Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 77
Văn bản gốc(Tây Tạng)
Trang 13 / 23 (50.000 ký tự/trang)
་ནས་སྟོང་པ་ཉིད་ཀྱི་བྱང་ཆུབ་ཀྱི་སྔགས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་པདྨ་དེ་ལ་ ཟླ་བ་རྣམ་པར་བསྒོམས་ལ། དེའི་དབུས་སུ་ས་བོན་ལས་བཅོམ་ལྡན་འདས་མ་ཤེལ་དག་པ་ལས་བྱས་པ་ལྟ་བུ་ཞལ་གཅིག་པ། དབུ་སྐྲ་ནག་པོ་ཕྱེད་ཕྱེད་དུ་འཁྱིལ་བའི་ཞགས་པ་ཅན། ཕྱག་གཉིས་པ། སྐྱིལ་ཀྲུང་གིས་བཞུགས་པ། མཆུ་དང་ཕྱག་དང་ཞབས་ཀྱི་མཐིལ་དམར་བ་རྒྱན་ཐམས་ ཅད་ཀྱིས་བརྒྱན་པ། ན་བཟའ་དཀར་པོ་བསྣམས་པ། ཕྱག་གཡས་ན་སྡོང་བུ་དང་བཅས་པའི་ཆུ་སྐྱེས་བསྣམས་པ། ཕྱག་གཞན་ན་ཐུགས་ཀར་པུསྟི་བསྣམས་པའི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོར་བསྐྱེད་ནས། ལྟེ་བའི་དཀྱིལ་འཁོར་དུ་ དེ་བཞིན་དུ་གཞན་ཡང་བཅོམ་ལྡན་འདས་མ་རྒྱན་ཐམས་ཅད་བསྣམས་པར་བསྒོམ་པར་བྱའོ། །འདིའི་ཐུགས་ཀར་ཡང་པདྨ་དང་ཟླ་བའི་ས་བོན་ལ། དེ་ལས་འཕྲོས་པའི་འོད་ཟེར་ལྕགས་ཀྱུའི་རྣམ་པས་མ་འོངས་པ་ན་གྲུབ་པའི་བཅོམ་ལྡན་འདས་མ་ཛཿ། ཞེས་པའི་སྔགས་ཀྱིས་གདན་ དྲངས་ནས། ཡང་དག་པར་མཆོད་ཅིང་ཧཱུཾ་ཞེས་པས་རབ་ཏུ་བཅུག་ནས་བཾ་ཞེས་པས་བཅིངས་ཏེ་ཧོཿཞེས་པས་མཉེས་པར་བྱའོ། །དེའི་རྗེས་ལ་ས་བོན་ལས་འཕྲོ་ཞིང་བྱུང་བའི་འོད་ཟེར་གྱིས་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་ན་གནས་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པ་མཐའ་ ཡས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྲུལ་པའི་སྐུ་སླར་ཡང་དེ་ལས་སྡུད་པ་བསྒོམ་པར་བྱའོ། །སྤྲོ་ཞིང་བསྡུ་བས་ངལ་ན་བཅོམ་ལྡན་འདས་མའི་ང་རྒྱལ་གྱིས་གནས་པར་བྱའོ། །དེ་བཞིན་དུ་གུང་ཐུན་དང་ཐུན་ཕྱི་མའང་སྤྲོ་ཞིང་རྣམ་པར་བསྒོམས་ཏེ། བསྡུས་ནས་དེའི་ང་རྒྱལ་གྱིས་གནས་ པར་བྱའོ་ཞེས་སོ། །ཡང་སྔ་དྲོའི་ཐུན་ལ་མུཿཡིག་གིས་གཤེགས་ནས་དེ་བཞིན་བསྒོམ་པར་བྱའོ། །དེ་ལ་འདིར་བཟླས་པའི་ཆོ་ག་ནི་སྙིང་གའི་ས་བོན་གྱི་ཡི་གེ་ནང་དང་ཕྱི་རུ་ལྷ་མོའི་ཞལ་གྱི་སྒོ་ནས་ཐོན་ནས་ལྟེ་བའི་དཀྱིལ་འཁོར་དུ་དེ་ལ་དེ་བཞིན་དུ་རབ་ཏུ་ཞུགས་ཏེ་སྔགས་ཀྱི་ཡི་གེ་རྣམས་ ཤེལ་གྱི་ཕྲེང་བའི་རྣམ་པ་དཀར་པོ་སྤྲོ་ཞིང་ཉེ་བར་བསྡུས་ནས་ལྷ་རྣམས་ཀྱི་ང་རྒྱལ་གྱིས་བཟླས་པར་བྱའོ། །དེ་ལ་བཟླས་པའི་སྔགས་འདིའོ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི་དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱ་ཧཱ། དེ་བཞིན་དུ་བསྒོམ་པའི་རྣལ་འབྱོར་པས་དུས་མི་རིང་བར་བསྟན་བཅོས་ ཐམས་ཅད་ལ་མཁས་པར་འགྱུར་རོ་ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའི་རིམ་པའོ། །ཤེས་རབ་ཕ་རོལ་ཕྱིན་གྱུར་པའི། །སྒྲུབ་ཐབས་གང་བྱས་བསོད་ནམས་དེས། །ཤེས་རབ་ཕ་རོལ་ཕྱིན་གྱུར་པར། །འགྲོ་བ་འདི་རྣམས་འགྱུར་བར་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ དཀར་མོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དཔལ་ལྡན་པདྨ་འཕེལ་གྱི་ཞབས་ཀྱིས་མཛད་པའོ།། ༄༅༅། །རྒྱ་གར་སྐད་དུ། ཀ་ན་ཀ་ཝརྞ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་གསེར་མདོག་ཅན་གྱི་སྒྲུབ་ཐབས། འཕགས་མ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །རང་གི་སྙིང་གར་ཨཾ་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་དྷཱིཿཡིག་རྣམ་པར་བཀོད་པ་ལས་འོད་དཔག་ཏུ་མེད་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་བླ་མ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བསྐུལ་ཞིང་གང་ན་དྲངས་ནས་ མདུན་དུ་སྟན་སྣ་ཚོགས་པ་ལ་བཞུགས་པར་བལྟས་ནས། ཡིད་ཀྱིས་ཕྱག་དང་། མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་། བཟོད་པར་ གསོལ་བ་རྣམས་བྱས་ཏེ། དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་རྣམས་བསྒོམས་ཏེ། དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་དེ་བཞིན་དུ་སྐད་ཅིག་གིས་ཟླ་བ་ལ་གནས་པའི་དྷཱིཿཡིག་བལྟས་ལ། དེ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རལ་པའི་ཅོད་པན་ཅན། ཞལ་གཅིག་པ་ཕྱག་བཞི་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། རིན་པོ་ཆེ་སྣ་ཚོགས་པས་བརྒྱན་པ། གསེར་མདོག་འབར་བ། ཕྱག་གཡོན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ལྡན་པའི་ཨུཏྤ་ ལ་སྔོན་པོ་བསྣམས་པ། ན་བཟའ་སྣ་ཚོགས་པའི་སྟོད་གཡོགས་ཅན། ཕྱག་གཡས་པ་མི་འཇིགས་པ་སྦྱིན་པ། པདྨ་དམར་པོ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་བཅོམ་ལྡན་འདས་མ་རྣམ་པར་བསྒོམས་ཏེ། དེ་ནས་བརྟན་པའི་ང་རྒྱལ་བྱའོ། །གང་བཅོམ་ལྡན་འདས་མ་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ང་རྒྱལ་དང་བཅས་པའི་ང་རྒྱལ་ཅན་གང་ཡིན་པ་དེ་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའོ། །དེ་ནས་སྔགས་དགོད་པར་བྱ་སྟེ། མགྲིན་པར་ཨོཾ་དྷཱིཿལྕེ་ལ་ཨོཾ་གྷིཿརྣ་བ་དག་ལ་ཛིཿདེ་ནས་རང་གི་སྙིང་གར་ཨཱཿཡིག་དམར་པོ་ལས་བྱུང་བའི་པདྨ་ འདབ་མ་བརྒྱད་པ་ཟེའུ་འབྲུ་གེ་སར་དང་བཅས་པ་བསམས་ལ་ཡི་གེ་རྣམས་དགོད་པར་བྱའོ། །ཡིད་ཀྱིས་པདྨའི་འདབ་མ་དང་ཟེའུ་འབྲུ་སེར་པོ་རྣམས་ལ་ཤར་གྱི་འདབ་མ་ལ་ན་མོ། མེའི་འདབ་མ་ལ་བྷ་ག་ཝ་ཏྱཻ། ལྷོའི་འདབ་མ་ལ་པྲཛྙཱ་པ་ར་མི་ཏཱ་ཡཻ། བདེན་བྲལ་ དུ་ཨ་མི་ཏ་གུ་ཎཱ་ཡེ། ཆུ་བདག་གི་འདབ་མ་ལ་བྷ་ག་ཝ་ཏི་བཙྪ་ལཱ་ཡེ། རླུང་གི་འདབ་མ་ལ་སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་པ་རི་པཱུ་རཱ་ཡེ། ལུས་ངན་གྱི་འདབ་མ་ལ་སྭཏྭ་བཙྪ་ལཱ་ཡེ། དབང་ལྡན་གྱི་འདབ་མ་ལ་ཏདྱ་ཐཱ་ཨོཾ་དྷཱིཿཀརྞི་ཀཱ་ཡཾ། ཤར་དུ་ཤྲུ། མེ་རུ་ཏི། ལྷོ་རུ་སྨྲྀ། བདེན་བྲལ་དུ་ཏེ། ཆུ་བདག་ ཏུའི། རླུང་དུ་ཛཱ། ལུས་ངན་དུ་ཡེ། དབང་ལྡན་དུ་སྭཱ་ཧཱ། དེ་བཞིན་དུ་སྔགས་ཀྱི་ཡི་གེ་རྣམས་བཀོད་ནས་བཟླས་སོ། །ཡི་གེ་འདི་རྣམས་དེ་བཞིན་དུ་བསམ་པར་བྱའོ། །ཐུན་མཚམས་གསུམ་དུ་སྟོང་ཕྲག་བརྒྱད་ཇི་སྲིད་ཟླ་བ་དྲུག་གི་བར་རམ་ཡང་ན་ལོས་དེ་ཐོས་པ་འཛིན་པར་འགྱུར་རོ། ། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡིད་འོང་གནས་ ནི་འགའ་ཞིག་ཏུ། །བདེ་བའི་སྟན་ལ་འདུག་བྱས་ནས། །རྣལ་འབྱོར་བྱམས་དང་སྙིང་རྗེར་ལྡན། །སྔགས་ནི་ལན་གསུམ་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པས་བརྟན་དང་གཡོ་བའི་དངོས། །བདག་གི་ལུས་ཀྱང་ཐམས་ཅད་དུ། །སེམས་ཀྱིས་ སྟོང་ཉིད་བསྒོམ་པར་བྱ། །རྨི་ལམ་རྨི་ལམ་མཚུངས་པ་རུ། །པཾ་ཡིག་རྣམ་པ་ལས་སྐྱེས་པའི། །པདྨ་ཟླ་བའི་གདན་གནས་པའི། །དྷཱིཿཡིག་སེར་པོ་དགོད་བྱ་སྟེ། །དེ་ཡིས་བདག་ཉིད་བཅོམ་ལྡན་མ། །ཕྱག་གཉིས་ཤེས་རབ་ཕ་རོལ་ཕྱིན། །སྣ་ཚོགས་གོས་འཆང་སྣ་ཚོགས་རྒྱན། ། ཆོས་འཆད་ཕྱག་རྒྱ་ཡང་དག་ལྡན། །སྒེག་པ་གཅིག་པུའི་ཉམས་ལྡན་ཞིང་། །རྡོ་རྗེ་སྐྱིལ་ཀྲུང་ཡང་དག་གནས། །པུསྟི་དང་བཅས་ཆུ་སྐྱེས་ནི། །གཡོན་གྱི་ལོགས་སུ་བསྣམས་པའོ། །སྤྱི་བོ་མགྲིན་པ་སྙིང་གནས་སུ། །ཟླ་བ་ལ་གནས་དེ་ཉིད་གསུམ། །ཨོཾ་ཨཱཿཧཱུཾ། ཨཱཿཡིག་ ཧཱུཾ་ཡིག་དག་གི་དབུས། །ཟླ་བ་དྷཱིཿཡིག་སེར་པོ་ཡི། །འོད་ཟེར་རྣམ་པར་བསྒོམས་ནས་ནི། །དེ་ནས་སྐུ་མདོག་སེར་མོ་བསྒོམ། །ཀུན་རྫོབ་ཀྱི་ནི་རྣལ་འབྱོར་པས། །ཤེས་རབ་ཤེས་རབ་བསྒོམ་པར་བྱ། །དོན་དམ་པ་ནི་རྟོགས་པའི་སྐུ། །ཤེས་རབ་བདག་ཉིད་ཆེན་པོར་གསུངས། །གང་ གིས་བྱང་ཆུབ་ངེས་ཐོབ་པའི། །རིམ་པ་སྦྱོར་བས་རྒྱལ་བར་འགྱུར། །སྟོན་ཀའི་ཟླ་བ་ལྟ་བུ་ཡི། །དཀར་བའི་སེམས་ནི་རྣམ་པར་བསྒོམ། །སྣ་ཚོགས་གཡོ་དང་མི་གཡོ་བ། །ཕྱི་ནས་ནམ་མཁའི་དཔེ་དང་འདྲ། །རྣམ་རྟོག་མ་ལུས་སྟོང་པ་སྟེ། །རང་བྱུང་སྟོང་པ་གཟུགས་ཀྱང་མེད། ། གཟུགས་སྒྲ་དྲི་དང་རོ་དང་ནི། །རེག་བྱ་ལ་སོགས་གཟུང་དང་འཛིན། །རྟོག་པས་ཡོངས་སུ་མ་གོས་པ། །བསམ་མི་ཁྱབ་པའི་རྐྱེན་ལས་བྱུང་། །ཡང་དག་རྫོགས་པའི་བྱང་ཆུབ་གནས། །ཀུན་མཁྱེན་སེམས་ཀྱི་གོ་འཕང་ངོ་། །དེ་ལ་བཟླས་པའི་སྔགས་ནི་འདིའོ། །ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཤྲུ་ ཏི་སྨྲྀ་ཏི་བི་ཛཱ་ཡེ་དྷཱིཿསྭཱ་ཧཱ། ཤེས་རབ་ཕ་རོལ་ཕྱིན་བསྒོམ་པའི། །བདག་བྱས་བསོད་ནམས་གང་ཐོབ་པ། །དེ་ཡིས་འཇིག་རྟེན་མ་ལུས་ཀུན། །ཤེས་རབ་ཕ་རོལ་ཕྱིན་ཡུམ་ཤོག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀ་ན་ཀ་ཝརྞ་པྲཛྙཱ་ པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྒྲུབ་པ་པོས་སྟན་བདེ་བ་ལ་འདུག་ནས། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ ཟླ་བའི་དབུས་སུ་དྷཱིཿཡིག་སེར་པོ་བསྒོམས་ཏེ། དེ་ལས་བྱུང་བའི་མེ་ཏོག་ལ་སོགས་པ་རྣམས་ཀྱིས་བསྒོམ་པར་བྱ་བ་དང་ལྡན་པའི་བཅོམ་ལྡན་འདས་མ་རང་གི་སྙིང་གའི་ས་བོན་གྱི་ཆས་གདན་དྲངས་ནས་རང་གི་མདུན་དུ་བཞུགས་ཏེ། ཡང་དག་པར་མཆོད་ནས་དེའི་མདུན་དུ་སྡིག་པ་བཤགས་ པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་ཚད་མེད་པའི་གནས་བཞི་བསྒོམས་པ་སྔོན་དུ་འགྲོ་བས་སྐད་ཅིག་གིས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། སྔགས་འདིའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་སོ། །ཕྱི་ནས་ནམ་མཁའི་ཕྱོགས་སུ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་ པ་ལས་ཟླ་བའི་དཀྱིལ་འཁོར་ལ་དྷཱིཿཡིག་སེར་པོ་ལ། ཨ་ཡིག་ལ་སོགས་པའི་དབྱངས་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་ནས་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་གཉིས་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དྷཱིཿཡིག་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པའི་པོ་ཏིས་ཉེ་བར་མཚན་པ་བསྒོམ་པར་བྱའོ། །ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སྐུ་མདོག་སེར་མོ་སྣ་ཚོགས་པདྨ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཞལ་གཅིག་པ། ཕྱག་གཉིས་ཆོས་འཆད་པའི་ཕྱག་རྒྱ་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན། གཡོན་ལོགས་སུ་པདྨའི་དབུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བསྣམས་པ་བསྒོམ་པར་བྱའོ། །དཔྲལ་བར་ཨོཾ་ཡིག་སེར་པོ། མགྲིན་པར་ཨཱཿདཀར་པོ་སྙིང་གར་དྷཱིཿཡིག་སེར་པོ། ལྟེ་བར་ཧཱུཾ་ཡིག་ནག་པོའི་ སྔགས་བཟླས་པར་བྱའོ། །ཨོཾ་ཨཱཿདྷཱིཿཧཱུཾ་སྭཱ་ཧཱ། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། བཅོམ་ལྡན་འདས་ མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཤེས་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །བསྒྲུབ་བྱའི་དོན་དེ་སྦྱར་བ་ཡིས། །གཞུང་ལམ་དག་ལ་དེ་ཡི་སྒྲ། །བྱང་ཆུབ་ས་བོན་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་བཏུད་ནས། །གཉིས་མེད་ཡེ་ ཤས་བསྒྲུབ་པའི་ཕྱིར། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །དང་པོ་རེ་ཞིག་སྔགས་པས་མཉམ་པར་གཞག་པར་གྱུར་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པ་ཡིད་ལ་བྱས་ཏེ། ཅནྡན་་གྱི་མཎྜལ་བྱས་ནས་དེའི་ཡན་ལག་ངོ་བོ་ཉིད་མེད་པའི་རང་བཞིན་གྱིས་དེ་ལ་དབུས་སུ་མི་བསྐྱོད་པ་བལྟས་ ནས་མེ་ཏོག་དབུལ་བར་བྱའོ། །སྔགས་འདིས་སོ། །ཨོཾ་ན་མོ་ཨཀྵོ་བྷྱ་ཧཱུཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་ཨ་ཀྵོ་བྷྱ་ཧཱུཾ་ཞེས་པའི་ས་བོན་གྱི་ཡི་གེ་བརྗོད་པར་བྱའོ། །གཞན་རྣམས་ཀྱང་ངོ་། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ་སྭཱ་ཧཱ། ཞེས་པས་ ཐམས་ཅད་དབུལ་བར་བྱའོ། །དེའི་མདུན་དུ་ཨོཾ་ན་མོ་བཻ་རོ་ཙ་ནཱ་ཡ་ཨོཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཞེས་སོ། །དེ་བཞིན་དུ་གཡས་ཕྱོགས་སུ་ཨོཾ་ན་མོ་རཏྣ་སམྦྷ་བཱ་ཡ་ཏྲཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་རྒྱབ་ཏུ། ཨོཾ་ན་མོ་ཨ་མི་ཏཱ་བྷཱ་ཡ་ཧྲཱིཿཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་གཡོན་དུ་ ཨོཾ་ན་མོ་ཨ་མོ་གྷ་སིདྡྷི་ཡེ་ཨཿ ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། འདིས་དེ་རྣམས་མཆོད་ནས། རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དག་གི་དབུས་སུ་ལྷ་མོ་སྤྱན་མ་ལ་མཆོད་པར་བྱའོ། །ཨོཾ་ན་མོ་ལོ་ཙ་ནཱ་ཡེ་ལཱཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དེ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། འོད་དཔག་མེད་དག་ གི་དབུས་སུ། ཨོཾ་ན་མོ་མཱ་མ་ཀྱཻ་མཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཡང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དག་གི་དབུས་སུ་ཨོཾ་ན་མོ་པཱཎྜ་རཱ་ཡེ་བཱཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཡང་དོན་ཡོད་གྲུབ་པ་དང་རྣམ་པར་སྣང་མཛད་དག་གི་དབུས་སུ་ཨོཾ་ན་མོ་སྟཱ་ར་ཡེ་ཏཱཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། དེ་ནས་མི་བསྐྱོད་པའི་གནས་ སུ། ཨོཾ་ན་མོ་པྲཛྙཱ་པཱ་ར་མི་ཏཱ་ཡེ་དྷཱིཿཨོཾ་བཛྲ་པུ་ཥྤེ་ཧཱུཾ་སྭཱ་ཧཱ། ཞེས་པས་ཐམས་ཅད་ལ་མེ་ཏོག་ལ་སོགས་པ་ལན་གསུམ་དབུལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་ལྷ་མོ་མཆོད་པ་རྣམ་པ་སྣ་ཚོགས་པས་མཆོད་པར་བྱའོ་ཞེས་པ་ནི་མཎྜལ་གྱི་ལས་སོ། ། ད་ནི་དེ་ཉིད་བསམ་པར་བྱ་སྟེ། འདིར་སེམས་ཅན་རྣམས་སྲིད་པའི་སྡུག་བསྔལ་གྱི་ཚོགས་ཀྱིས་མནར་ཞིང་ཡང་དང་ཡང་དུ་འཁོར་བར་འཁོར་ཏེ། ཀྱེ་མ་འདི་རྣམས་སྡུག་བསྔལ་ལོ་ཞེས་སྙིང་རྗེའི་སེམས་བསྐྱེད་ཅིང་དེ་ཉིད་བསམ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པས་ བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་ནས་དེ་རྣམས་ཀྱང་བདག་གིས་དེ་ལ་དགོད་ཅིང་ཇི་ལྟར་དེ་རྣམས་ཀྱང་སླར་ཡང་སྡུག་བསྔལ་མེད་ཅིང་འཁོར་བ་ལས་གྲོལ་ཞིང་བདེ་བར་ཡང་བྱའོ་ཞེས་པ་ནི་སྨོན་པ་སེམས་བསྐྱེད་པའི་མཚན་ཉིད་དོ། །དེ་ནས་རང་གི་སྙིང་གར་ན་བུན་གྱི་དོ་ཤལ་ཅན་ དབང་ཕྱུག་དགོད་པ་ལྟ་བུར་དཀར་ཞིང་བདུད་རྩིའི་ཚོགས་ལྟ་བུའི་ཟླ་བའི་དཀྱིལ་འཁོར་བལྟས་ལ། དེ་ལ་དྷཱིཿཡིག་གསེར་གྱི་ཁ་དོག་ལྟ་བུ་ལས་འོད་ཟེར་དཔག་ཏུ་མེད་པ་བརྒྱ་སྟོང་གི་སྒྲོན་མས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ན་སངས་རྒྱས་དཔག་ཏུ་མེད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་ པ་འཕྲོས་པ་བལྟས་ནས། འདིར་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་དང་། དགེ་བའི་བཤེས་གཉེན་རྣམས་ཀྱང་དཔག་ཏུ་མེད་པའི་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ཞལ་ཟས་དང་། འཁོར་ལོ་རིན་པོ་ཆེ་ དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། སྐྱེས་བུ་རིན་པོ་ཆེ་ལ་སོགས་པ་རྣམས་ཀྱིས་ཀྱང་སྟེ། འདི་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ལྷ་མོ་རྣམས་དང་། དགེ་བའི་བཤེས་གཉེན་རྣམས་ཀྱང་ནམ་མཁའ་ལ་ཡིད་ལས་སྐྱེས་པའི་མེ་ཏོག་ ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །བདག་ཉིད་དབུལ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་རྣམས་བྱའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་དང་། སྤྱན་མ་ལ་སོགས་པ་རྣམས་ཀྱང་ནམ་མཁའ་ལ་ སྤྲོ་ཞིང་བསྡུ་བ་ཐུན་མཚམས་མེད་པར་བྱའོ། །དེ་བཞིན་དུ་བསྒོམ་པ་ནི་འཇུག་པའི་སེམས་བསྐྱེད་པའི་མཚན་ཉིད་དོ། །དེ་ནས་ཨོཾ་སྭ་བྷཱ་ཝ་ཤུདྡྷ་སྶརྦ་དྷརྨཱ་སྶ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་པའི་ཚིགས་སུ་བཅད་པ་བཀླག་པར་བྱའོ། །དེ་ལ་བདག་ཉིད་གཅིག་པུ་བཞིན་དུ་བལྟ་ཞིང་བར་སྣང་ལ་འཕྲོ་བཞིན་ པའི་བདུད་རྩིའི་ཚོགས་པ་བཞིན་དུ་དྲི་མ་མེད་ཅིང་ཟླ་བ་ཡོངས་སུ་གང་བ་ལྟ་བུ་ཆ་ཤས་ཀྱི་ཚོགས་པ་ཐམས་ཅད་ཡོངས་སུ་གང་བ་འབར་ཞིང་འབར་བ་བལྟས་ནས་དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པར་བྱའོ། །བདག་ཉིད་བལྟས་ནས་གཟུགས་མེད་ཅིང་འདུ་ཤེས་ཀྱི་ རང་བཞིན་མེད་པ་སྟེ། འོན་ཀྱང་འོད་ཟེར་གྱི་ཚོགས་པ་ལྟ་བུ་འབའ་ཞིག་འཕྲོ་བ་ཞེས་དེ་བཞིན་དུ་བསམས་ནས་ཡང་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་དེ་ནས་དྷཱིཿཡིག་དེ་དང་འདྲ་བ་བསམས་ནས། དེ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ། དེའི་དབུས་སུ་ཧ་ ཡིག་བལྟས་ལ་ཨ་ཡིག་ལ་སོགས་པ་དབྱངས་ཡིག་བཅུ་དྲུག་གིས་བསྐོར་བ་ལ་དེ་བཞིན་དུ་ཀ་ཡིག་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་གཉིས་ཧ་ཡིག་ལ་སོགས་པ་ཐམས་ཅད་ཀྱང་དཀར་པོའོ། །དེ་བཞིན་དུ་དེའི་འདབ་མ་ལ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་དང་། མེ་ ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་སྟེ་རྣལ་འབྱོར་མ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །དེ་ཐམས་ཅད་ཀྱང་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཟླ་བ་བསྐྱེད་དེ། དེ་ལས་སྐྱེས་པའི་པདྨ་ལ། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟིའོ། །སླར་ཡང་དེའི་སྟེང་དུ་ ཟླ་བའི་དཀྱིལ་འཁོར་ལ། དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་གཉིས་པའོ། །སླར་ཡང་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་ལ་བཞུགས་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་གསེར་གྱི་མདོག་ལྟ་བུ་ཡན་ལག་ཐམས་ཅད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྒྱན་ དུ་མཛད་པ། ཡང་གཡོན་དང་གཡས་ན་ཨུཏྤ་ལ་དང་བཅས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་གཉིས་པ་བསྣམས་པ། དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྲས་ཀྱིས་ཡོངས་སུ་བསྐོར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉེ་བར་ འཁྲུངས་པ་སྟེ། དེ་ལྟ་བུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་བསྒོམ་པར་བྱའོ། །གང་གི་ཚེ་བསམ་གཏན་མི་ནུས་ན་དེའི་ཚེ་སྔགས་བཟླས་པར་བྱའོ། །ཨོཾ་ཨཱཿདྷཱིཿཧཱུཾ་སྭཱཧཱ། ཞེས་སོ། །བཟླས་པའི་དུས་སུ་ཡང་དཔྲལ་བར་ཨོཾ་ཡིག་སེར་པོར་བལྟ་བར་བྱའོ། །དེ་བཞིན་དུ་མགྲིན་པར་ཨཱཿཡིག་ དཀར་པོའོ། །ཡང་ཐུགས་ཀར་དྷཱིཿཡིག་སེར་པོའོ། །ཡང་ལྟེ་བར་ཧཱུཾ་ཡིག་སྔོན་པོའོ། །ཞེས་སོ། །ཤེས་རབ་ཕ་རོལ་ཕྱིན་མ་ཡི། །ལྷ་མོ་འདི་བཞིན་སྒོམ་བྱེད་པ། །བློ་ལྡན་གང་ཞིག་ཀུན་མཁྱེན་གྱི། །གོ་འཕང་ཐོབ་འགྱུར་ཐེ་ཚོམ་མེད། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་ སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བཛྲ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། འཕགས་མ་རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་སངས་ རྒྱས་གསུངས་གསལ་སྦྱིན་ཡོན་ཏན་རང་བཞིན་རྡོ་རྗེ་དབྱངས་ཅན་མར་བཏུད་ནས། །རང་ལ་ཕན་པ་ཡང་དག་སྒྲུབ་མཛད་མཛེས་པའི་ཉམས་ལྡན་རྩོད་པས་ཐུབ་པར་དཀའ་མཛད་མ། །དེ་ཡི་སྒྲུབ་ཐབས་འདི་ནི་ཀུན་ནས་ཡང་དག་མི་བཟད་མི་ཤེས་མུན་པ་འཇོམས་མཛད་པ། །བློ་ངན་རྣམས་ཀྱིས་ རྟོགས་ཕྱིར་སེམས་ཅན་ཕན་ཕྱིར་ལེགས་པར་གསུངས་པའི་ཆོ་གས་བཤད་པར་བྱ། །དང་པོར་སྔ་བར་ཁ་ལ་སོགས་པ་དག་པའི་རང་བཞིན་སྙིང་རྗེ་དང་ལྡན་བཟོད་ལྡན་པས། །སྔགས་པས་གཙང་བའི་སྟན་ལ་བྱམས་པའི་དགའ་བས་མྱོས་ཤིང་གང་ཞིག་དགའ་བ་དང་ ལྡན་པས། །གནས་ཀྱང་ཡིད་དུ་འོང་ཞིང་དབེན་པར་ཡང་ནི་རང་གི་སྙིང་གར་ཆུ་སྐྱེས་བལྟ་བར་བྱ། །དེ་ལས་སྤྲུལ་པ་ལས་བྱུང་རི་བོང་འཛིན་པ་ཡང་དག་བསྒོམ་པར་བྱའོ་དེ་ལ་ཡང་། །དོཿཡིག་འོད་ཟེར་རྣམས་ཀྱིས་ཕྱོགས་དང་བར་རྣམས་ཀྱང་ནི་འདི་ཡིས་ཡོངས་སུ་གང་བར་གྱུར། །དེ་ ནས་སངས་རྒྱས་ཚོགས་རྣམས་མདུན་དུ་བལྟས་ནས་འདིར་ནི་མཆོད་པ་ལ་སོགས་བསྒོམ་པར་བྱ། །མེ་ཏོག་ལ་སོགས་དེ་ནས་ཕྱག་འཚལ་སླར་ཡང་འདིར་ནི་སྡིག་པ་རབ་ཏུ་བཤགས་པར་བྱ། །དེ་བཞིན་བསོད་ནམས་རྗེས་སུ་ཡི་རང་སྔགས་རིག་པ་ཡིས་གསུམ་ལ་སྐྱབས་སུ་ཡང་དག་ འགྲོ། །ཞེས་པ་ལ་སོགས་སྨོན་ལམ་ལེགས་བཏབ་དེ་ཡིས་བདག་ཉིད་ཀྱང་ནི་དམིགས་པ་རབ་ཏུ་བྱ། །གཅིག་དང་དུ་མ་དང་བྲལ་རང་བཞིན་ཡོངས་སུ་བརྗོད་པ་དྲི་མེད་ཡང་དག་ཤེས་རྟོགས་པ། །དེ་ནས་སྣ་ཚོགས་རྣམ་རྟོག་དྲ་བ་མ་ལུས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་ལས་བྱུང་བ་ཆུ་སྐྱེས་དང་ནི་ཟླ་བ་ལ་གནས་དོཿཡིག་དམར་པོ་སྟེ། །སླར་ཡང་སྣ་ཚོགས་འོད་ཟེར་ཚོགས་རྣམས་ཤིན་ཏུ་མཛེས་པར་གྱུར་པའི་པདྨ་འདབ་བརྒྱད་པ། །དེ་ལ་དམར་ཞིང་འོད་ཟེར་ཆེན་པོ་དང་ལྡན་བཅོམ་ལྡན་འདས་མ་མཛེས་པའི་རྒྱན་ གྱིས་བརྒྱན། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ཡང་དག་གནས་ཤིང་ཞལ་གསུམ་ཕྱག་དྲུག་གིས་ནི་རབ་བརྒྱན་པ། །གཡས་པའི་ཞལ་ནི་སྔོ་ཞིང་ཕྱག་ན་པདྨ་རལ་གྲི་གྲི་གུག་རབ་ཏུ་བསྣམས་པ་སྟེ། །གཡོན་ཞལ་དཀར་ཞིང་ཕྱག་ན་ལྷུང་བཟེད་དང་བཅས་རིན་ཆེན་བཟང་དང་འཁོར་ལོ་ དེ་བཞིན་ནོ། །སྙིང་གར་པདྨ་ལ་གནས་ཟླ་བའི་དབུས་སུ་གནས་པའི་དེར་ཡང་དོཿཡིག་འོད་གསལ་བས། །སྣ་ཚོགས་མི་ཤེས་མུན་པ་འཇོམས་པའི་འོད་ཟེར་གྱིས་ནི་འགྲོ་བ་མ་ལུས་འགེངས་མཛད་པ། །ཡང་དག་བསྡུས་ལ་རང་གི་སྙིང་གར་ཟླ་བ་ལ་གནས་ས་བོན་བལྟས་ལ་སླར་ཡང་སྤྲོ། ། དེ་ཉིད་ཡང་དང་ཡང་དུ་རྟག་ཏུ་སྙོམ་ལས་མེད་པར་ཉི་མ་སོ་སོར་བསམ་པར་བྱ། །བསམ་གཏན་ངལ་ན་ས་བོན་མཉམ་སྐྱེས་བསྡུས་ལ་སྔགས་འདི་ཡིས་ནི་བཟླས་པ་རབ་ཏུ་བྱ། །དོ་ཤལ་གཡོ་ཞིང་ཉིན་བྱེད་རིམ་པས་འབྱུང་བའི་ཡིད་བཞིན་དུ་ནི་སྔགས་ཀྱིས་བཟླས་པར་བྱའོ། །ཨོཾ་པི་ཙུ་པི་ཙུ་ པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ། མེ་དྷ་ཝརྡྷ་ནི། དྷི་རི་དྷི་རི་བུདྷི་ཝརྡྷ་ནི་སྭཱ་ཧཱ། ཐུན་མཚམས་ཐམས་ཅད་དུ་ནི་ལྷ་མོའི་སྐུ་ལ་ཡིད་ནི་རྟག་ཏུ་རབ་ཏུ་དགའ་བ་ཡིས། །ཡང་དག་གསུངས་པའི་ཆོ་གས་སེམས་ཅན་རྣམས་གྱི་དོན་གྱུར་སྔགས་འདི་ཡོངས་སུ་བཟླས་པར་བྱ། །བསོད་ནམས་ཀྱང་ནི་ཡོངས་སུ་བསྔོ་ བྱ་དགོས་པ་བྱེད་ན་བསམ་གཏན་རྩེ་གཅིག་གནས་པར་སྤྱོད། །ཇི་སྲིད་འབུམ་ཕྲག་ཡོངས་སུ་མ་རྫོགས་པའམ་རྫོགས་ནས་ཀྱང་ནི་ལས་ཀྱི་རིམ་བཞིན་བྱ། །རྣམ་པ་ཐམས་ཅད་དུ་ནི་མི་མཐུན་ཕྱོགས་སུ་ཉེ་བར་ཡང་ཡང་དེ་ཉིད་བསམ་གཏན་བྱེད། །དཀར་པོའི་ཚེས་གཅིག་ནས་ནི་ཤིན་ཏུ་ དགེ་བའི་ཡིད་ཀྱིས་ཇི་སྲིད་ཟླ་བ་གནས་ཀྱི་བར། །དེ་སྲིད་ལེགས་སྦྱར་དེ་བཞིན་ནུབ་རེ་བཞིན་དུ་ཇི་སྲིད་ཟླ་བ་གང་བ་བཞིན་དུ་བྱ། །དེ་ཉིད་ཀྱི་ནི་མཚན་མོ་ཐུབ་པར་དཀའ་བའི་སྙན་ངག་མཁན་གྱི་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་དཔལ་ལྡན་གཤིན་རྗེ་གཤེད་ཀྱི་རྒྱུད་ལ་གནས་ཤིང་དཔལ་ ལྡན་ནག་པོའི་གཟི་བརྗིད་ཀྱིས། །དཔལ་ལྡན་རྡོ་རྗེ་དབྱངས་ཅན་བཅོམ་ལྡན་འདས་མ་དེ་ཡི་ཡང་དག་སྒྲུབ་པའི་ཐབས་གྱུར་པ། །སེམས་ཅན་རྣམས་ལ་ཕན་པའི་དོན་དུ་བདག་གིས་བརྩམས་པའི་བསོད་ནམས་ཡང་དག་ཐོབ་གྱུར་པ། །དེ་ཡིས་འགྲོ་རྣམས་ནག་པོ་ལྟ་བུར་ཐུབ་པར་དཀའ་ བའི་སྙན་ངག་མཁན་དུ་གྲུབ་པར་ཤོག །སངས་རྒྱས་རྣལ་འབྱོར་དཔལ་འཛིན་གྱིས། །དཔལ་ལྡན་རྡོ་རྗེ་དབྱངས་ཅན་གྱི། །འཇོམས་བྱེད་མཐར་ནི་བྱེད་པ་ཡི། །སྒྲུབ་པའི་ཐབས་ནི་ལེགས་བྱས་སོ། །འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སློབ་དཔོན་དཔལ་འཛིན་གྱིས་མཛད་པ་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་སྟོང་པ་ཉིད་ཇི་སྲིད་མངོན་དུ་བྱས་ཤིང་གནས་ནས་ཆུ་ སྐྱེས་དཀར་པོ་ཁྲུ་བདུན་གྱི་ཚད་ཙམ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཧྲཱིཿཡིག་དཀར་པོ། དེ་ལས་ཆུ་སྐྱེས་དཀར་པོ་ལ་རང་གི་ས་བོན་གྱི་སྙིང་པོ་ཅན་བསྒོམ་པར་བྱའོ། །དེ་ལས་ཡང་བཅོམ་ལྡན་འདས་མ་དབྱངས་ཅན་མ་ཆེན་མོ་རྗེས་སུ་བསམ་ པར་བྱའོ། །སྟོན་ཀའི་ཟླ་བའི་འོད་ཀྱི་རྣམ་པ་ཅན། ཆུ་སྐྱེས་དཀར་པོ་ལ་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་གཡས་པ་མཆོག་སྦྱིན་པ། གཡོན་པ་སྡོང་བུ་དང་བཅས་པའི་ཆུ་སྐྱེས་དཀར་པོ་བསྣམས་པ། ཞལ་འཛུམ་ཞིང་ཤིན་ཏུ་བརྩེ་བའི་བདག་ཉིད་ཅན། ཙནྡན་དཀར་པོ་དང་ མེ་ཏོག་གི་ན་བཟའ་མནབས་པ། མུ་ཏིག་གི་དོ་ཤལ་གྱིས་ཐུགས་ཀ་ཉེ་བར་མཛེས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ་ལོ་བཅུ་གཉིས་ཀྱི་རྣམ་པ་ཅན། ནུ་མ་འབུར་ཞིང་ནང་རྒྱས་པ། རྐེད་པ་བྱིན་གྱིས་ཕྲ་བ། ནང་ནས་འོད་ཟེར་གྱི་ཚོགས་འཕྲོ་བས་འཇིག་རྟེན་གསུམ་པོ་སྣང་བར་མཛད་ པའོ། །དེ་ནས་དེའི་མདུན་དུ་བཅོམ་ལྡན་འདས་མ་ཤེས་རབ་མའོ། །གཡས་སུ་བློ་ཅན་མའོ། །རྒྱབ་ཏུ་བློ་གྲོས་མའོ། །གཡོན་དུ་དྲན་པ་མའོ། །འདི་རྣམས་རང་གི་གཙོ་མོ་དང་སྐུ་མདོག་ལ་སོགས་པ་མཚུངས་ཤིང་། ཞལ་མངོན་པར་ཕྱོགས་པས་བཞུགས་པར་བསམ་པར་བྱའོ། ། དེ་ནས་རང་གི་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཡིག་དཀར་པོ་བསྒོམས་ནས་དེ་ལས་བྱུང་བའི་ངག་གི་རང་བཞིན་མ་ལུས་པའི་ཕྲེང་བ་བར་མ་ཆད་པ་རབ་ཏུ་འབབ་བཞིན་པ་བསམས་ནས་སྔགས་ཀུན་ནས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿམཧཱ་མཱ་ཡཾ་གེ་མ་ཧཱ་སྭ་ར་ སྭ་ཏྱེ་ན་མཿདེ་བཞིན་དུ་གསོ་སྦྱོང་བླངས་ནས་མི་སྨྲ་བར་གནས་ནས་རྒྱུན་དུ་ལྷའི་ང་རྒྱལ་དང་བཅས་པས་སྔགས་བཟླས་ཤིང་ལས་གཞན་མི་བྱེད་པས་ཟླ་བ་གཅིག་གིས་དབྱངས་ཅན་མའི་ངག་ཐོབ་པར་འགྱུར་རོ། །ཟླ་བ་གསུམ་གྱིས་ཚངས་པར་སྤྱོད་པ་ཉམས་པས་ཀྱང་འགྲུབ་པོ། །ཟླ་བ་ དྲུག་གིས་དབྱངས་ཅན་མ་དང་མཚུངས་པར་འགྱུར་རོ་ཞེས་སོ། །དེ་ནས་སྨན་བརྗོད་པར་བྱ་སྟེ། རའི་འོ་མ་དང་། ཨ་རུ་ར་དང་། ཚ་བ་གསུམ་དང་། མ་ནུ་པ་ཏྲ་དང་། ཤུ་དག་དང་། སེ་འབྲུ་དང་། རྒྱམ་ཚ་རྣམས་མར་ལ་ལན་བདུན་མངོན་པར་བསྔགས་ནས་འཐུངས་ན། དབྱངས་ཅན་ མའི་དངོས་གྲུབ་ཏུ་འགྱུར་རོ། །ཡོན་ཏན་བཞི་འགྱུར་ར་འོ་མ། །མར་བཅུག་ནས་ནི་བཙོ་བར་བྱ། །བློ་ལྡན་མི་ནི་དལ་འཇམ་གྱིས། །སྨན་ནི་ཚོས་པ་ཙམ་གྱིས་སོ། །ཟླ་བ་གཅིག་ཙམ་རབ་སྦྱོར་བས། །བླ་མེད་དག་ནི་ཐོབ་པར་འགྱུར། །ཟླ་བ་དྲུག་ཏུ་ལས་སྦྱོར་བས། །ངག་གི་དབང་ ཕྱུག་མངོན་སུམ་འགྱུར། །ཁུ་བྱུག་མྱོས་པའི་དབྱངས་དང་ལྡན། །སྙན་པའི་དབྱངས་ནི་སྐྱེ་འགྱུར་ཏེ། །སེམས་ཉིད་བསྒོམས་པའི་ནུས་པ་ཡིས། །འདིར་ནི་ཐེ་ཚོམ་མི་བྱའོ། །དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སྭ་ར་སྭ་ སྟཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། འཕགས་མ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྙིང་གར་ཆུ་སྐྱེས་དམར་པོ་ཟླ་བ་ལ་དོཿཡིག་དམར་པོའི་ས་བོན་ཡོངས་སུ་གྱུར་པ་ལས་ཆུ་སྐྱེས་དམར་པོ་འདབ་མ་བརྒྱད་པ་ལ་རང་གི་ས་བོན་གྱི་ སྙིང་པོ་ཅན། དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མ་རྡོ་རྗེ་དབྱངས་ཅན་མ་ཞལ་གསུམ་པ། ཕྱག་དྲུག་པ། སྐུ་མདོག་དམར་མོ་སྤྱན་གསུམ་མ། སྔོན་པོ་དང་དཀར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ། །པདྨ་དང་། རལ་གྲི་དང་། གྲི་གུག་རྣམས་ཕྱག་གཡས་པ་རྣམས་ན་ བསྣམས་པ། ཐོད་པ་དང་། རིན་པོ་ཆེ་དང་། འཁོར་ལོ་རྣམས་ཕྱག་གཡོན་པ་རྣམས་ན་བསྣམས་པ། ཞབས་གཡོན་བརྐྱང་བའི་གཞོན་ནུ་མའི་ལང་ཚོ་དང་ལྡན་པ། རྒྱན་སྣ་ཚོགས་པ་འཆང་བ། ཐུགས་ཀར་གནས་པའི་ས་བོན་གྱི་མཚན་མས་གཞན་གྱི་དོན་མཛད་པར་སྤྲོ་བའི་བདག་ཉིད་ བསྒོམས་ནས། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི། དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱ་ཧཱ། ཞེས་པའི་སྔགས་བཟླས་པར་བྱའོ། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་ སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དཔལ་སྟུག་སྟོན་ཀའི་བདུད་རྩིའི་འོད། །ཀུ་མུ་ད་བཞིན་བླ་མེད་གང་། །འགྲོ་བའི་མི་ཤེས་མུན་ཞི་མཛད། །རྒྱལ་གྱུར་རྡོ་རྗེ་དབྱངས་ཅན་མ། །དེ་ཡི་མན་ངག་ཉེར་བསྡུས་ནས། །དེ་ཡི་སྒྲུབ་ཐབས་བརྗོད་པར་བྱ། །མཁའ་འགྲོ་མ་ཡི་རྡོ་རྗེ་ གུར། །ཀུན་ནས་བསྟན་པ་བརྗོད་པར་བྱ། །གཙང་ཞིང་ཡིད་འོང་གནས་སུ་ནི། །བདེ་བའི་སྟན་ལ་འདུག་ནས་ནི། །དད་ཅིང་ལས་གཞན་མེད་པ་ཡིས། །རྗེས་འཇུག་ཐུན་མཚམས་གསུམ་དུ་བསྒོམ། །བརྩེ་བའི་མཐུ་ཡིས་རྫོགས་བྱང་ཆུབ། །སྨོན་ལམ་ཡོངས་སུ་ འདྲེན་པ་ཡིས། །རྨི་ལམ་སྒྱུ་མའི་དཔེ་བཞིན་དུ། །ཁམས་གསུམ་མ་ལུས་བརྟག་པར་བྱ། །ཉི་ཟླ་ས་བོན་འོད་ཟེར་གྱིས། །དེ་བཞིན་གཤེགས་རྣམས་གདན་དྲངས་ནས། །ཀུན་ལ་ཕན་འདོད་བསམ་པ་ཡིས། །མཆོད་ཅིང་སྡིག་པ་མ་ལུས་བཤགས། །དེ་ནས་སླར་ཡང་མི་བྱེད་པའི། །དམ་ བཅའ་ཡང་ནི་བརྩམ་པར་བྱ། །བསོད་ནམས་ལ་ནི་རྗེས་ཡི་རང་། །རྫོགས་པའི་བྱང་ཆུབ་བསྔོ་བར་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་བྱ། །ཀུན་མཁྱེན་རྣམས་ཀྱི་བྲན་ཉིད་དུ། །བདག་ཉིད་ངེས་པར་དབུལ་བར་བྱ། །བྱམས་པ་ལ་སོགས་བསྒོམ་བྱ་ ཞིང་། །ཞེ་སྡང་ལ་སོགས་ཞི་བར་བྱ། །དེ་ནས་འོད་ཟེར་གྱིས་གང་བའི། །ས་བོན་སྙིང་པོ་ལས་བྱུང་བའི། །ཕྱོགས་ཀྱི་སྒོ་རྣམས་སྣང་བྱ་ཞིང་། །འོད་ཟེར་དཀར་པོ་རབ་གསལ་འབར། །པདྨ་ཟླ་བའི་གདན་ལ་ནི། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །ཕྱེད་གཡོ་བུང་བའི་ཡན་ལག་ཅན། ། དཔལ་གྱི་སྐྲ་ཡིས་ལེགས་པར་བརྒྱན། །པདྨ་དམར་པོ་རབ་རྒྱས་བཞིན། །དཔལ་གྱི་ཕྱག་གཡས་རབ་མཛེས་པ། །མཛེས་པའི་ན་བཟའ་སྣ་ཚོགས་དང་། །དཔལ་གྱི་སྐུ་ནི་ཕུན་སུམ་ཚོགས། །ཤེས་རབ་ཕ་རོལ་ཕྱིན་འོད་གསལ། །ཕྱག་གཡོན་གྱིས་ནི་ཆུ་སྐྱེས་ཅན། །བརྒྱད་གཉིས་ ལོ་ལོན་རྣམ་པ་ཅན། །ན་བཟའ་ཁ་དོག་དཀར་པོ་བསྣམས། །ཟླ་བའི་ས་བོན་སོགས་སྐྱེས་པའི། །འཕགས་མ་དབྱངས་ཅན་མ་ཉིད་བལྟ། །སྙིང་གར་ཤེལ་གྱི་རྣམ་པ་ཅན། །ཟླ་བའི་དཀྱིལ་འཁོར་དབུས་སུ་སོན། །ཟླ་ཕྱེད་སྐར་མ་དང་བཅས་བཞིན། །ཐིག་ལེ་ནཱ་དས་ཡོངས་སུ་བརྒྱན། ། འོད་ཟེར་ཀུན་ནས་འཕྲོ་བ་ཅན། །དཔལ་གྱི་སྒྲ་ཡིས་རྣམ་པར་བརྒྱན། །ངག་གི་རྣམ་པ་ཀུན་ཚོགས་པའི། །ཨཾ་ཡིག་ས་བོན་རྣམ་པར་འཛིན། །ཛཿཡིག་ལ་སོགས་སྔགས་རྣམས་ཀྱིས། །དགུག་པ་ལ་སོགས་རབ་སྒྲུབ་ཐབས། །རང་ལུས་རང་གི་ལྷག་ལྷའི་སྐུ། །དབྱེར་མེད་རབ་ སྒྲུབ་དེ་རྗེས་སུ། །འདི་ནི་གཞུག་པར་ངེས་པ་ཡི། །རྒྱལ་བ་རྣམས་ཀྱི་སྐུ་ནི་འཇུག །སྔགས་པས་ས་བོན་ལས་བྱུང་བའི། །དེ་ཉིད་སྦྱོར་བས་ཉིན་མཚན་དུ། །ཟླ་བ་དྲུག་ཏུ་གོམས་པ་ཡིས། །ལྷག་པའི་ཤེས་རབ་ཐོབ་པར་འགྱུར། །མཚན་མོ་བདུན་དུ་མངོན་སྦྱོར་བས། །བསྟན་བཅོས་ ཀུན་ལ་མཁས་པར་འགྱུར། །བསམ་གཏན་ལྡན་པས་ངལ་གྱུར་ན། །བློ་གཞན་མིན་པས་བཟླས་པ་བྱ། །ལྟེ་བར་ཟླ་བའི་ས་བོན་ནས། །ཡི་གེ་རྣམས་ཀྱི་འཕྲོ་འདུ་ལས། །ཁ་ནས་གོང་དང་དེ་ནས་འོག །དེ་ནས་སྟེང་དུ་རིམ་པ་ཡིས། །མུ་ཏིག་རིན་ཆེན་བགྲང་ཕྲེང་གིས། །མཚུངས་པར་ ཀུན་ནས་སྣང་བ་ལས། །གོང་ནས་གོང་དུ་འཇུག་རྣམས་ཀྱིས། །དབྱངས་དང་ནང་དང་ཕྱི་རྣམས་སུ། །འཁོར་ཞིང་སྔགས་ཀྱི་ཕྲེང་བ་རྣམས། །དུས་མཚུངས་ཉིད་ལ་དམིགས་པར་བྱ། །བཾ་ཡིག་ལས་སྐྱེས་མཚན་ཉིད་འདི། །ས་བོན་དང་པོ་ལ་གཞུག་བྱ། །ལྟེ་བའི་དབུས་ཀྱི་ས་བོན་ གྱི། །གྲུབ་པ་དེ་བཞིན་ཉེ་བར་དབུལ། །དེ་བཞིན་ཏིང་འཛིན་ལ་དམིགས་ནས། །མཚན་ཉིད་རྒྱུན་མ་ཆད་པར་བཟླ། །ཀུན་ནས་འཁོར་ཞིང་སླར་ཡང་ནི། །བརྟུལ་ཞུགས་མ་ཉམས་མཚན་ཉིད་གསལ། །བཀླགས་པ་ཙམ་གྱིས་དེ་འབྲས་བུ། །གཞུང་ནི་བརྒྱ་རྣམས་འཛིན་པར་འགྱུར། ། གང་ཞིག་འདོད་ན་ཉིན་རེ་བཞིན། །ཤློ་ཀ་ནི་བརྒྱ་རྣམས་རྩོམ། །ཚངས་པར་སྤྱོད་ཅིང་ཤ་དག་དང་། །ཆང་ལ་སོགས་པ་རྣམ་པར་སྤང་། །ཉིན་རེ་བཞིན་དུ་ཁྲུས་བྱ་ཞིང་། །ཆོ་ག་འདི་བཞིན་ཉེར་བསྟེན་པས། །གོས་ནི་ལན་གསུམ་བགོ་བྱ་ཞིང་། །དུས་མིན་ཁ་ཟས་སྤང་བར་བྱ། །ཆུ་རྣམས་ ཀྱང་ནི་སོ་སོར་བརྟག །ཆོ་ག་འདི་ཡང་འདོད་པ་སྟེ། །ཚངས་པར་སྤྱོད་པ་སྲུང་བྱེད་ན། །གཞན་པ་རྣམས་ནི་མ་བསྲུངས་ཀྱང་། །འབྲས་བུ་ལ་དམིགས་མྱུར་མིན་ལས། །འོན་ཀྱང་གཏན་མེད་མ་ཡིན་ནོ། །ཚངས་པར་སྤྱོད་པ་བསྐྱང་བྱ་ཞིང་། །མྱོས་བྱེད་སྤྱོད་པ་སྤང་བར་བྱ། །རྗེས་སུ་ འགྲོ་དང་ལྡོག་པ་དག །མཚུངས་པར་འབྲས་བུ་བརྟན་པར་བྱ། །དེ་ལས་འབྲས་བུ་བརྒྱད་མིན་པའི། །ཡོངས་རྫོགས་ཆོ་ག་བརྩམ་པར་བྱ། །ཁམས་གསུམ་ངོ་མཚར་ནུས་པ་ཡི། །འདི་ལ་རབ་ཏུ་རྒྱས་པར་འགྱུར། །ཆུ་སྐྱེས་སྟན་ནི་མཐོ་བ་ལ། །ཁ་དོག་རྣམས་ནི་དཀར་བར་འདོད། ། བྱ་རོག་མི་གྲག་ཤེས་པ་ཡིས། །མཁས་པས་རྗེས་སུ་གནང་བ་འཐོབ། །རྗེས་སུ་འགྲོ་དང་ལྡོག་པའམ། །ཇི་ལྟ་ཇི་ལྟར་དངོས་གྲུབ་རིག །མར་མེ་མཐོང་བས་རྨི་ལམ་དུ། །ལྡན་པའམ་ནི་མི་ལྡན་ཡང་། །བྱ་རོག་སྒྲ་ནི་མི་གྲག་པར། །རྩབ་མོ་ཁྱོར་བ་གང་ལ་ནི། །རང་ གི་སྔགས་ཀྱིས་མངོན་པར་བསྔགས། །ཁམ་ཕོར་ཕྱེད་ཕྱེད་བཏུང་བར་བྱ། །རང་གིས་བླངས་དང་རང་ཉིད་ཀྱིས། །བརྡ་བྱས་མིན་པ་གཞན་སྟོབས་པ། །མཁས་པས་མི་བླངས་ཆོ་ག་ཡིས། །བསླངས་པ་ཉིད་ན་མ་ཡིན་ངེས། །འདི་ནི་དང་པོར་ཤེས་རབ་གྲུབ་པར་བདེ་བར་གཤེགས་རྣམས་ ཀྱིས། །མན་ངག་ཉེར་བསྟན་གང་ལས་རྒྱ་ཆེན་ཤིན་ཏུ་མཁས་པ་སྟེ། །དེ་ཡིས་མྱུར་དུ་ངོ་མཚར་ཤིན་ཏུ་བླ་ན་མེད་དུ་བྱེད། །སྐྱེ་བོ་འདིས་ནི་ཐམས་ཅད་མཁྱེན་པ་ལ་སོགས་གོ་འཕང་ཐོབ། །འཕགས་པ་སྤྱན་རས་གཟིགས་དབང་ཞབས་ཀྱི་ཆུ་སྐྱེས་ལས། །འདུད་པས་སྡིག་པ་དག་འགྱུར་ མཁས་པའི་བློ་གྲོས་ཀྱི། །ཚུལ་ལུགས་རྒྱ་ཆེར་རབ་ཏུ་གྲགས་པ་ཐོབ་གྱུར་པའི། །དགེ་སློང་ཡིད་ཀྱི་ཤིང་རྟ་བསྐྱོད་པས་འདི་བརྩམས་སོ། །དང་པོ་འཁོར་ལོ་འཛིན་པ་དེ་ནས་པི་ཙུ་ཟུང་ལྡན་པྲཛྙཱ་དང་ལྡན་ཝརྡྷ་ནི། །དེ་ནས་འབར་བ་ཟུང་ལྡན་དེ་ཡི་ཕ་རོལ་མེ་དྷ་ཕྱི་ནས་ཝརྡྷ་ནི་དང་ཕྱིས། །དྷི་རི་གཉིས་ ལྡན་དེ་བཞིན་བུ་དྷི་ཝརྡྷ་ནི་དང་སྭཱ་ཧཱ་ཞེས་པའི་མཐའ་ཅན་རྣམས། །མཁས་སོགས་གྱུར་པ་རྣམས་ཀྱིས་བདེ་བར་གཤེགས་པ་རྣམས་ཀྱིས་གསང་སྔགས་དེ་འདིར་ལེགས་པར་གསུངས། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱི་ ཎ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་པི་ཝང་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །དང་པོར་ཆོས་ཞབས་ལ་བཏུད་ནས། །ཤེས་རབ་དེ་ཉིད་ཉེར་སྟོན་པའི། །འཁོར་ལོ་འཇིག་རྟེན་ཕན་འབྱུང་བའི། །དབྱངས་ཅན་མ་འདིར་བཤད་པར་བྱ། །གང་ ཞིག་བདེ་བའི་སྟན་ལ་གནས། །སྟོང་ཉིད་རྣལ་འབྱོར་བསྒོམ་པར་བྱ། །ས་བོན་ཆུ་སྐྱེས་དེ་བཞིན་དུ། །བདུན་པའི་གཉིས་པ་ལ་གནས་པའི། །བརྒྱད་པ་ཡི་ནི་བཞི་པ་ལས། །དང་པོ་ཡི་ནི་བཞི་པས་བརྒྱན། །དེ་ལ་ཐིག་ལེ་དང་བཅས་པ། །དེ་ལས་བྱུང་བའི་དབྱངས་ཅན་མ། །པི་ཝང་སྒྲོགས་ ཤིང་དེ་བཞིན་དུ། །ཟླ་བ་དཀར་པོའི་འོད་གསལ་ལ། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དེས་བཞུགས་ལྷ་མོ་ཆེན་མོ་ནི། །འཕེལ་བྱེད་ཀྱི་གནས་བསམ་པར་བྱ། །དང་པོའི་ཡི་གེ་ལས་སྐྱེས་པའི། །འཁོར་ལོ་རྩིབས་བརྒྱད་ཀྱིས་བརྒྱན་པ། །དེ་དབུས་ཟླ་བ་ལ་གནས་པ། །དེ་ ཡི་ས་བོན་བརྟན་པར་བསམ། །དེ་ལས་དེ་ཡི་འོད་ཟེར་གྱིས། །བདག་གི་ལུས་འདི་སྣང་བར་མཛད། །དེ་ནས་བ་སྤུའི་ཁུང་ནས་ནི། །འཐོན་གྱུར་སྲིད་པ་མ་ལུས་པའི། །མི་ཤེས་རབ་རིབ་བཅོམ་ནས་ནི། །སླར་ཡང་རང་ཉིད་ལ་ཞུགས་ཏེ། །ལྔ་པའི་འོག་ནས་དྲུག་པ་ཡི། །དབྱངས་ལ་ ཐིག་ལེ་གཉིས་ཀྱིས་བརྒྱན། །ཨ་ཨཱི་སྔོན་བཞིན་ཨུ་དང་ཨཻ། །ཨོ་དང་ཨཿཡིས་ཉེ་བར་མཚོན། །སྙིང་ག་སྤྱི་བོའི་གཙུག་དང་ནི། །མགྲིན་པ་མིག་དང་ཕྲག་པ་ལ། །ཆོ་ག་འདི་ཡིས་བཀོད་ནས་ནི། །འདི་ཡིས་ཚངས་པར་སྤྱད་པར་བྱ། །དེ་རྗེས་འཁོར་ལོ་འཁོར་བ་ཡིས། །མུན་ཆེན་སྙིང་ལ་ གནས་པ་ལ། །མི་གཡོ་རང་གི་ས་བོན་ལ། །བློ་དང་ལྡན་པས་བརྟན་པར་བསྒོམ། །དེ་ནས་འབུམ་དུ་བཟླས་པར་བྱ། །བདུན་གྱི་གྲངས་དང་ལྡན་པ་ཡིས། །རྣམ་སྤྱོད་རབ་ཏུ་དངས་པ་ཡིས། །ཐུགས་ཀར་ལྷ་མོ་དབྱངས་ཅན་མ། །ཚིགས་བཅད་རྐྱང་པ་མ་ལུས་པའི། །རང་བཞིན་གཉིས་ པ་ངག་དབང་བཞིན། །སྔོན་མ་མཐོང་བ་ཤེས་པར་འགྱུར། །སྔགས་སོགས་ཀུན་གྱི་ངག་རང་བཞིན། །སྙན་ངག་རྒྱལ་པོ་འཁོར་ལོ་འདི། །དེ་དོན་ལོ་ཕྱེད་བསྟེན་པས་འཕེལ། །སྟེན་བྱེད་རྟ་དབྱངས་དང་མཚུངས་པ། །ཡུན་མི་རིང་བས་སྟེར་བར་བྱེད། །རྡོ་རྗེ་པི་ཝང་དབྱངས་ཅན་མའི་ སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །སྙིང་གར་ཨ་ཡིག་བལྟ་ཞིང་ཡོངས་སུ་གྱུར་ལས་ཟླ་བའི་དཀྱིལ་འཁོར་བསམ། །དེ་ ལས་པདྨ་དེ་སྟེང་མཛེས་པའི་ཧྲཱིཿཡིག་དེ་དང་དེ་ལས་ནི། །ཕྱི་ནས་བ་སྤུའི་ཁུང་ནས་རིམ་པས་ངག་གི་འོད་ཟེར་ལྷ་མོ་སྟེ། །དེ་ལས་བྱུང་བའི་བློ་གྲོས་ཆེན་པོ་དཔལ་གྱི་ས་བོན་ལྕགས་ཀྱུ་ཡིས། །ཆུ་སྐྱེས་དཀར་པོའི་སྟེང་ན་སྐུ་ནི་མཛེས་བཞུགས་པ། །སྤྱན་གསུམ་དབུ་རྒྱན་ཟླ་བ་ཕྱེད་པས་ཡང་ དག་བརྒྱན། །ཕྱག་གཡོན་པུསྟི་བསྣམས་ཤིང་ཕྱག་གཞན་ཆུ་སྐྱེས་ཏེ། །ཕྱི་ནས་རང་ལུས་དང་མཚུངས་ཡིད་ཀྱིས་རབ་ཏུ་འབད། །དེ་ནས་བསམ་གཏན་ངལ་གྱུར་ན། །མཉམ་གཞག་ནས་ནི་བཟླས་པ་བྱ། །བླ་མའི་བཀའ་ཡིས་དབང་ཐོབ་ནས། །ལུས་དང་སྤྱོད་ པ་གཙང་ལྡན་པས། །ཏ་མཐའ་ར་མཐའ་ཡང་དག་ལྡན། །ས་མཐའ་ཨི་ཡི་དབྱངས་ཀྱིས་མཛེས། །ཟླ་ཕྱེད་ཐིག་ལེས་མནན་གྱུར་པ། །བླ་མ་ལས་བལྟ་བྲི་ཞིང་བཟླས། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སྭ་ར་སྭ་ ཏཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །བྱི་རུ་ནོར་བུའི་འོད་ཅན་ཤིན་ཏུ་མཛེས། །དང་པོར་རྡོ་རྗེ་དབྱངས་ཅན་མ་ནི་ཞལ་གསུམ་མ། །པདྨ་རལ་གྲི་གྲི་གུག་འཁོར་ལོ་དཀར་པོ་དང་། །པི་ཝང་རིན་ཆེན་ཚངས་པ་བསྣམས་ལ་མགོས་ ཕྱག་འཚལ། །ཡིད་དང་མཐུན་པའི་དབེན་པའི་ས་ཕྱོགས་སུ་སྟན་བདེ་བའི་སྟེང་དུ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་དབྱངས་ཡིག་དང་པོ་ལས་བྱུང་བ་བསྒོམ་པར་བྱའོ། །དེའི་སྟེང་དུ་དོཿཡིག་གི་ས་བོན་ལས་ནོར་བུ་པདྨ་རཱ་གའི་འོད་དང་མཚུངས་པའོ། །དེ་ལས་ བྱུང་བའི་འོད་ཟེར་གྱིས་བླ་མ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཡང་དག་པར་བསྐུལ་ཏེ་མདུན་དུ་གདན་དྲངས་ནས། དེ་ནས་རྡོ་རྗེ་མེ་ཏོག་མ་ལ་སོགས་པ་རྣམས་ཀྱི་སྔགས་ཀྱིས་ཡིད་ཀྱི་རང་བཞིན་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས་སྡིག་པ་ བཤགས་པ་ལ་སོགས་པ་བྱ་སྟེ། དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་ལན་བདུན་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་མདུན་དུ་པདྨ་དམར་པོ་ཁྲུ་བདུན་གྱི་ཚད་རྣམ་པར་བསྒོམ་ པར་བྱའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཅུང་ཟད་དམར་བ་ཨཾ་ཡིག་ལས་བྱུང་བའོ། །དེའི་སྟེང་དུ་དོཿཡིག་ལས་བྱུང་བའི་ཆུ་སྐྱེས། སླར་ཡང་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་དེའི་སྟེང་དུ་དོཿཡིག་གོ། །ཡང་དེ་ལས་བྱུང་བའི་འོད་ཟེར་གྱི་སྤྲིན་གྱིས་འགྲོ་བ་དྲུག་པོ་ཡང་དག་པར་བསྡུས་ ནས། སེམས་ཅན་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་དག་པར་བཀོད་ནས་རྡོ་རྗེ་དབྱངས་ཅན་མའི་རྣམ་པས་དོཿཡིག་ལ་རབ་ཏུ་གཞུག་པར་བྱ་སྟེ། དེ་ནས་རང་ལ་གཞུག་པར་བྱའོ། །རང་ལ་ཞུགས་པ་ཙམ་གྱིས་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཞལ་གསུམ་ ཕྱག་དྲུག་པའི་ལྷ་མོ་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ། ཟླ་བ་དམར་པོའི་སྟེང་ན་ཞབས་གཡོན་བརྐྱང་གིས་བཞུགས་པ་རྣམ་པར་བསྒོམ་པར་བྱའོ། །དེའི་ཞལ་དང་པོ་ནི་དམར་པོ། གཡས་པ་ནི་དཀར་པོ། གཡོན་པ་ནག་པོའོ། །ཕྱག་གཡས་ ཀྱི་དང་པོར་ཆུ་སྐྱེས་ཀྱི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་མཚན་པའོ། །གཉིས་པ་ན་རལ་གྲི། གསུམ་པ་ན་གྲི་གུག །གཡོན་གྱི་ཕྱག་དང་པོ་ན་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ། གཉིས་པ་ན་པི་ཝང་རིན་པོ་ཆེ། གསུམ་པ་ན་ཚངས་པའི་མགོའོ། །ཇི་ལྟར་སྟོང་པ་ཉིད་ཀྱི་ཏིང་ ངེ་འཛིན་གྱི་མཐར་ལྷ་མོ་བསྐྱེད་ནས། ས་བོན་ལས་དེ་བཞིན་དུ་ཡང་བཅོམ་ལྡན་འདས་མ་སྙིང་གར་བསྒོམ་པར་བྱའོ། །དེ་ནས་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གདན་དྲངས་ཏེ། མཆོད་པར་བྱའོ། །འཇུག་པར་འདོད་ན་དེ་ནས་སྔགས་བཟླས་པར་བྱའོ། །སྔགས་པས་ ཡིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་གཞག་ནས། འབུམ་ཕྲག་གཉིས་བཟླས་ནས་དེ་ནས་བྱ་བ་རྩོམ་མོ། །དེ་ལ་སྔགས་ནི་འདིའོ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ། མེ་དྷ་བརྡྷ་ནི། དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱ་ཧཱ། དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཟླ་བའི་སྣང་བ་ལ་ལེགས་པར་ སྦྱར་བ་བརྩམ་པར་བྱའོ། །ཇི་སྲིད་ཟླ་བ་མ་ནུབ་ཀྱི་བར་དུ་སྟེ། ཇི་སྲིད་ཟླ་བ་ཡོངས་སུ་རྫོགས་པའི་ཉིན་པར་ཉ་ལ་ཟླ་བ་གང་བ་ཇི་སྲིད་པ་དེ་སྲིད་དུ་བཟླས་ཤིང་བསྒོམ་པར་བྱའོ། །དེ་ནས་སྔར་མ་ཐོས་པའི་བསྟན་བཅོས་ཀྱང་མངོན་དུ་བྱེད་པར་འགྱུར་རོ། །ཉི་མ་རེ་རེ་ཞིང་གཞུང་སྟོང་ཕྲག་རེ་འཛིན་པར་ འགྱུར་རོ། །རྒོལ་བ་ཐམས་ཅད་འཇོམས་པར་བྱེད་དོ། །ལྷ་དང་མི་རྣམས་དགའ་བར་འགྱུར་རོ། །གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས་ཕྱུང་བ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ ཅན་མའི་སྒྲུབ་ཐབས། རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་བཞིའི་རིམ་པས་སྒྲུབ་ཐབས་བྲི་བར་བྱའོ། །སྔོན་མ་བཞིན་དུ་སྙིང་གར་ཨཾ་ཡིག་ལས་ཟླ་བ་བསྒོམས་ཏེ་སྡིག་པ་བཤགས་ནས་དང་པོར་སྟོང་པའི་བྱང་ཆུབ་ཀྱི་མཐར་ཐུག་པ། པཾ་ཡིག་ལས་ སྐྱེས་པའི་ཆུ་སྐྱེས་ལ་ཟླ་བ། ཨཾ་ཡིག་གི་ས་བོན་ལས་སྤྲོ་བ་ལ་སོགས་པ་ལས་ཡང་དག་པར་བྱུང་བའི་སྐུ་མདོག་དཀར་མོ་ཡིད་དུ་འོང་བ། ཕྱག་གཡས་ན་ཆུ་སྐྱེས་དམར་པོ་བསྣམས་པ། གཡོན་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་བསྣམས་པ། རྡོ་རྗེ་བསྡུ་བའི་ཕྱག་རྒྱས་ཨོཾ་བཛྲ་ས་མཱ་ཛཿ ཛཱཿཛཱཿཛཱཿཞེས་པས་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་སྔོན་དུ་འགྲོ་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨཾ་ཡིག་བསྒོམས་ནས་སྤྲོ་བ་དང་བསྡུ་བ་ལ་སོགས་པའི་རིམ་པས་སྔགས་ བཟླས་པར་བྱའོ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི། དྷི་རི་དྷི་རི་བུདྷི་བརྡྷ་ནི་སྭཱཧཱ། མར་མེའི་ཕྲེང་བ་བཞིན་དུ་འབར་བཞིན་པ་ཞལ་ནས་འཐོན་ཏེ་ལྟེ་བའི་དཀྱིལ་འཁོར་ལ་རབ་ཏུ་ཞུགས་པར་བསམ་པར་བྱའོ། །དེ་བཞིན་དུ་གཞན་ཡང་འདིས་བལྟ་བར་བྱའོ། །དེ་བཞིན་དུ་ཡང་ གསུངས་ཏེ། དང་པོ་སྟོང་པའི་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུ་བ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་བཞིན། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷྲྀ་ཀུ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་གཉེར་ ཅན་གྱི་སྒྲུབ་ཐབས། འཕགས་མ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །འདིར་སྔོན་དུ་གསུངས་པའི་ཆོ་གས་བྷྲྀ་ཡིག་སེར་པོ་ལས་སྐྱེས་པའི་སྐུ་མདོག་སེར་མོ་ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་བཞི་པ། ལང་ཚོ་གཞོན་པ། ཕྱག་གཡས་པ་དག་ན་མཆོག་སྦྱིན་དང་། བགྲང་ཕྲེང་ བསྣམས་པ། ཕྱག་གཡོན་པ་དག་ན་དབྱུ་གུ་རྩེ་གསུམ་དང་། སྤྱི་བླུགས་བསྣམས་པ། འོད་དཔག་མེད་ཀྱིས་རྒྱས་བཏབ་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པའི་བཅོམ་ལྡན་འདས་མ་བསམས་ནས་ཕྱག་རྒྱ་བཅིང་བར་བྱའོ། །ལག་པ་གཉིས་བརྐྱང་སྟེ་མཐེབ་ཆེན་དག་གིས་ མཐེབ་ཆུང་དག་གི་སེན་མོ་མནན་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བྷྲྀ་ཀུ་ཊཱི་སྭཱ་ཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷྲྀ་ཀུ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས། འཕགས་མ་ཁྲོ་གཉེར་ཅན་ལ་ ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་འདིར་རང་གི་སྙིང་གར་ཟླ་བའི་དབུས་སུ་ས་བོན་དྲུག་པའི་བཞི་པ་དང་པོའི་བརྒྱད་པས་གང་བའི་སྟོང་པའི་བརྡས་མནན་ཅིང་ཟླ་བ་ཕྱེད་པས་དབུ་བརྒྱན་པའོ། །དེ་ལས་སྐྱེས་པའི་ཁྲོ་གཉེར་ཅན་སྐུ་མདོག་སེར་མོ་ཕྱག་བཞི་པ། ཞི་ཞིང་རལ་པའི་ ཅོད་པན་ཅན། ཕྱག་གཡས་པ་དག་ན་མཆོག་སྦྱིན་དང་། བགྲང་ཕྲེང་བསྣམས་པ། གཡོན་པ་དག་ན་དབྱུ་གུ་དང་། སྤྱི་བླུགས་བསྣམས་པ། པདྨ་དང་ཟླ་བའི་གདན་ལ་བཞུགས་པ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་བརྐྱང་ནས་མཐེབ་ཆེན་དག་ གིས་མཐེའུ་ཆུང་དག་སོ་སོར་མནན་པར་བྱའོ། །ལྷག་མ་རྣམས་ནི་རྡོ་རྗེའི་མཚན་ཉིད་དོ། །འདི་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །ཕྱི་ནས་སྔགས་བཟླས་པར་བྱའོ། །ཨོཾ་བྷྲཱིཾ་སྭཱ་ཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཀལྤོ་ཀྟཾ་ཏཱ་ རོདྦྷ་བ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་རྟོག་པ་ལས་འབྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་གནས་འགའ་ཞིག་ཏུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། བཅོམ་ལྡན་འདས་མའི་བྲིས་སྐུ་ལ་སོགས་ པ་བཀྲམ་སྟེ། ཕྱིའི་མཆོད་པ་རྣམས་བྱས་ནས་རང་གི་སྙིང་གར་དྲི་མ་མེད་པའི་ཟླ་བ་ཡོངས་སུ་གང་བའི་རྣམ་པ་ལ་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བ་ཡིད་ཀྱིས་རྣམ་པར་བསམས་ནས་དེའི་སྟེང་དུ་ས་བོན་དགོད་པར་བྱའོ། །དྲོ་བ་རྣམས་ཀྱི་བཞི་པ་ནི། །མེ་ཡིག་སྟེང་དུ་ཉེ་བར་གནས། ། ཨཱི་ཡིག་དང་ནི་ཡང་དག་ལྡན། །མཁའ་གཉིས་ཀྱིས་ནི་རྣམ་པར་བརྒྱན། །དེ་ཡི་འོད་ཟེར་སྣ་ཚོགས་ཀྱིས། །འགྲོ་བ་རྣམས་ཀྱི་དྲི་མེད་བྱས། །ཆེན་པོ་ལ་སོགས་ཁམས་དག་པའི། །ཀུ་རུ་ཀུལླེའི་རིར་བཞུགས་ནས། །དེ་ཡི་འོད་ཀྱིས་ཡང་དག་བསྐུལ། །སྒྲོལ་མ་ཡིད་ཀྱིས་མདུན་དུ་བྱ། ། མཁས་པས་དེ་ཡི་ས་བོན་ལས། །མཆོད་པའི་སྤྲིན་ཆེན་སྤྲོ་བྱ་སྟེ། །མེ་ཏོག་བདུག་སྤོས་མར་མེ་དང་། །དེ་བཞིན་དྲི་དང་ཞལ་ཟས་ཚོགས། །སྒེག་མོ་ཕྲེང་མ་གར་མ་གླུ། །སིལ་སྙན་ལ་སོགས་རྣམས་ཀྱིས་མཆོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ། སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པའི་སྔགས་ནི་ལན་གསུམ་བརྗོད། །དེ་ནས་བཟོད་པར་གསོལ་བྱ་སྟེ། །དེ་ལ་ཚིགས་བཅད་འདི་ཡིས་སོ། །བདག་ནི་སླར་ཡང་བློ་རྨོངས་པས། །ཉེས་པ་ འགའ་ཞིག་ཅི་བགྱིས་པ། །ལུས་ཅན་ཀུན་གྱི་སྐྱབས་གྱུར་པའི། །ལྷ་མོ་ཁྱེད་ལ་བཟོད་པར་གསོལ། །བྱམས་པའི་སེམས་ནི་གནས་པ་ཡིས། །དེ་ཚེ་སླར་ཡང་སྡུག་པར་བལྟ། །སྙིང་རྗེའི་སེམས་ནི་ཡང་དག་བསྐྱེད། །དགའ་བའི་སེམས་ནི་འཇུག་པར་བྱ། །ཕྱི་ནས་ཀུན་ལ་བཏང་ སྙོམས་པའི། །སེམས་ཙམ་དུ་ནི་རྣམ་པར་གཞག །དེ་ནས་རང་བཞིན་རྣམ་བྲལ་བའི། །སྟོང་པ་ཉིད་ནི་གསལ་བར་བྱ། །སྟོང་ཉིད་མེ་ཡིས་བསྲེགས་པ་ཡི། །ཕུང་པོ་ལྔ་པོ་སླར་མི་འབྱུང་། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྐད་ཅིག་སྟོང་ཉིད་སྦྱོར་བ་ཡིས། །སེམས་ ཉིད་ཀྱི་ནི་ངལ་གསོ་བྱ། །སྔོན་གྱི་དམ་བཅའ་དྲན་བྱས་ལ། །ས་བོན་ཙམ་ནི་སླར་ཡང་བསམ། །བདག་ཉིད་གཅིག་པུ་མྱང་འདས་ན། །བདག་གིས་སེམས་ཅན་ཡོངས་སུ་བསླུས། །སྲིད་པའི་རྒྱ་མཚོ་གཏིང་མེད་ལས། །དེ་ལ་ཇི་ལྟར་གདོན་པར་བྱ། །སེམས་ཅན་རྣམས་ལ་བརྩེར་ བཞུགས་པའི། །སེམས་བྲལ་སྟོང་ཉིད་སྤང་བར་བྱ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དུ། །སེམས་ཉིད་ཀྱིས་ནི་སེམས་བསྐྱེད་བྱ། །སངས་རྒྱས་བྱིན་རླབས་ས་བོན་ལས། །དེ་ལས་ཨུཏྤ་ལར་བཤད་དོ། །ཨ་ཡི་དབྱངས་ལས་བྱུང་བ་ཡི། །ཨུཏྤལ་ཟླ་བའི་དཀྱིལ་འཁོར་ལ། །ཟླ་བ་ དེ་ལ་སླར་ཡང་ནི། །ས་བོན་ལས་བྱུང་དེ་ལ་སྦྱོར། །འཇིག་རྟེན་ཁམས་རྣམས་མ་ལུས་པ། །འདི་ཡིས་རྣམ་པར་སྦྱང་བར་བསམ། །སྦྱངས་ཤིང་རྟོགས་པ་དེ་ཡིས་ནི། །འོད་ཀྱིས་སངས་རྒྱས་བྱང་ཆུབ་རྣམས། །བསྐུལ་ཞིང་དེ་ལས་ཨུཏྤལ་ཏེ། །དེ་ཡིས་སྒྲོལ་མ་བསྐྱེད་པར་བསམ། །སྐུ་ མདོག་དམར་མོ་ཕྱག་བཞི་པ། །པདྨ་དམར་པོའི་སྟེང་བཞུགས་ཞིང་། །གོས་ཟུང་དམར་པོ་དང་ལྡན་པ། །རྣ་རྒྱན་དམར་པོ་དང་བཅས་ཤིང་། །ཕྱག་གཡས་མི་འཇིགས་པ་དང་ནི། །མདའ་ནི་བསྣམས་ཞིང་སླར་ཡང་འགེངས། །གཡོན་པ་གཞུ་འཛིན་གཉིས་པ་ནི། །ཤིན་ཏུ་དམར་ བའི་ཨུཏྤལ་བསྣམས། །ཀུ་རུ་ཀུལླེའི་ཕུག་གནས་ཤིང་། །འོད་དཔག་མེད་ཀྱི་དབུ་རྒྱན་ཅན། །པདྨ་དམར་པོའི་སྟན་གྱི་འོག །སྒྲ་གཅན་གྱི་ནི་སྟེང་གནས་པའི། །འདོད་ལྷའི་ཆུང་མའི་སྟེང་དུ་ནི། །མྱོས་པར་བྱེད་པ་བསྒོམ་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་གིས་གནས་ཤིང་། །སྒྱུ་རྩལ་སྣ་ ཚོགས་ཀུན་ལྡན་པ། །རྒྱན་རྣམས་ཀུན་གྱིས་ཡང་དག་བརྒྱན། །བཅོམ་ལྡན་འདས་མ་བསམ་པར་བྱ། །དམ་ཚིག་སྐུ་རུ་བསྡུ་སོགས་ཀྱིས། །ཡེ་ཤེས་འཁོར་ལོ་མཚོན་པར་བྱ། །སྐད་ཅིག་རྣམ་པར་ཡོངས་རྫོགས་པས། །ཡེ་ཤེས་འཁོར་ལོ་མདུན་དུ་གནས། །ཛཿཧཱུཾ་བཾ་ཧོཿཞེས་པ་འདིས། ། དགུག་གཞུག་བཅིང་དང་མཉེས་པར་བྱ། །དམ་ཚིག་ཕྱག་རྒྱ་རབ་སྦྱོར་བས། །ཞལ་གྱི་ལམ་དུ་གཞུག་པར་བྱ། །ལག་པ་དག་ནི་ཐལ་སྦྱར་ནས། །གང་ཚེ་གུང་མོ་མིང་མེད་དག །རིང་དུ་རྩེ་མོར་བྱས་པ་ཡི། །རྩེ་མོའི་ནང་དུ་མིང་མེད་དེ། །མཛུབ་མོ་དག་ནི་གུང་མོར་འཁྱུད། །མཐེབ་ཆེན་ དག་ནི་འོག་ཏུ་སོན། །འདི་བཞིན་བཅིངས་ནས་དམ་ཚིག་གི། །འཁོར་ལོ་ལ་ནི་གཞུག་པར་བྱ། །དེ་ནས་དབང་བསྐུར་བ་ཞུ་བར་བྱ་སྟེ། སངས་རྒྱས་ལ་ཞེས་པའི་ཚིགས་སུ་བཅད་པ་བཀླག་པར་བྱའོ། །བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བྱིན་པ་ལྟར། །བདག་ ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །དེ་བྱིན་ཆེན་པོར་གྱུར་པ་ཡིས། །རྒྱལ་སྲིད་མིང་གི་དབང་བསྐུར་བ། །མེ་ཏོག་དབང་བསྐུར་དེ་བཞིན་རྒྱལ། །སྤྱན་མ་ལ་སོགས་ལྷ་རྣམས་ཀྱིས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་གྱིས་ཕྱག་ བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །སངས་རྒྱས་དབང་བསྐུར་སྒྲོལ་མ་ཡི། །ཆོས་ནི་གཙུག་ཏོར་ནོར་བུར་བྱ། །འོད་ཟེར་དམར་པོ་སྣ་ཚོགས་པ། །འགྲོ་བ་གསུམ་པོ་གསལ་བར་མཛད། །རིན་ཆེན་དབང་བསྐུར་ཐོབ་གྱུར་ནས། ། དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཆོ་ག་ཇི་ལྟར་སྔོན་གསུངས་པ། །ལོ་ཕྱེད་བརྟན་པར་འཇུག་པ་ཡིས། །ཐུན་མཚམས་གསུམ་དུ་གཏོར་མ་འབུལ། །བསྒོམ་པ་སྔོན་དུ་འགྲོ་བ་ཡིས། །སྒྲོལ་མ་ཡི་ནི་སྙིང་པོ་འདི། །མཉམ་པར་གཞག་ནས་སྔགས་བཟླས་སོ། ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུཾ་སྭཱ་ཧཱ། དེ་ནས་སྔོན་དུ་བསྙེན་པའི་ཡི་གེ་འབུམ་བཟླས་ནས། ཕྱིས་ལས་ཡང་དག་པར་བརྩམ་པར་བྱའོ། །ཆ་ཤས་ཀྱིས་ནི་ཤེས་རབ་འཕེལ། །ཡན་ལག་གཞན་གྱིས་དབང་དུ་བྱེད། །ཡན་ལག་གསུམ་པས་དེ་བཞིན་དུ། །མི་ཡིས་དུག་རྣམས་འགུགས་པར་ བྱེད། །འཇིག་རྟེན་པ་ནི་ཐམས་ཅད་ཀྱི། །ཤིན་ཏུ་སྨྱོས་ཤིང་སྒེག་པ་ཡི། །བུད་མེད་རྣམས་ཀྱིས་མཆོད་པར་བྱེད། །ཇི་ལྟར་འདོད་བཞིན་སྔགས་བཟུང་ནས། །ལྷ་ཡི་བུ་མོ་ཡིད་འོང་རྣམས། །ཟས་དང་སྟོན་མོ་སྦྱོར་བར་བྱེད། །མཁས་པས་རིམ་པར་གོམས་པ་ཡིས། །དངོས་གྲུབ་ཕྲ་ མོ་འགྲུབ་པར་འགྱུར། །འདིར་ནི་དངོས་གྲུབ་ཆེན་པོ་ཡང་། །འགྲུབ་པར་འགྱུར་བར་ཐེ་ཚོམ་མེད། །སྒྲོལ་མའི་རྟོག་པ་ལས་འབྱུང་བ་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མུཀྟེ་ཀེ་ན་ཏཱ་རོདྦྷ་བ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་རྟོག་པ་ ལས་བྱུང་བའི་ཚིག་ལྷུག་པའི་རིགས་བྱེད་མའི་སྒྲུབ་ཐབས། འཕགས་མ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །གང་གིས་དྲན་པ་ཙམ་གྱིས་ནི། །ལྷ་དང་ལྷ་མིན་མིར་བཅས་རྣམས། །ངེས་པར་མངག་གཞུག་བྱེད་འགྱུར་བའི། །སྒྲོལ་མ་དེ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་ ཡིད་དང་མཐུན་པའི་གནས་སུ་བུད་མེད་ཀྱི་ཚོགས་ལ་སོགས་པ་དང་བྲལ་བར་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཟེར་དང་བཅས་པའི་ཧྲཱིཿཡིག་གི་ས་བོན་ལས་བྱུང་བའི་འོད་ཟེར་དམར་པོའི་ཚོགས་ཀྱིས་འགྲོ་བ་རྣམས་ གསལ་བར་མཛད་པ་སྔོན་དུ་འགྲོ་བས་ཀུ་རུ་ཀུལླེའི་རི་ལ་གནས་པའི་བཅོམ་ལྡན་འདས་མ་རིགས་བྱེད་མ་ཡང་དག་པར་བསྐུལ་ནས་སྤྱན་དྲངས་ཤིང་མདུན་གྱི་ནམ་མཁའ་ལ་ཡང་དག་པར་བསམས་ཏེ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་སྤྲུལ་པའི་མེ་ཏོག་དང་བདུག་སྤོས་ལ་སོགས་པ་སྣ་ཚོགས་པའི་ མཆོད་པས་མཆོད་པར་བྱའོ། །དེའི་རྗེས་ལ་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་ཚད་མེད་པའི་གནས་བཞི་བསྒོམ་པ་སྔོན་དུ་འགྲོ་བས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་ཞིང་། སྔགས་འདིས་བྱིན་གྱིས་བརླབ་པ་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེའི་རྗེས་ལ་འགྲོ་བ་སྡུག་བསྔལ་བ་མཐའ་དག་ལ་སྙིང་རྗེ་བས། རང་གི་སེམས་ཀྱི་ས་བོན་གྱི་གཟུགས་ལ་བལྟ་སྟེ། དེ་ཡོངས་སུ་གྱུར་པ་ལ་ཨུཏྤ་ལ་དམར་པོའི་སྟེང་ ན་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་གནས་པའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སྔོན་བཞིན་དུ་འགྲོ་བ་རྣམས་གསལ་བར་མཛད་ནས། དེ་བཞིན་གཤེགས་པ་བྱེ་བ་མཐའ་ཡས་པ་ཡང་དག་པར་བསྐུལ་ཞིང་སྤྱན་དྲངས་ནས་མདུན་དུ་བསྒོམ་པར་བྱའོ། །དེ་ནས་ཨུཏྤལ་ལ་སོགས་ པ་ཡོངས་སུ་གྱུར་པ་ལས་སྐུ་མདོག་དམར་མོ། པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ། དར་དམར་པོའི་སྟོད་གཡོགས་བྱས་པས་འོད་ཟེར་དམར་པོ་དང་ལྡན་པ། རིན་པོ་ཆེ་དམར་པོའི་རྣ་རྒྱན་ཅན། ཕྱག་བཞི་པ། གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། གཉིས་པས་མདའ་ ཡང་དག་པར་འགེངས་པ། གཡོན་ན་རིན་པོ་ཆེའི་གཞུ་བསྣམས་པ། གཉིས་པས་ཨུཏྤལ་དམར་པོ་བསྣམས་པ། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཀུ་རུ་ཀུལླེའི་རིའི་ཕུག་ན་བཞུགས་པ། སྒྲ་གཅན་ཟིན་གྱི་མགོ་ལ་གནས་པའི་འདོད་ལྷ་ཆུང་མ་དང་བཅས་པའི་སྟེང་ དུ་བཞུགས་པ། སྒེག་པའི་ཉམས་ཀྱིས་རོལ་ཞིང་དང་པོའི་ལང་ཚོ་དང་ལྡན་པའི་རིགས་བྱེད་མ་བསྒོམ་པར་བྱའོ། །དེ་ལྟར་ན་དམ་ཚིག་སེམས་དཔའ་བསྐྱེད་ནས་སྐད་ཅིག་གིས་ཡེ་ཤེས་སེམས་དཔའ་མདུན་དུ་སྤྱན་དྲངས་ཏེ་ཡང་དག་པར་མཆོད་ནས་དམ་ཚིག་གི་ཕྱག་རྒྱས་ཞལ་གྱི་ནང་ནས་ནང་དུ་ གཞུག་པར་བྱའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཐལ་མོ་ཡང་དག་པར་སྦྱར་ནས་གུང་མོ་དག་རྩེ་མོར་བྱས་པའི་དབུས་སུ་མིང་མེད་དག་བཅུག་སྟེ། གུང་མོའི་རྒྱབ་ཏུ་མཛུབ་མོ་གཉིས་གནས་ཤིང་མཐེབ་ཆེན་གཉིས་འོག་ཏུ་གཞུག་པ་དེ་ལྟ་བུའི་རྣམ་ པ་ནི་ཨུཏྤ་ལའི་ཕྱག་རྒྱའོ། །དེའི་རྗེས་སུ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་སྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་གསོལ་བ་བཏབ་ལ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་ཀུན་ གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་བདག་གིས་སྦྱིན། །ཞེས་བརྗོད་པ་རྣམས་ཀྱི་སངས་རྒྱས་ཀྱི་བཀས་སྤྱན་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་བ་སྟེར་བར་བསམ་པར་བྱ་ཞིང་འོད་དཔག་མེད་དབུ་རྒྱན་དུ་བཞུགས་པའོ། །དེ་ལྟར་ བསྒོམས་ནས་བཟླས་པ་བྱ་སྟེ། ཧ་ཅང་སྐྱེན་མིན་བུལ་བའང་མིན། །མི་གསལ་མ་ཡིན་ཆ་མཉམ་མིན། །ཡང་དག་མ་ཡིན་རྟོག་པ་སྤངས། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུཾ་སྭཱ་ཧཱ། དེ་ལྟར་ཐུན་མཚམས་གསུམ་གྱི་རིམ་པས་ཁུར་བ་དང་ཀ་ར་ལ་སོགས་པའི་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་རྟག་ཏུ་རྒྱུན་ མ་ཆད་པར་བརྟན་པར་འཇུག་པས་ཟླ་བ་དྲུག་ཏུ་བསྒོམ་པར་བྱའོ། །གྲུབ་པའི་མཚན་མ་རྣམས་ནི་འབྱུང་བར་འགྱུར་རོ། །དེའི་རྗེས་ལ་ཟླ་བ་དང་པོ་ལ་ནད་ལ་སོགས་པ་བར་དུ་གཅོད་པ་བརྒྱ་འབྱུང་བར་འགྱུར་རོ། །ཟླ་བ་གཉིས་པ་ལ་སྟོན་མོ་གྱ་ནོམ་པ་མ་བསླངས་པར་རྙེད་པར་འགྱུར་རོ། ། གསུམ་པ་ལ་གོས་སྣ་ཚོགས་པ་རྙེད་པར་འགྱུར་རོ། །བཞི་པ་ལ་སྣ་ཚོགས་པའི་སོ་རྩི་རྒྱུན་མི་འཆད་པར་རྙེད་པར་འགྱུར་རོ། །ལྔ་པ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པའི་བུད་མེད་རྣམས་ཀྱིས་གྲོགས་རྙེད་པར་འགྱུར་རོ། །ཟླ་བ་དྲུག་པ་ལ་ལྷ་ དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མིའམ་ཅི་ལ་སོགས་པའི་བུད་མེད་ཡིད་དུ་འོང་བ་དང་ཕྲད་པར་འགྱུར་རོ། །བཅོམ་ལྡན་འདས་མ་བསྒོམས་ན་ཕལ་ཆེར་བུད་མེད་རྣམས་ཀྱིས་འཚོ་བར་འགྱུར་རོ། །དེ་ལ་བདུད་ཀྱི་ལས་འདི་རྣམས་སྤངས་ཏེ། བཅོམ་ལྡན་འདས་མ་སྒོམ་པར་ བྱེད་པ་ལ་རྨི་ལམ་མམ་དངོས་སུ་སྟོན་པར་འགྱུར་རོ། །རལ་གྲི་དང་། མིག་སྨན་དང་། རྐང་པའི་བྱུག་པ་དང་། མི་སྣང་བ་དང་། བཅུད་ལེན་དང་། མཁའ་ལ་སྤྱོད་པ་དང་། ས་ལ་སྤྱོད་པ་དང་། ས་འོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །གལ་ཏེ་སོ་སོར་ བཀས་སྟོན་པར་མ་གྱུར་ན། དེའི་ཚེ་སྔར་གསུངས་པའི་ཕྱག་རྒྱ་བཅིངས་ནས་མཆོད་པ་དང་། གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ཟླ་བ་དྲུག་གི་མཐར་ཟླ་བ་ཡོངས་སུ་གང་བའི་མཚན་མོ་རིལ་པོར་བཟླས་པར་བྱའོ། །དེ་ནས་ཕྱག་རྒྱ་འབར་ཏེ་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་དེས་ཚངས་པ་དང་། དབང་པོ་དང་། ཉེ་བའི་དབང་པོ་དང་། དྲག་པོ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་ཡང་དག་པར་བཀུག་སྟེ། ཡང་དག་པར་འོངས་ནས་མངོན་པར་འདོད་པ་རྣམས་རྫོགས་པར་སྒྲུབ་པར་བྱེད་པར་འགྱུར་རོ། །དེ་ནས་བཟུང་སྟེ་སྐྱེ་བ་དང་། རྒས་པ་དང་། འཆི་བ་དང་བྲལ་ཞིང་གྲུབ་པའི་འཇིག་ རྟེན་གྱི་ཁམས་རྣམས་སུ་སོང་ནས་དེ་བཞིན་གཤེགས་པ་རྣམས་བལྟ་ཞིང་ས་དང་གཟུངས་ལ་སོགས་པ་རྣམས་ཐོབ་པར་འགྱུར་རོ། །སྒྲོལ་མའི་རྟོག་པ་ལས་བྱུང་བའི་ཚིག་ལྷུག་པའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །། ༄༅༅། །ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །རང་ཉིད་ཀུ་རུ་ཀུལླེར་བསྒོམ། །སྒྲོལ་མ་ལས་བྱུང་མཚོ་སྐྱེས་མ། །བསྒྲུབ་བྱ་ནང་དུ་གཞུག་བྱས་ནས། །འདོད་པས་མྱོས་པར་བསྒོམ་པར་བྱ། །ཡེ་ཤེས་སེམས་དཔའི་ཆུ་སྐྱེས་ལས། །དམར་འཛིན་དེ་ཡི་སྤྱི་བོར་བསམ། །ཞག་བདུན་ ཐུན་མཚམས་གསུམ་བསྒོམས་ན། །དེ་ནི་ལྟུང་བར་བྱེད་པར་འགྱུར། །ཀུ་རུ་ཀུལླེའི་དབང་དུ་བྱེད་པའི་མན་ངག་གོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མའི་སྒྲུབ་ཐབས། རིགས་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོར་སྟན་ བདེ་བ་ལ་ཉེ་བར་འདུག་སྟེ། རིགས་བྱེད་མའི་སྐུར་བསྒོམས་ནས་སེམས་ཅན་ཐམས་ཅད་དབང་དུ་བྱ་བ་བརྩམ་པར་བྱའོ། །རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཏཱཾ་ཡིག་དམར་པོ། དེ་ལས་འོད་ཟེར་ལྔ་བྱུང་སྟེ་དེ་བཞིན་གཤེགས་པ་རྣམས་ཡང་དག་པར་མཆོད་ནས། དཀོན་ མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་པ་ལ་སོགས་པའི་ཚིག་གིས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སྟོང་པ་ཉིད་དུ་རྣམ་པར་བསྒོམས་ནས་ཕྱི་ནས་ཨུཏྤ་ལ་དམར་པོ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཏཱཾ་ཡིག་དམར་པོ་དེ་ཐམས་ ཅད་ཡོངས་སུ་གྱུར་པ་ལས། རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཕྱག་བཞི་མ། ཕྱག་གཡས་པ་མདའ་དང་། མི་འཇིགས་པའི་ཕྱག །གཡོན་ན་གཞུ་དང་ཨུཏྤ་ལ་བསྣམས་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཤ་འགག་དམར་པོའི་སྟོད་གཡོགས་ཅན་གྱི་བདག་ཉིད་ དུ་བསྒོམ་པར་བྱའོ། །དེའི་འོག་ཏུ་འདོད་ལྷ་ཆུང་མ་དང་བཅས་པ་བསམ་པར་བྱའོ། །ཕྱི་ནས་བསྒོམ་པ་དང་ལྡན་པས་བཟླས་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་སཱ་ཧཱ། རིགས་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་མ་ཏཱི་ཀུ་རུ་ཀུལླེ་སཱ་དྷ་ ནཾ། བོད་སྐད་དུ། དཔལ་ལྡན་འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས། འཕགས་མ་ཀུ་རུ་ཀུ་ལླེ་ལ་ཕྱག་འཚལ་ལོ། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿཡིག་ལས་སྐྱེས་པའི་ཨུཏྤ་ལ་དམར་པོའི་དབུས་སུ་ཧྲཱིཿཡིག་གིས་མནན་པ་བསམས་ལ་དེ་ཡོངས་སུ་གྱུར་པ་ལས་ འཕགས་མ་རིགས་བྱེད་མ་སྐུ་མདོག་དམར་མོ་པདྨ་དམར་པོ་དང་ཟླ་བའི་གདན་ལ་བཞུགས་པ། འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན། ན་བཟའ་དམར་པོ་སྣ་ཚོགས་པའི་སྟོད་གཡོགས་ཅན། འོད་དཔག་ཏུ་མེད་པས་དབུ་བརྒྱན་པ། ཕྱག་བཞི་པ། རྩ་བའི་ཕྱག་དག་གིས་ཨུཏྤ་ལ་དམར་ པོའི་མདེའུས་རྣམ་པར་མཛེས་པའི་མདའ་དང་བཅས་པའི་མེ་ཏོག་གི་གཞུ་རྣ་བའི་རྩར་འགེངས་པ། གཡོན་སྡོང་བུ་དང་བཅས་པའི་ཨུཏྤ་ལ་དམར་པོ་ཁ་བྱེ་བ་བསྣམས་པ། གཡས་པ་མཆོག་སྦྱིན་མཛད་པའོ། །སྒེག་པའི་ཉམས་ཆེན་པོས་རོལ་པར་བལྟས་ཏེ། ཡེ་ཤེས་སེམས་དཔའ་དང་ ལྷན་ཅིག་ཏུ་བྱས་ནས་རང་གི་ལུས་ཀྱི་འོད་ཟེར་དམར་པོའི་ལྕགས་ཀྱུས་བཀུག་པའི་ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྐྱེས་པ་དང་། བུད་མེད་བརྒྱ་སྟོང་ལ་སོགས་པའི་ཚོགས་ཤིན་ཏུ་གུས་པར་ལུས་འདུད་ ཅིང་མཆོག་ཏུ་དབང་དུ་གྱུར་པར་ཕྱོགས་བཅུ་རྣམས་སུ་ཡང་དག་པར་བལྟའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་པའི་སྔགས་བཟླས་པ་འབུམ་ནས་བརྩམས་ནས། ཇི་སྲིད་བཅོམ་ལྡན་འདས་མ་མངོན་སུམ་དུ་མ་གྱུར་གྱི་བར་དུ་བཟླས་པར་བྱའོ། །དེ་ནས་འགའ་ཞིག་དབང་དུ་བྱ་བར་འདོད་ན་ ཇི་ལྟར་གསུངས་པའི་ཆོ་གས་བཟླས་པ་འབུམ་བྱས་ནས་གུས་ཤིང་འདུད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་དབུས་སུ་འཇུག་ཅིང་རང་གི་ལུས་ཀྱི་འོད་ཟེར་གྱི་ལྕགས་ཀྱུས་བསྒྲུབ་བྱ་བཀུག་ལ་མདུན་དུ་བཀོད་ནས། རང་གི་སྙིང་གར་ཨུཏྤ་ལ་དམར་པོ་འདབ་མ་བཅུ་དྲུག་པ། དེའི་སྙིང་གར་ ཡཾ་བསམས་ནས་འཕགས་པ་ཡན་ལག་མེད་པའི་རྡོ་རྗེས་གསུངས་པའི་རིམ་པས་བུང་བའི་ལྕགས་ཀྱུ་བསྒོམས་ལ། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱིས་ཤིན་ཏུ་མནན་ནས་དེ་བཞིན་དུ་མདས་སྙིང་གར་ཕུག་སྟེ་ཆགས་པ་ཆེན་པོས་བརྒྱལ་ཞིང་གཞུ་རྒྱུད་ཀྱིས་རྐང་པ་བཅིངས་ཤིང་སྐེ་ ཨུཏྤ་ལའི་ཞགས་པས་བཅིངས་ནས་ཡང་དག་པར་བཀུག་སྟེ་རང་གི་རྐང་པ་དག་གི་དྲུང་དུ་བསྒྱེལ་ལ། སྐྱེས་པ་ཡིན་ན་ལྕགས་ཀྱུས་སྙིང་གར་དབུག་པར་བྱའོ། །བུད་མེད་ཀྱི་ཆོས་འབྱུང་ལའོ། །ཨོཾ་ཀུ་རུ་ཀུལླེ་ཆེ་གེའམ་ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་ པར་བྱའོ། །བསྒྲུབ་བྱ་ཁུག་ནས། དེ་ལ་དེ་བཞིན་དུ་སྔགས་ལ་དབང་དུ་བྱ་བ་ནང་དུ་སྤེལ་ལ་བཟླས་པར་བྱའོ། །བརྒྱ་བཟླས་པས་སྐྱེས་པ་དང་། མི་མོ་དང་། རྒྱལ་པོ་དང་། བློན་པོའི་ཚོགས་ཕལ་པ་དབང་དུ་འགྱུར་རོ། །ཁྲི་བཟླས་པས་མངའ་རིས་ཀྱི་འཇིག་རྟེན་ནོ། །འབུམ་ བཟླས་པས་རྒྱལ་པོའོ། །འབུམ་ཕྲག་བདུན་གྱིས་ལྷ་དང་ལྷ་མ་ཡིན་གྱི་བུ་མོའོ། །བྱེ་བས་ནམ་མཁའ་ལྡིང་དང་། གླང་པོ་ཆེ་ས་སྲུང་གི་བུ་ལ་སོགས་པའི་ལྷའི་དུད་འགྲོ་རྣམས་དང་། དུད་འགྲོ་ཕལ་པ་རྣམས་ཀྱང་ངོ་། །གུས་པས་རྒྱུན་མི་ཆད་པར་དུས་རིང་པོ་དཔག་ཏུ་མེད་པར་བཟླས་ན་ས་ གསུམ་ཡང་དབང་དུ་བྱེད་པར་འགྱུར་རོ། །དཔལ་ལྡན་འཕགས་མ་རིགས་བྱེད་མའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨོ་ཌི་ཡཱ་ན་བི་ནི་རཱ་ག་ཏཱ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཨོ་ཌི་ཡཱ་ན་ལས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས། འཕགས་ མ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་བསྒོམ་པའི་སྔོན་དུ་དྲི་བཟངས་ལྔས་སའི་ཕྱོགས་གཅིག་ཏུ་ཉེ་བར་བྱུགས་ཏེ། བརྟུལ་ཞུགས་དང་ལྡན་པས་དགའ་བའི་སེམས་ཀྱིས་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། མཉམ་པར་གཞག་ནས། དེ་ནས་ཕྱིས་རང་གི་ སྙིང་གར་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབར་བའི་ཕྲེང་བ་རྣམ་པར་འཁྲུགས་པའོ། །དེའི་ལྟེ་བར་ཧྲཱིཿཡིག་དམར་པོ་རྣམ་པར་བསམ་པར་བྱའོ། །དེ་ནས་ཧྲཱིཿཡིག་ལས་བྱུང་བའི་འོད་ཟེར་གྱི་དྲ་བས་ཕྱོགས་བཅུ་ན་གནས་པའི་སེམས་ཅན་གྱི་ཁམས་སྣང་བར་བྱས་ནས་ དཔལ་ལྡན་རིགས་བྱེད་མའི་གཟུགས་སུ་དགོད་པར་བྱའོ། །སླར་ལོག་སྟེ་དེ་ཉིད་ལ་ཞུགས་ནས་དེ་བཞིན་དུ་འོད་ཟེར་གྱི་དྲ་བ་བསྒོམ་པར་བྱའོ། །དེ་ནས་ཕྱིས་མདུན་གྱི་ནམ་མཁའ་ལ་ལོ་བརྒྱད་གཉིས་ལོན་པའི་རྣམ་པ་ཅན་དབུ་སྐྲ་འབར་བ་གྱེན་དུ་བརྫེས་པ་ཐོད་པ་ལྔས་དབུ་བརྒྱན་ཅིང་རོའི་སྟེང་ན་ བཞུགས་པ། མགོ་བོའི་ཕྲེང་བས་དོ་ཤལ་བྱས་ཤིང་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཞལ་ཅུང་ཟད་མཆེ་བ་གཙིགས་ཤིང་ལྗགས་བསྐྱོད་པ། འཁོར་ལོ་དང་རྣ་རྒྱན་དང་། མགུལ་རྒྱན་དང་། དཔུང་རྒྱན་དང་། སྐ་རགས་དང་། རྐང་གདུབ་ཀྱིས་བརྒྱན་པ། སྟག་གི་ པགས་པའི་ཤམ་ཐབས་ཅན། གཡོ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་གཡོན་དུ་བལྟ་བ། མགོན་པོ་འོད་དཔག་ཏུ་མེད་པའི་དབུ་རྒྱན་ཅན། ཕྱག་བཞི་པ་རྩ་བའི་ཕྱག་གཉིས་ཀྱིས་མེ་ཏོག་དམར་པོའི་གཞུ་འཛིན་ཅིང་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་རྣ་བའི་རྩར་འགྲེངས་པ། ཕྱག་ ལྷག་མ་གཉིས་ཀྱིས་མེ་ཏོག་དམར་པོས་བྱས་པའི་ལྕགས་ཀྱུ་དང་ཨུཏྤ་ལ་དམར་པོ་བསྣམས་པ་རྣམ་པར་བསམ་པར་བྱའོ། །འདི་ཉིད་མཆོད་པའི་ཕྱིར་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་ལས་བྱུང་བའི་ཉེ་བར་སྤྱད་པའི་མཆོད་པ་ལྔ་རྣམས་ཏེ་མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་དང་། ཞལ་ཟས་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །མཆོད་ནས་མཆོག་གི་སྙིང་རྗེ་དང་ལྡན་པའི་རྣལ་འབྱོར་པས་གུས་པས་འདུད་ཅིང་ལུས་ལ་སོགས་པས་ཕྱག་འཚལ་ཏེ། དེ་ནས་བདག་གི་སྡིག་པ་བགྱིས་པ་དང་། གང་བགྱིད་དུ་སྩལ་བ་དང་། གང་གིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་དེ་རྣམས་བཅོམ་ལྡན་འདས་མའི་མདུན་དུ་བཤགས་པར་བགྱིའོ། །དེའི་རྗེས་སུ་འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་གྱི་ཁམས་རྣམས་བསྒྲལ་བའི་རང་བཞིན་བྱང་ཆུབ་ཀྱི་སེམས་གཟུང་བར་བྱའོ། །དེ་ནས་ཚད་མེད་པའི་གནས་ བཞི་བསྒོམ་པར་བྱའོ། །དེའི་རྗེས་ལ་སྟོང་པ་ཉིད་བསྒོམས་ཏེ། དེ་ལ་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སེམས་བྱིན་གྱིས་བརླབས་ལ། དེའི་རྗེས་སུ་ནམ་མཁའི་ཕྱོགས་སུ་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་ འཁོར་འབར་ཞིང་འཕྲོ་བའི་རྣམ་པར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུཾ་ཡིག་ནག་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ། །ར་བ་དང་གུར་བཅིང་བ་དང་། རྡོ་རྗེའི་རང་བཞིན་གྱི་ས་གཞི་རྣམས་བསྒོམ་པར་བྱའོ་ཞེས་པ་ནི་སྲུང་བའི་འཁོར་ལོའོ། །དེའི་དབུས་སུ་ཨེ་ཡིག་གི་རྣམ་པའི་ཆོས་འབྱུང་ མཛེས་ཤིང་ཡེ་ཤེས་ཀྱི་རྣམ་པ་སྐུ་མདོག་དཀར་པོ་བསྒོམ་པར་བྱའོ། །དེའི་དབུས་སུ་ཧྲཱིཿཡིག་དམར་པོ་ལས་བྱུང་བའི་ཆུ་སྐྱེས་དམར་པོ་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་ཟེའུ་འབྲུ་ལ་རཾ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའོ། །དེའི་སྟེང་དུ་རོའོ། །སླར་ཡང་དེའི་སྟེང་དུ་ཟླ་བ་ཡོངས་སུ་ གང་བ་དཀར་པོ་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེའི་སྟེང་དུ་སླར་ཡང་ཉི་མའི་དཀྱིལ་འཁོར་ལ་དཔེ་བྱད་བཟང་པོ་བརྒྱད་ཅུའི་བདག་ཉིད་སྐུ་མདོག་དམར་པོའོ། །དེའི་དབུས་སུ་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་ལ་རང་གི་སེམས་ ཉིད་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ། །ཕྱི་ནས་ཉི་མ་དང་ཟླ་བ་རོ་གཅིག་ཏུ་གྱུར་པ་ལས་བདག་ཉིད་སྔོན་མ་བཞིན་དུ་ཀུ་རུ་ཀུལླེའི་སྐུར་བསྒོམ་པར་བྱའོ། །རང་གི་སྙིང་གར་རཾ་ཡིག་ལས་ཉི་མའི་དཀྱིལ་འཁོར་བསྒོམས་ལ་དེའི་ལྟེ་བ་ལ་སླར་ཡང་ཧྲཱིཿབསྒོམ་པར་བྱའོ། །དེ་ལས་བྱུང་བའི་འོད་ ཟེར་གྱིས། མགོན་པོ་འོད་དཔག་ཏུ་མེད་པ་གདན་དྲངས་ལ་གསང་བ་དང་བཅས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། དེ་ལ་འདིས་གསོལ་བ་གདབ་པོ། །མགོན་པོ་འོད་དཔག་ཏུ་མེད་པས་བདག་ལ་དབང་བསྐུར་དུ་གསོལ་ཞེས་སོ། ། དེ་ནས་མགོན་པོ་འོད་དཔག་ཏུ་མེད་པས་ཉིད་ཀྱི་ཐུགས་ཀ་ནས་བདུད་རྩི་ལྔས་གང་བའི་བུམ་པ་ལྔ་འཕྲོ་བར་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བདུད་རྩི་རྣམ་པ་ལྔས་ཡོངས་སུ་གང་བའི་བུམ་པ་ལྔ་པོ་དེ་རྣམས་ཀྱིས་ཁྲུས་མཛད་ཅིང་བཀྲུས་ནས་རང་གི་སྙིང་གའི་བུམ་པ་ རྣམས་ལ་རབ་ཏུ་གཞུག་པར་བྱའོ། །དེ་ལ་རབ་ཏུ་ཞུགས་ནས་རྣལ་འབྱོར་པའི་སྤྱི་བོར་མགོན་པོ་འོད་དཔག་ཏུ་མེད་པ་བསྒོམ་པར་བྱའོ། །ཐུན་མཚམས་གསུམ་དུ་རྣམ་པར་བསྒོམ་ཞིང་སྔགས་བཟླས་པར་བྱའོ། །དེ་ནས་སྔགས་ནི་ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཙནྡན་དམར་པོས་ཁྱད་པར་དུ་བཟླས་ པར་བྱའོ། །ཨོཾ་ཨཱཿཧཱུཾ་ཞེས་པས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་པས་སྐྱེས་པའམ་བུད་མེད་དབང་དུ་བྱ་བར་འདོད་ན་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ་ཐུན་མཚམས་གསུམ་དུ་ཁྲི་ཕྲག་རེ་ཉི་མ་སོ་སོ་ལ་བཅོམ་ལྡན་འདས་མའི་སྐུ་ལ་དམིགས་ ལ་གོས་དམར་པོའི་སྟོད་གཡོགས་བྱའོ། །དེའི་རྗེས་སུ་རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧྲཱིཿཡིག་དམར་པོ་ཡོངས་སུ་གྱུར་པ་ལས་ཆུ་སྐྱེས་དམར་པོ་འདབ་མ་བརྒྱད་པ་སྐྱེ་གནས་ཀྱི་བར་དུ་སོན་པའི་སྡོང་བུའི་རྣམ་པ་བསྒོམ་པར་བྱའོ། །དེའི་འདབ་མ་བརྒྱད་ལ་བུང་བ་བརྒྱད་དོ། །བར་བར་ དུ་དབྱངས་ཡིག་ཡོངས་སུ་གྱུར་པ་ལས་ཤིན་ཏུ་དགའ་ཞིང་དགྱེས་པ་དང་ཁྲོ་ཞིང་ཆགས་པའི་གོ་རིམས་བཞིན་དུ་རང་གི་སྣའི་རླུང་གིས་བསྐུལ་ཏེ་འཕུར་ནས། སྣ་བུག་གཡོན་པའི་བུ་ག་ནས་འཐོན་ཏེ་བསྒྲུབ་བྱའི་སྣ་བུག་གཡས་པའི་བུ་གར་རབ་ཏུ་ཞུགས་ཏེ་དགའ་བས་དུམ་བུར་གཏུབ་ཅིང་ཉམས་ པར་བྱས་ཏེ། དབྱངས་ཡིག་དང་པོ་ལ་སོགས་པ་བརྒྱད་ཅུང་ཞིག་དམར་བ་དང་ལྡན་པའི་འདབ་མ་བཞི་བསྒོམ་པར་བྱའོ། །དེ་ལྟར་ལྟ་བར་བྱེད་པའི་རྣལ་འབྱོར་པས་ཕྱི་ནས་རྣ་བའི་བར་དུ་བཀང་བའི་ཨུཏྤ་ལའི་མདེའུ་ཅན་གྱི་མདའ་དང་གཞུའི་ཆང་པ་ལ་བལྟ་ཞིང་སྔགས་ཟེའུ་འབྲུ་ལ་སོ་སོར་རྟོག་ པར་བྱའོ། །དེ་ནས་བུང་བ་དེ་རྣམས་རང་གི་དམ་ཚིག་གིས་བསྐུལ་ནས་སྣ་བུག་གཡོན་པའི་བུ་ག་ནས་བྱུང་སྟེ། དབྱངས་རེ་རེ་བླངས་ཤིང་ཁྱེར་ནས་རྣལ་འབྱོར་པའི་སྣ་བུག་གཡས་པའི་བུ་ག་ནས་ཞུགས་ཏེ་རང་གི་སྙིང་གར་རང་དང་གཞན་གྱི་ཤེས་པ་ངོ་བོ་གཅིག་ཏུ་བྱའོ། །ཕྱི་ནས་ཨུཏྤ་ལས་ སྐེ་བཅིངས་ཏེ། སྐྱེ་གནས་ལྕགས་ཀྱུས་ཕུག་ཅིང་མདའི་དྲ་བས་བསྣུན་ཅིང་དབང་དུ་བྱེད་པར་རྣམ་པར་བསམ་པར་བྱའོ། །མགལ་མེའི་འ