཀྱུའི་རྣམ་པས་འགྱིང་ཞིང་དཔྲལ་བའི་ཕྱོགས་སུ་གཟུང་བར་བྱའོ། །བསྒོམས་པས་
ངལ་ན་སྔགས་བཟླས་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཁྲི་བཟླས་པས་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་རོ། །ས་ཡས་བློན་པོའོ། །འབུམ་གྱིས་རྒྱལ་པོའོ། །ཨུཏྤ་ལ་མར་དང་སྦྲང་བསྲེས་ཤིང་ཨ་ཤྭདྠའི་ཡམ་ཤིང་གིས་སྦྱིན་སྲེག་བྱས་པས་འདོད་པའི་གནས་ཐོབ་པར་
འགྱུར་རོ། །དཔལ་གྱི་འབྲས་བུའི་ཤིང་གིས་མེ་རབ་ཏུ་སྦར་ཏེ། མར་དང་སྦྲང་ལ་བསྒྲེས་ཤིང་དཔལ་གྱི་འབྲས་བུའི་སྦྱིན་སྲེག་འབུམ་བྱས་པས་རྒྱལ་པོ་དང་བློན་པོ་རྣམས་དབང་དུ་འགྱུར་རོ། །ཨུཏྤ་ལའི་སྦྱིན་སྲེག་སྟོང་བྱས་ཏེ་མར་གྱི་མར་མེ་སྟོང་ཕྲག་གཅིག་ལྷ་མོའི་མདུན་དུ་དབུལ་བར་
བྱས་ན་རྒྱལ་པོ་ཐམས་ཅད་དབང་དུ་འདུ་བར་འགྱུར་རོ། །ཀུ་རུ་ཀུལླེ་ཕྱག་བརྒྱད་པའི་སྒྲུབ་ཐབས་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་ཞབས་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། འཕགས་མ་
རིགས་བྱེད་མ་ལ་ཕྱག་འཚལ་ལོ། །དེ་ནས་སྔགས་པས་སྐྱེས་པ་དང་བུད་མེད་དབང་དུ་བྱ་བར་འདོད་པས། དཀར་པོའི་ཚེས་གཅིག་ནས་བརྩམས་ནས། ཐུན་མཚམས་གསུམ་དུ་ཉི་མ་སོ་སོ་ལ་ཁྲི་ཕྲག་རེ་བཟླས་པར་བྱའོ། །བཅོམ་ལྡན་འདས་མའི་སྐུ་ལ་ན་བཟའ་དམར་པོ་རྣམས་དབུལ་
བར་ཡང་བྱའོ། །དེ་ལ་རིམ་པ་འདིས་རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧྲཱིཿདམར་པོ་ལས་སྐྱེས་པའི་ཆུ་སྐྱེས་དམར་པོ་འདབ་མ་བརྒྱད་པ་སྡོང་པོ་ལས་སྐྱེ་གནས་ཀྱི་མཐར་ཐུག་པར་སོན་པ་རྣམ་པར་བསམས་ལ། དེའི་འདབ་མ་བརྒྱད་པ་རྣམས་སུ་བུང་བ་བརྒྱད་དེ། ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཻ་

ཨཽ་ཨཿ། ཞེས་པའི་དབྱངས་བརྒྱད་ཡོངས་སུ་གྱུར་པ་ལས་ཤིན་ཏུ་དགའ་བ་རྒྱས་ཤིང་ཁྲོ་བ་ཁ་དོག་དམར་པོ་རིམ་པ་བཞིན་དུ་གནས་པ་རང་གི་སྣ་བུག་གི་རླུང་གིས་བསྐུལ་བར་བལྟས་ལ། རང་གི་སྣ་བུག་གཡོན་ནས་འཐོན་ཏེ། བསྒྲུབ་བྱའི་སྣ་གཡས་ཀྱི་བུ་ག་ནས་རབ་ཏུ་ཞུགས་ཏེ།
དེས་པདྨའི་སྡོང་བུ་གསར་པ་རྣམས་རྙིངས་ནས། ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ་ཞེས་པའི་དབྱངས་ཡིག་ཐུང་ངུ་བརྒྱད་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྣ་བའི་རྩར་བཀང་བའི་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའི་ཚོགས་ཀྱིས་བསྒྲུབ་བྱའི་པདྨའི་ཟེའུ་འབྲུ་ཕུག་ནས། དེ་འགྱེལ་ཞིང་མདའི་
སྒྲས་སྣ་བུག་གཡོན་པའི་བུ་ག་ནས་འཐོན་ཏེ་རྣལ་འབྱོར་པའི་སྣ་བུག་གཡས་ནས་རང་གི་སྙིང་ག་ནས་ཞུགས་པར་རྣམ་པར་བསམ་པར་བྱའོ། །ཕྱི་ནས་ཨུཏྤ་ལའི་ངར་པས་སྐེ་བཅིངས་ནས་ལྕགས་ཀྱུས་སྐྱེ་གནས་ཕུག་ཅིང་བཙིར་ནས་འོད་ཟེར་རབ་ཏུ་འབར་བས་གཞན་གང་ཞིག་དབང་དུ་
བྱས་ཏེ། དེ་ལ་ཞོན་ནས་དེའི་དགའ་བའི་སྔགས་བཟླས་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་སྭཱ་ཧཱ་ཞེས་སོ། །བུང་བའི་སྦྱོར་བས་ཉི་མ་བདུན་གྱིས་འགྲུབ་པར་འགྱུར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ།
ཀུ་རུ་ཀུལླེ་ཨུ་པ་དེ་ཤ་ཀྲ་མ། བོད་སྐད་དུ། རིགས་བྱེད་མའི་མན་ངག་གི་རིམ་པ། འཕགས་མ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །ཡུམ་གྱུར་དངོས་གྲུབ་སྩོལ་མཛད་མ། །རིགས་བྱེད་མ་ལ་ཕྱག་འཚལ་ནས། །དངོས་གྲུབ་ཐམས་ཅད་རབ་སྟེར་བ། །དེ་ཡི་མན་ངག་བྲི་བར་བྱ། །རིགས་བྱེད་མ་
ཡི་རྣལ་འབྱོར་ལྡན། །ཉེ་བར་བསྟན་པས་བསྒོམ་པར་བྱ། །སྙིང་གར་ཉི་མ་ལ་ཨུཏྤ་ལ་དམར་པོའི་ཟེའུ་འབྲུ་ལ་གནས་པའི་ཧྲཱིཿཡིག་ལས་བྱུང་བའི་ཞགས་པ་དང་ལྕགས་ཀྱུ་ཨུཏྤ་ལའི་གཟུགས་ཀྱི་འོད་ཟེར་གྱིས་སྣ་གཡོན་པའི་བུ་ག་ནས་འཐོན་ནས། བསྒྲུབ་བྱའི་སྣ་བུག་གཡས་སུ་རབ་ཏུ་
ཞུགས་ཏེ་བསྒྲུབ་བྱ་ལ་ཡེ་ཤེས་ཀྱི་ལུས་སྐུ་མདོག་དམར་པོ་ཞགས་པས་སྐེ་བཅིངས་ཤིང་ལྕགས་ཀྱུས་སྙིང་གར་ཕུག་ནས་སྣ་བུག་གཡོན་ནས་འཐོན་ཏེ་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ལ་གནས་པ་ལ་ཨུཏྤ་ལས་སྙིང་ག་དང་བྷ་ག་ལ་བསྣུན་ཅིང་བཀུག་ནས་གཞོགས་

གཡོན་དུ་གན་རྐྱལ་དུ་བཞག་ལ་འོད་ཟེར་གྱིས་རང་གི་སྙིང་གའི་ཧྲཱིཿཡིག་ལ་སྣ་བུག་གཡས་པ་ནས་རབ་ཏུ་གཞུག་པར་བྱའོ། །ཕྱི་ནས་ཡང་སྙིང་གའི་ས་བོན་ལས་བྱུང་བའི་ཨུཏྤ་ལ་དམར་པོའི་རྣམ་པ་ཅན་གྱི་འོད་ཟེར་དེ་ཁའི་ནང་དུ་དེ་བཞིན་དུ་སྨིན་མཚམས་ཀྱི་བུ་ག་ནས་
བྱུང་སྟེ། རྣ་བ་གཡོན་པར་ཞུགས་ཤིང་མགོ་ལ་དཀྲིས་ནས། རྣ་བ་གཡས་པའི་བུ་ག་ནས་འཐོན་ཏེ། དེའི་མདེའུའི་འོད་ཟེར་གྱི་རེ་ཁཱ་ཨུཏྤ་ལའི་མདེའུ་ཅན་གྱི་སྡོང་བུའི་མདའ་རྣ་བའི་རྩར་རྐང་པའི་བུ་ག་ནས་རབ་ཏུ་ཞུགས་ཏེ། ཅུང་ཟད་མདེའུའི་ཁ་རྣམ་པར་རྒྱས་ཤིང་བསྒྲུབ་བྱའི་རྟགས་དང་
བྷ་ག་ཟ་ཞིང་ཡང་ནས་ཡང་དུ་དབུག་པར་བྱའོ། །དེ་ནས་ཁ་ཅིག་ནི་ས་བོན་གྱིས་ཞེས་སོ། །མདས་ཕུག་ཅིང་ཞུགས་པའི་འོད་ཟེར་གྱིས་ལུས་ཐམས་ཅད་ཁྱབ་ཅིང་འཛག་པས་རྣམ་པར་མྱོས་ཏེ་སྐྱབས་མེད་པར་བལྟའོ། །གལ་ཏེ་ལངས་ན་བསྣུན་པར་བྱའོ། །དེའི་ཚེ་རང་གི་རྐང་པའི་མཐིལ་དུ་བསྒྲུབ་བྱ་
འགྱེལ་བར་རྣམ་པར་བསམས་ནས་སླར་ཡང་དེ་བཞིན་དུ་དབུག་ཅིང་དགུག་པར་བྱའོ། །གང་གི་ཚེ་ཕུག་པས་ནུས་པ་དང་ལྡན་པར་འགྱུར་རོ། །དེའི་ཚེ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཞུགས་པའི་མཐར་བསྒྲུབ་བྱ་ལངས་ནས་ལྟེ་བའི་ཆུ་སྐྱེས་ཀྱི་སྟེང་དུ་གན་རྐྱལ་དུ་བྱས་ནས་རྩིབ་ལོགས་གཡོན་
དུ་མགོ་བོ་ཡང་དག་པར་བཀོད་ལ་ས་བོན་གྱི་འོད་ཟེར་ཁ་བའི་ཟེར་མ་ཚོགས་པ་ལྟ་བུས་ལུས་ཐམས་ཅད་ཁྱབ་ནས་རྣམ་པར་མྱོས་པར་བསམ་ཞིང་སྔགས་བཟླས་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། གཞན་ཡང་འདི་ནི་རང་བྱིན་གྱིས་བརླབ་པའི་མན་ངག་གི་རིམ་པའོ། །རིགས་བྱེད་མའི་མན་ངག་གི་
རིམ་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤུཀླཱ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མ་དཀར་མོའི་སྒྲུབ་ཐབས། རིགས་བྱེད་མ་ལ་ཕྱག་འཚལ་ནས། །བྱིས་པ་རྣམས་ཀྱི་བློ་འཕེལ་ཕྱིར། །བླ་མའི་ཞལ་གྱི་སྐུ་དྲིན་གྱིས། །བསྒོམ་པའི་རིམ་པ་
བརྗོད་པར་བྱ། །དང་པོར་སྔགས་པས་བདག་དང་སེམས་ཅན་ཐམས་ཅད་སྡུག་བསྔལ་བ་རྣམས་རྣམ་པར་གྲོལ་བར་འདོད་པས་སྔ་དྲོའི་ཐུན་ལ་ལངས་ནས་གདོང་བཀྲུ་བ་ལ་སོགས་པ་བྱས་ནས། ཡིད་དང་མཐུན་པའི་གནས་སུ་སྟན་བདེ་བ་ལ་འདུག་སྟེ། བསམ་པ་ཐམས་ཅད་སྔ་བར་

བྱས་ནས་བདག་ཉིད་རྣལ་འབྱོར་ལ་གནས་ནས་ཞལ་བསིལ་གྱིས་དེ་ཉིད་གསུམ་གྱི་སྔགས་ཀྱིས་སྲུང་བ་བྱས་ནས། རང་གི་སྙིང་གར་རི་བོང་འཛིན་པའི་དཀྱིལ་འཁོར་དཀར་པོ་བསྒོམ་པར་བྱའོ། །དེའི་སྟེང་དུ་རང་གི་ས་བོན་ལས་འོད་ཟེར་འཕྲོས་ཏེ། འོད་ཟེར་དེ་རྣམས་ཀྱིས་ཆོས་ཀྱི་དབྱིངས་
ནས་བཅོམ་ལྡན་འདས་མ་སྤྱན་དྲངས་ཏེ། མདུན་དུ་བཞུགས་ནས་མཆོད་པ་རྣམ་པ་སྣ་ཚོགས་པའི་མཆོད་པས་བདེ་བར་གཤེགས་པ་རྣམས་མཆོད་ཅིང་ཙནྡན་ལ་སོགས་པའི་ཆོ་གས་བཟོད་པར་གསོལ་ཞིང་བསོད་ནམས་ཡོངས་སུ་བསྔོ་བ་དང་སྨོན་ལམ་བཏབ་སྟེ། ཕྱི་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་
སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་འདིས་སྟོང་པ་ཉིད་དུ་བསྒོམས་ལ་དེ་ཉིད་གསུམ་གྱིས་བྱིན་གྱིས་བརླབ་བོ། །སླར་ཡང་བདག་ཉིད་ནམ་མཁའི་རི་མོ་བཞིན་དུ་འོད་གསལ་གྱི་སྐུར་བསམ་པར་བྱའོ། །དེའི་རྗེས་ལ་ཟླ་བའི་དཀྱིལ་འཁོར་དཀར་པོ། དེའི་སྟེང་དུ་ཧྲཱིཿཡིག་གི་ས་བོན་ལས་
སྐྱེས་པའི་ཨུཏྤལ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་ས་བོན་བྱིན་གྱིས་བརླབས་ལ། སྤྲོ་བ་དང་བསྡུ་བ་བྱས་ནས་དེ་ཉིད་གསུམ་གྱི་སྔགས་ཀྱིས་བདག་ཉིད་བཅོམ་ལྡན་འདས་མ་ཕྱག་གཡས་པ་དང་། གཡོན་པ་དག་གིས་ཨུཏྤ་ལའི་བགྲང་ཕྲེང་དང་། བདུད་རྩིའི་བུམ་པ་
བསྣམས་པ། སྤྱན་གསུམ་པ། པདྨ་འཛིན་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་གིས་དབང་བསྐུར་ཞིང་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། མེ་ཏོག་སྣ་ཚོགས་པས་ཉེ་བར་མཛེས་ཤིང་རལ་པའི་ཐོར་ཚུགས་ཅན། སྒེག་པ་
ལ་སོགས་པའི་ཉམས་དང་ལྡན་པ། ཕྱག་གཡས་པའི་ཡལ་ག་ཅུང་ཟད་བགྲང་ཕྲེང་གི་འོད་ཀྱིས་སྣང་བར་མཛད་པ་འོ་མའི་རྒྱ་མཚོར་ཆུ་སྐྱེས་འདབ་མ་དཀར་པོ་ལ་གནས་པའི་ཟླ་བའི་སྟེང་དུ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། ལག་གདུབ་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། རྐང་
གདུབ་དང་། མུ་ཏིག་གི་དོ་ཤལ་དང་། ལྷའི་ན་བཟའ་ལ་སོགས་པ་རྣམས་ཀྱིས་བརྒྱན་པ། ཀླུའི་རྒྱལ་པོ་མཐའ་ཡས་ནག་པོས་དབུ་སྐྲ་བཅིངས་པ། ནོར་རྒྱས་བདུད་རྩིའི་ཁ་དོག་ལྟ་བུས་དོ་ཤལ་བྱས་པ། འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། སྟོབས་ཀྱི་རྒྱུ་ལྗང་གུས་མཆོད་

ཕྱིར་ཐོགས་བྱས་པ། ཀླུའི་དབང་པོ་པདྨ་དཀར་པོས་དོ་ཤལ་ཕྱེད་པ་བྱས་པ། པདྨ་ཆེན་པོ་པདྨའི་སྡོང་བུའི་ཁ་དོག་གིས་རྐང་གདུབ་བྱས་པ་དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། རིགས་ལྡན་དུ་བའི་ཁ་དོག་ལྟ་བུས་དཔུང་རྒྱན་བྱས་པ། སྐུ་མདོག་དཀར་མོ་སྐུ་ལས་བདུད་རྩི་
འཛག་བཞིན་དུ་ཐུགས་སྙིང་རྗེས་བརླན་པ་བསྒོམ་པར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔོན་གྱི་ས་བོན་ལས་འོད་འཕྲོས་པར་བསྒོམ་ཞིང་དེའི་འོད་ཟེར་རྣམས་ཀྱིས་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་མའི་སྐུར་བསྐྱེད་ནས་བཀུག་སྟེ། ཨོཾ་ཛཿཧཱུཾ་བཾ་ཧོཿ
ཞེས་པའི་སྔགས་འདིས་ཆུ་དང་འོ་མ་འདྲེས་པ་བཞིན་དུ་རོ་གཅིག་ཏུ་བྱས་ནས་རང་གི་ལུས་ལ་ཞུགས་ཏེ། མཆོད་པ་སྔོན་དུ་འགྲོ་བས་བཅོམ་ལྡན་འདས་མ་ཡང་དེ་ཉིད་གསུམ་གྱིས་དཀར་པོ་དང་། དམར་པོ་དང་ནག་པོས་མཉེས་ཤིང་བརྟན་པར་བྱས་ནས་སྤྱི་བོ་དང་མགྲིན་པ་དང་སྙིང་ག་
རྣམས་སུ་རྒྱས་གདབ་པར་བྱའོ། །དེའི་རྗེས་སུ་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ནས་བདེ་བ་ཅན་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས་པི་ཝང་མ་ལ་སོགས་པའི་
ལྷ་མོ་བཅུ་དྲུག་དང་ལྡན་པས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་བདུད་རྩི་ལྔ་དང་ག་བུར་དང་གུར་གུམ་དང་། གླ་རྩི་དང་། དྲི་བཟང་པོས་ཡོངས་སུ་གང་བའི་བུམ་པ་རྣམས་བཟུང་ནས་ཚིགས་སུ་བཅད་པ་སྔོན་དུ་འགྲོ་བས་དབང་བསྐུར་བར་བྱ་སྟེ། དེ་ལ་ཚིགས་སུ་བཅད་པ་འདིའོ། །བྱང་ཆུབ་
རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཕུལ་བ་ཇི་བཞིན་དུ། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །དབང་བསྐུར་རྣམ་གསུམ་དབྱེར་མེད་ལ། །ཁམས་གསུམ་རྣམས་ཀྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་
ལས་བྱུང་བ་བདག་གིས་གཟུང་། །ཇི་ལྟར་དེ་བཞིན་གཤེགས་པ་ཀུན། །འཁྲུངས་པ་ཙམ་གྱིས་ཁྲུས་གསོལ་བ། །དེ་བཞིན་བདག་ཀྱང་ཁྲུས་བགྱི་སྟེ། །ལྷ་ཡི་ཆུ་བོ་དག་པ་ཡིས། །མགོན་པོ་འོད་དཔག་ཏུ་མེད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་།

པི་ཝང་མ་ལ་སོགས་པའི་ལྷ་མོ་བཅུ་དྲུག་དང་ལྡན་པས་དབང་བསྐུར་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཨཱཿཧཱུཾ་ཞེས་པ་འདིས་དབང་བསྐུར་ཞིང་དབུ་རྒྱན་རབ་ཏུ་སྦྱིན་ནོ། །འོད་དཔག་མེད་ཀྱང་སྤྱི་བོར་བཞུགས་ཤིང་དྲན་པས་སོ། །དབང་བསྐུར་བླངས་ནས་དེའི་རྗེས་སུ་རང་གི་ལྟེ་
བའི་ཆུ་སྐྱེས་ལ་གནས་པའི་ཟླ་བའི་སྟེང་དུ་གནས་པ་མེའི་ས་བོན་ལ་ཞོན་པའི་སའི་མཐའ་དང་ཟླ་བ་དང་ཐིག་ལེ་ནཱ་ད་དང་བཅས་ཤིང་བཞི་པའི་དབྱངས་ཀྱིས་བརྒྱན་པ་ཨཱ་ལི་དང་ཀཱ་ལི་འཕྲོ་བ་ཅན། བདུད་རྩིའི་རང་བཞིན་གྱི་འོད་དཀར་པོ་ལས་སྒྲོན་མེ་བཞིན་དུ་འབར་བ་ཞལ་གྱི་སྒོ་ནས་འཐོན་ཏེ། ནོར་བུ་
དང་སྔགས་དང་། སྨན་ཐམས་ཅད་སྐད་ཅིག་གིས་བླངས་ནས་ལྟེ་བའི་སྒོ་ནས་རབ་ཏུ་གཞུག་པར་བྱའོ། །ཡང་ནས་ཡང་དུ་རྣལ་འབྱོར་གྱི་རང་བཞིན་དྲན་པ་དང་ལྡན་པས་སོ། །གཞོན་ནུ་མས་བཀལ་བའི་སྐུད་པ་དགུ་སྒྲིལ་དུ་བྱས་ནས་ཤེལ་གྱི་བགྲང་ཕྲེང་རྡོག་པོ་ལྔ་བཅུ་རྩ་གཅིག་བརྒྱུས་
ཏེ་ཡང་ན་བོ་དྷེ་ཙེའོ། །གུང་མོ་དང་མཐེ་བོས་བཟུང་ནས་ཞི་བ་ལའོ། །གཅིག་གིས་ལྷག་པའི་བརྒྱ་ཡིས་མཛུབ་མོ་དང་མཐེ་བོ་དག་གིས་ཐུན་མཚམས་གསུམ་བཞིར་ཡུན་མི་རིང་བར་བསྒོམས་ཏེ་ཡེ་ཤེས་པ་སྤྱན་དྲངས་ནས་རྣལ་འབྱོར་པས་དེ་བཞིན་དུ་སྔགས་ཀྱི་ཡི་གེ་བཟླས་པ་བྱ་སྟེ་
སེམས་བརྟན་ཞིང་ཡིད་ཆགས་པས་སོ། །སྔོན་དུ་བསྙེན་པ་འབུམ་བྱས་ནས་ཉི་མ་སོ་སོ་ལ་ཟླ་བ་ཕྱེད་དང་གསུམ་དུ་ཁྲི་ཕྲག་རེ་བཟླས་ན་སྙན་ངག་མཁན་དུ་འགྱུར་རོ། །དུག་ཞི་བར་བྱེད་དོ། །འབུམ་ཕྲག་ཉི་ཤུ་རྩ་གཅིག་བཟླས་ནས་ཉི་ཤུ་རྩ་གཅིག་གིས་ས་དཀར་ལ་མངོན་པར་
བསྔགས་ནས་ལག་པས་དྲིལ་ཏེ་ལན་ཉི་ཤུ་རྩ་གཅིག་ཏུ་མངོན་པར་བསྔགས་ནས་གང་གི་མགོ་བོར་ལག་པས་བྱིན་པ་དེ་རྨོངས་པ་ཡིན་ཡང་སྙན་ངག་མཁན་དུ་འགྱུར་རོ། །འཁོར་རྣམས་ཀྱང་རྒོལ་བས་ཟིལ་གྱིས་ནོན་པར་མི་འགྱུར་ཏེ་འཇམ་དཔལ་དང་མཚུངས་པར་འགྱུར་རོ། །གཞན་
ཡང་མ་ཐོས་པའི་བསྟན་བཅོས་ཐམས་ཅད་ཀྱང་ཤེས་པར་འགྱུར་རོ། །སྔགས་འདིའམ། ཡང་ན་བླ་མའི་མན་ངག་གིས་བཟླས་པ་བྱས་ན་ཤེས་རབ་འཕེལ་བར་འགྱུར་རོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿབ་ད་བ་ད་བཱ་ཁཱ་དི་ནི་སྭཱ་ཧཱ། ཡི་གེ་བདུན་པའི་སྔགས་ཀྱི་ཡི་གེ་འབུམ་བཟླས་ནས་

སྦྱིན་སྲེག་གསུངས་པའི་ཆོ་ག་དང་ལྡན་པས་མེ་ཏོག་དཀར་པོས་མངར་གསུམ་ལ་བསྒྲེས་ནས་སྟོང་ཕྲག་བརྒྱད་ཅུས་སྦྱིན་སྲེག་བྱས་ན་ཀླུའི་བུ་མོ་རྣམས་ཀྱང་འགུགས་པར་འགྱུར་རོ། །མ་བསླངས་པར་ཡང་མིའི་བུ་མོ་མཛེས་མ་རྣམས་རྙེད་དོ། །འདི་ནི་ངོ་མཚར་མ་ཡིན་
པར་འགྲུབ་སྟེ། སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །སངས་རྒྱས་རྫུ་འཕྲུལ་བསམ་མི་ཁྱབ། །ནོར་བུ་སྨན་དང་སྔགས་རྣམས་ཀྱི། །མཐུ་ཡང་བསམ་གྱིས་མི་ཁྱབ་པོ། །སྔོན་མ་བཞིན་དུ་གཞོན་ནུ་མས་བཀལ་བའི་སྐུད་པ་
འཐག་མཁན་གསོ་སྦྱོང་བྱས་ནས་བཏགས་ཤིང་། རི་མོ་མཁན་པོ་ཡང་སྟེ་བྲིས་སྐུའི་ཆོ་གས་དུས་གསུམ་དུ་བྱས་ཏེ་དྲི་བཟང་པོའི་མེ་ཏོག་གིས་མཆོད་ནས་ང་རྒྱལ་དང་བཅས་པའི་སྔགས་བཟླས་པར་བྱའོ། །བྱམས་པའི་སེམས་ཀྱིས་རྨུགས་པ་དང་གཉིད་དང་རྒོད་པ་དང་། ཐེ་ཚོམ་དང་།
ཞུམ་པ་དང་། ཡིད་གཉིས་དང་ལྡན་པ་གཞན་དང་། སེམས་དམན་པ་དང་། དོན་མེད་པའི་སེམས་རྣམས་ཐམས་ཅད་མཁྱེན་པའི་གསུང་ལ་རྨུགས་པ་ལ་སོགས་པའི་སེམས་བཟུང་བ་རྣམས་འབད་པས་དེ་རྣམས་མྱུར་དུ་སྤངས་པར་གསུངས་སོ། །སྒྲོལ་མའི་ཡི་གེ་བཅུའི་སྔགས་བཟླས་
པར་བྱ་ཞིང་འདིས་ཀུ་རུ་ཀུལླེའི་སྦྱོར་བས་བགེགས་ཐམས་ཅད་ཉེ་བར་ཞི་ཞིང་སེམས་ཅན་རྣམས་ཀྱི་དབང་དུ་བྱེད་པ་ཡང་སྒྲོལ་མ་དང་ཀུ་རུ་ཀུལླེ་དབྱེར་མེད་པ་ལས་སོ། །ཤེས་རབ་ཀྱི་ཆོ་ག་ནི་ཁྱིམ་མིང་ཅན་གྱི་ལོ་མ་དང་། ཤ་ཐི་དང་། ཤིང་མངར་དང་། དེ་བཞིན་དུ་ཚངས་པ་དང་། པི་པི་ལིང་དང་།
སྦྲང་རྩི་རྣམས་བཟའ་བར་བྱའོ་ཞེས་པ་འདི་མན་ངག་གིས་བྱས་ཏེ། ཡི་གེ་བདུན་པའི་སྔགས་ཀྱིས་ལན་མང་དུ་མངོན་པར་བསྔགས་ཏེ། སྨན་རྣམས་བདུད་རྩིའི་རང་བཞིན་དུ་བསྐྱེད་ནས། བདག་ཉིད་བཅོམ་ལྡན་འདས་མའི་སྐུར་དམིགས་ལ། བཅོམ་ལྡན་འདས་མའི་བྲིས་སྐུ་ལ་སོགས་པ་
བཀྲམ་ནས་ནམ་ལངས་པ་དང་མཆོད་པ་བྱས་ནས་བཟའ་བར་བྱའོ། །ཉལ་བའི་དུས་སུ་ཐུམ་བུ་བྱས་ཏེ་ཁར་བཅུག་ནས་ཉལ་བར་བྱའོ། །འདིས་ཤེས་རབ་ཆེན་པོར་འགྱུར་རོ། །ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། ཞེས་སོ། །ཤེས་རབ་རྒྱུད་ཀྱི་ཆོ་གའོ། །མར་དང་ཏ་ཀ་རའི་རྩ་དང་། །འཁོར་ལོས་མཚན་པ་དེ་བཞིན་དུ། །

མཆེ་བའི་རྨ་ལ་བྱུགས་པའམ། །འཐུངས་པས་དུག་ནི་འཇོམས་པར་བྱེད། །དུག་གི་རྒྱུད་ནི། སྔོན་དུ་གསུངས་པའི་མཚན་མའི་ས་བོན་ཁ་དོག་དམར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་བརྩེ་བས་བརླན་པའི་སེམས་ཀྱིས་མཐར་ཐུག་པ་རྣམ་པར་བསྒོམས་ནས་རང་གི་སྙིང་གར་ཟླ་བ་
དམར་པོའི་སྟེང་དུ་འཁོར་ལོ་རྩིབས་དྲུག་ལ་གནས་པའི་ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། ཞེས་པའི་ས་བོན་བདུན་གྱི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་ཡེ་ཤེས་སེམས་མའི་སྐུ་གདན་དྲངས་ནས་ཞལ་གྱི་སྒོ་ནས་སྔོན་དུ་གསུངས་པའི་སྔགས་ཀྱིས་སྔོན་མ་བཞིན་དུ་རབ་ཏུ་ཞུགས་ཏེ། དེ་ཉིད་གསུམ་ལ་
སོགས་པས་ཐམས་ཅད་རོ་གཅིག་ཏུ་བྱས་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བསྒྲུབ་བྱ་བཀུག་ནས་བགྲང་ཕྲེང་གི་ཞགས་པས་བཅིང་ཤིང་བཀུག་ནས་རྐང་པའི་མཐིལ་དུ་འགྱེལ་ཏེ། སྐྲ་གྲོལ་ཞིང་མྱོས་པ་རོ་བཞིན་དུ་བལྟས་ནས་བགྲང་ཕྲེང་གི་ཞགས་པའམ། ལྕགས་ཀྱུས་བདེ་བ་ཆེན་པོའི་
སྒོ་ནས་ཨ་བ་དྷཱུ་ཏཱིའི་ཟླ་བས་བསྒྲུབ་བྱའི་བཤང་བའི་སྒོ་ནས་རྣམ་པར་ཤེས་པ་བཀུག་སྟེ། ཙནྡན་དམར་པོའམ་བྱི་རུའི་བགྲང་ཕྲེང་ཉི་ཤུ་རྩ་དྲུག་མིང་མེད་དང་མཐེབ་ཆེན་གྱིས་བཟུང་ནས་ཤིན་ཏུ་ཆགས་པའི་སེམས་ཀྱིས་ཡི་གེ་བདུན་གྱི་སྔགས་བཟླས་པར་བྱའོ། །སྔོན་མ་བཞིན་དུ་ཧྲཱིཿཡིག་དམར་པོ་
ཆུ་སྐྱེས་ཀྱི་ཟེའུ་འབྲུ་ལ་བལྟ་བར་བྱའོ། །དབང་དུ་བྱ་བའི་ཆོ་གའོ། །སླར་ཡང་རབ་ཏུ་མྱོས་ཤིང་དབང་དུ་བྱེད་པར་འདོད་པས་དབོ་ཟླའི་ཚེས་བརྒྱད་ལ་མྱ་ངན་མེད་པའི་ཤིང་གི་འོག་ཏུ་སོང་སྟེ། གོས་དམར་པོ་གྱོན་ནས་སེམས་རྩེ་གཅིག་ཏུ་གནས་པས་ཤིན་ཏུ་དགའ་བའི་བསམ་པས་ཀུ་རུ་ཀུལླེ་སྦྱོར་བའི་ཆོ་གས་
མྱོས་བྱེད་ཀྱི་འབྲས་བུ་བཟའ་ཞིང་ཀཱ་མ་ཙི་ཀའི་ཁུ་བས་ཐིག་ལེ་བྱས་ནས་ཆགས་པའི་སེམས་ཀྱིས་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་སྭཱ་ཧཱ། ཡང་ན་ཡི་གེ་བདུན་པའི་སྔགས་ལ་མིང་ནང་དུ་བྱས་ཏེ་སྭཱ་ཧཱས་མཐའ་བརྟེན་ནས་སྔགས་བཟླས་
པས་ལྷ་རྣམས་ཀྱང་དབང་དུ་བྱེད་ན་ཕྲ་མོའི་མི་རྣམས་སྨོས་ཀྱང་ཅི་དགོས། ཀུ་རུ་ཀུལླེའི་སྔགས་འདིས་ནག་པོ་ཆེན་པོ་དང་། འཕྲོག་མ་དང་། གནོད་སྦྱིན་ཆེན་མོ་རྣམས་ཀྱང་དབང་དུ་བྱེད་དོ། །དབང་དུ་བྱ་བའི་ཆོ་གའོ། །ཛཱ་རཱི་གཏུམ་མོ་ཇི་བཞིན་དུ། །སྣེ་ཧེ་མ་ལི་རང་གི་ཁུ། །རོ་ཡི་ལྟེ་བའི་སྲིན་བུ་ཡང་། །

དབང་དུ་བྱེད་པས་བཟའ་བར་བྱའོ། །རོ་ཡི་མིག་དང་སྙིང་དང་མཆིན་པ་དང་། །དཔྲལ་བའི་ཤ་དང་དེ་བཞིན་དུ་ནི་སྣ། །བླངས་ཤིང་མནུར་ནས་འབྲུ་མར་དག་གིས་བཙོ། །རྒྱུ་སྐར་རྒྱལ་ལ་དྲག་པོའང་དབང་དུ་བྱེད། །དབང་དུ་བྱ་བའི་རྒྱུད་དོ། །ཨོཾ་ཀུ་རུ་ཀུལླེ་སརྦ་དུཥྚཱན་ནཱ་ཤ་ཡ་
ནཱ་ཤ་ཡ་ཀཱི་ལ་ཡ་ཀཱི་ལ་ཡ། བྷཉྫ་ཡ་བྷཉྫ་ཡ། མར་ད་ཡ་མར་ད་ཡ། དྷཱཾ་ས་ཡ་དྷཱཾ་ས་ཡ། ཨ་པ་སཱ་ར་ཡ། ཨ་པ་སཱ་ར་ཡ། ཨ་བི་མི་ཏཾ་མེ་ཀུ་རུ་ཤཱནྟིཾ་མེ་ཀུ་རུ་པུཥྚིཾ་མེ་ཀུ་རུ་སརྦ་སཏྭཱཾ་པ་ཤྱཾ་མེ་སྭཱ་ཧཱ། ཨོཾ་ཧྲཱིཾ་ཤྲཱིཾ་ཧཱུཾ་ཧཾ་ཧོཿཧཿསྔགས་འདིས་ཡང་མེའི་དཀྱིལ་འཁོར་གྱི་སྟེང་དུ་མགོ་བོ་གསུམ་ལ་གནས་པའི་པདྨའི་
སྣོད་དུ་ཟན་ལ་སོགས་པ་རྣམས་བདུད་རྩིའི་རང་བཞིན་དངུལ་ཆུ་བཞིན་དུ་བལྟས་ལ་ཡི་གེ་གསུམ་གྱི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་བཅོམ་ལྡན་འདས་མ་དང་འབྱུང་པོ་ཐམས་ཅད་ལ་འབུལ་བར་བྱའོ། །ཨོཾ་མུཿཞེས་པ་འདིས་མཆོད་པ་ལ་སོགས་པ་ཐམས་ཅད་གཤེགས་པར་བྱའོ། །འདིས་ནི་བགེགས་ཆེན་པོ་
རྣམས་ཞི་བར་འགྱུར་རོ། །གཏོར་མའི་ཆོ་གའོ། །ཞི་ལ་ཞི་བའི་སེམས་ཀྱིས་ཏེ། །རྒྱས་ལ་རྒྱས་པའི་སེམས་ཀྱིས་སོ། །ཤིན་ཏུ་ཆགས་པས་དབང་དུ་དགུག །ཁྲོ་བའི་སེམས་ཀྱིས་གསད་པའོ། །ཞི་ལ་མཎྜལ་རྣམ་པ་སྟེ། །རྒྱས་ལ་རྫིང་གི་རྣམ་པའོ། །དབང་ལ་ཟླ་བ་ཕྱེད་པ་སྟེ། །ནམ་མཁའི་ཁམས་
འདྲ་གསད་པ་ལ། །ཞི་བ་ཁྲུ་གང་ཚད་ཀྱིས་ཏེ། །རྒྱས་པ་ལ་ནི་ཁྲུ་དོའོ། །རྒྱས་པ་ཇི་ལྟ་དེ་བཞིན་དབང་། །གསད་པ་སོར་མོ་ཉི་ཤུའོ། །ཞི་ལ་ཁྲུ་ཕྱེད་གཏིང་དུའོ། །ཁྲུ་ཡི་ཚད་ཀྱིས་རྒྱས་པ་ལ། །མཐེ་བོ་ལྔ་ཡིས་གསད་པ་ལ། །རྒྱས་པ་ཇི་ལྟ་དེ་བཞིན་དབང་། །ཞི་བའི་སྦྱིན་སྲེག་ཚེས་གཅིག་ལ། །རྒྱས་པ་ཟླ་བ་
གང་བ་ལ། །བཅུ་བཞི་ལ་ནི་མངོན་སྤྱོད་དོ། །བརྒྱད་ལ་དབང་གི་ལས་ཡིན་ནོ། །ཞེས་པ་ནི་གཞན་ནོ། །དེ་ནས་ཡང་ན་སྔགས་ཀྱིས་བྲི། །སྦྱིན་སྲེག་ཐབ་ཁུང་ཚད་ལྡན་པ། །ཞི་བ་ལ་ནི་ཟླུམ་པོར་བྱ། །ཁྲུ་གང་གི་ནི་ཚད་ཀྱི་ཐིག །ཁྲུ་ཕྱེད་གཏིང་དུ་ས་བརྐོས་ནས། །ཚོན་རྩི་དཀར་པོས་བྱུག་པར་བྱ། །སྦྱིན་སྲེག་ཐབ་ཁུང་ཚད་
ལྡན་པ། །ལོགས་དག་ཡང་དག་བྲི་བྱས་ཏེ། །ཀུན་ནས་འཁོར་ལོའི་རྣམ་པ་ཅན། །རྒྱས་པ་ལ་ནི་ཁྲུ་དོ་སྟེ། །ཁྲུ་གང་དེ་ནས་བརྐོ་བར་བྱ། །ཁ་དོག་སེར་སྐྱ་དག་གིས་ནི། །ཀུན་ནས་གྲུ་བཞི་བྲི་བར་བྱ། །མངོན་སྤྱོད་ལ་ནི་ཟུར་གསུམ་སྟེ། །རྒྱ་ལ་སོར་མོ་ཉི་ཤུའོ། །ཉི་ཤུའི་ཕྱེད་ནི་བརྐོ་བར་བྱ། །འབར་བའི་ཕྲེང་བ་འཁྲིགས་

པ་བྲི། །དེ་བཞིན་དབང་དང་དགུག་པ་ལ། །ཟླ་བ་ཕྱེད་པ་ཡང་དག་བྲི། །སྦྱིན་སྲེག་ཐབ་ཁུང་ཡང་དག་བལྟས། །ཕྱོགས་དང་ཕྱོགས་མཚམས་སྣང་བར་བྱས། །སྔགས་པས་བྱང་ཕྱོགས་ཁ་ཕྱོགས་ནས། །དབང་དུ་བྱ་བ་བརྩམ་པར་བྱ། །རྒྱས་པ་རྟག་ཏུ་ཤར་ཕྱོགས་ལ། །མངོན་སྤྱོད་ལ་ནི་ལྷོ་
ཕྱོགས་སུ། །ནུབ་ཕྱོགས་སུ་ནི་རྟག་གསུངས་པ། །དབང་དུ་དགུག་དང་བསྐྲད་ལ་སོགས། །མངོན་སྤྱོད་རྟག་ཏུ་ཁ་དོག་གནག །ཁ་དོག་ལྔ་ཡི་དབང་དུ་བྱ། །ཏིལ་དང་འབྲས་དང་འོ་མ་དང་། །མར་དང་སྦྲང་རྩི་དང་བཅས་པ། །བདུད་རྩི་ལྔ་དང་ལྡན་པ་ཡིས། །ཞི་བ་དང་ནི་རྒྱས་པར་འདོད། །ཡམ་ཤིང་
དག་ནི་ཐམས་ཅད་ཀྱང་། །འོ་མ་དང་བཅས་དྲི་བཟངས་ཤིང་། །བཟའ་བ་རྣམ་པ་སྣ་ཚོགས་པ། །འབྱུང་པོ་ཀུན་ལ་གཏོར་མ་སྦྱིན། །ཞི་བ་སྟོན་ཀའི་དུས་སུ་ནི། །དེ་བཞིན་རྒྱས་པ་དགུན་གྱི་དུས། །དབང་དང་དགུག་ནི་དཔྱིད་དུ་གསུངས། །སོས་ཀའི་དུས་སུ་མངོན་སྤྱོད་དང་། །ལས་རྣམས་
ཐམས་ཅད་བསྒྲུབ་པར་བྱ། །ཐོ་རངས་དུས་སུ་ཞི་བ་སྟེ། །ནམ་ལངས་དེ་བཞིན་རྒྱས་པ་དང་། །ཉི་མ་ཕྱེད་དང་ནམ་ཕྱེད་ལ། །དེ་བཞིན་མངོན་སྤྱོད་ལས་རྣམས་བྱ། །ང་མེད་སྦྱིན་སྲེག་ལས་ལ་མཁས། །དེ་ཉིད་གང་ཞིག་སྨྲ་བྱེད་པའི། །སློབ་དཔོན་ཞི་བ་ཆེན་པོ་དེས། །སངས་རྒྱས་བསྟན་ལ་མོས་པས་སོ། །འདོད་ཆགས་
སེམས་གྱུར་གཞན་རྣམས་ལ། །ཞེ་སྡང་ཕ་རོལ་སུན་འབྱིན་པ། །ཁེངས་ཤིང་རྨོངས་པ་དང་ལྡན་པ། །དེ་རྣམས་སངས་རྒྱས་བསྟན་ལ་སྤོང་། །སྦྱིན་སྲེག་གི་ཆོ་གའོ། །གཞན་ཡང་མཆེ་བའི་དུག་ལངས་པའི་དུས་སུ་ཞི་བར་འདོད་པས་བླ་མའི་མན་ངག་གིས་དུག་ཤེས་ནས་བདག་ཉིད་ཀླུ་མ་ལུས་པའི་གཟུགས་སུ་
བསྒོམས་ཏེ། ཁ་དོག་དཀར་པོ་རང་གི་སྙིང་གར་ཆུ་སྐྱེས་འདབ་མ་བརྒྱད་པའི་སྟེང་དུ་ཤེས་རབ་ཀྱི་དཀྱིལ་འཁོར་ལ་གནས་པའི་ཤེས་རབ་ཀྱི་ས་བོན་ལ་བདེ་བ་ཆེན་པོའི་བདུད་རྩི་འཐུང་ཞིང་མིག་དག་ནས་འཐོན་ཏེ། བསྒྲུབ་བྱའི་མགོ་བོ་དང་། མིག་དང་ཁ་དང་། སྙིང་ག་དང་། གསང་བ་དང་། རྐང་པའི་མཐར་
ཐུག་པར་གཡོ་ཞིང་འགྲོ་བ་རྩེ་གཅིག་པའི་སེམས་བརྟན་པོས་བསམ་པར་བྱའོ། །ཡང་ན་བི་ཥའི་སྨན་དང་ལྡན་པ་མིང་མེད་ཀྱིས་སྔོན་དུ་གསུངས་པའི་དཀྱིལ་འཁོར་གྱི་ས་བོན་གྱི་གནས་སུ་བསྒྲུབ་བྱ་ལེགས་པར་བྱ་སྟེ། ས་བོན་དང་ལྡན་པས་དྲིལ་བུའི་འོག་ཏུ་རེག་པར་བྱའོ། །དབྱུག་པ་བྱིན་ནས་མཛུབ་མོས་

ས་བོན་གྱི་གནས་ལ་གོས་ཀྱིས་གཡོགས་པར་བྱའོ། །ཡང་ན་མ་བསྣུན་པར་སྔོན་དུ་གསུངས་པའི་གནས་སུ་རེག་པར་བྱ་ཞིང་སྔོན་མའི་སྨན་སྦྱིན་པར་བྱའོ། །ཡང་ན་ཟླ་བའི་དཀྱིལ་འཁོར་གྱི་གནས་ལ་གཡོ་བཞིན་པ་བསྒོམ་པར་བྱའོ། །ཆང་དང་བི་ཥ་དང་ཚ་ལ་དང་སྦྲང་གི་
བཏུང་བ་སྦྱིན་པར་བྱའོ། །ཡན་ལག་དགོད་པ་ལག་པས་རྟག་ཏུ་བྱའོ། །དེ་ཉིད་གསུམ་གྱིས་མཆེ་བ་གྲོལ་བར་བྱའོ། །འདིས་ནི་ལངས་པར་ཐེ་ཚོམ་མེད་དོ། །སླར་ཡང་གདེངས་ཀའི་དབང་པོའི་མགྲིན་པ་བཅིངས་ཏེ་མཆེ་བས་མཆུ་གཟུང་བར་བྱའོ། །ནམ་མཁའ་ལྡིང་དབང་པོས་ནམ་མཁའ་ལ་ཁྱེར་ཏེ།
ནམ་མཁར་རབ་ཏུ་ཞུགས་པས་དུག་མེད་པར་འགྱུར་རོ། །གཞན་ཡང་གཡོ་བའི་སྐར་མ་དང་བཅས་པའི་ཟླ་བ་ལས་འོག་ཏུ་བསྒོམས་པས་ཆུས་ཁྱབ་ཅིང་ཐོད་པ་ཅན་བཞིན་དུ་གར་བྱེད་ཅིང་དུག་མེད་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །ཁྱབ་འཇུག་བཞིན་དུ་མཐོང་ཞིང་མཆེ་བ་ཉལ་བ་མཐའ་ཡས་པ་
གདེངས་ཀ་ཡོངས་སུ་བལྟ་བ་ཆུ་འཛིན་གྱི་ཆུས་ཁྲུས་བྱས་པས་དུག་མེད་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ། །མ་ཏཱ་ཤིན་ཏུ་ཞི་བྱེད་ཅིང་། །རྨོངས་པར་བྱེད་པ་གཞན་ཡིན་ནོ། །དཀར་པོས་དུག་ནི་འཇོམས་བྱེད་ཤེས། །སླར་ཡང་སེར་པོས་རེངས་པར་བྱེད། །ནག་པོ་ཡིས་ནི་གཡོ་བྱེད་འདོད། །ཇི་ལྟར་འབྱུང་བཞི་སྦྱོར་བ་ཡིས། །ས་
བོན་བཞི་དང་ལྡན་པས་ནི། །རེངས་པ་དང་ནི་སྐྲོད་པ་དག །ལེགས་པར་བཀོད་པས་ངེས་པར་འགྲུབ། །གཞན་དུ་རེངས་པ་རི་རབ་སྦྱོར། །ཅི་སྟེ་རེངས་དང་གཡོ་བ་ལ། །སོ་སོའི་བསམ་གཏན་སྦྱར་བར་བྱ། །གང་འགོག་རང་གི་ལག་གཉིས་ཀྱིས། །ཁ་མིག་རྣ་བ་སྣ་རྣམས་སོ། །བླ་མའི་མན་ངག་ཧཾ་ས་ཡིས། །བརྗོད་པས་ངེས་
པར་དུག་ནི་འཇོམས། །ལག་པས་དུག་ནི་འགུགས་པ་ཡིས། །རིམ་པ་ཡི་ནི་ཐེ་ཚོམ་མེད། །རང་ཉིད་སྟོང་པའི་སྦྱོར་བ་ལས། །དེ་ཉིད་བི་ཥ་བཟའ་བ་ལས། །དུག་འཇོམས་རྒྱ་མཚོ་ལས་སྐྱེས་པ། །རྒྱ་མཚོའི་བཏུང་བ་སྦྱོར་བས་ཀྱང་། །འཁོར་ལོ་དཀར་པོས་མཚན་པ་ཡི། །གདེངས་ཀ་ཡན་ལག་སླར་ཡང་
གཞོན། །ངེས་པར་འཛིན་པར་ཐེ་ཚོམ་མེད། །གུ་ཧོ་སི་ཧོ་ཟླ་ཉི་དག །གནམ་སྟོང་ལ་ནི་སྦྱོར་བ་ཡི། །དུས་ནི་ཁྲོས་པར་འགྱུར་བ་ཡིས། །ཁྲི་རྣམས་ཀྱིས་ཀྱང་ཅི་ཞིག་བྱ། །ཀུ་རུ་ཀུལླེ་དཀར་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་

སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །ཆུ་སྐྱེས་རྣམ་པར་རྒྱས་པར་བུང་བ་འཁོར་འདྲའི་སྤྱན། །མངོན་གསར་མཆོག་གི་དཔལ་མོ་འཕྲོག་པའི་ལུས་ཀུན་མཛེས། །ཨུཏྤལ་རྒྱས་པའི་གཞུ་རྒྱས་མདའ་དང་ལྕགས་ཀྱུས་མཚན། །འདོད་པའི་སྦྲུལ་འཇོམས་ཀུ་རུ་ཀུལླེ་ལ་ཕྱག་འཚལ། །དང་པོར་
རེ་ཞིག་བསྒོམས་པའི་ཐོག་མར་སྐྱེ་བོས་དབེན་པའི་ས་ཕྱོགས་སུ་དྲི་ལྔས་བྱུགས་ཏེ། བརྟུལ་ཞུགས་དང་ལྡན་པ་སེམས་དགའ་བས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། དེའི་ཕྱི་ནས་སྙིང་གར་ར་ཡིག་དམར་པོ་ལས་ཉི་མའི་དཀྱིལ་འཁོར་འབར་ཞིང་འཁྲིགས་པ་ལ། དེ་ནས་རང་གི་སྙིང་གར་དབྱངས་ཡིག་
དང་པོ་ལས་ཟླ་བའི་དཀྱིལ་འཁོར། དེ་ནས་སའི་ཕ་རོལ་གྱི་ས་བོན་གྱི་འོག་ཏུ་མེས་རྣམ་པར་བརྒྱན་པ་བཞི་པའི་དབྱངས་ཀྱིས་བརྒྱན་པའོ། །དེ་ནས་ས་བོན་ལས་སྨིག་རྒྱུ་འབར་བས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་མཛད་ནས་དཔལ་ལྡན་ཀུ་རུ་ཀུལླེའི་གཟུགས་སུ་བཀོད་
ནས་སླར་ལོག་སྟེ། དེ་ཉིད་དུ་ས་བོན་ལ་རབ་ཏུ་ཞུགས་ཏེ་སྨིག་རྒྱུའི་དྲ་བར་བསྒོམ་པར་བྱའོ། །དེའི་ཕྱི་ནས་ནམ་མཁའི་ཕྱོགས་སུ་མདུན་དུ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་འབར་ཞིང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་ཐོད་པ་ལྔས་དབུ་བརྒྱན་པ། བྱ་ཁྱུང་གི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་
བཞུགས་པ། འོད་ཟེར་དཀར་པོའི་དཀྱིལ་འཁོར་དང་ལྡན་པ། ཕྱག་དྲུག་པ། གཡས་དང་གཡོན་གྱི་དང་པོ་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པ། གཉིས་པའི་གཡོན་པ་དང་། གཡས་པ་དག་གིས་མི་འཇིགས་པ་དང་། ཀུནྡ་དཀར་པོའི་དོག་པ་བསྣམས་
པ། ཕྱག་ལྷག་མ་གཉིས་ཀྱིས་བགྲང་ཕྲེང་དང་། སྤྱི་བླུགས་བསྣམས་པ། སྒེག་པའི་ཉམས་དང་ལྡན་པ། གསེར་གྱི་གདུ་བུས་ལག་པ་བརྒྱན་པ། ལང་ཚོ་གཞོན་ཞིང་རྒྱས་པ། ན་བཟའ་དཀར་པོ་བསྣམས་པ། སྟོད་ཀོར་དཀར་པོ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དེ་བཞིན་
གཤེགས་པ་ལྔའི་དབུ་རྒྱན་ཅན། ཐུགས་ཀར་ཨུཏྤ་ལ་དཀར་པོའི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ལ་དེའི་ས་བོན་བཀོད་ནས་ང་རྒྱལ་རྣམ་པར་བསྒོམ་པར་བྱ་སྟེ། བདག་ཉིད་རྗེ་བཙུན་མ་ཀུ་རུ་ཀུལླེ་ཞེས་སོ། །དེ་ནས་རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་ཡང་དག་པར་བྱུང་བའི་ཟླ་བའི་

དཀྱིལ་འཁོར་ལ་གནས་པ། བརྒྱད་པའི་ས་བོན། དེ་ལས་བྱུང་བའི་ཉེར་སྤྱོད་ལྔའི་མཆོད་པ་དང་ལྡན་པ་རྣམ་པ་སྣ་ཚོགས་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་འོད་ཟེར་གྱི་དྲ་བ་སྤྲོས་པས་མཆོད་པར་བྱ་བ་ནི་མཆོད་པའོ། །མཆོད་ནས་མཆོག་གི་སྙིང་རྗེ་ཅན་གྱི་རྣལ་འབྱོར་པ་གུས་པས་
འདུད་ཅིང་ལུས་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་བ་ནི་འཚལ་བའོ། །ཕྱག་འཚལ་ནས་ཡང་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་བྱ་སྟེ། བདག་གིས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དང་། བགྱིས་པ་ལ་རྗེས་སུ་ཡི་རང་བ་དེ་ཐམས་ཅད་བཅོམ་ལྡན་འདས་
མའི་སྤྱན་སྔར་མངོན་སུམ་དུ་བཤགས་སོ། །དེའི་རྗེས་སུ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་བ་ནི་སྲིད་པའི་རྒྱ་མཚོར་ལྷུང་བ་དེ་རྣམས་གདོན་པར་བྱ་བའི་ཕྱིར་སེམས་ཀྱི་རྡོ་རྗེ་མཆོག་ཏུ་བྱའོ་ཞེས་བདག་ཉིད་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེའི་ཕྱི་ནས་ཚད་མེད་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་རྗེས་
སུ་བསྒོམ་པ་ཐམས་ཅད་རྣམ་པར་དཔྱད་ནས། རང་བཞིན་གྱིས་ལུས་ཡོངས་སུ་གཏོང་བའི་ངོ་བོ་ཉིད་རྣམ་པར་དག་པའི་སྔགས་ཀྱི་དོན་མངོན་དུ་བྱ་ཞིང་འཇིག་རྟེན་གསུམ་གྱི་བདག་ཉིད་སྟོང་པ་ཉིད་དུ་རྣམ་པར་བསྒོམས་ཏེ་སྔགས་འདིས་རང་གི་སེམས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་
ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནས་སྔོན་དུ་གསུངས་པའི་སྨོན་ལམ་གྱི་སྟོབས་ལས་སེམས་ཅན་གྱི་དོན་ལ་མངོན་པར་བལྟ་བཞིན་པའི་སྔགས་པའི་ལུས་ལྷའི་སྐུར་བསྐྱེད་པར་བྱའོ། །སྔགས་དགོད་པའི་རིམ་པས་ལྷའི་སྐུར་མཚོན་པའོ། །དེའི་རྗེས་སུ་ནམ་མཁའི་ཕྱོགས་སུ་དྲུག་པའི་ས་བོན་ལས་སྐྱེས་
པའི་པདྨ་དཀར་པོ་རྣམ་པར་རྒྱས་པའོ། །དེའི་སྟེང་དུ་བརྒྱད་པའི་ས་བོན་ཐིག་ལེ་དང་བཅས་པས་བརྒྱན་པའི་འོག་ཏུ་དྲུག་པའི་དབྱངས་དང་བཅས་པའོ། །དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ། དེས་ས་གཞི་རྡོ་རྗེའི་རང་བཞིན་དང་། རྡོ་རྗེའི་བླ་རེ་དང་། རྡོ་རྗེའི་ར་བ་ཡང་བསམ་པར་བྱའོ། །དེའི་དབུས་སུ་ཨེ་
ཡིག་གི་རྣམ་པ་རབ་ཏུ་གསལ་བའི་ཆོས་འབྱུང་ཡེ་ཤེས་དཀར་པོ་རྣམ་པར་བསྒོམ་པར་བྱའོ། །དེའི་དབུས་སུ་བརྒྱད་པའི་ས་བོན་དཀར་པོའི་འོག་ཏུ་མེས་རྣམ་པར་བརྒྱན་པ། སྟེང་དུ་བཞི་པའི་དབྱངས་ཀྱིས་བརྒྱན་པ་ཚེག་དྲག་དང་བཅས་པ། དེ་ལས་བྱུང་བའི་ཆུ་སྐྱེས་དཀར་པོ་འདབ་མ་བརྒྱད་པ། དེའི་

སྟེང་དུ་ཟེའུ་འབྲུ་ལ་ས་བོན་དང་མཚུངས་པ། དེ་ལས་བྱུང་བའི་ཉི་མ་དེའི་སྟེང་དུ་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བ་དང་ཉི་མ་ལ་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་དང་ཟླ་བ་མཐོང་བའི་བདག་ཉིད་མཚན་སུམ་ཅུ་རྩ་གཉིས་ཀྱིས་རྣམ་པར་བརྒྱན་པ། འདི་དག་གི་དབུས་སུ་ས་བོན་དཀར་པོ། དེ་ཡོངས་སུ་གྱུར་
པ་ལས་ཨུཏྤ་ལ་དཀར་པོ་ལ་ཀཱ་ལི་དང་ཨཱ་ལི་ལ་རང་གི་སེམས་རབ་ཏུ་ཞུགས་པར་བལྟའོ། །ཕྱི་ནས་ཟླ་བའི་གདན་དང་པདྨ་ལ་སེམས་གཅིག་ཏུ་གྱུར་པ་ཁུ་བ་བཞིན་དུ་བདག་ཉིད་རྣམ་པར་བསྒོམས་ནས། དེ་ནས་སྔོན་དུ་གསུངས་པའི་ཀུ་རུ་ཀུལླེའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་བསྒོམ་པར་
བྱ་བ་རང་གི་སྙིང་གར་ར་ཡིག་ལས་ཉི་མ་རྣམ་པར་བསྒོམས་ཏེ། དེའི་ལྟེ་བ་ལ་ས་བོན་སླར་ཡང་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་འོད་ཟེར་གྱིས་མགོན་པོ་འོད་དཔག་ཏུ་མེད་པ་གདན་དྲངས་ནས་གསང་བ་དང་གཞན་གྱི་མཆོད་པས་དེ་ཡང་དག་པར་མཆོད། ཡང་དབང་བསྐུར་བ་ཞུ་བར་བྱའོ། །དེ་ལ་
འདིས་ཞུ་བ་སྟེ། ཨ་བྷི་ཥིཉྩནྟུ་མཱཾ། ཨ་མི་ཏཱ་བྷཱ་ན། ཞེས་པས་སོ། །དེ་ནས་མགོན་པོ་འོད་དཔག་ཏུ་མེད་པ་དེས་བདུད་རྩི་ལྔས་ཡོངས་སུ་གང་བའི་བུམ་པ་རང་གི་ཐུགས་ཀ་ནས་འཕྲོ་བར་བསྒོམ་པར་བྱའོ། །དེ་ནས་བདུད་རྩི་ལྔས་གང་བའི་བུམ་པ་དེ་རྣམས་ཀྱིས་བཅོམ་ལྡན་འདས་མ་ལ་ཁྲུས་གསོལ་བར་
བྱའོ་ཞེས་སོ། །དེ་ནས་རང་གི་ཐུགས་ཀར་རབ་ཏུ་ཞུགས་པར་བསམ་པར་བྱའོ། །དེ་ནས་རྣམ་པར་བཀོད་པས་སྤྱི་བོར་མགོན་པོ་འོད་དཔག་ཏུ་མེད་པ་བསམ་པར་བྱའོ། །དེ་ནས་ཐུན་མཚམས་གསུམ་དུ་བསྒོམ་ཞིང་བསྒོམ་པར་བྱ་བ་བཀོད་ནས་སྔགས་བཟླས་པར་བྱའོ། །སྔགས་དགོད་པ་བསྡུས་
པ་ནི་དྲུག་པའི་གསུམ་པའི་ས་བོན་ལ་ཟླ་བ་ཕྱེད་པས་ཐིག་ལེའི་འོག་ཏུ་བརྒྱན་པ་ལྔ་པའི་དབྱངས་ཀྱི་དབྱེ་བ་ལས་སྟེང་དུ་གཙུག་ཏོར་གྱི་ཆའི་མཐར་ཐུག་པར་དགོད་པར་བྱའོ། །དང་པོའི་དབྱངས་ཡིག་དཀར་པོ་ལས་བྱུང་བ་ཟླ་བ་ཕྱེད་པས་རྣམ་པར་བརྒྱན་པ་བཀོད་ནས་མགྲིན་པ་དམར་པོ་ལ་གསུམ་པ་
གསུམ་པའི་ས་བོན་ཟླ་བ་ཕྱེད་པས་རྣམ་པར་བརྒྱན་པ། འོག་ཏུ་མེ་ཡིས་རྣམ་པར་བརྒྱན་པ་བཞི་པའི་དབྱངས་དང་ལྡན་པས་ལྟེ་བའི་འོག་གསང་གནས་ཀྱི་མཐར་ཐུག་པ་སེར་པོའོ། །དང་པོའི་གཉིས་པའི་ས་བོན་ལ་ཟླ་བ་ཕྱེད་པས་རྣམ་པར་བརྒྱན་པ་བཀོད་ནས་རྐང་པའི་མཐར་ཐུག་

པ་ལྗང་གུའོ། །ས་དང་ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་དང་ལྔའོ། །ཀྵཾ་ཛཾ་ཁཾ་གཾ་སྐཾ་སཾ། ཛཿཧཱུཾ་བཾ་ཧོཿཁཾ་རཾ། མགོ་བོ་དང་། སྙིང་ག་དང་། སྤྱི་བོ་དང་། ལྟེ་བ་དང་། མགྲིན་པར་བྱ་སྟེ། དུག་ནག་པོའི་ཕུང་པོ་ལ་སོགས་པ་ལས་བྱུང་བ་ཡང་དག་
པར་འཇོམས་པར་བྱེད་དོ། །དེ་ནས་རྩ་བའི་སྔགས་བཏུ་བ་ནི་དང་པོ་ལ་ཡི་གེའི་དབང་པོ་སྦྱིན་པར་བྱའོ། །དེ་ནས་ལྔ་པའི་ལྔ་པ་དང་བདུན་པའི་ལྔ་པའི་མཐའ་ལ་ཐིག་ལེ་གཉིས་ཀྱིས་བརྒྱན་པའོ། །དེ་ནས་དང་པོའི་དང་པོའི་ས་བོན་ལ་ལྔ་པའི་དབྱངས་ཀྱིས་བརྒྱན་པའོ། །དྲུག་པའི་གཉིས་པའི་
ས་བོན་ལ་ལྔ་པའི་དབྱངས་དང་ལྡན་པའོ། །ཡང་དང་པོའི་དང་པོའི་ས་བོན་ལ་ལྔ་པའི་དབྱངས་དང་ལྡན་པའོ། །དྲུག་པའི་གསུམ་པའི་ས་བོན་ལ་དེ་ནས་དང་པོའི་བཅུ་གཅིག་པས་རྣམ་པར་བརྒྱན་པའོ། །བདུན་པའི་བཞི་པའི་ས་བོན་ལ་འོག་ཏུ་མེས་རྣམ་པར་བརྒྱན་པའོ། །མགོ་ལ་བཞི་པའི་
དབྱངས་དང་ལྡན་པར་བྱས་ནས་མཐའ་ལ་ཚེག་དྲག་དང་བཅས་པ་མཐའ་ལ་ན་མོ་སླར་ཡང་བཽ་ཥ་ཊ་དེའི་མཐའ་ལ་བཟླས་པར་བྱའོ། །སྭཱ་ཧཱའི་མཐའ་ཅན་སླར་ཡང་ཐམས་ཅད་ལ་བྱའོ། །བཅོ་ལྔ་པོའི་ས་བོན་འདི་རྣམས་ཀྱི་སྔགས་ཀྱི་ཡི་གེའི་གྲངས་ཀྱི་འབུམ་དུ་བཟླས་ལ་བཅུ་ཆས་
མེ་ཏོག་དཀར་པོས་སྦྱིན་སྲེག་བྱའོ། །གཡས་སུ་སྲོག་རབ་ཏུ་འཇུག་པས་ཉི་མ་དང་ཟླ་བར་གྱུར་པར་བཅིང་བ་དང་། གཡས་གཡོན་གྱི་སྲོག་བཅིང་བར་བྱས་ནས་སྔགས་པས་རྟག་ཏུ་བཟླས་པར་བྱའོ། །ཤེལ་དང་མུ་ཏིག་གི་འབྲས་བུའི་བགྲང་ཕྲེང་གིས་བརྒྱ་རྩ་བརྒྱད་ཀྱི་རྡོག་
པོ་སྲད་བུས་བརྒྱུ་བར་བྱའོ། །སྲོག་འབྱུང་བའི་དུས་སུ་རྡོག་པོ་བསྐྱོད་པར་བྱའོ། །བདག་ཉིད་གང་ཞིག་དངོས་གྲུབ་འདོད་པས་སྲོག་འཛུག་པ་ན་སྔགས་བཟླས་པར་བྱའོ། །ཨོཾ་མཿཀྵཿཀུ་རུ་ཀུལླེ་ཧྲཱིཿན་མོ་བཽ་ཥ་ཊ་སྭཱ་ཧཱ། ལྷ་མོའི་སྙིང་གའི་སྔགས་སོ། །ཨོཾ་ཤྭེ་ཏེ་ཧཱུཾ་ཕཊ་
མགོ་ལའོ། །ཨོཾ་ཤྭེ་ཏེ་ཛཱ་ཊ་ནི་སྭཱ་ཧཱ་སྐྲ་ལའོ། །ཨོཾ་རཏྣཱ་མི་ཏཱ་བྷཱ་པདྨ་ཙཱ་བེ་ཏི་གོ་ཆའོ། །ཨོཾ་ཙཀྵུཿས་མནྟ་ཙཀྵུར་བི་ཤོ་དྷ་ནེ་སྭཱ་ཧཱ་མིག་ལའོ། །ཨོཾ་བྷཱ་ཡ་ནཱ་ས་ནི་ཏྲཱ་ས་ནི་ཏྲཱ་སེ་ཏྲཱ་སེ་ཏྲཱ་ས་ཡ་ཏྲཱ་ས་ཡ་སརྦ་ནཱ་ག་ཡཀྵ་བྷཱུ་ཏན་བྷྲྀ་ཊི་ཏྲ་བཻ་ར་ཏྲ་ཤྭེ་ཏ་ཛཱ་ཊི་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། མཚོན་ཆའོ། །

མུ་ཏིག་གི་བགྲང་ཕྲེང་གིས་བཟླས་པར་བྱའོ། །བདུད་རྩི་ལྔའི་བཟའ་བ་སྔགས་འདིས་སྦྱང་བར་བྱའོ། །ཨོཾ་ཨཱཿཧཱུཾ་ཞེས་པའི་ཡི་གེ་གསུམ་གྱི་དེ་ཉིད་གསུམ་གྱིས་དེ་བྱིན་གྱིས་བརླབས་པས་སྔགས་འགྲུབ་བོ་ཞེས་སོ། །རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་ཐོད་པ་
གསུམ་བསམ་ཞིང་སྟེང་དུ་པདྨའི་སྣོད་དོ། །དེའི་དབུས་སུ་ས་བོན་ལྔའོ། །དེ་ནས་ས་བོན་ལས་བྱུང་བས་པཱུ་ལི་ར་མ་ལ་ཡར་སོང་ནས་སླར་ཡང་ཇི་སྲིད་ཛཱ་ལནྡྷ་རའི་བར་དུའོ། །དེ་ནས་ཛཱ་ལནྡྷ་རར་སོང་ནས་དེ་བཞིན་གཤེགས་པ་རྣམས་རྟོགས་པར་བྱའོ། །དེ་ལ་ཐམས་ཅད་
གཅིག་ཏུ་གྱུར་པས་མྱུར་དུ་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་བལྟ་བ་ནི་བདུད་རྩིའོ། །དྲིལ་བུའི་བུ་གའི་ལམ་ནས་འཛག་པར་བྱེད་པའི་བདུད་རྩི་དེས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཚིམ་པར་བྱའོ། །ཚིམ་པ་དང་དེའི་སྣོད་ལ་ཡང་གནས་པར་བྱའོ། །དེ་ལ་དྲིལ་བུའི་སྟེང་
དུ་ཧཱུཾ་ཡིག་མགོ་ཐུར་དུ་འཕྱང་བའོ། །དེ་ལ་སྟེང་དུ་ཨོཾ་ཡིག་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལ་པདྨའི་སྣོད་ལ་ཡེ་ཤེས་ཀྱི་བདུད་རྩི་དྲི་མ་མེད་པའོ། །དེ་ནས་ཡཾ་ཡིག་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་བ་དན་གྱིས་མཚན་པ་གཞུའི་རྣམ་པ་ནག་
པོའོ། །དེའི་སྟེང་དུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་རཾ་ཡིག་འབར་བས་མཚན་པ་མེའི་འོད་དུ་ལྡན་པའི་མདངས་ཅན་ནོ། །དེའི་སྟེང་དུ་ལྟེ་བར་འདབ་མ་དཀར་པོ་བརྒྱད་དང་ལྡན་པའི་ཟེའུ་འབྲུ་དང་བཅས་པ་གསང་བའི་སྦུབས་ཀྱི་མཐར་ཐུག་པར་སོན་
པར་བསམ་པར་བྱའོ། །དེའི་དབུས་སུ་ཧྲཱིཿཡིག་འབར་བའི་ཕྲེང་བ་འཁྲིགས་པས་ཤིན་ཏུ་གསལ་བ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་ཡེ་ཤེས་ཀྱི་བདུད་རྩིས་ཚིམ་པར་བྱ་ཞིང་། དེ་བཞིན་གཤེགས་པ་ལྔ་ཞུགས་པ་བསྒོམ་པར་བྱའོ། །འདིས་ཡེ་ཤེས་
ཀྱི་བདུད་རྩིའི་ཆར་འབབ་པར་བསམ་ཞིང་དུག་གཡོ་བ་ཐམས་ཅད་ཟིལ་གྱིས་གནོན་པར་སྦྱོར་བར་བསམ་པའི་སྔགས་རིག་པས་རྟག་ཏུའོ། །དེ་ནས་སྔགས་པས་དུག་ཞི་བར་འདོད་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཐུན་མཚམས་གསུམ་དུ་ཁྲི་ཕྲག་རེ་རེ་ལ་དེ་བཞིན་དུ་ཉི་མ་སོ་སོ་

ལ་བཅོམ་ལྡན་འདས་མའི་སྐུ་ལ་དམིགས་ཏེ་གོས་དཀར་པོ་བཟུང་ནས་ལུས་ལ་བགོ་བར་བྱའོ། །དེའི་རྗེས་སུ་རང་གི་སྙིང་གའི་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཆུ་སྐྱེས་འདབ་མ་བརྒྱད་པའི་སྡོང་བུ་སྐྱེ་གནས་ཀྱི་མཐར་ཐུག་པར་སོན་པ་
བསྒོམ་པར་བྱའོ། །དེའི་འདབ་མ་བརྒྱད་ལ་དབྱངས་ཡིག་བརྒྱད་ཡོངས་སུ་གྱུར་པ་ལས་བུང་བ་བརྒྱད་དགའ་བ་དང་མགུ་བ་དང་རྒྱས་པའོ། །ནག་པོ་དང་དམར་པོ་གོ་རིམས་བཞིན་དུ་བཟློག་པས་རང་གི་སྣ་ནས་ནགས་སུ་ཨུ་ཌི་ཡར་འདོང་ཞིང་རང་གི་སྣ་བུག་གཡས་གཡོན་གྱི་བུ་ག་ནས་
འཐོན་ཏེ། བསྒྲུབ་བྱ་དུག་གིས་མནར་བའི་སྣ་གཡས་ཀྱི་བུ་ག་ནས་རབ་ཏུ་ཞུགས་ཏེ་སྟོབས་དང་ལྡན་པས་གཅོད་ཅིང་དུག་རྣམས་རྙིང་བར་བྱའོ། །བརྒྱད་པའི་དང་པོ་དབྱངས་ཡིག་དང་པོ་ལས་ཅུང་ཟད་དཀར་བའི་འདབ་མ་དང་ལྡན་པས་རྣམ་པར་བརྒྱན་པ་ཞེས་རྣམ་པར་བསམ་ཞིང་དུག་གིས་མནར་
བའི་སྣ་བུག་གཡས་ནས་འཐོན་པར་བསམ་པར་བྱའོ། །ཕྱི་ནས་རྣལ་འབྱོར་པས་བགྲང་ཕྲེང་གིས་མངོན་པར་བསྣུན་ཅིང་སྤྱི་བླུགས་ཀྱི་ཆུས་དབང་བསྐུར་བྱས་པས་དུག་གིས་མནར་བ་ལངས་པར་བྱེད་དོ། །དུས་གསུམ་དུ་རྣམ་པར་བསྒོམས་པར་གྱུར་པས་རང་ཉིད་ཁྱུང་གི་གཙུག་གི་ནོར་
བུའོ། །སྒྲུབ་པ་པོ་མགལ་མེའི་འཁོར་ལོ་བཞིན་དུ་སྔགས་ཀྱི་གཟུགས་ཀྱིས་རྟག་ཏུ་མངོན་པར་དགའ་བ་དང་ལྡན་པར་གྱུར་པས་རྒྱུན་མི་འཆད་པར་གོམས་པའི་ཡིད་ཀྱིས་གདམས་ངག་ངེས་པས་སོ། །མཐའ་ཡས་ལ་སོགས་པ་རིགས་ལྡན་རྣམས་ཏེ། དེ་ལ་ཀླུ་རྣམས་དགོད་པར་བྱ་
སྟེ། གནས་རྣམས་ཐམས་ཅད་དུའོ། །སྔོན་དུ་ཡི་གེ་རྣམས་དགོད་པར་བྱ་སྟེ། དབྱངས་རྣམས་ཀྱི་ཁྱད་པར་ལས་སོ། །དེའི་ཕྱི་ནས་མཐའ་ཡས་དང་རིགས་ལྡན་དག་གིས་དབུ་སྐྲ་བཅིངས་པའི་གནས་དག་གསེར་གྱི་མདོག་ལྟ་བུའོ། །འཇོག་པོས་རྣ་རྒྱན་དུ་བྱས་ཤིང་གདེངས་པའོ། །
ལག་གདུབ་པདྨ་ཆེན་པོ་གསེར་བཙོ་མའི་འོད་ལྟ་བུ། སྟོབས་ཀྱི་རྒྱུ་དཀར་པོས་མཆོད་ཕྱིར་ཐོགས་བྱས་པའོ། །ནོར་རྒྱས་པདྨ་དམར་པོའི་འོད་ལྟ་བུས་སྐ་རགས་བྱས་པ། ཀུནྡ་དང་བནྡུ་ཀ་འདྲེས་པ་ལྟ་བུའི་པདྨ་དང་དུང་སྐྱོང་དག་གིས་རྐང་པ་དག་ལའོ། །འདི་ལྟ་བུའི་རྒྱན་དྲག་པོས་བརྒྱན་

ནས་སྔགས་རིག་པས་རྟག་ཏུ་ཀུ་རུ་ཀུལླེའི་གཟུགས་དང་དབྱིབས་ཀྱི་བྱ་ཁྱུང་གི་གདན་གྱི་སྟེང་དུ་གནས་པས་གཡོ་བ་དང་མི་གཡོ་བ་ཐམས་ཅད་བསྒྲུབ་པར་བྱའོ། །འདི་ཉིད་ཀྱི་རིམ་པས་སྒྲུབ་པ་པོ་བདག་ཉིད་བསྒོམས་པར་གྱུར་པས་རང་ཉིད་བྱ་ཁྱུང་གི་གཙུག་གི་ནོར་བུའོ། །དེ་ལ་གནས་པས་བཟླས་པ་བྱ་ཞིང་
སྔགས་པས་ཐུན་མཚམས་གསུམ་དུ་ཏིང་ངེ་འཛིན་གྱིས་སོ། །སྔགས་འདི་ཉིད་ཀྱིས་ཞོའི་ཟས་ཨརྐའི་སྣོད་དུ་བྱས་ནས་བཟའ་བར་བྱས་པའི་སྔགས་པས་རྒྱ་མཚོའི་དུག་འཇོམས་པར་བྱེད་དོ། །བུམ་པ་གང་བའམ། དུང་གཡས་སུ་འཁྱིལ་བར་ལན་ཉི་ཤུ་རྩ་གཅིག་བཟླས་པས་ཆུ་དུག་
གིས་ན་བས་བཏུང་བར་བྱའོ། །དཀར་པོའི་བསམ་གཏན་གྱི་དཔྲལ་བར་ཐིག་ལེའི་གཟུགས་ཀྱིས་དུག་མེད་པར་བྱེད་དོ། །བསམ་གཏན་སེར་པོས་རེངས་པར་བྱེད་དོ། །བསམ་གཏན་དམར་པོས་ཀླུའི་དུག་གི་གཟུགས་རྨོངས་པར་བྱེད་དོ། །བསམ་གཏན་ནག་པོས་དུག་ཡང་དག་པར་འཕོ་བར་བྱེད་དོ། །
ལྗང་གུའི་བསམ་གཏན་གྱིས་སླར་ཡང་འཚོ་བར་བྱེད་དོ་ཞེས་པ་ནི་བསམ་གཏན་གྱི་ཁྱད་པར་དུ་གསུངས་སོ། །དཔལ་ལྡན་སྒྱུ་འཕྲུལ་དྲ་བ་རྣལ་འབྱོར་གྱི་རྒྱུད་ཆེན་པོ་སྟོང་ཕྲག་བཅུ་དྲུག་པ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་མཆོག་ཏུ་གྱུར་པ་སློབ་དཔོན་དཔལ་ནག་པོ་སྤྱོད་པའི་ཞབས་
ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། འཕགས་མ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །མདོར་བསྡུས་པའི་སྒྲོལ་མ་ལས་བྱུང་བའི་ཀུ་རུ་ཀུལླེར་བདག་ཉིད་བསམ་པར་བྱའོ། །རང་གི་ཆོས་
འབྱུང་དུ་བསྒྲུབ་བྱ་བལྟས་ལ་རང་གི་སྙིང་གར་གནས་པའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་དེ་ལ་དབང་བསྐུར་བས་ཡོངས་སུ་དག་ཅིང་ཐལ་མོ་ཡང་དག་པར་སྦྱོར་བས་དབང་དུ་གྱུར་ཏེ། ཀུན་ནས་དམར་བའི་སྐུ་མདོག་ཏུ་བསྒོམ་པར་བྱའོ་ཞེས་པ་ནི་དབང་དུ་བྱ་བའོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །ལྷ་དང་
ལྷ་མིན་མིར་བཅས་པ། །མྱུར་དུ་མངག་གཞུག་བྱེད་འགྱུར་བ། །ཀུ་རུ་ཀུལླེར་ཕྱག་འཚལ་ལོ། །དང་པོར་སྔགས་པས་ཞལ་བསང་བ་ལ་སོགས་པ་བྱས་ཏེ། སྟན་བདེ་བ་ལ་འདུག་ནས། རང་གི་སྙིང་གར་ཨ་ཡིག་ལས་སྐྱེས་པའི་ཟླ་བ་ལ་གནས་པའི་ཧྲཱིཿཡིག་གི་འོད་ཟེར་གྱིས་བཀུག་

པའི་ལྷ་མོ་ཀུ་རུ་ཀུལླེའི་སྙིང་གར་ས་བོན་ལས་བྱུང་བའི་མཆོད་པའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱ་སྟེ། ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། དེའི་དགེ་བ་ཡོངས་སུ་བསྔོ་བ་དང་། གསུམ་ལ་
སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཚད་མེད་པའི་གནས་བཞི་བསྒོམ་པར་ཡང་བྱས་ནས་སྟོང་པ་ཉིད་བསྒོམ་པ་དང་བྱིན་གྱིས་བརླབ་པ་ཡང་བྱའོ། །སྙིང་གའི་ས་བོན་ལས་སྐྱེས་པའི་ཨུཏྤ་ལ་དམར་པོ་ཨ་ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་རྣམ་པར་བསྒོམ་
པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྐུ་མདོག་དམར་མོ་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ། རྒྱན་དམར་པོ་དང་ལྡན་པ། ཕྱག་བཞི་པ་གཡས་པས་མི་འཇིགས་པ་སྦྱིན་པ། གཞན་གྱིས་མདའ་བཀང་བ་འཛིན་པ། གཡོན་གྱི་གཅིག་གིས་རིན་
པོ་ཆེ་དང་གཞུ་འཛིན་པའོ། །འོད་དཔག་ཏུ་མེད་པས་དབུ་བརྒྱན་པ་ཀུ་རུ་ཀུལླེའི་རིའི་ཕུག་ན་བཞུགས་པ། སྒེག་པའི་ཉམས་འབར་བ། ལང་ཚོ་གཞོན་པའི་ཀུ་རུ་ཀུལླེ་བསྒོམ་པར་བྱའོ། །ཇི་སྲིད་མི་ངལ་གྱི་བར་དུའོ། །ངལ་བར་གྱུར་ན་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ལྟ་སྟེ།
ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། བསྒྲུབ་བྱ་དབང་དུ་བྱ་བར་འདོད་པས་མྱ་ངན་མེད་པའི་ཤིང་དམར་པོའི་འོག་ཏུ་སིནྡྷུ་རའི་མཎྜལ་བྱས་ནས། དེ་ལ་མེ་ཏོག་དམར་པོས་ལྷ་མོ་ཡང་དག་པར་མཆོད་ཅིང་བདག་ཉིད་གོས་དམར་པོ་གྱོན་ཏེ། བསྒྲུབ་བྱ་རྐང་པས་གནོན་ཅིང་གོས་མེད་པ། མྱོས་ཤིང་སྐྲ་གྲོལ་བ་
སྙིང་གར་ཨུཏྤ་ལ་དམར་པོའི་ཚོགས་ཀྱིས་འབུགས་པ་བཞིན་དུ་སྔགས་བཟླས་པར་བྱའོ། །དེ་ལ་ཉེ་བའི་སྔགས་ནི་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཨཱ་མུ་ཀ་མེ་བ་ཤི་ཀུ་རུ་སྭཱ་ཧཱ་ཞེས་པའོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀལྤོཀྟ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ།
རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། འཕགས་མ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་གནས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བཅོམ་ལྡན་འདས་མའི་རས་བྲིས་ལ་སོགས་པ་བཀྲམ་སྟེ་ཕྱིའི་མཆོད་པས་མཆོད་ནས་རང་གི་སྙིང་གར་

དྲི་མ་མེད་པའི་ཟླ་བ་ཡོངས་སུ་གང་བའི་འོད་ལ་དབྱངས་ཡིག་དང་པོ་ལས་བྱུང་བའི་སེམས་ཀྱི་ཟླ་བ་རྣམ་པར་བསྒོམས་ནས། དེའི་ས་བོན་དགོད་པར་བྱ་སྟེ། དྲོ་བ་རྣམས་ཀྱི་བཞི་པ་ནི། །མེ་ཡི་ཡི་གེའི་སྟེང་དུ་གནས། །ཨཱི་ཡིག་དང་ནི་ཡང་དག་ལྡན། །ནམ་མཁའ་གཉིས་ཀྱིས་རྣམ་པར་བརྒྱན། །དེ་ཡི་
སེམས་ཀྱི་འོད་ཟེར་གྱིས། །འགྲོ་བ་རྣམས་ནི་དྲི་མེད་བྱས། །ལྷན་ཅིག་ལ་སོགས་ཁམས་རྣམས་སྦྱངས། །ཀུ་རུ་ཀུལླེའི་རི་བོར་སོང་། །ཡང་དག་བསྐུལ་བ་དེ་ཡིས་ནི། །སྒྲོལ་མ་འགུགས་ཤིང་མདུན་དུ་འཕྲོ། །དེ་ལ་ས་བོན་མཆོད་ཆེན་གྱི། །མཁས་པས་སྤྲིན་ཚོགས་སྤྲོ་བར་བྱ། །
མེ་ཏོག་བདུག་པ་དེ་བཞིན་དུ། །མར་མེ་དྲི་དང་ཞལ་ཟས་ཚོགས། །སྒེག་མོ་ཕྲེང་མ་གླུ་མ་གར། །དེ་བཞིན་རོལ་མོ་སོགས་ཀྱིས་མཆོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་
ཆུབ་ཡིད་ཀྱིས་གཟུང་། །འདི་ཡི་སྔགས་ནི་རྣམ་གསུམ་བརྗོད། །དེ་ནས་བཟོད་པར་གསོལ་བར་བྱ། །དེ་ལ་ཚིགས་སུ་བཅད་པ་འདིས། །གང་ཡང་བདག་བློ་རྨོངས་པ་ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །ལུས་ཅན་ཀུན་གྱི་སྐྱབས་ཡིན་ཕྱིར། །ལྷ་མོ་ཁྱོད་ཀྱིས་བཟོད་པར་མཛོད། །བྱམས་
པའི་སེམས་ལ་གནས་པ་ནི། །སླར་ཡང་དེ་ལ་ངེས་པར་བཅིང་། །སྙིང་རྗེའི་སེམས་ནི་ཡང་དག་བསྐྱེད། །རབ་ཏུ་དགའ་བའི་སེམས་འབབ་བྱ། །ཕྱི་ནས་བཏང་སྙོམས་བྱ་བ་སྟེ། །ཀུན་ནས་སེམས་ཙམ་རྣམ་པར་གཞག །སེམས་ནི་སྟོང་པ་ཉིད་བྱ་སྟེ། །རང་གཞན་རྣམ་པར་སྤང་བར་བྱ། །
སྟོང་ཉིད་མེ་ཡིས་བསྲེགས་བྱས་ནས། །ཕུང་ལྔ་སླར་ཡང་སྲིད་མི་འབྱུང་། །ཨོཾ་