Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 76
Văn bản gốc(Tây Tạng)
Trang 16 / 17 (50.000 ký tự/trang)
ྡན་པས་ཐམས་ཅད་བརྩམ་པར་བྱ་ཞིང་ཀློག་པའི་དུས་སུ་ཡང་ཇི་ལྟར་ནུས་པས་སེམས་ཅན་རྣམས་ལ་གསེར་ལ་སོགས་པའི་སྦྱིན་པ་གཏང་བར་བྱ་སྟེ། དེ་ནས་བཀླགས་པས་འགྲུབ་པར་འགྱུར་རོ། །དེ་ལ་མིག་བཙུམས་པ་ཙམ་ལ་ནོར་རྒྱུན་མས་སྐྱེས་བུ་ཆེན་ པོ་དང་འཚམ་པའི་ནོར་གྱི་རྒྱུན་གྱིས་སྦྱིན་བདག་གི་ཁྱིམ་ཡོངས་སུ་འགེངས་པར་འགྱུར་ཏེ། ནོར་ཐམས་ཅད་དང་སོ་བ་དང་གསེར་དང་དངུལ་དང་ཉེ་བར་མཁོ་བ་ཐམས་ཅད་ཀྱིས་སོ། །ཉེ་བར་འཚེ་བ་ཐམས་ཅད་ཀྱང་མེད་པར་འགྱུར་རོ། །དེ་ནས་སྔར་བཞིན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ གཤེགས་སུ་གསོལ་ལ་རྡུལ་ཚོན་ཐམས་ཅད་ཁང་པའི་མཛོད་མིག་དུ་བཅུག་ནས་གཞག་པར་བྱ་སྟེ། གང་དུ་རྡུལ་ཚོན་བཅུག་པ་དེར་ནི་ཐམས་ཅད་ཟད་པ་མེད་པར་འགྱུར་རོ། །རྒྱལ་མཚན་དང་བ་དན་ལ་སོགས་པ་གཞན་དག་ནི་ཆུ་ཀླུང་གི་ཆུ་ལ་དོར་བར་བྱའོ། །སློབ་དཔོན་ལ་སོགས་ པ་རྣམས་ཀྱང་ཁ་ན་མ་ཐོ་བ་མེད་པའི་བཟའ་བ་དང་ཡོན་ལ་སོགས་པས་མཉེས་པར་བྱའོ་ཞེས་པ་ནོར་རྒྱུན་མའི་གཟུངས་བཀླག་པའི་ཆོ་གའོ།། །།རིགས་ཀྱི་བུ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་མ་ཞེས་པའི་གཟུངས་འདི་ནི། འཆི་བའི་ཆད་པ་ཆེན་པོ་ འཛིན་པ་རྣམས་དག་པར་བྱེད་ཅིང་སྡིག་པ་སེལ་བར་བྱེད་པ་སྟེ་གང་སུ་དག་ཚེ་རིང་བར་འདོད་པ་རྣམས་ཀྱིས་འཆད་པར་འགྱུར་བའི་རིམ་པས་དེ་ཉིད་བཀླག་པར་བྱའོ། །རྣམ་པར་རྒྱས་པའི་ས་ཕྱོགས་འགའ་ཞིག་ཏུ་འཇིམ་པ་དང་བ་བྱུང་རྣམས་ཀྱིས་ཉེ་བར་བྱུགས་ཏེ་དྲི་བཟང་པོའི་ཆུས་མངོན་པར་གཏོར་ ལ། རྣམ་པར་བཀྲ་བའི་བླ་རེ་བྲེས་ནས་རྡུལ་ཚོན་དཀར་པོས་འཁོར་ལོ་རྩིབས་བརྒྱད་པ་རྣམ་པར་བཀོད་པས་བརྒྱན་པར་བྱས་པ་དེའི་དབུས་སུ་ནི། དེ་བཞིན་གཤེགས་པ་རང་བཞིན་ནམ་རྣམ་པར་རྒྱས་པའི་གཙུག་ཏོར་ཏེ། རིམ་པ་ཇི་ལྟ་བར་ཤར་ལ་སོགས་པའི་རྩིབས་རྣམས་སུ་ནམ་མཁའ་ དང་མཉམ་པ་ལས་བྱུང་བའི་གཙུག་ཏོར་དང་། སའི་སྙིང་པོ་ལས་བྱུང་བའི་གཙུག་ཏོར་དང་། ནོར་བུའི་སྙིང་པོ་ལས་བྱུང་བའི་གཙུག་ཏོར་དང་། རོའི་སྙིང་པོ་ལས་བྱུང་བའི་གཙུག་ཏོར་དང་། དཔག་ཏུ་མེད་པ་ལས་བྱུང་བའི་གཙུག་ཏོར་དང་། གཟི་བརྗིད་སྙིང་པོ་ལས་བྱུང་བའི་གཙུག་ཏོར་དང་། རྔ་སྒྲའི་ དབྱངས་ལས་བྱུང་བའི་གཙུག་ཏོར་དང་། རླུང་གི་སྙིང་པོ་ལས་བྱུང་བའི་གཙུག་ཏོར་རྣམས་དགོད་པར་བྱའོ། །དེའི་ཕྱི་རོལ་དུ་ཤིན་ཏུ་མཛེས་པའི་པདྨ་འདབ་མ་བཅུ་དྲུག་པ་བྱས་ནས་འདབ་མ་རེ་རེ་ཞིང་རིམ་པ་ཇི་ལྟ་བར་སོ་སོར་ཟླ་བ་བཅུ་དྲུག་ལ་དེ་བཞིན་གཤེགས་པ་བཅུ་དྲུག་དགོད་པར་བྱ་སྟེ། ནང་ སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། ཕྱི་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། ཕྱི་ནང་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། སྟོང་པ་ཉིད་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། འདུས་བྱས་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། འདུས་མ་བྱས་སྟོང་པ་ཉིད་ལས་ བྱུང་བའི་གཙུག་ཏོར་དང་། མཐའ་ལས་འདས་པ་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། དོར་བ་མེད་པ་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། རང་བཞིན་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། ཆོས་ཐམས་ ཅད་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། རང་གི་མཚན་ཉིད་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། མི་དམིགས་པ་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། དངོས་པོ་མེད་པ་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། ངོ་བོ་ཉིད་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལས་བྱུང་བའི་གཙུག་ཏོར་རྣམས་སོ། །དེ་བཞིན་གཤེགས་པ་འདི་དག་གིས་གདན་གྱི་མཎྜལ་བྱས་ནས་དུས་ཇི་ལྟ་བར་མེ་ཏོག་གི་ཚོམ་བུ་དགོད་པར་བྱའོ། །འདིའི་སྟེང་དུ་མན་ཇིའི་ཁར་ཆུའི་སྣོད་དུ་རྣམ་པར་སྣང་མཛད་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་གཞག་ ཅིང་། གསེར་གྱི་བྱང་བུ་ལ་སྔགས་དང་སྤེལ་བའི་བསྒྲུབ་བྱའི་མིང་མངོན་པར་བྲིས་ལ་གཞག་སྟེ་བུམ་པ་ཆུས་དགང་བར་བྱའོ། །པདྨའི་ཕྱི་རོལ་ཕྱོགས་བཞིར་ཆུས་གང་བའི་བུམ་པ་བཞི་གཞག་པར་བྱའོ། །ཡལ་འདབ་དང་བཅས་པ་དང་གདུགས་དང་བ་དན་གྱིས་ཉེ་བར་མཛེས་པར་བྱས་ནས། སླར་ ཡང་ཤར་དུ་བགེགས་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་དང་། ལྷོར་འཆི་བ་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་དང་། ནུབ་ཏུ་ཉོན་མོངས་པ་རབ་ཏུ་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་དང་། བྱང་དུ་ཕུང་པོའི་ནད་ཞི་བར་བྱེད་པའི་ལྷ་མོ་རྣམ་པར་རྒྱལ་མ་དང་། མེར་ རྡོ་རྗེའི་ཕྲེང་བ་ཚེ་སྦྱིན་མ་དང་། བདེན་བྲལ་དུ་སྒྱུ་འཕྲུལ་ཆེན་མོ་དང་། རླུང་དུ་གསེར་གྱི་འོད་ཅན་མ་དང་། དབང་ལྡན་དུ་ཚེ་སྟེར་བར་བྱེད་པ་གསེར་གྱི་ཕྲེང་བ་མ་རྣམས་ཏེ། སྣོད་བཞི་ཆུས་ཡོངས་སུ་བཀང་ནས་དྲི་བཟང་པོ་དང་བསྲེས་ཏེ་མེ་ཏོག་གི་ཕྲེང་བ་འཕྱང་བ་བཞི་དགོད་པར་བྱའོ། །རྡུལ་ཚོན་བཀྱེ་ བའི་རེ་ཁཱ་གསུམ་གྱི་ནང་མའི་ནང་མ་ལ་སཱ་ལུའི་ཟན་ནམ་འཇིམ་པ་ལས་མཆོད་རྟེན་སྟོང་བྱའོ། །གལ་ཏེ་མ་འབྱོར་ན་བརྒྱ་གཞག་པར་བྱའོ། །ཕྱོགས་བཞིར་བསྙེན་བཀུར་བའི་ཕྱིར་མཆོད་པ་རྒྱ་ཆེན་པོ་བྱ་སྟེ། དཱུར་བ་དང་ཀུནྡ་གཟུང་སྟེ་ཆོས་ཀློག་པ་པོས་གཟུངས་འདི་བཀླག་པར་བྱ་ཞིང་། མཆོད་རྟེན་སོ་སོའི་དབུ་ལ་མཆོད་པར་བྱས་ལ་རབ་ཏུ་གནས་པར་བྱའོ། །འབྲས་མ་ཉམས་པ་དང་དཱུར་བ་དང་ཀུནྡ་སྟོང་གིས་དབུས་ཀྱི་མཆོད་རྟེན་གྱི་དབུ་ལ་དོར་ནས་མཆོད་པར་བྱ་ཞིང་། མེ་ཏོག་དང་བདུག་སྤོས་དང་སྣང་གསལ་དང་དྲི་དང་གཏོར་མ་དང་ཞལ་ཟས་དང་གདུགས་དང་བ་དན་ལ་ སོགས་པའི་མཆོད་པ་ཐམས་ཅད་རེ་རེ་ཞིང་ངེས་པར་སྟོང་སྟོང་གི་ཕྲེང་བ་བྱས་ནས་ཡང་དག་པར་མཆོད་པར་བྱའོ། །ཡོངས་སུ་རྫོགས་པ་ཇི་སྲིད་པར་མར་མེའི་ཕྲེང་བ་མ་ཆད་པར་བྱ་ཞིང་། རྟག་ཏུ་མཉམ་པར་གཞག་པས་གཙང་མའི་དངོས་པོར་བྱའོ། །ཆོས་སྟོན་པ་པོ་སློབ་དཔོན་དང་ ལས་ཀྱི་རྡོ་རྗེ་རྣམས་ཀྱིས་དྲི་བཟང་པོའི་ཆུས་ཁྲུས་བྱས་ཏེ། དཀར་པོའི་རང་བཞིན་གྱི་གོས་དང་རྒྱན་གྱིས་བརྒྱན་ཏེ་སྡོམ་པ་དང་ལྡན་པས་ཤར་དུ་མངོན་པར་ཕྱོགས་ཏེ་བཀླག་པར་བྱའོ། །དེ་ལྟར་བྱས་ན་ཞག་བདུན་གྱི་ཚེ་ནི་ལོ་བདུན་གྱི་ཚེར་འགྱུར་ལ། ལོ་བདུན་གྱི་ཚེ་ནི་ལོ་བདུན་ཅུར་ འཚོ་བར་འགྱུར་ལ་དུས་མ་ཡིན་པར་འཆི་བའང་མི་འབྱུང་བར་འགྱུར་རོ། །ཞེས་པ་གཙུག་ཏོར་རྣམ་པར་རྒྱལ་མ་བཀླག་པའི་ཆོ་གའོ།། །།འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པ་ལ་སོགས་པ་ན་གལ་ཏེ་ས་འོག་ནས་ཆུ་རྡོལ་བ་དང་མེ་དང་རླུང་དང་། སྤྲིན་དང་ཐོག་དང་མི་དང་ལྷའི་སྡེ་དང་ གླང་པོ་ལ་སོགས་པ་བགེགས་ཀྱི་ཉེ་བར་འཚེ་བ་ལྷས་བྱས་པ་འམ། མི་ལ་སོགས་པས་བྱས་པ་འབྱུང་བ་སྲིད་དེ། དེའི་ཚེ་ཆོ་ག་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། ར་བ་དང་། གུར་དང་མདའི་དྲ་བ་དང་། བླ་རེ་རྣམས་ཀྱི་ནང་གི་བར་སྣང་ལ་གནས་པའི་རྩིབས་ཀྱི་རྩེ་མོ་ལ་བརྟན་ པར་བཞུགས་པའི་ཤིན་ཏུ་འཇིགས་སུ་རུང་བའི་ཁྲོ་བོ་བཅུར་བྱིན་གྱིས་བརླབས་པའི་རྩིབས་བཅུ་པའི་འཁོར་ལོ་སེར་པོ་གཡས་སུ་བསྐོར་བའི་ལྟེ་བའི་དབུས་སུ་གནས་པའི་གཞལ་ཡས་ཁང་གི་རྣམ་པར་དཀྱིལ་འཁོར་ཁང་པར་ཤིན་ཏུ་བརྟན་པར་སྐད་ཅིག་གིས་ལྷག་པར་མོས་པར་ བྱ་སྟེ། རྡོ་རྗེའི་རང་བཞིན་ཉིད་ལ་སོགས་པས་བགེགས་ཐམས་ཅད་བཟློག་པར་འགྱུར་རོ་ཞེས་སོ། །གང་ཡང་རྒྱུན་མི་འཆད་པར་སྙིང་རྗེ་ཆེན་པོ་དང་རོ་གཅིག་པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གོམས་པར་བྱེད་པ་དེ་ལ་ནི་དཔག་ཏུ་མེད་པའི་བགེགས་རྣམས་ཀྱང་རབ་ཏུ་ཞི་བར་འགྱུར་ཏེ་ དེའི་ཕྱེད་དུ་ནི་རིམ་པ་འདི་དག་མ་ཡིན་ནོ་ཞེས་པ་བགེགས་བཟློག་པའི་ཆོ་གའོ།། །།སངས་རྒྱས་རྣམ་པ་བྱས་པའི་འབྲས། །བཅོམ་ལྡན་འདས་ཀྱིས་གང་གསུངས་ཏེ། །དེས་ན་སངས་རྒྱས་རྣམས་ཀྱི་སྐུའི། །མཚན་ཉིད་འདིར་ཡང་བྲི་བར་བྱ། །སྐུ་གཟུགས་མཚན་ཉིད་ ཐམས་ཅད་ནི། །རབ་རྫོགས་བདེ་བ་སྟེར་བའོ། །གང་ཚེ་དེ་ཉིད་རྣམ་ཉམས་འགྱུར། །དེ་ཚེ་སྡུག་བསྔལ་རབ་སྦྱིན་བྱེད། །བདེ་བ་ཅི་ཞེ་ན་དེ་བཤད་པ། །བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་སྐུ་གཟུགས་ལ་ཡང་ཕྲ་རབ་རྡུལ་ནི་ཇི་སྙེད་པ། །དེ་སྙེད་དེ་དག་ བྱེད་པ་པོ་ནི་ལྷ་ཡི་ས་གཞིར་ངེས་པ་ཉིད་དུ་རྒྱལ་སྲིད་དང་། །གཟུགས་དང་གཟུགས་མེད་ཏིང་ངེ་འཛིན་གྱི་ཕུན་སུམ་ཚོགས་པ་མཐའ་དག་སྤྱད་པར་གྱུར་ནས་ཀྱང་། །བདེ་བ་ཀུན་རྫོགས་མཐར་ནི་སྐྱེ་རྒར་ལྷུང་བ་བྲལ་ནས་སངས་རྒྱས་གོ་འཕང་ཐོབ་པར་འགྱུར། །དེའི་ཕྱིར་གཟུགས་ཀྱི་ སྐུའི་མཚན་ཉིད་བཤད་པར་བྱའོ། །དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། རྡོ་རྗེ་འཛིན་པ་རྣམས་ཀྱི་སྐུའི་རིང་བར་དཔུང་པ་གཉིས་ངོས་སུ་རབ་ཏུ་བརྐྱང་བ་སྟེ་ཞེང་དུ་ཡང་ངོ་། །ཚད་རྣམས་ཅི་ཞེ་ན། རང་གི་སོར་གྱི་སོར་ཕྱེད་དང་བཅས་པའི་བཅུ་གཉིས་ནི་མཐོའོ། །མཐོ་ དེ་ཉིད་བཅུ་ལ་ནི་སོར་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱའོ། །སྤྱན་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་ནི་སོར་བཅུ་གཉིས་ལ་མཐོའོ། །མཐོ་དེ་ཉིད་དགུ་ལ་སོར་བརྒྱ་དང་བརྒྱད་དེ་ཞེང་དུ་ཡང་ངོ་། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སོར་བཅུ་གཉིས་པའི་མཐོ་བཅུ་པ་ཉིད་དོ། །ཐུང་ཞིང་ལྟོ་བ་ འཕྱང་བ་རྣམས་དང་། ཁྲོ་བོ་རྣམས་ཀྱི་ཡང་མཐོ་བརྒྱད་པ་སྟེ་སོར་དགུ་བཅུ་རྩ་དྲུག་གོ། །རོལ་པའི་ཁྲོ་བོ་རྣམས་ཀྱི་ནི་མཐོ་བཅུ་པ་དང་། སོར་བརྒྱད་དང་ཉི་ཤུ་པ་སྟེ་དཔངས་དང་ཞེང་དུ་ཡང་ངོ་། །ཡན་ལག་དང་ཉེ་བའི་ཡན་ལག་ཐམས་ཅད་ཀྱང་ཤེས་པར་བྱའོ། །སྟོན་པ་ཆོས་འཆད་པ་ལ་ བྱོན་པའི་དུས་སུ། ཤཱ་རིའི་བུས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་མི་བཞུགས་པ་ན་དད་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་རྣམས་ཀྱིས་ཅི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུ་ང་ཡོངས་སུ་མྱ་ངན་ལས་ འདས་པར་གཤེགས་པ་ནའང་མཆོད་པ་དང་བསྙེན་བཀུར་བྱ་བའི་དོན་དུ་སྐུ་གཟུགས་བྱའོ། །ནྱ་གྲོ་དྷའི་དཀྱིལ་འཁོར་ནི་ཇི་སྙེད་པའི་ཞེང་དེ་སྙེད་པའི་ལུས་ཏེ། ཇི་སྙེད་པའི་སྐུ་ཡང་དེ་སྙེད་པའི་ཞེང་ངོ་། །ཐམས་ཅད་དུ་ཡན་ལག་དང་ཉེ་བའི་ཡན་ལག་སྟེ་ལུས་ཀྱི་ཆ་ཤས་རྣམས་སྦོམ་ ཞིང་སྣུམ་པ་དང་། རོལ་པ་དང་སྒེག་པ་དང་བདུན་མཐོ་བ་དང་འགྲམ་པ་ཆེ་བ་ཉིད་དང་། སྤྱི་བོ་གདུགས་ཀྱི་རྣམ་པ་དང་ཕྲག་པ་ལེགས་པར་གནས་པ་དང་། གཙུག་ཏོར་ལ་སོགས་པ་ཤིན་ཏུ་ལེགས་པར་གནས་པའོ། །དེ་ཡང་དཔངས་དང་ཞེང་དང་མཐོ་དང་ཚིགས་བསྐུམ་པ་དང་། བརྐྱང་ བ་རྣམས་ཀྱི་ཚད་ནི་སངས་རྒྱས་ཀྱི་སྐུ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ངོ་ཞེས་པའི་གསུང་ལས་སོ། །དེ་ལ་སྣུམ་པ་ནི་པགས་པ་སྣུམ་པའོ། །རོལ་པ་ནི་ཡིད་འཕྲོག་པའོ། །སྒེག་པ་ནི་གསུམ་དུ་འཁྱོག་པ་ཉིད་ལ་སོགས་པའི་ཡོན་ཏན་གྱིས་སོ། །བདུན་མཐོ་བ་ཞེས་པ་ལ་ བདུན་ནི་ལུས་ཀྱི་ཆ་ཤས་ཡིན་ཞིང་མཐོ་བ་ནི་ངེས་པར་མཐོ་བ་དང་ཤིན་ཏུ་མཐོ་བ་ཞེས་པའི་རྣམ་གྲངས་སོ། །དེ་དག་གང་ཞེ་ན། ཞབས་གཉིས་དང་། ཕྱག་གཉིས་དང་། ཕྲག་པ་གཉིས་དང་། མགུལ་པ་རྣམས་སོ། །གཞན་ནི་རབ་ཏུ་གྲགས་ཏེ་ཅུང་ཟད་མཐོ་བ་ཡང་མཐོ་བ་ཞེས་བྱའོ། །དེ་ལ་ གཙུག་ཏོར་ནི་སོར་བཞི་སྟེ་སྐྲའི་གནས་ཀྱང་ངོ་། །དེ་བཞིན་ཉིད་དུ་དཔྲལ་བ་དང་ཤངས་ལའོ། །ཤངས་ཀྱི་འོག་ནས་ཀོ་སྐོའི་མཐར་ནི་ནས་བཞི་ལྷག་པའི་སོར་བཞིའོ། །འདི་ཉིད་ནི་ཆ་ཆུང་ཕྱེད་དང་བཅུ་གསུམ་སྟེ་ཞལ་གྱི་ཆའོ། །ཀོ་སྐོ་ནི་སོར་གཉིས་སུ་འགྱུར་བ་དཔངས་ལ་སྟེ་རྒྱ་ལ་ཡང་དེ་བཞིན་ དུ་སོར་བཞིར་འདོད་དོ། །འགྲམ་པ་དག་ལ་སོར་བཞི་སྟེ་རྣ་བའི་རྩ་བར་སོན་པ་ལའོ། །སྤྱན་གྱི་འོག་གི་པགས་པ་དག་ལས་འོག་གི་ཆ་ནི་འཁུར་བར་འགྱུར་རོ། །དེ་དག་ནི་སོར་གཉིས་སུ་མཐོ་བ་དང་རྒྱར་ཡང་དེ་དག་སོར་གཉིས་པ་སྟེ། བྱང་ཆུབ་སེམས་ལ་ལྟོས་པའི་འོ། །ལྷག་པ་དང་བཅས་ ཤིང་ཡོངས་སུ་རྫོགས་པར་གྱུར་པས་སེང་གེ་ཆེན་པོའི་འགྲམ་པ་ཇི་ལྟ་བ་ནི་སངས་རྒྱས་དང་རྡོ་རྗེ་འཛིན་པ་རྣམས་ཀྱི་སྟེ་ཅུང་ཟད་མཐོ་བའོ་ཞེས་པའི་དོན་ཏོ། །ཁྲོ་བོ་རྣམས་ཀྱི་ནི་ལེབ་མོར་རྣམ་པར་རྒྱས་ཤིང་ལྷག་པའོ། །མ་མཆུའི་རྒྱ་ལ་སོར་གཉིས་ཏེ་དཔངས་ལ་ནི་ཆ་ཆུང་གསུམ་མོ། །སོར་ སུམ་ཆ་ལ་ནི་ཆ་ཆུང་ཞེས་བྱའོ། །མཆུའི་དབུས་སུ་ནི་བིམ་པའི་འབྲས་བུ་ལྟ་བུའོ། །སོར་གཅིག་ནི་ཞལ་གྱི་གྲུ་སྟེ་ཞལ་གྱི་ཞེང་ལ་སོར་བཞིའོ། །ཇི་ལྟ་བར་སྐྱེས་ཤིང་བཀོད་པའི་ཚེམས་བཞི་བཅུ་ནི་རྒྱལ་པོའི་ཚེམས་ལ་སོགས་པའི་རིམ་པས་སོ། །ཡ་མཆུ་དག་ལ་སོར་ཕྱེད་དང་ནས་ བཞི་ནི་རྒྱ་དང་དཔངས་དག་ལའོ། །ཤངས་ཀྱི་རྩེ་མོའི་འོག་ཏུ་མཆུ་ལ་སོར་སུམ་ཆ་པད་འདབ་ཀྱི་རྣམ་པ་བྱ་སྟེ་སྨ་རའི་དབུས་ནི་མཆུའི་སྒྲོས་སོ། །ཤངས་ཀྱི་ཞེང་ལ་ནི་སོར་གཉིས་ཏེ་དེའི་ཕྱེད་སོར་ནི་དཔངས་ལའོ། །སངས་རྒྱས་རྣམས་ཀྱི་ནི་ཅུང་ཟད་ལྷག་པའོ། །ཤིན་ཏུ་ཁྲོས་པ་རྣམས་ཀྱི་ ཅུང་ཟད་ལེབ་ཅིང་ངོས་སུ་སོན་པའོ། །སོར་ཕྱེད་པར་མཉམ་ཞིང་ཟླུམ་པ་ནི་ཤངས་ཀྱི་བུག་པའོ། །དེའི་ཤངས་ཀྱི་ཀ་བ་དང་ཤངས་ཀྱི་རྩེ་མོའི་འཁྱོག་པ་རྒྱ་ལ་སོར་ཕྱེད་དོ། །སྤྱན་གྱི་སྦུབས་ལ་སོར་བཞིའོ། །དེའི་དབུས་ལ་སོར་གཅིག་གི་རྒྱའོ། །སྨིན་མའི་འོག་ནས་བརྩམས་ཏེ་ འོག་གི་མཐར་ཐུག་པ་ལ་སོར་གསུམ་མོ། །སྤྱན་དག་གི་བར་དུ་ཤངས་ཀྱི་རྩ་བ་སོར་གཅིག་གོ། །སྨིན་མ་ནི་སོར་བཞི་སྟེ་དེ་ནི་གཞུའི་རྣམ་པའོ། །དབུས་ཀྱི་ཞེང་ལ་སོར་གཉིས་ཏེ་རྡོ་རྗེ་འཛིན་པ་རྣམས་ཀྱིའོ། །ཁྲོ་བོ་རྣམས་ཀྱི་ནི་འཁྱོག་པོའོ། །སངས་རྒྱས་རྣམས་ཀྱི་ཏིང་ངེ་འཛིན་གྱི་གཟིགས་ སྟངས་ལ་ནས་གཉིས་ཏེ་རྒྱར་སོར་གཉིས་དང་ནས་དྲུག་ལྷག་པ་ཉའི་རྣམ་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་ཞེང་ལ་ནས་བཞི་དང་རིང་བར་ནས་ཉི་ཤུ་སྟེ་ཨུཏྤ་ལའི་རྣམ་པའོ། །ཐམས་ཅད་བུད་མེད་སྒེག་མོ་རྣམས་ཀྱི་ནི་རིང་བར་ནས་བཅོ་བརྒྱད་དང་ཞེང་ལ་ནས་དྲུག་སྟེ་ཉའི་ལྟོ་བའི་རྣམ་ པའོ། །ཤངས་དང་ཉེ་བའི་སྤྱན་གྱི་མཐའ་སྟེ་ནང་ཟུར་ལ་ནས་བཞིའོ། །ཕ་རོལ་གྱི་མཐའ་སྟེ་ཕྱི་ཟུར་ལ་ནས་བཞིའོ། །སྤྱན་གྱི་ནོར་བུ་ལ་སོར་གསུམ་མོ། །འབུར་པོར་ནས་གཉིས་སུ་མཐོ་བའོ། །ནག་པོ་ལ་ནི་མཉམ་པར་ནས་ལྔའི་ཚད་དེ་ཞལ་གྲྭའི་ཐིག་དང་མཉམ་པའོ། །སྤྱན་གྱི་ དབུས་སུ་པུ་ཏ་ལི་ག་ནི་སོར་ཕྱེད་དང་གཉིས་ཀྱི་ལྔ་ཆའི་ཞེང་སྟེ་སོར་གཅིག་ནི་སྤྱན་འབྲས་ཡིན་ལ། སོར་གསུམ་གྱི་བཞི་ཆ་ནི་རབ་ཏུ་གསལ་བ་སྤྱན་གྱི་བུའོ། །པདྨའི་འདབ་མའི་རྣམ་པ་སྤྱན་གྱི་སྦུབས་ནི་སོར་གསུམ་མོ། །ནང་ཟུར་གྱི་ཆ་ནི་ཤངས་ཀྱི་བུ་གའི་ཐིག་དང་མཉམ་པའོ། །སྤྱན་འབྲས་ དང་མཉམ་པར་ཀོ་སྐོ་དང་ཞལ་གྱི་གྲྭ་ཟུར་ཡང་དེ་བཞིན་ནོ། །སྨིན་མ་དག་གི་བར་ལ་ནི་སོར་ཕྱེད་དང་གཉིས་སོ། །དེ་ཉིད་དུ་མཛོད་སྤུ་ནི་སོར་གཅིག་པ་སྟེ་ཟླ་བ་གང་བ་ལྟ་བུའོ། །ཤངས་དང་མཛོད་སྤུ་དང་གཙུག་ཏོར་རྣམས་ཀྱི་ཐིག་ནི་མཚུངས་པའོ། །སྨིན་མ་དག་ནི་རི་མོ་དང་མཉམ་པར་ སྙན་དག་སྟེ། དཔངས་སུ་སོར་བཞི་དང་ཞེང་དུ་སོར་གཉིས་སོ། །དེའི་འདབ་མ་ནི་ནས་བཞིའོ། །དེ་དག་གི་སྟེང་གི་འདབ་མའང་ནས་བཞི་སྟེ་དེའི་དཔངས་སུ་ནི་སོར་གཅིག་གོ། །བུག་པ་ནི་ནས་བཞིའོ། །འགྲམ་པ་དང་སྙན་གྱི་བུག་པའི་བར་དུ་སྙན་གྱི་འཁྱིལ་པ་ནི་གདེངས་ཀའི་ རྣམ་པ་སྟེ་ནས་གཉིས་སོ། །སྙན་ཤལ་དག་ནི་སོར་བཞིར་རིང་བ་སྟེ་སྦོམས་སུ་ནི་ཇི་ལྟར་མཛེས་པའོ། །སྔར་གྱི་གཙུག་ཏོར་ལ་སོགས་པ་ནས་མགྲིན་པའི་མཐར་ཐུག་པ་ལ་ནི་ནས་བཞི་ལྷག་པའི་སོར་ཉི་ཤུར་བཤད་དོ། །ད་ནི་མགྲིན་པ་ལ་སོགས་པ་ནས་ལོང་བུའི་འོག་གི་མཐར་ ཐུག་པའི་ཆ་དབྱེ་བར་བྱ་སྟེ་མགྲིན་པ་ལ་ནི་སོར་བཞིའོ། །མགྲིན་པ་ནས་ཐུགས་ཀ་ལ་སོར་ཕྱེད་དང་བཅུ་གསུམ་མོ། །ཐུགས་ཀ་ནས་ལྟེ་བའི་མཐར་ཐུག་པ་ལ་ཡང་དེ་བཞིན་ནོ། །ལྟེ་བ་ནས་གསང་གནས་ཀྱི་མཐར་ཐུག་པ་ལ་ཡང་སོར་ཕྱེད་དང་བཅུ་གསུམ་མོ། །བརླ་ལ་ནི་སོར་ ཉི་ཤུ་རྩ་ལྔ་སྟེ་བྱིན་པ་ལ་ཡང་དེ་བཞིན་ནོ། །པུས་མོ་ལ་སོར་དྲུག་གོ། །ལོང་བུ་ལ་སོར་གཉིས་སོ། །ལོང་བུའི་འོག་ཏུ་སོར་བཞིའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་འཛིན་པ་དང་བྱང་ཆུབ་སེམས་དཔའ་རྣམས་མཐོ་བཅུ་པར་བཤད་པའི་རྣམ་པར་དབྱེ་བ་སྟེ། གཞན་རྣམས་ནི་ཇི་ལྟར་རིགས་པར་ཤེས་པར་བྱའོ། །སྤྱིའི་ནོར་བུ་ནི་ཇི་ལྟར་མཛེས་ཤིང་དྲི་མ་མེད་པ་བྱའོ། །རྡོ་རྗེ་འཛིན་པ་རྣམས་ཀྱི་ནོར་བུ་ནི་གཙུག་ཏོར་གྱི་དབུས་སུ་རལ་པའི་ཅོད་པན་སོར་བཅུ་གཉིས་པ་བྱ་ཞིང་། དཔའ་བོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་རལ་ པའི་ཅོད་པན་སོར་བརྒྱད་པའོ་ཞེས་པ་ཁྱད་པར་ཏེ། སོར་བཅུ་པའོ་ཞེས་པ་ནི་འགའ་ཞིག་གིའོ། །གཙུག་ཏོར་གྱི་འོག་ཏུ་བསྐོར་བ་ལ་སོར་བཅུ་གཉིས་སོ། །དཔྲལ་བའི་སྟེང་དུ་ནི་གདུགས་ཀྱི་རྣམ་པ་སྟེ་སྔོན་པོ་གཡས་སུ་འཁྱིལ་པ་ནི་སྟེང་དུ་ཡང་ངོ་། །སྤྱི་བོ་ནི་མཐོ་བ་སྟེ་སྙན་གྱི་མདུན་ དང་རྒྱབ་ཏུ་བསྐོར་བ་ལ་སོར་སུམ་ཅུ་སོ་གཉིས་ནི་སྤྱི་བོའི་རྒྱའོ། །མགྲིན་པའི་ཞེང་ལ་སོར་བརྒྱད་དེ་དེའི་མཐའ་སྐོར་ལ་སོར་ཉི་ཤུ་རྩ་བཞི་འོ། །མགྲིན་པའི་སོར་བརྒྱད་སྤངས་ནས་སྙན་དང་ཉེ་བའི་སོར་བཞི་དང་བཅས་པའི་སོར་བཅུ་གཉིས་ནི་ཕྲག་པའི་ཟླུམ་པོ་ལ་འགྱུར་ཏེ་མཚན་ ཉིད་དང་ལྡན་པ་རྣམས་ལའོ། །ཕྲ་བའི་གནས་དང་བྲལ་བའི་ཕྲག་པ་ནས་གྲུ་མོའི་བར་ལ་སོར་ཉི་ཤུ་ནི་དཔུང་པའོ། །གྲུ་མོ་ལ་ནི་སོར་གཅིག་གོ། །གྲུ་མོའི་འོག་ནས་ནོར་བུ་འཆིང་བའི་སྟེང་ནི་ཕྱག་ངར་ཏེ་སོར་བཅུ་དྲུག་གོ། །ནོར་བུ་འཆིང་བ་ལ་ནི་སོར་གཅིག་གོ། །ནོར་བུ་འཆིང་བའི་འོག་ ནས་སོར་མོ་གུང་མོའི་རྩེ་མོའི་མཐར་ཐུག་པ་ལ་ནི་སོར་བཅུ་གཉིས་ཏེ་ཕྱག་ལག་གོ། །དེ་ལྟར་སོར་ལྔ་བཅུའོ། །དཔུང་པའི་དབུས་ནས་བསྐོར་བ་ལ་བ་ལ་སོར་ཉི་ཤུ་སྟེ། ཉེ་བའི་དཔུང་པའི་དབུས་ནས་བསྐོར་བ་ལ་སོར་བཅུ་དྲུག་གོ། །ནོར་བུ་འཆིང་བའི་མཐའ་སྐོར་ལ་ནི་སོར་བཅུ་གཉིས་ ཏེ། ནོར་བུ་འཆིང་བ་ནས་ཕྱག་གི་མཐིལ་ལ་སོར་བདུན་ནོ། །སོར་མོ་གུང་མོ་ལ་ཆ་ཆུང་ལྔའོ། །དེའི་ཚིགས་ཕྱེད་ཀྱིས་ཐུང་བ་ནི་མཛུབ་མོ་སྟེ་མིང་མེད་ནི་དེ་དང་མཉམ་པའོ། །ཚིགས་གཅིག་གིས་ཐུང་བ་ནི་མཐེའུ་ཆུང་སྟེ་སོར་མོ་ཐམས་ཅད་ནི་ཚིགས་གསུམ་པའོ། །དེ་རྣམས་ཀྱི་ཚིགས་ཕྱེད་ ཀྱིས་སེན་མོའོ། །ནོར་བུ་འཆིང་བ་ལས་སོར་བཞི་སྤངས་ནས་སེན་མོའི་རྩེ་མོ་ཇི་སྲིད་པ་ལ་སོར་བཞི་ནི་མཐེ་བོང་སྟེ་ཚིགས་གཉིས་པའོ། །ནས་ཕྱེད་ནི་སོར་མོའི་རྩ་བའོ། །མཐེ་བོང་གི་མཐའ་སྐོར་ལ་ནི་སོར་བཞིའོ། །མཐེ་བོང་ནས་མཛུབ་མོ་ལ་ནི་སོར་བཞིའམ་གསུམ་མོ། །ནོར་བུ་འཆིང་ བ་ནས་མཐེ་ཆུང་གི་རྩ་བའི་མཐར་ཐུག་པ་ལ་ནི་སོར་ལྔའོ། །ཕྲག་པ་ནས་མཆན་ཁུང་གི་མཐར་ཐུག་པ་ལ་སོར་དགུ་སྟེ་མཆན་ཁུང་ནས་ནུ་མ་ཇི་སྲིད་པ་ལ་སོར་བཅུ་དྲུག་གོ། །བྲང་ནས་རྒྱབ་དག་གི་མཐའ་སྐོར་ལ་སོར་ལྔ་བཅུ་དྲུག་སྟེ། ནུ་མ་དག་གི་བར་ལ་སོར་ཕྱེད་དང་བཅུ་གསུམ་མོ། ། ནུ་མ་ནས་ལྟེ་བའི་བར་ལ་སོར་བཅུ་དྲུག་གོ། །ལྟེ་བ་ནས་བརྩམས་ཏེ་རྒྱབ་དང་ལྷན་ཅིག་ལྟེ་བ་ཇི་སྲིད་པ་ལ་སོར་བཞི་བཅུ་དྲུག་གོ། །ལྟེ་བའི་ཁུང་བུ་ལ་སོར་གཅིག་སྟེ་མཐའ་སྐོར་ལ་ཡང་ངོ་། །དེ་བཞིན་དུ་རྐེད་པའི་རྒྱ་ལ་སོར་བཅོ་བརྒྱད་དོ། །ཚང་ར་དག་གི་རྒྱ་དང་དཔངས་ལ་ནི་ སོར་བཞི་བཞིའོ། །བརླའི་རྩ་བ་དག་གི་དབུས་ལ་སོར་བཅུ་གཉིས་ཏེ་མཐའ་སྐོར་དུ་ནི་སུམ་འགྱུར་རོ། །དེ་དག་གི་བར་གྱི་དཔངས་ལ་སོར་ལྔའོ། །རྒྱ་ལ་སོར་ལྔ་ནི་སྒོ་ངའི་ཤུབས་དག་ལའོ། །དེའི་སྟེང་དུ་སོར་གཉིས་ཀྱི་ཞེང་ནི་གསང་བ་ལ་སྟ་རིང་བ་ལ་ནས་གཉིས་དང་བཅས་པའི་ དྲུག་གོ། །བརླའི་དབུས་ཀྱི་མཐའ་སྐོར་ལ་སོར་སུམ་ཅུ་རྩ་གཉིས་སོ། །པུས་མོའི་མཐའ་སྐོར་ལ་སོར་ཉི་ཤུ་རྩ་བརྒྱད་དོ། །བྱིན་པའི་དབུས་ཀྱི་མཐའ་སྐོར་ལ་སོར་ཉི་ཤུ་རྩ་བཞི་སྟེ། བྱིན་པའི་འོག་གི་མཐའ་སྐོར་ལ་ནི་སོར་ཉི་ཤུ་རྩ་གཅིག་གོ། །ཞབས་ཀྱི་ལོང་བུའི་འོག་ཏུ་རྟིང་པ་ལ་ སོར་བཞི་སྟེ་འོག་དང་སྟེང་ལ་སོར་དྲུག་གོ། །ཞེང་གི་རྒྱ་ཡོངས་སུ་བསྐོར་བ་ལ་ནི་སོར་བཅོ་བརྒྱད་དེ་ལོང་བུ་ལས་ཕ་རོལ་མཐེ་བོང་གི་སེན་མོའི་ཇི་སྲིད་པ་ལའོ། །ཞབས་དག་ལ་ནི་སོར་བཅུ་གཉིས་ཏེ་ཞེང་ལ་སོར་དྲུག་གོ། །སྟེང་དང་འོག་ཏུ་སོར་གཉིས་ཏེ་ཞབས་དག་གི་ངོས་ཀྱི་ཞེང་ལའོ། །ཞབས་ ཀྱི་སོར་མོ་ལྔ་ནི་ཚིགས་གཉིས་གཉིས་པའོ། །དེ་རྣམས་ཀྱི་རྩེ་མོར་ཚིགས་ཕྱེད་ཀྱིས་སེན་མོའོ། །ཞབས་ཀྱི་མཐེ་བོང་གི་ཟླུམ་ལ་སོར་ལྔ་སྟེ་རིང་བར་ནི་སོར་གསུམ་མོ། །དེ་དང་མཉམ་པའི་མཛུབ་མོའོ། །དེ་ལས་ནས་ཕྱེད་ཀྱིས་དམན་པ་ནི་གུང་མོའོ། །དེ་ལས་བརྒྱད་ཆས་དམན་ པ་ནི་མིང་མེད་དེ། དེ་ལས་ཀྱང་བརྒྱད་ཆས་དམན་པ་ནི་མཐེའུ་ཆུང་ངོ་། །སོར་མོ་རྣམས་ཀྱི་དཔངས་ལ་ནི་སོར་གཅིག་སྟེ་སོར་མོའི་རྩེ་མོ་ནི་སོར་ཕྱེད་ཀྱིས་མཐོ་བའོ། །ཞབས་དག་གི་ཕྱི་རོལ་གྱི་སྟེང་ནི་རུས་སྦལ་གྱི་རྒྱབ་དང་མཚུངས་པ་སྟེ། །དེ་དག་གི་འོག་ཏུ་འཁོར་ལོ་ལ་སོགས་པས་ བརྒྱན་པའོ། །བྱ་གག་གི་སྒོ་ང་དང་ཏིལ་གྱི་རྣམ་པ་དང་གྲུ་བཞི་དང་ཟླུམ་པོ་རྣམས་ཐམས་ཅད་དུ་མཉམ་པའི་རྟགས་ཀྱི་ཞལ་བྱ་སྟེ་རྣམ་པ་བཞིའོ། །རྫོགས་པའི་སངས་རྒྱས་རྣམས་དང་རྡོ་རྗེ་འཛིན་པ་རྣམས་ཀྱི་ཞལ་ནི་བྱ་གག་གི་སྒོ་ངའི་རྣམ་པའོ། །སྤྱན་མ་ལ་སོགས་པ་ལྷ་མོ་གཞོན་ནུ་ རྣམས་ཀྱི་ནི་ཏིལ་གྱི་གཟུགས་ཀྱི་རྣམ་པའོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞལ་ནི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་དང་འདྲ་བའོ། །རོལ་པའི་ཁྲོ་བོ་རྣམས་ཀྱི་ནི་བྱང་ཆུབ་སེམས་དཔའ་རྣམས་དང་འདྲའོ། །ཐུང་ཞིང་ལྟོ་བ་འཕྱང་བའི་ཁྲོ་བོ་རྣམས་ཀྱི་ཞལ་ནི་མནྜལ་ གྱི་རྣམ་པ་སྟེ་ཟླུམ་པོའོ། །གཤིན་རྗེ་ལ་སོགས་པ་རྣམས་ཀྱི་གདོང་ནི་གྲུ་བཞི་སྟེ་བསྣུན་པའི་ལྟ་བ་ཅན་ནོ། །གྲུ་བཞི་དང་ཟླུམ་པོའི་ཞལ་གཉིས་ནི་རྣམ་པར་འགྱུར་བའི་རྣམ་པ་ཅན་ནོ། །ཞི་བའི་ཞལ་རྣམས་ནི་མཉམ་པར་གཟིགས་པ་དང་རབ་ཏུ་དང་བ་དང་སྣུམ་པ་དང་ངེས་པར་གཟིགས་ པ་ན་སྟེང་དུ་མ་ཡིན་པ་དང་མི་རིག་པ་དང་འོག་ཏུ་མ་ཡིན་པར་ཐམས་ཅད་མཐོང་བར་བྱའོ་ཞེས་པའོ། །སྤྱན་མ་ལ་སོགས་པ་རྣལ་འབྱོར་མ་རྣམས་ཀྱི་ནི་གཙུག་ཏོར་དང་གསང་བ་དང་བརླ་དང་རྒྱབ་ཀྱི་ཟླུམ་པ་ལས་སོར་བཅུ་དང་བཅས་པ་དང་མཁྲེགས་ཤིང་སྟུག་པའི་ནུ་མ་དག་གོ། །ལྟེ་ བའི་ཟླུམ་ལས་བཅུའི་ཆ་སྤངས་ནས་རྐེད་པའི་གནས་མཛེས་པའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚད་ལས་བྲང་གི་བཅུའི་ཆ་དང་གསང་བའི་ཆ་ཡིས་ཀྱང་དཔའ་བོ་རྣམས་ཀྱི་ནུ་མ་ཟུང་དག་གོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་དེ་དག་གི་མཐོ་གཉིས་ཀྱིས་ནུ་མ་དག་ སྟེ་མཁྲེགས་པའོ། །བཅོམ་ལྡན་འདས་དཔལ་བདེ་མཆོག་གི་ནི་སྔར་བྱས་པའི་མཚན་ཉིད་ཅན་གྱི་ཞལ་གྱི་གནས་ལས་ནས་བཞི་སྤངས་ནས་ཆ་བཅུ་གཉིས་ཀྱི་ཞེང་ལ་འོག་གི་ཟུར་དག་ཏུ་ཆ་ཕྱེད་དང་གཉིས་དང་གསུམ་དོར་བའི་ཟླུམ་པོ་ནི་བཅོམ་ལྡན་འདས་ཀྱི་རྩ་བ་དང་གཡོན་པ་དང་གཡས་པ་དང་རྒྱབ་ ཀྱི་ཞལ་རྣམས་སོ། །བཅོམ་ལྡན་འདས་ཀྱི་གཡས་པའི་ཞལ་ནི་བྱ་གག་གི་སྒོ་ང་དང་འདྲ་བ་སྟེ་རྡོ་རྗེ་ཕག་མོ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་དང་ལྷ་མོ་གཞོན་ནུ་མ་རྣམས་ཀྱི་ཡང་ངོ་། །རྒྱབ་ཀྱི་ཞལ་ནི་ཏིལ་གྱི་གཟུགས་ཀྱི་རྣམ་པ་སྟེ་མཁའ་འགྲོ་མའིའོ། །རྩ་བའི་ཞལ་དང་འདྲ་བ་ནི་ལཱ་ མའི་འོ། །གཡོན་པའི་ཞལ་དང་འདྲ་བར་ཨ་མྲ་ལྟ་བུ་ནི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མ་རྣམས་ཀྱི་ཡང་ངོ་། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་ནི་ཁྭ་ལ་སོགས་པའི་གདོང་དང་འདྲའོ། །བཅོམ་ལྡན་འདས་ཀྱི་གཡོན་པ་དང་གཡས་པ་དང་རྒྱབ་ཀྱི་ཞལ་རྣམས་ཀྱི་སྤྱན་ནི་དགོད་པ་དང་འཇིགས་ པ་དང་མི་སྡུག་པ་དང་འདྲ་བའོ་ཞེས་པ་ནི་ཁྱད་པར་རོ། །དབང་པོ་དང་དབང་ལྡན་དང་རླུང་ལྷ་དང་ཆུ་ལྷ་དང་ཉེ་དབང་དང་ཚངས་པ་རྣམས་ནི་མཐོ་དགུ་པ་སྟེ་བྱའི་སྒོ་ངའི་ཞལ་ལོ། །ཐགས་བཟངས་རིས་དང་བདེན་བྲལ་དང་གཤིན་རྗེའི་ཁྲོ་བོའི་རང་བཞིན་ནོ། །ལུས་ངན་པོ་དང་མེ་ལྷ་ནི་རོལ་པ་ཐུང་ ངུ་མཐོ་བརྒྱད་པ་སྟེ་བྱའི་སྒོ་ངའི་ཞལ་ལོ། །ཞི་བའི་གཟའ་རྣམས་དང་ཉི་མ་ཡང་བརྒྱ་བྱིན་གྱི་ཚད་དང་འདྲ་བར་འདོད་དོ། །དྲག་པོ་རྣམས་ནི་ཁྲོ་བོའི་རང་བཞིན་ནོ། །སྒྲ་གཅན་ནི་ལུས་ཕྱེད་པ་སྟེ་མཇུག་རིངས་ནི་ལུས་ཕྱེད་ཀླུའི་རྣམ་པའོ། །ཀླུ་ཐམས་ཅད་ནི་མཐོ་དགུ་པ་སྟེ་བྱའི་སྒོ་ངའི་ཞལ་ལོ། ། བ་ཌུ་དང་མིའུ་ཐུང་དང་ཚོགས་བདག་རྣམས་ནི་མཐོ་ལྔ་པ་བྱའོ། །དེ་ལ་མཐོ་གཅིག་གིས་ནི་ཞལ་ལོ། །མགྲིན་པ་ནས་གསང་བ་ཇི་སྲིད་པ་ལ་མཐོ་གཉིས་སོ། །གསང་བ་ནས་རྐང་མཐིལ་ཇི་སྲིད་པ་ལ་མཐོ་གཉིས་ཏེ་དེ་ལྟར་མཐོ་ལྔའོ། །དེ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱི་ནི་ སྙིང་རྗེ་དང་ཞི་བའི་ཉམས་དང་ལྡན་པའོ། །རྡོ་རྗེ་འཛིན་པ་རྣམས་ཀྱི་ཞལ་དང་སྐུ་ཐམས་ཅད་ནི་ཉམས་དགུའི་ཉམས་དང་ལྡན་པའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་རྣམས་ཀྱི་ནི་སྒེག་པའི་ཉམས་ལྷག་པའོ་ཞེས་པ་རབ་ཏུ་བརྐྱང་སྟེ་བརྗོད་པའོ། །དེ་རྣམས་ཀྱི་སྐུའི་མཚན་དང་དཔེ་བྱད་ རྣམས་དང་རྗེས་སུ་དཔེ་བྱད་རྣམས་བརྗོད་པར་བྱའོ། །འདི་ལྟ་སྟེ། ཕྱག་དང་ཞབས་ཀྱི་མཐིལ་ལ་འཁོར་ལོ་རྩིབས་སྟོང་པས་མཚན་པ་ཉིད་དང་། ཞབས་རུས་སྦལ་དང་འདྲ་བར་ལེགས་པར་རབ་ཏུ་གནས་པ་ཉིད་དང་། ཕྱག་དང་ཞབས་ཀྱི་སོར་མོ་རྣམས་དང་པའི་རྒྱལ་པོ་བཞིན་དུ་དྲ་བས་འབྲེལ་པ་ཉིད་ དང་། ཕྱག་དང་ཞབས་འཇམ་ཞིང་གཞོན་ཤ་ཆགས་པ་ཉིད་དང་། ཕྱག་གཉིས་དང་ཞབས་གཉིས་དང་ཕྲག་པ་གཉིས་དང་མགྲིན་པ་རྣམས་ཡང་དག་པར་མཐོ་བར་རབ་ཏུ་བསྟན་པས་སྐུའི་བདུན་མཐོ་བ་ཉིད་དང་། སོར་མོ་རྣམས་རིང་བ་ཉིད་དང་། རྟིང་པ་ཡངས་པ་ཉིད་དང་། སྐུ་ཆེ་ཞིང་དྲང་བ་ཉིད་ དང་། ཞབས་ཀྱི་ལོང་བུ་མི་མངོན་པ་ཉིད་དང་། སྐུའི་སྤུ་རྣམས་གྱེན་དུ་ཕྱོགས་པ་ཉིད་དང་། བྱིན་པ་རི་དགས་ཨེ་ནྱའི་ལྟ་བུ་ཉིད་དང་། ཕྱག་རིང་བ་ཉིད་དང་། མདོམས་ཀྱི་གསང་བ་སྦུབས་སུ་ནུབ་པ་ཉིད་དང་། གསེར་གྱི་ཁ་དོག་ཉིད་དང་། པགས་པ་སྲབ་པ་ཉིད་དང་། བ་སྤུ་རྣམས་རེ་རེ་ནས་གཡས་ ཕྱོགས་སུ་འཁྱིལ་པ་ཉིད་དང་། ཞལ་མཛོད་སྤུས་བརྒྱན་པ་ཉིད་དང་། སྐུ་སྟོད་སེང་གེ་ལྟ་བུ་ཉིད་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་ཉིད་དང་། ཐལ་གོང་བར་མེད་པ་ཉིད་དང་། ལྗགས་ལ་རོ་བྲོ་བའི་མཆོག་ཉིད་དང་། ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཉིད་དང་། གཙུག་ཏོར་སྤྱི་བོར་གནས་པ་ཉིད་དང་། ལྗགས་རིང་ཞིང་སྲབ་པ་ཉིད་དང་། ཚངས་པའི་དབྱངས་དང་ལྡན་པ་ཉིད་དང་། འགྲམ་པ་སེང་གེའི་ལྟ་བུ་ཉིད་དང་། ཚེམས་དཀར་པ་ཉིད་དང་། བདུད་བཞི་མཐར་མཛད་པ་ཉིད་ཀྱི་ཕྱིར་མཆེ་བ་བཞི་པོ་མ་གཏོགས་པ་བཅོམ་ལྡན་འདས་ཀྱི་ཚེམས་མཉམ་པ་ཉིད་དང་། ཚེམས་ཐགས་བཟང་ བ་ཉིད་དང་། ཚེམས་བཞི་བཅུ་ཚང་བ་ཉིད་དང་། སྤྱན་མཐེན་མཐིང་ཉིད་དང་། སྤྱན་གྱི་རྫི་མ་བའི་ལྟ་བུ་ཉིད་དོ་ཞེས་པ་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ།། །།དཔེ་བྱད་རྣམས་བརྗོད་པར་བྱ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཉིད་དང་། སེན་མོ་མདོག་སྣུམ་པ་ཉིད་དང་། སེན་མོ་མཐོ་བ་ཉིད་དང་། སོར་མོ་རྣམས་ཟླུམ་པ་ཉིད་དང་། སོར་མོ་རྣམས་རྒྱས་པ་ཉིད་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་ཉིད་དང་། རྩ་ཤིན་ཏུ་མི་མངོན་པར་གནས་པ་ཉིད་དང་། རྩ་མདུད་མེད་པ་ཉིད་དང་། ལོང་བུ་མི་མངོན་པ་ཉིད་དང་། ཞབས་མི་མཉམ་པ་མེད་པ་ཉིད་ དང་། སེང་གེའི་སྟབས་སུ་གཤེགས་པ་ཉིད་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་ཉིད་དང་། ངང་པའི་སྟབས་སུ་གཤེགས་པ་ཉིད་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་ཉིད་དང་། གཡས་ཕྱོགས་སུ་གཤེགས་པ་ཉིད་དང་། མཛེས་པར་གཤེགས་པ་ཉིད་དང་། མི་གོ་བར་གཤེགས་ པ་ཉིད་དང་། སྐུ་འཁྲིལ་བག་ཆགས་པ་ཉིད་དང་། སྐུ་བྱི་དོར་བྱས་པ་ལྟ་བུ་ཉིད་དང་། སྐུ་རིམ་པར་འཚམ་པ་ཉིད་དང་། སྐུ་གཙང་བ་ཉིད་དང་། སྐུ་འཇམ་པ་ཉིད་དང་། སྐུ་རྣམ་པར་དག་པ་ཉིད་དང་། སྐུ་མཚན་རྣམས་ཡོངས་སུ་རྫོགས་པ་ཉིད་དང་། སྐུའི་ཁོ་ལག་ཡངས་ཤིང་བཟང་བ་ཉིད་དང་། གོམ་པ་སྙོམས་པ་ཉིད་དང་། སྤྱན་རྣམ་པར་དག་པ་ཉིད་དང་། སྐུ་ཤིན་ཏུ་གཞོན་ཤ་ཅན་ཉིད་དང་། སྐུ་ཞུམ་པ་མེད་པ་ཉིད་དང་། སྐུ་རྒྱས་པ་ཉིད་དང་། སྐུ་ཤིན་ཏུ་གྲིམས་པ་ཉིད་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་འབྱེས་པ་ཉིད་དང་། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་ ཉིད་དང་། དཀུ་ཟླུམ་པ་ཉིད་དང་། དཀུ་སྐབས་ཕྱིན་པ་ཉིད་དང་། དཀུ་མ་རྙོང་པ་ཉིད་དང་། ཕྱལ་ཕྱང་ངེ་བ་ཉིད་དང་། ལྟེ་བ་ཟབ་པ་ཉིད་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་པ་ཉིད་དང་། ཀུན་ནས་བལྟ་ན་སྡུག་པ་ཉིད་དང་། ཀུན་དུ་སྤྱོད་པ་གཙང་བ་ཉིད་དང་། སྐུ་ལ་ སྨེ་བ་དང་གནག་བག་མེད་པ་ཉིད་དང་། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་ཉིད་དང་། ཕྱག་གི་རི་མོ་མདངས་ཡོད་པ་ཉིད་དང་། ཕྱག་གི་རི་མོ་ཟབ་པ་ཉིད་དང་། ཕྱག་གི་རི་མོ་རིང་བ་ཉིད་དང་། ཧ་ཅང་མི་རིང་བ་ཉིད་དང་། མཆུ་བིམ་པ་ལྟར་དམར་བ་ཉིད་དང་། ལྗགས་མཉེན་པ་དང་། ལྗགས་ སྲབ་པ་ཉིད་དང་། ལྗགས་དམར་བ་ཉིད་དང་། འབྲུག་གི་སྒྲ་དང་ལྡན་པ་ཉིད་དང་། གསུང་སྙན་ཅིང་མཉེན་ལ་འཇམ་པ་ཉིད་དང་། མཆེ་བ་ཟླུམ་པ་ཉིད་དང་། མཆེ་བ་རྣོ་བ་ཉིད་དང་། མཆེ་བ་དཀར་བ་ཉིད་དང་། མཆེ་བ་བཞི་པོ་མ་གཏོགས་པའི་ཚེམས་རྣམས་མཉམ་པ་ཉིད་དང་། མཆེ་ བ་རྣམས་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་ཉིད་དང་། ཤངས་གཙང་བ་ཉིད་དང་། སྤྱན་ཡངས་པ་ཉིད་དང་། རྫི་མ་སྟུག་པ་ཉིད་དང་། སྤྱན་དཀར་ནག་འབྱེས་ཤིང་པདྨའི་འདབ་མ་ལྟ་བུ་ཉིད་དང་། ཕྱག་རིང་ཞིང་རྒྱས་པ་ཉིད་དང་། སྨིན་ཚུགས་རིང་བ་ཉིད་དང་། སྨིན་མ་འཇམ་པ་ཉིད་དང་། སྨིན་མ་སྣུམ་པ་ཉིད་དང་། སྨིན་མའི་སྤུ་མཉམ་པ་ཉིད་དང་། ཕྱག་རིང་ཞིང་རྒྱས་པ་ཉིད་དང་། སྙན་མཉམ་པ་ཉིད་དང་། སྙན་གྱི་དབང་པོ་མ་ཉམས་པ་ཉིད་དང་། དཔྲལ་བ་ལེགས་པར་དབྱེས་པ་ཉིད་དང་། དཔྲལ་བའི་དབྱེས་ཆེ་བ་ཉིད་དང་། དབུ་ཤིན་ཏུ་རྒྱས་པ་ཉིད་དང་། དབུ་སྐྲ་བུང་བ་ལྟར་གནག་ པ་ཉིད་དང་། དབུ་སྐྲ་སྟུག་པ་ཉིད་དང་། དབུ་སྐྲ་འཇམ་པ་ཉིད་དང་། དབུ་སྐྲ་མ་འཛིངས་པ་ཉིད་དང་། དབུ་སྐྲ་མི་གཤོར་བ་ཉིད་དང་། དབུ་སྐྲ་དྲི་ཞིམ་པ་ཉིད་དང་། ཕྱག་དང་ཞབས་ཀྱི་མཐིལ་ལ་དཔལ་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་པས་བརྒྱན་པ་ཉིད་ཀྱང་ངོ་།། །།སྔོན་དང་སྔོན་གྱི་ སྐྱེ་བ་རྣམས་སུ་རྣམ་པ་མང་པོའི་བསོད་ནམས་ཉེ་བར་བསགས་པའི་དགེ་བའི་རྩ་བ་ལས་བཅོམ་ལྡན་འདས་ཀྱིས་དཔེ་བྱད་བརྒྱད་ཅུ་གསུངས་ཤིང་། ཆོས་ཀྱི་དུང་གི་མདོ་སྡེ་ལས་ཀྱང་བཅོམ་ལྡན་འདས་ལ་རི་མོ་བརྒྱད་ཅུས་རྗེས་སུ་མཚན་པར་གསུངས་པ་ནི་འདི་ལྟ་སྟེ། གང་ཡང་འཇམ་དཔལ་ དཔེ་བྱད་བརྒྱད་ཅུ་རྗེས་སུ་གྲུབ་པའི་བསོད་ནམས་ཀྱི་ཕུང་པོ་དེ་ཉིད་ཀྱི་བསོད་ནམས་ཀྱི་ཕུང་པོ་དུ་མ་བྱེ་བ་འབུམ་བརྒྱ་སྟོང་དུ་བསྒྱུར་བ་ལ་ནི་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་མཚན་པ་གཅིག་བསྐྱེད་པར་འགྱུར་རོ། །དེ་བཞིན་དུ་སོ་སོར་རི་མོ་རྣམས་རྗེས་སུ་མཚོན་པར་འགྱུར་ རོ། །རི་མོ་བརྒྱད་ཅུས་རྗེས་སུ་མཚན་པ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་ལ་མངོན་པར་སྐྱེ་བར་འགྱུར་བ་ནི་འདི་ལྟ་སྟེ། གདུགས་དང་རྒྱལ་མཚན་དང་དཔལ་བེའུ་དང་ཕྲེང་བ་དང་ལྕགས་ཀྱུ་དང་ཅོད་པན་དང་རལ་གྲི་དང་བུམ་པ་དང་གླང་པོ་དང་རྟ་དང་སྟག་དང་ནམ་མཁའ་ལྡིང་ དང་ཆུ་སྲིན་དང་ཉ་དང་རུས་སྦལ་དང་རྨ་བྱ་དང་ཀ་ལ་པིངྐ་དང་ཤང་ཤང་དང་ཙ་ཀོ་ར་དང་ངུར་པ་དང་ནེ་ཙོ་དང་ངང་པ་དང་ཕུག་རོན་དང་རྡོ་རྗེ་དང་ཆུ་གཏེར་ཆེན་པོ་དང་འདོད་འཇོ་དང་བ་ལང་དང་ཀླུ་དང་ར་དང་ཁྱུ་མཆོག་དང་རི་དང་ཤིང་དང་ས་དང་རི་དགས་ནག་པོ་དང་ནོར་བུ་རིན་པོ་ཆེ་དང་དུང་གི་མཆོག་དང་འཁོར་ལོ་དང་ གཞུ་དང་མདའོ། །༼འདི་ནས་སྐུ་གཟུགས་ཀྱི་མཚན་ཉིད་ཀྱི་མཐའ་དང་ཁམས་ཀྱི་ཡོན་ཏན་ཞེས་པའི་ས་བཅད་གཅིག་གི་ཁོངས་དང་སེལ་དབྱུང་བའི་སྟོད་ཅུང་ཟད་ཅིག་རྣམས་ཕྱི་མོ་ལས་ཆད་པ་འདྲའོ།།༽སེལ་གྱི་གཟུགས་རྣམས་རྣམ་པ་མང་པོ་འདྲེས་པ་མཐོང་ན་ཆུ་ལ་ངེས་པར་དོར་བར་བྱ། །སྙིང་པོར་ཡོད་ཅིང་གནས་པར་གྱུར་ན་རིགས་འཆད་དངོས་གྲུབ་མེད་ཅིང་ནད་རྣམས་སྐྱེ་བར་འགྱུར། །དེ་བཞིན་དུ་ཡང་། གོས་དང་སྐྲ་ལ་སོགས་པ་རྣམས། །བསལ་ནས་རང་ བྱུང་མེ་ཏོག་དང་། །འོད་དཔག་མེད་པ་ཡང་དག་བསྲེས། །བྱུགས་པའི་རས་བྲིས་མཆོག་ཡིན་ནོ། །ཤེས་རབ་ཐབས་ནི་མཉམ་སྦྱོར་བ། །སྙིང་ལ་བཟུང་ནས་སྔགས་རིག་པས་འདྲི་བར་འགྱུར་བའི་ལྷའི་སྔགས་བརྒྱ་དང་བཅས་པའི་བརྒྱད་ཀྱིས་ངེས་པར་བསྔགས་ནས་རས་བྲིས་བྱས་ན་ཕུན་ སུམ་ཚོགས་པ་དང་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་པ་ཤིང་ལ་སོགས་པ་གནས་པའི་སེལ་དབྱུང་བའི་ཆོ་གའོ།། །།མཆོད་རྟེན་གྱི་བུམ་པ་ནི་གསེར་དང་འབྲས་ཀྱི་ཕུང་པོ་དང་འཁྲི་ཤིང་དུ་གྲགས་པའི་དབྱེ་བས་གྲངས་ཇི་ལྟ་བ་བཞིན་དུ་ཐ་ཡིག་གི་དབྱིབས་དང་གཙུག་ཏོར་ལྟ་བུ་ དང་བྱའི་སྒོ་ང་ལྟ་བུ་དང་ཏིལ་ལྟ་བུའོ། །གྲུ་བཞི་པའི་ས་ཆ་ལ་བཅུ་གཉིས་སུ་བྱས་ཏེ་ཕྱེད་དང་གཉིས་དང་ཕྱེད་དང་གསུམ་གྱི་ཆ་ཟུར་གཉིས་སུ་དོར་ནས་ཟླུམ་པ་ལ་བུམ་པར་འགྱུར་རོ། །བུམ་པའི་ཕྱེད་ཀྱིས་ནི་བང་རིམ་དུ་འགྱུར་ཞིང་བུམ་པའི་ཕྱེད་ཀྱིས་ནི་ཁྲིའོ། །དེ་བཞིན་དུ་བྲེ་དང་རྩེ་མོའི་མཐར་ཏེ་ སྐུ་གཟུགས་ཀྱི་དབང་གིས་གདུགས་སོ། །དེ་ཡང་གཅིག་དང་གསུམ་དང་ལྔ་དང་བཅུ་གསུམ་ནི་རྫོགས་པའི་སངས་རྒྱས་དང་རྡོ་རྗེ་འཛིན་པ་རྣམས་ཀྱིའོ། །དགུ་དང་བདུན་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱིའོ། །འདོད་ཆགས་ཀྱི་ཁམས་དང་མ་བྲལ་བ་རྣམས་ཀྱི་མཆོད་རྟེན་ལ་ནི་པདྨ་ཟླུམ་པ་ལྟ་བུ་སྟེ་གཞན་ དུ་མ་ཡིན་ནོ། །དེ་ལྟར་ན་སྐུ་གཟུགས་ཀྱི་དབྱེ་བས་སྲོག་ཤིང་གཟུགས་པར་བྱའོ། །སངས་རྒྱས་བཞིའི་ཁྲི་དང་སླར་ཡང་རྣམ་པར་སྣང་མཛད་ནི་གཙོ་བོར་བྱ་ཞིང་བུམ་པའི་ཕྱི་རོལ་བཟང་པོ་བཞི་ལས་སངས་རྒྱས་བཞིས་རྣམ་པར་མཛེས་པའོ། །ཟུར་ལ་ཀ་བས་བཏེག་པ་བྱ་ཞིང་བྱང་ཆུབ་སེམས་ དཔའ་ལ་སོགས་པས་བརྒྱན་པའོ། །གདུགས་ཀྱི་རྣམ་པ་ནི་སྲོག་ཤིང་གི་སྟེང་དུ་སྟེ་ཆར་ཁེབས་ཀྱི་མིང་ཅན་ནོ། །དོ་ཤལ་དང་དོ་ཤལ་ཕྱེད་པ་དང་དྲིལ་བུ་ལ་སོགས་པ་དང་གཡེར་ཁའི་དྲ་བས་བརྒྱན་པའོ། །དེའི་སྟེང་དུ་ནོར་བུ་བྱ་སྟེ་པདྨ་ཟླུམ་པ་ནི་མཐར་རོ་ཞེས་པ་ནི་ཁ་ཅིག་གིའོ། །ཆོ་ག་མཚན་ ཉིད་དང་ལྡན་པ་བྱ་སྟེ་ཆོ་ག་རིམ་པ་རྣམས་ཀྱིས་སོ་ཞེས་པ་མཆོད་རྟེན་གྱི་མཚན་ཉིད་ཀྱི་ཆོ་གའོ། །ད་ནི་རྡོ་རྗེ་དང་དྲིལ་བུ་ལ་སོགས་པ་ཕྱག་མཚན་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱའོ། །མཐོ་གང་གི་དཔངས་དང་ཞེང་ལ་ཆ་ཆུང་གཉིས་པའི་ས་སྟེ་དེའི་དཔངས་ནི་སུམ་འགྱུར་རོ། །སྔ་མ་དང་ཕྱི་མའི་ཆ་དག་གིས་ ཟུར་བཞི་པོ་རྣམས་སུ་ཕྱེད་དང་བཅས་པའི་རེའུ་མིག་བསྐོར་ནས་ཚངས་པའི་ཐིག་གི་དབུས་ཀྱི་གཡོན་དང་གཡས་དག་གི་རེའུ་མིག་གཉིས་ཡོངས་སུ་དོར་ཏེ་སྔ་མ་དང་ཕྱི་མའི་རེའུ་མིག་གི་དབུས་ཀྱི་ཚངས་ཐིག་གི་མཐར་ཐིག་བཞི་བཏབ་པ་ལས་དབུས་ཀྱི་རྩེ་མོའོ། །རྩེ་མོའི་གཉིས་ཀའི་ངོས་དག་ཏུ་ཆ་ གཉིས་ཕྱིས་པ་ལས་ཆ་གཉིས་གཉིས་ཀྱིས་རྩེ་མོ་བཞིའོ། །ཆ་གཉིས་ཀྱི་དཔངས་ནི་ཆུ་སྲིན་གྱི་ཁ་ནས་བྱུང་བའོ། །ཆ་གཉིས་ཀྱི་རྩ་བ་ནི་སེང་གེའི་སྣ་ཤིན་ཏུ་མཛེས་པའོ། །ངོས་སུ་ཆ་གཉིས་ཀྱི་དཔངས་དང་ཆ་བཞི་པའི་དུམ་བུ་ནི་ཟླ་བ་ཕྱེད་པའི་རྣམ་པའོ། །ཆ་བརྒྱད་དུ་མཐོ་ཞིང་འཁྱོག་པ་ནི་གསུམ་དུ་ འཁྱོག་པ་སྟེ་འོད་ཟེར་འཕྲོ་བ་གསུམ་གྱིས་རྣམ་པར་མཛེས་པའོ། །དབུས་ཀྱི་ཆལ་ནི་ཚངས་ཐིག་གི་དབུས་ནས་ཕྱོགས་བཞིར་ཐིག་གཉིས་དོར་ཏེ་ཟླུམ་པོར་བསྐོར་བས་ལྟེ་བའོ། །དེའི་སྟེང་དུ་ཆ་ཕྱེད་པའི་རྐེད་ཆིངས་དོར་ནས་ཆ་གཉིས་པ་དག་གིས་རྣམ་པར་རྒྱས་པའི་པདྨའོ། །རྐེད་ཆིངས་ཀྱི་ཁྱུད་མོའི་ སྟེང་དང་འོག་ཏུ་ཁྱུད་མོ་ཕྲ་མོ་གཉིས་དང་སྦྱར་ཏེ་བྱའོ། །རྐེད་ཆིངས་ལ་ནི་རིན་པོ་ཆེའི་ཕྲེང་བ་བྱའོ། །ཆ་ཕྱེད་ཀྱིས་ནི་གེ་སར་རོ། །ཆ་གཅིག་གིས་ནི་ཟླ་བ་རྫོགས་པ་སྟེ་ལྷག་མ་རྣམས་ཕྱིས་པ་ན་ནི་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་རྡོ་རྗེར་འགྱུར་རོ། །སོར་བཞི་ནས་བརྩམས་ཏེ་སོར་ཉི་ཤུའི་བར་གྱིས་རྡོ་རྗེ་ བྱས་ཏེ་སོར་ཉི་ཤུ་ལ་སོགས་སུ་ནི་མི་བྱའོ། །ཞེས་པ་ལུང་ལས་སོ། །ཁྲོ་བོའི་ནི་ཟུར་རྣམས་སུ་ཆ་རེ་དོར་ནས་ཁ་གྱེས་པའོ། །རྩེ་མོ་གཉིས་དོར་བ་ལས་ནི་རྩེ་གཅིག་པ་སྟེ་ཀླུ་ཀུན་ནས་སྐྱོད་པར་བྱེད་པའོ། །རྩེ་དགུ་པ་ནི་ཟུར་རྣམས་སུ་རྩེ་མོ་བཞི་བྱས་པ་སྟེ་འོན་ཀྱང་དབུས་ཀྱི་རྩེ་མོ་ནི་ཟླུམ་པོའོ། ། རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེ་ནི་ལྟེ་བའི་ཕྱོགས་བཞིར་རྩེ་མོ་གསུམ་བྱས་པའོ། །དེ་ཉིད་རྩེ་མོ་ལྔ་པར་བྱས་པས་རྩེ་མོ་ཉི་ཤུ་པའི་སྣ་ཚོགས་རྡོ་རྗེའོ། །སླར་ཡང་དེ་ཉིད་ལ་སྟེང་དང་འོག་ཏུ་རྩེ་མོ་ལྔ་ལྔ་བྱིན་པ་ལས་རྩེ་མོ་སུམ་ཅུ་པའི་སྣ་ཚོགས་རྡོ་རྗེའོ་ཞེས་སོ། །དྲིལ་བུ་ནི་སྔར་གྱི་ཆ་རྣམས་ སྔར་དང་འདྲ་བ་སྟེ། དབུས་ཀྱི་ཆ་ཕྱེད་ཀྱིས་ཟླ་བའོ། །ཆ་ཕྱེད་ཀྱིས་གེ་སར་རོ། །ཆ་གཅིག་གིས་པདྨའོ། །ཆ་བཞི་ལས་ཤེས་རབ་ཀྱི་ཞལ་ལོ། །ཆ་བཞི་པ་བུམ་པའོ། །ཆ་གཉིས་ཀྱིས་བུམ་པའི་གདན་ནོ། །ཆ་གཞན་དག་གི་ཟུར་དག་ལས་ཆ་བཞི་སྤངས་ནས་འདབ་མ་བརྒྱད་པའི་པདྨ་སྟེ་ ལྟེ་བ་དང་གེ་སར་དང་ལྡན་པའོ། །ལྟེ་བའི་སྟེང་གདན་གྱི་འོག་ཏུ་རི་མོ་གསུམ་པ་མགྲིན་པའི་གཟུགས་ཅན་བྱའོ། །ཆ་ཕྱེད་བྱས་པའི་རྐེད་ཆིངས་གཉིས་ཀྱི་དབུས་སུ་རྡོ་རྗེའི་ཕྲེང་བ་རྣམ་པར་མཛེས་པ་ཆ་གཅིག་གོ། །དབུས་སུ་དོ་ཤལ་དང་དོ་ཤལ་ཕྱེད་པ་རྣམ་པར་གནས་པ་ཆ་བཞིའོ། །སྔ་མ་བཞིན་དུ་འོག་ཏུ་རྡོ་རྗེའི་ ཕྲེང་བ་རྣམ་པར་མཛེས་པ་ཆ་གཅིག་གོ། །ཀུན་ནས་ངེས་པར་སོང་བའི་མུ་ཁྱུད་ལ་ཆ་གཅིག་སྟེ་རྡོ་རྗེ་འཛིན་པ་ཆེན་པོའི་འོ། །མི་བསྐྱོད་པའི་ནི་ཅུང་ཟད་ཁ་གྱེས་པའོ། །དོ་ཤལ་དང་དོ་ཤལ་ཕྱེད་པས་བརྒྱན་པའི་དབུས་སུ་དོ་ཤལ་གྱི་སྙིང་པོར་ཕྱོགས་སུ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་རྡོ་རྗེའོ། ། ཡང་ན་སྣ་ཚོགས་རྡོ་རྗེའི་གནས་སུ་རལ་གྲི་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཀྱིའོ། །ཕྱོགས་བྲལ་རྣམས་སུ་སྤྱན་དང་རྡོ་རྗེ་དང་ཡུ་བ་དང་བཅས་པའི་པདྨ་དང་ཨུཏྤ་ལ་རྣམས་ཏེ་སྤྱན་མ་ལ་སོགས་པའི་འོ། །འོག་དང་སྟེང་དུ་རྡོ་རྗེ་ཕྲེང་བའི་གནས་ལ་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་སྣ་ཚོགས་ རྡོ་རྗེའི་ཕྲེང་བའོ་ཞེས་པ་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་དབྱེ་བས་རྟོགས་པར་བྱ་སྟེ། རྣམ་པར་སྣང་མཛད་ལ་སོགས་པའི་གནས་སུ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་མཚན་ཉིད་དོ། །འདིར་དྲིལ་བུའི་མགྲིན་པ་ནས་བརྩམ་པ་ཏེ་འཁར་བ་དག་པའི་རང་བཞིན་ནོ། །དེའི་སྟེང་དུ་ཆ་གཉིས་ནི་ གསེར་ལ་སོགས་པའི་རང་བཞིན་གྱི་རྡོ་རྗེ་ཡང་ངོ་། །དྲིལ་བུ་ཁ་ཅིག་ནི་ཆུ་སྐྱེས་ཅུང་ཟད་ཁ་བྱེ་བ་ཅན་ནོ། །ཁ་ཅིག་ནི་བ་ལང་གི་གདོང་ལྟ་བུའོ། །ཁ་ཅིག་ནི་པདྨའི་རྣམ་པ་ཡང་ངོ་ཞེས་པ་ནི་ཁྱད་པར་རོ། །འདིར་རྡོ་རྗེའི་དབུས་དང་ཤར་ལ་སོགས་པའི་རྩེ་མོ་དང་ལྟེ་བའི་མཐར་ཐུག་པ་རྣམས་ལ་ མི་བསྐྱོད་པ་དང་རྣམ་པར་སྣང་མཛད་ལ་སོགས་པ་བསམ་པར་བྱའོ། །ཡང་ན་དབུས་སུ་རྣམ་པར་སྣང་མཛད་དེ་ཤར་ལ་སོགས་པའི་འདབ་མ་རྣམས་ལ་བྱམས་པ་དང་སའི་སྙིང་པོ་དང་ཕྱག་ན་རྡོ་རྗེ་དང་ནམ་མཁའ་མཛོད་དང་འཇིག་རྟེན་དབང་ཕྱུག་དང་འཇམ་དཔལ་དང་སྒྲིབ་པ་ཐམས་ཅད་རྣམ་པར་ སེལ་བ་དང་ཀུན་དུ་བཟང་པོ་དང་ཆ་བརྒྱད་པ་ལ་རྡོ་རྗེ་སེམས་དཔའོ། །པདྨ་གཞན་གྱི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་འཕྲོ་བ་མ་དང་རྡོ་རྗེ་འབེབས་པ་མ་རྣམས་ཏེ། མེ་ལ་སོགས་པ་རྣམས་སུ་སྐུལ་བྱེད་མ་དང་རིན་ཆེན་སྐར་མདའ་མ་དང་ རྡོ་རྗེ་ལྕགས་སྒྲོག་མ་དང་གཞན་གྱིས་མི་ཐུབ་མ་རྣམས་སོ། །ཕྱོགས་གཞན་གྱི་རྩེ་མོ་རྣམས་ལ་ནི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་དང་། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དང་། བྱང་དུ་རྡོ་རྗེ་དག་མོ་མཁའ་འགྲོ་མ་དང་། ནུབ་ཏུ་རོ་ལངས་མ་དང་། ལྷོར་གཏུམ་མོ་རྣམས་སོ། །དྲིལ་ བུ་དེའི་སྟེང་དུ་ཁ་འོག་ཏུ་ཕྱོགས་པའི་པདྨ་རྣམས་ལ་གཡས་སྐོར་གྱིས་ཕྱོགས་སུ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་བ་རྣམས་དང་། ཕྱོགས་བྲལ་དུ་ནོར་འཛིན་མ་དང་སྐུལ་བྱེད་མ་དང་ཁྲོ་གཉེར་ཅན་མ་དང་རྡོ་རྗེ་ཕྲེང་བ་མ་རྣམས་སོ། །བུམ་པའི་སྟེང་གི་ཞལ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་མའི་སྐུའོ། །དེའི་སྟེང་དུ་པདྨ་དང་ཟླ་བ་དང་རྡོ་རྗེ་རྣམས་ཀྱང་སྔ་མ་བཞིན་ནོ། །མི་བསྐྱོད་པ་ལ་སོགས་པ་ལྷ་འདི་རྣམས་ཀྱི་སྐུ་མདོག་ལ་སོགས་པ་ནི་སྔར་བཤད་པའོ། །དེ་ནས་དམ་ཚིག་སེམས་དཔའི་ལྷ་རྣམས་བསྐྱེད་དེ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་ སྤྱན་དྲངས་པ་ལ་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་དེ་རྣམས་ལ་རབ་ཏུ་གཞུག་ཅིང་ཆོ་ག་བཞིན་དུ་རབ་གནས་བྱས་ནས་མཆོད་པ་ལ་སོགས་པ་བྱས་ལ་ལྷ་རྣམས་ཡོངས་སུ་གྱུར་པ་ལས་རྩེ་མོ་ལ་སོགས་པའི་གཟུགས་སུ་ཡང་དག་པར་གནས་པའོ། །རྡོ་རྗེ་ཐབས་ཀྱི་རང་བཞིན་དང་ དྲིལ་བུ་ཤེས་རབ་ཀྱི་བདག་ཉིད་དང་། གཉིས་ཀ་ཡང་དོན་དམ་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ནོ་ཞེས་ཤིན་ཏུ་བརྟན་པར་མོས་པ་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྛཿཨེ་ཥ་སྟྭཾ་དྷ་ར་ཡ་མི་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་གཡས་པའི་རྒན་པོ་ མིང་མེད་དག་གིས་དང་། ཨོཾ་བཛྲ་གྷཎྚ་ཧཱུཾ་ཞེས་བརྗོད་ཅིང་དྲིལ་བུ་ཡང་གཡོན་པ་དག་གིས་བཟུང་ནས་གཡོན་པའི་དཀུར་བཞག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་མཉེས་པར་བྱའོ་ཞེས་ལྷག་པར་མོས་ལ། །སོ་ཧི་ཨི་བཛྫ་མུལླཱ་ལུ་ཏཱ་རི་ཨཏྭ་བི་མོཀྑ་དྷརྨ་བི་མོཀྑེཾ་བཱཉྫ་ཏུ་ཧཱུཾ་བཱཛྫ་ ཨུཙྪ་ཌ་དྷ་རཾ་ཏུ་ཧཱུཾ་ཧཱུཾ་ཧཱུཾ་ཧོཿཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་པའི་དཀུར་གནས་པ་འམ་གསོར་ཞིང་། ཨོཾ་བཛྲ་དྷརྨ་ར་ཎི་ཏ་པྲ་ར་ཎི་ཏ། སམྤྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙྪ་ལི་ཏེ། པྲཛྙ་པཱ་ར་མི་ཏ་ནཱ་ད་སམྦྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོཿསྭཱ་ཧཱ། ཞེས་བརྗོད་ལ་དཔུང་པའི་དབྱུག་པ་བསྐྱོད་པས་དྲིལ་བུ་དང་པོར། ལྟེ་བ་སྙིང་ག་དེ་ནས་མགྲིན། །ཁ་དང་སྣ་ཡི་བུ་ག་གཉིས། །རྣ་བ་དག་དང་མིག་དག་དང་། །དེ་བཞིན་སྤྱི་བོར་དྲིལ་བུ་དཀྲོལ། །ཞེས་སོ། །སླར་ཡང་རྡོ་རྗེ་གསོར་བ་སྔོན་དུ་འགྲོ་བས་རྒྱུད་ལས་ཇི་ལྟར་གསུངས་པའི་སྔགས་ བརྗོད་ཅིང་དྲིལ་བུ་དཀྲོལ་བར་བྱའོ་ཞེས་ཏེ། པད་ཀོར་རྣམ་པ་གསུམ་མམ་རྣམ་པ་ལྔ་པུས་མོའི་ཁོངས་སུ་བྱའོ་ཞེས་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་མཚན་ཉིད་ལ་སོགས་པའི་ཆོ་གའོ།། །།ཌ་མ་རུ་ལ་ནི་ཁའི་ཚད་གྲུ་བཞི་པའི་ས་ལ་ཆ་བཅུ་གཉིས་ཏེ་ཚངས་ཐིག་གཉིས་བཏབ་ནས་ཚངས་པའི་ཐིག་ ནས་བཟུང་སྟེ་ལྟེ་བ་ནས་གཡས་དང་གཡོན་གྱི་ཟུར་ཇི་སྲིད་པར་བསྐོར་ཞིང་ཚངས་པ་དང་ཟུར་གྱི་ཐིག་གི་མཐའ་རྣམས་ཕྱིས་པ་ལས་ཌ་མ་རུར་འགྱུར་རོ། །ཚངས་པས་གཟུང་བར་རན་པའི་སྦོམ་པ་དང་རྣ་བའི་མཐར་ཐུག་པར་རིང་བ་ནི་ཡུ་བ་སྟེ་གདོང་གི་ཚད་ཀྱི་གྲུ་བཞིའི་ས་ལ་སྔ་མ་བཞིན་དུ་རྩེ་ མོ་གསུམ་པའི་རྡོ་རྗེ་ཡུལ་རེ་རེར་སྟེང་དུ་བརྐྱང་བ་ལས་རྩེ་མོ་གསུམ་དུ་འགྱུར་རོ། །དེ་ནས་ཁ་ཊྭཱཾ་ག་ནི་དམ་ཚིག་གི་རྡོ་རྗེ་ལྟ་བུའི་རྡོ་རྗེས་རྩེ་མོར་རྣམ་པར་མཛེས་པ་སྟེ་དེའི་འོག་ཏུ་མི་མགོ་སྐམ་པོ་གསུམ་གྱིས་མཛེས་ཤིང་སྣ་ཚོགས་རྡོ་རྗེས་དབུས་སུ་བརྒྱན་པ། རྩེ་མོ་གཅིག་པའི་རྡོ་རྗེ་གཅིག་ ནི་རྩ་བའི་གནས་སུའོ་ཞེས་ཁ་ཅིག་གོ། །དབྱུག་པའི་སྟེང་དུ་སྐམ་པོ་དང་རློན་པའི་མི་མགོ་གཉིས་དང་དེའི་སྤྱི་བོར་སྣ་ཚོགས་རྡོ་རྗེ་དང་། དེའི་ལྟེ་བར་བུམ་པ་ཟླུམ་པོ་འདབ་མ་ལ་སོགས་པས་ཁ་བརྒྱན་པ་དང་། ཁའི་སྟེང་དུ་དམ་ཚིག་གི་རྡོ་རྗེ་བ་དན་ལྟར་རབ་ཏུ་འཕྱང་བའོ་ཞེས་པ་ནི་གཉིས་ བའོ། །གཉིས་ཀ་ཡང་ཡུ་བའི་སྟེང་སྦོམ་ཞིང་དབུས་ནས་ཕྲ་བ་སྟེ་དྲིལ་ཆུང་ལ་སོགས་པས་བརྒྱན་པའོ། །མགོ་བོ་ལ་སོགས་པ་རྣམས་ཇི་ལྟར་མཛེས་པར་བྱའོ་ཞེས། མཐོའི་ཚད་གྲུ་བཞི་པ་ཆ་བཅུ་གཉིས་ཀྱི་ས་ལ་ཆང་གཟུངས་ཆ་བཞི་ནི་དབུས་སུའོ། །དེ་བཞིན་དུ་ཆ་བཞི་ནི་འཁྱོག་ པ་སྟེ་རྩེ་མོའི་རྣམ་པའོ། །ཆ་བརྒྱད་ཀྱི་ཟུར་ནས་ཆ་དགུའི་ཟུར་ཇི་སྲིད་པར་འཁྱོག་པ་ནི་གྲི་གུག་སྟེ་ཆང་གཟུངས་ཀྱི་སྟེང་དུ་རྡོ་རྗེ་ཕྱེད་པས་བརྒྱན་པའོ། །ཐོད་པ་ནི། གསེར་གྱི་སྒོ་དང་ཡང་དག་ལྡན། །རྣམ་པར་ཤེས་བྱ་མི་ཡི་མགོ། །བྲམ་ཟེ་ལ་སོགས་ལས་བྱས་པ། །རེ་རེའི་ཐོད་པ་འཕེལ་བའོ། ། ཁ་དོག་དམན་གྱུར་ཐོད་པ་དང་། །རྣ་བའི་སྟེང་དུ་བུག་པ་དང་། །རྒྱབ་ཏུ་བུག་པ་དུམ་བུ་ཅན། །བུད་མེད་རྣམས་ཀྱི་རྟག་ཏུ་ཡང་། །མཁས་པས་རྣམ་ཤེས་དང་ལྡན་པའི། །སྔགས་པས་དེ་བཞིན་མགོ་ཞེས་བྱ། །དཔྲལ་བ་རྣ་བའི་དུང་དག་ལ། །མུ་ཏིག་ཕྲེང་འདྲའི་རི་མོར་གྱུར། །གཅིག་གཉིས་ གསུམ་བཞིའི་དུམ་བུ་དང་། །བཅུ་དྲུག་བཅུ་གཉིས་རི་བོང་ཅན། །བ་ལང་གདོང་དང་དཀར་དམར་གྱུར། །ཅུང་ཟད་རིང་ཞིང་མཛེས་པ་དང་། །པདྨའམ་པདྨ་འདྲ་བའི་དབྱིབས། །སེར་དམར་དཀར་པོ་དེ་ལྟ་བུའི། །ཐོད་པ་རབ་ཏུ་བསྟན་པ་སྟེ། །ལྷག་མ་རྣམས་ནི་རབ་ཏུ་སྤང་། །ཞེས་སོ། །རང་གི་ འདོད་པས་འཁྱིལ་པ་བྱས་ཏེ་སོར་གཉིས་སུ་སྦོམ་པ་མཐའ་གཉིས་ལ་རྡོ་རྗེས་བརྒྱན་པ་ནི་ཞགས་པའོ། །མགྲིན་པ་ནས་ཁྲག་འཛག་པའི་གདོང་བཞི་པ་ནི་ཚངས་པའི་མགོ་བོའོ། །དགྲ་སྟའི་ཁ་ནི་ཞལ་གྱི་ཚད་དེ་ཡུ་བ་ནི་ཁྲུ་དོ་པ་མཐའ་སྐོར་དུ་སོར་དྲུག་པ་སྟེ་སྟེང་དུ་རྡོ་རྗེས་བརྒྱན་པའོ། །དེ་དང་ འདྲ་བ་ལ་ལྕགས་ཀྱུ་ནི་མཐོ་གང་བའི་རྩེ་མོ་གུག་པའོ། །གླང་པོ་ཆེའི་པགས་པ་ནི་རྣ་བའི་བར་དུ་འཛིན་པའོ། །ཐོ་བ་ནི་སྣ་ཚོགས་དང་འདྲ་སྟེ་འོག་ཀྱང་ཕྱོགས་གཅིག་གི་རྩེ་མོ་རྣམས་གཅིག་པ་ཟླུམ་པོའི་ཡུ་བ་ཅན་ནོ། །གཞུ་ནི་མཐོ་བཅུ་པ་སྟེ་ཞེང་ལ་སོར་བཞི་པ་ཆང་གཟུངས་ཀྱི་ཆ་རིང་པར་ སོར་བཅུ་དྲུག་པ་འཁྱོག་པོའི་དབུས་ལ་སོར་བརྒྱད་པ་མཐའ་སྐོར་གྱི་ཟླུམ་ལ་སོར་དགུ་པ། མཆོག་མ་རྣམ་པར་རྒྱས་ཤིང་རྒྱུད་པའི་མཚན་ཉིད་དང་ལྡན་པའོ། །ཕྲག་པ་བརྟན་པར་བྱས་ནས་དཔུང་པ་གཡོན་པ་བརྐྱང་བའི་ཁུ་ཚུར་གྱིས་དབུས་ནས་བཟུང་སྟེ། གཡས་པའི་མིག་མདའ་ཇི་ལྟ་བ་ བཞིན་དུ་བལྟ་བའི་དབང་གིས་མདེའུའི་བར་དུ་རྡོ་རྗེ་ཁུ་ཚུར་གྱིས་ཁྲུ་དོ་བའི་མདའ་སྣ་དང་མཆུའི་ཐད་ནས་རྣ་བའི་བར་ཇི་སྲིད་པར་འཐེན་ནས་ཅུང་ཟད་གཡོ་བ་དང་བཅས་པས་ཡོངས་སུ་འཛིན་པའོ། །རིང་པར་སོར་སུམ་ཅུ་སོ་དྲུག་པ་འཁྲུལ་འཁོར་གྱི་ཞེང་ལ་སོར་བཞི་པ་སོར་བཞིར་རིང་བའི་སྐམ་ པས་དབུས་ནས་བཟུང་བ། སོར་བཞི་བཞི་ངོས་སུ་གྱེས་པ། །ཀླུའི་གདེངས་ཀའི་རྣམ་པས་མཛེས་པ་དེ་དག་གི་དབུས་སུ་ཀོ་སྐོ་ལྟ་བུ་སོར་གང་དུ་རྣམ་པར་རྒྱས་པ། དཔངས་ཀྱི་མཐར་སོར་བཞི་བའི་ཡུ་བ་མཛེས་པ་དང་ལྡན་པ། ལས་དང་རྗེས་སུ་མཐུན་ པར་སོར་བརྒྱད་པའི་ཚད་ལ་སོར་གཅིག་པའི་འདབ་མ་ཅན་གྲུ་བཞི་དང་གདུགས་དང་ཟླ་བ་ཕྱེད་པའི་རྣམ་པ་ཅན་གྱི་སྒོ་སྐྱོང་བྱེད་དང་ལྡན་པ། སོར་གཉིས་པའི་སྙིང་པོས་རྣམ་པར་མཛེས་པར་བྱས་པ་ནི་རལ་གྲིའོ། །འཁོར་ལོ་ལ་ནི་ཆ་གཅིག་གིས་ལྟེ་བ་ཟླུམ་པོ་དང་དེའི་ཕྱི་རོལ་དུ་ཆ་ཕྱེད་ཀྱིས་ སྙིང་པོའི་མུ་ཁྱུད་ཟླུམ་པོ་དང་། སླར་ཡང་དེའི་ཕྱི་རོལ་དུ་རྐང་པ་དང་བཅས་པའི་ཆ་གཅིག་གིས་རྩིབས་ཀྱི་ཟླུམ་པོ་དང་། དེའི་ཕྱི་རོལ་དུ་ཡང་ཆ་ཕྱེད་ཀྱིས་སྙིང་པོའི་མུ་ཁྱུད་ཟླུམ་པོ་དང་ཞེས་པ་སྟེ་རྩིབས་བཞི་པ་ལ་སོགས་པ་འཁོར་ལོ་ཐམས་ཅད་ཀྱི་ཚད་དོ། །ལྕགས་སྒྲོག་གིས་རྩེ་མོར་ བཅིངས་པའི་ལྕགས་ཀྱི་བིལ་བ་ཅན་ནི་ཀ་ཎ་ཡའོ། །མདའ་ལྟ་བུ་སྒྲོ་གསུམ་དང་ལྡན་ཞིང་གདོང་གི་ཚད་ཅན་ནི་འཕང་མདུང་ངོ་། །དེ་དང་འདྲ་བ་ལ་སྒྲོ་དང་ལྡན་ཞིང་རིང་བ་ཁ་ཊྭཱཾ་གའི་རྣམ་པ་ཅན་ནི་མདའ་བོ་ཆེའོ། །མདུང་དང་རྡོ་རྗེ་ལ་སོགས་པ་རྣམས་ཀྱི་ཚད་ནི་རབ་ཏུ་གྲགས་པ་ཉིད་ཀྱི་ཕྱིར་མ་བྲིས་སོ། ། མཚོན་ཆ་ཐམས་ཅད་འཛིན་པ་ན་རྣ་བའི་སྟེང་དུ་བསྟན་ཏོ་ཞེས་པ་མཚོན་ཆའི་མཚན་ཉིད་ཀྱི་ཆོ་གའོ།། །།མཆོད་རྟེན་དང་མགྲོན་ཁང་དང་གཙུག་ལག་ཁང་ལ་སོགས་པ་རབ་ཏུ་བརྩམས་པ་ཡང་དག་པར་གནས་པ་ལ་མཆོག་ཏུ་འབད་པ་ན། གཎྜཱི་དང་སྲོག་ཤིང་དང་རྩེ་མོར་གནས་བ་དང་། སྒོ་ལ་སོགས་པ་ཀ་བ་དང་བསྐྱེད་པའི་ཤིང་གི་དཔངས་དང་ཞེང་དང་ཁོ་ལག་དང་ཟླུམ་རྣམས་དང་གནས་ཀྱི་བདག་པོ་དང་ཐིག་འཛིན་པ་ལ་སོགས་པ་མཐའ་དག་གིས་དེ་དག་གི་ཚད་ཡོངས་སུ་གྲོས་བྱས་ནས་སློབ་དཔོན་དང་ཤིང་མཁན་རྣམས་དང་ལྷན་ཅིག་ནགས་ཚལ་གྱི་ལྟད་མོ་ལ་འགྲོ་བར་ བྱའོ། །ཚོགས་པ་ན་ཕུན་སུམ་ཚོགས་པའི་སྐར་མ་དང་གཟའ་དང་ཉི་མ་བཟང་པོ་བརྟགས་ཏེ་སྔགས་པས་བགེགས་མཐར་བྱེད་ཀྱི་གཟུགས་ཀྱིས་དུས་ཡོངས་སུ་བརྟགས་ལ་ཤར་དང་བྱང་གི་ཕྱོགས་སུ་ཁ་བལྟས་ནས་སོ། །ནགས་ཚལ་དང་རི་དང་དགའ་བའི་ས་གཞི་མཆོག་གི་ཆ་ལ་རབ་ཏུ་འཇུག་ པར་བྱའོ། །བཟང་པོའི་གནས་སུ་སྐྱེས་ལ་སྡུག་ཅིང་སྣུམ་པ། སྔོ་བསངས་དང་དམར་པོ་དང་སེར་པོའི་མདོག་ཅན་འབྲས་བུ་ཞིམ་པོ་དང་ལྡན་ཞིང་དྲི་བཟང་བ་མེ་ཏོག་དང་འོ་མས་འབྱོར་པ། ཡལ་ག་དང་ལོ་མ་ཡོངས་སུ་རྫོགས་ཤིང་ཡོན་ཏན་དང་རིགས་དང་བཞོན་པ་དང་ལྡན་པ་དྲངས་སོ། །ཤིང་སྐྱེས་ ནས་ལོ་བརྒྱ་ལྷག་ཅིང་ཉིས་བརྒྱའི་བར་དང་ལྡན་པ་དར་ལ་བབ་པ་རྣམས་ཏེ། ཤིང་སཱུ་མ་ནཱ་ག་དང་། ནཱ་ག་གེ་སར་དང་། ཤྲཱི་ཥཱི་ས་དང་། ཨ་ཤྭདྠ་དང་། ཤིང་ཤང་དང་། མྱ་ངན་མེད་པ་དང་། ཛམྦུ་དང་། པཱ་ལ་ཤ་དང་། ཙནྡན་དང་། ཀིཾ་ཤུ་ཀ་དང་། ཀཾ་ཀི་ལླི་དང་། ཏཱ་ལ་དང་། སཱ་ལ་དང་། ཨ་མྲ་དང་། ཙམྦ་ཀ་དང་། བིལ་བ་དང་། ཙནྡན་དམར་པོ་དང་། བཻ་ཀངྐ་ཏ་དང་། བ་ཀུ་ལ་དང་། རོ་ཧི་ཎི་དང་། སེང་ལྡེང་དང་། ཤྲཱི་པརྞ་དང་། ཏིནྟུ་དང་། ཤ་ར་ཀ་དང་། སྦྲང་གི་ཤིང་དང་། ཨརྫུ་ན་དང་། དེ་བ་ད་རུ་དང་། པ་ཊའི་རིགས་ཏེ་ཁང་བཟངས་ལ་སོགས་པའི་ལས་ལ་འོས་པ་རྣམས་ སོ། །གཞོན་པ་དང་རྒས་པ་དང་ཡན་ལག་འཁྱོག་པ་རྣམས་ནི་མ་ཡིན་ཏེ། གཞོན་པ་ནི་ལོ་བརྒྱ་མ་ལོན་པ་དང་། རྒས་པ་ནི་ལོ་ཉིས་བརྒྱ་ལྷག་པའོ། །སྐམ་པོ་དང་གཅིག་པུ་དང་ཡལ་ག་ཆག་པ་དང་ཚིག་པ་དང་འདབ་མ་ཉིལ་བ་དང་། ཡན་ལག་གས་པ་དང་། དུར་ཁྲོད་དང་ཁུང་བུ་དང་བྱ་ སྐྱིབས་དང་ལྷའི་གནས་དང་ལམ་དུ་སྐྱེས་པ་དང་ཚ་བ་དང་ཁ་བ་དང་གྲོང་གི་མི་གཙང་བའི་ཡུལ་དུ་གནས་པ་དང་། མཚེ་འུ་དང་ཆུ་ཀླུང་གི་ངོགས་སུ་སྐྱེས་པ་ལ་སོགས་པ་རྣམས་དང་། བྱ་དང་ལག་འགྲོའི་ཚང་བཅས་པ་དང་། རྡོ་རྗེས་བསྣུན་པས་དུམ་བུར་སོང་བ་རྣམས་སྤངས་ཏེ། དེ་རྣམས་ ཀྱི་ནང་ནས་རིགས་ཤིང་ཀུན་དུ་བཟང་བ་རྣམས་འདིར་བརྟག་པར་བྱའོ། །དེ་ལ་ཡང་ཐུན་མཚམས་ཀྱི་དུས་སུ་བཟོ་བོ་དང་བཅས་པའི་ཤིང་མཁན་རྣམས་ཡང་དག་པར་བསྲུང་བར་བྱ་ཞིང་བདུད་རྩི་འཁྱིལ་པའི་རྣལ་འབྱོར་དང་ལྡན་ཞིང་སྤྲོ་བ་དང་བཅས་པས་བདེ་བར་གཤེགས་པ་སྲས་དང་བཅས་ པ་དང་། ཕྱོགས་ཀྱི་ལྷ་རྣམས་དང་ནགས་ཚལ་གྱི་ཤིང་གི་ལྷ་རྣམས་ཉེ་བར་སྤྱོད་པ་ལྔས་ཡང་དག་པར་མཆོད་དོ། །ཕྱོགས་ཀྱི་གཏོར་མ་བྱས་ནས་བཟོ་བོ་དང་བཅས་པའི་སྔགས་པ་རྣམས་བཟའ་བ་དང་བཏུང་བས་ཡོངས་སུ་ཚིམ་པར་བྱས་ལ་བདེ་བར་གཤེགས་པ་དང་ལྷ་རྣམས་ལ་བཅོམ་ ལྡན་འདས་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་རྣམས་ཀྱིས་གསོལ་བ་གདབ་པར་བྱའོ། །ལྷན་ཅིག་ཏུ་རབ་ཏུ་དགའ་བའི་སེམས་དང་ཞི་བའི་ཡིད་དང་གཉིས་སུ་མེད་པའི་རྣལ་འབྱོར་གྱིས་ཉལ་བར་བྱ་སྟེ། རྨི་ལམ་བཟང་ན་ཡང་དག་པར་འགྲུབ་ཅིང་རྨི་ལམ་ངན་ན་ལས་ ཐམས་ཅད་པའི་བཟླས་པ་བྱའོ། །ནང་པར་སྔ་བར་དཔལ་ལྡན་རྣམ་པར་སྣང་མཛད་ཀྱི་རྣལ་འབྱོར་གྱིས་མཆོད་པ་ཐམས་ཅད་ཡང་དག་པར་ལྡན་པས་ཤིང་གི་རྒྱལ་པོ་དེ་ལ་གནས་པའི་ཕྱོགས་ཀྱི་ལྷའི་གཟུགས་ཅན་རྣམས་ཡང་དག་པར་མཆོད་པར་བྱ་སྟེ། སཱ་ལ་དང་ཐང་ཤིང་དང་ཏིལ་སེའི་ཤིང་ རྣམས་ལ་ཡང་དག་པར་གནས་པའི་ལྷ་མོ་ནི་འཇིག་རྟེན་གྱི་མ་མོ་དང་དེ་ལ་གནས་པའི་ཞིང་སྐྱོང་ནི་རི་རབ་ཆེན་པོ་ཞེས་བྱ་བ་འདིའོ། །སཱུ་མ་ནཱ་ག་དང་ནཱ་ག་གེ་སར་དང་ཙམྤ་དང་མྱ་ངན་མེད་པ་རྣམས་ཀྱི་ལྷ་མོ་ནི་གསང་བ་མ་དང་། དེ་རྣམས་སྲུང་བའི་ཞིང་སྐྱོང་ནི་སྟོབས་པོ་ཆེ་ཞེས་བྱའོ། །ཨ་རུ་རའི་ཤིང་ དང་ཧ་རཱི་ཏི་དང་པ་ཊའི་ཤིང་ལ་ཀརྞ་མོ་ཊི་ཀ་དང་ཧེ་ཏུའོ། །ཙུ་ཏའི་ཤིང་ལ་ཨམྦི་ཀ་དང་ཕ་ན་ལའོ། །ཏཱ་ལའི་ཤིང་ལ་ཤངྐ་རི་ཀ་དང་སྐྲ་གྱེན་དུ་བརྫེས་པའོ། །ཀ་དམྤའི་ཤིང་ལ་ལྷ་མོ་བཞིན་བཟང་མོ་དང་། འཇམ་འབྲས་ཀྱི་ཤིང་ལ་ལྷ་མོ་འཇམ་འབྲས་ལ་གནས་མ་སྟེ་ཞིང་གི་བདག་པོ་དག་ནི་དྲིལ་བུ་ ཆེན་པོའོ། །སྦྲང་གི་ཤིང་ལ་སྐྱེས་བུའི་དབང་ཕྱུག་དང་ཤེ་ཤཱའོ། །གསེར་གྱི་ཤིང་ལ་ལྷ་མོ་གཏུམ་མོ་དང་ཞིང་སྐྱོང་སྐྱེ་བ་བཟང་པོའོ། །ཤལ་མ་ལིའི་ཤིང་ལ་ལྷ་མོ་ཆེན་མོ་མེ་ཞལ་དང་། སྟར་ཀའི་ཤིང་ལ་འདོད་མ་སྟེ་ཞིང་སྐྱོང་དག་ནི་འཇིགས་པའོ། །ཤྲྀངྒའི་ཤིང་ལ་ཕུན་ཚོགས་ཆེན་ མོ་དང་ཞིང་སྐྱོང་མི་གདོང་ཞེས་བྱ་བ་རྣམས་སོ། །གནས་ལ་སོགས་པའི་དབྱེ་བ་རིགས་པ་འདི་ལྟ་སྟེ་མངས་པས་འཇིགས་ནས་མ་བཤད་པའི་ཕྱག་དང་སྐུ་མདོག་དང་མཚོན་ཆ་དང་སྔགས་རྣམས་ནི་རྒྱུད་ཀྱི་ནང་ནས་འབད་པས་ངེས་པར་གཟུང་བར་བྱའོ། །གཙུག་ལག་ཁང་སོགས་རྒྱུ་རུ་ནི། ། དེ་རིང་ཤིང་གཅོད་བདག་སྤྲོ་བས། །ཁྱེད་རྣམས་ད་ནི་བཟོད་མཛད་ནས། །ཤིང་གཞན་ལ་ནི་གནས་པར་མཛོད། །ཤིང་གཞན་རྒན་པོ་ལ་སོང་བའི་ལྷ་རྣམས་མཐའ་དག་ལ་གཏོར་མ་དང་མཆོད་པ་ལ་སོགས་པའི་ཁྱད་པར་རྣམས་ཀྱིས་ཡང་དག་པར་མཆོད་པར་བྱའོ། །ཤིང་མཁན་བགེགས་ མཐར་བྱེད་ཀྱི་གཟུགས་ཅན་བཏུང་བ་དང་བཟའ་བ་དང་སོ་རྩི་དང་ཕྲེང་བ་དང་ཙནྡན་དང་གོས་དང་གསེར་རྣམས་ཀྱིས་ཡང་དག་པར་མཉེས་པར་བྱས་ལ་སྟ་རེའི་སོ་ལ་རྡོ་རྗེའི་སྦྲང་རྩི་ཡང་དག་པར་བྱུགས་ནས་ལག་པ་གཡས་པས་བསྟོད་དེ། དགེ་བའི་ཡིད་ཀྱིས་ཤར་དང་བྱང་དུ་ཕྱོགས་པས་ཉི་མ་ལ་བལྟ་ཞིང་ གཅད་པར་བྱའོ། །ལྷན་ཅིག་པའི་གཙོ་བོ་རྣམས་བསྲུང་བའི་ཆེད་དུ་དཔལ་ལྡན་རྨ་བྱ་ཆེན་མོ་བཀླག་པར་བྱའོ། །མཆོག་དང་མཆོག་མ་ཡིན་པའི་མཚན་མ་རྣམས་སྔགས་པ་ཆེན་པོས་ཀུན་ནས་བལྟ་བར་བྱ་སྟེ། མཆོག་མ་ཡིན་ན་ནི་དེ་རྣམས་སྤང་བར་བྱ་ཞིང་། མཆོག་ཡིན་ན་མཁས་པས་ ཐམས་ཅད་ཡང་དག་པར་མཆོད་པར་བྱའོ། །བྱང་གི་ཕྱོགས་སུ་འགྱེལ་ན་སྦྱིན་པ་པོ་ལ་ནོར་དང་ལས་འགྲུབ་པ་ལ་སོགས་པ་སྟོན་པའོ། །དབང་ལྡན་གྱི་ཕྱོགས་སུ་འགྱེལ་ན་རིག་པ་དང་ཡེ་ཤེས་ཡང་དག་པ་ལ་སོགས་པ་སྟོན་པའོ། །དབང་པོའི་ཕྱོགས་སུ་ཤིང་འགྱེལ་ན་རྒྱལ་བ་ དང་འབྱོར་པའི་ཁྱད་པར་ཡང་དག་པ་ལ་སོགས་པ་སྟོན་པའོ། །གཞན་གྱི་བར་དུ་མ་རེག་པར་འགྱེལ་བ་ན་བདེ་བ་དང་མཆོག་གོ། །མེའི་མཚམས་སུ་ནི་མེའི་འཇིགས་པའོ། །ཡི་དགས་ཀྱི་བདག་པོའི་ཕྱོགས་སུ་སོང་ན་འཆི་བ་སྟོན་ནོ། །བདེན་བྲལ་དུ་ནི་ནད་ཀྱི་འཇིགས་པའོ། །ཆུ་དང་རླུང་དུ་སོང་ ན་ཆུ་དང་རླུང་གི་འཇིགས་པའོ། །ཤིང་གཞན་ལ་ཉེད་པ་དང་བཅས་ཤིང་སོང་ན་རྗེའི་འཇིགས་པ་སྟོན་པའོ། །འདར་ཞིང་ངུ་བས་རིང་པོར་ལྷུང་ན་སྦྱིན་པ་པོ་ལ་སྡུག་བསྔལ་འཐོབ་པོ། །གཅོད་པའི་དུས་སུ་ཁྱི་དང་། རྔ་མོ་དང་། སྦྲུལ་དང་། ཕག་དང་། ཅེ་སྤྱང་དང་། བོང་བུ་དང་། །བྱ་ རོག་དང་། བྱ་རྒོད་དེ། གདུག་པ་ཅན་རྣམས་མཐོང་ན། འཆིང་བའི་འཇིགས་པ་དང་བགེགས་མང་བར་འགྱུར་རོ། །གལ་ཏེ་བཅད་པ་ན་ཤིང་ལས་ཁྲག་འཛག་ན་སྦྱིན་པ་པོ་འཆི་བ་ལ་སོགས་པ་སྟོན་པའོ། །ཞོ་དང་མར་དང་སྦྲང་དང་འོ་མ་བྱུང་ན་གསོད་པ་དང་། འཆིང་བའི་འཇིགས་པ་ལ་སོགས་པ་སྟོན་ པའོ། །མངར་བ་དང་། བསྐ་བའི་རོ་ལ་སོགས་པ་དང་། དག་པ་དང་། གསོ་བསངས་དང་། དྲི་བཟང་པོ་མནམ་པ་དང་། རོའི་རྒྱུན་སྣུམ་པ་དང་བཅས་པ་འབབ་པ་ནི་རང་བཞིན་པར་བསྟེན་ཏོ། །གཅོད་པའི་ཤིང་གང་གཟུང་བའི་ཁ་དོག་གི་རྣམ་པར་དབྱེ་བ་མཐོང་བ་གང་ཡིན་པ་དེའི་ཁ་དོག་གི་ རྣམ་པའི་དབྱེ་བ་ལས་སྙིང་པོའི་རྣམ་པ་རྒྱུ་མཚན་ཤེས་པས་བསྟན་ཏེ། བཙོད་ཀ་དང་། སེར་སྐྱ་དང་། སེར་པོ་དང་། ཕུག་རོན་གྱི་མདོག་དང་། རལ་གྲིའི་མདོག་དང་། དམར་པོ་དང་། སྔོ་བསངས་རྣམས་ལས་སོ། །བཙོད་ཀྱི་ཁ་དོག་གི་རྟགས་ལས་ནི་སྦལ་པ་རྗེས་སུ་ཤེས་པར་བྱ་སྟེ་དེ་ནི་ མེད་དོ། །སེར་སྐྱ་ལས་ནི་ནང་ན་བྱི་བ་སྟེ་དེས་ནི་ཆོམ་རྐུན་དང་གློའི་ནད་སྐྱེད་པར་བྱེད་དེ། སེར་པོ་ལས་ནི་དབྱིག་སྟེ་དེས་ཀྱང་ནོར་ཉམས་པ་སྐྱེད་པར་བྱེད་དོ། །ཕུག་རོན་གྱི་མདོག་ལས་ནི་ཁྱིམ་གྱི་དབྱིག་སྟེ་དེས་ཀྱང་རྒྱལ་པོ་དབུལ་པོར་བྱེད་དོ། །སྐྱ་རིངས་ཀྱི་མདོག་ལས་ནི་རྩངས་པ་ཡོད་པ་སྟེ། དེས་ནི་ འདིར་སྣ་ཚོགས་པའི་ནད་དུ་འགྱུར་རོ། །སྔོ་བསངས་ལས་ནི་སྦྲུལ་འབྱུང་སྟེ་དེས་ཀྱང་སྦྱིན་བདག་ཆེན་པོའི་ནོར་ཟད་པའོ། །རལ་གྲིའི་ཁ་དོག་གི་དབྱེ་བ་ལས་ནི་ཆུ་སྟེ་དེའི་འཇིགས་པར་འགྱུར་རོ། །དཔལ་བེའུ་དང་འཕེལ་ལྡན་དང་། དགའ་བ་འཁྱིལ་བ་དང་། འཁོར་ལོ་དང་བཀྲ་ཤིས་དང་། ཆུ་ སྐྱེས་དང་གདུགས་དང་། ལྕགས་ཀྱུ་དང་། བུམ་པ་དང་། རྒྱལ་མཚན་དང་། རྔ་ཡབ་རྣམས་ནི་ཆེན་པོའི་མཚན་མར་བསྟན་ཏོ། །དེ་ལྟ་བུ་སོགས་དགེ་དང་མི་དགེ་བ། །མཐའ་དག་སློབ་དཔོན་ཆེན་པོས་ལེགས་བརྟགས་ནས། །བཅད་པ་དང་ནི་གཤོག་པ་དེ་སྙེད་པ། །ཤིང་གི་མཆོག་ ལ་བློ་དང་ལྡན་པས་བྱ། །རྩ་བ་དང་ནི་རྩེ་མོ་དབུས་ཀྱི་ཆར། །མཛེར་པ་ཅན་རྣམས་ཀུན་དུ་བལྟས་ལ་ཡང་། །ཀུན་ལ་བཅུ་ཡི་ཆ་ནི་ལྷག་པ་སྟེ། །ཚད་ལ་སོགས་པ་ཐམས་ཅད་དུ་ནི་བྱ། །དེ་ནས་མཆོད་རྟེན་ལ་སོགས་པ་བསྒྲུབ་པའི་ཆེད་དུ་རྡོའི་ཁྱད་པར་དམ་པར་གནས་པ་རྣམས་ཡོངས་སུ་ཤེས་ པར་བྱ་སྟེ། རིའི་ཤོད་དང་ཆུ་ཀླུང་གི་འགྲམ་དང་། བཟང་པོའི་འཇུག་ངོགས་དང་ལྷ་ཉེ་བར་ལོངས་སྤྱོད་པའི་ཤིང་དང་། ཕུག་དང་ལྷའི་དབང་པོ་དང་ནོར་སྦྱིན་དང་ཕྱུགས་བདག་དང་ཚངས་པ་རྣམས་དང་ལྷན་ཅིག་འགྲོགས་པའི་སྟེང་ནས་ལྷུང་བ་དང་ཤར་དང་བྱང་དང་སྟེང་གི་ཕྱོགས་སུ་ཁ་བལྟས་པའི་རྡོ་ རྣམས་ནི་བསྔགས་སོ། །ཤར་དུ་ཕྱོགས་པ་ནི་རང་འདོད་པ་སྟེར་ཞིང་། ལུས་ངན་དུ་ཕྱོགས་པས་བུ་དང་བུ་མོ་དང་རིགས་སྐྱེད་པར་བྱེད་དོ། །དབང་ལྡན་དུ་ཕྱོགས་པས་གྲོལ་བའི་འབྲས་བུ་སྟེར་ཞིང་། སྟེང་ནས་ཕྱོགས་པས་ཐམས་ཅད་དུ་མཁའ་ལ་སྤྱོད་པ་འགྲུབ་པོ། །མཆོད་རྟེན་གྱི་ཉེ་འཁོར་ དང་། དུར་ཁྲོད་དང་ལམ་གྱི་བཞི་མདོ་དང་། དམར་པོ་དང་མྱུར་དུ་བྲོས་པ་དང་། གྲོག་མའི་ཤིང་དང་འབྱར་བ་དང་། ཁ་དོག་མང་པོ་དང་གཞན་གྱི་ལས་བྱས་པའི་རྡོ་རྣམས་དོར་བར་བྱའོ། །འཁར་བ་དྲི་མ་མེད་པ་ལྟ་བུས་ནི་སྦྱིན་པ་པོ་ལ་འཆི་བ་སྟེར་བར་བྱེད་པ་སྟེ། དེ་ནི་གསོད་པར་འགྱུར་རོ། ། དཀར་པོ་དང་། སེར་པོ་དང་། དམར་པོའི་ཁ་དོག་རྣམས་ལས། སྐྱོན་བྱེད་པ་ནི་རི་མོ་ནག་པོ་དང་མཉམ་པར་ལྡན་པ་ཡིན་པས། གང་གིས་སྙིང་པོར་མཚན་མ་མཐོང་བ་ན་སྤང་བར་བྱ་སྟེ་སྐྱོན་མང་བའི་ཕྱིར་རོ། །བྱིས་པ་དང་ལང་ཚོ་དང་། བར་མ་དང་རྒན་པོ་སྟེ། རྣམ་པ་བཞི་ནི་རྡོ་རྗེའི་རིགས་ རྣམས་སོ། །བྱིས་པ་ནི་ཤིན་ཏུ་འཇམ་ཞིང་། བཟོད་བསྣུན་པ་དང་ལྷན་ཅིག་ཕ་གུ་ལྟ་བུར་འགྱུར་བའོ། །རྒན་པོ་ནི་རྩུབ་ཅིང་ཁ་དོག་ངན་པ་དབྱངས་དང་བྲལ་བ་སྦལ་པ་ལྟ་བུ་སྟེ་དམན་པའོ། །བར་མ་ནི་ཕྲ་བའི་ཡོན་ཏན་དང་ལྡན་ཞིང་དྲི་ཞིམ་པ་དང་། སྒྲ་ཟབ་པ་དང་བསིལ་བ་དང་མཁྲེགས་པའོ། ། བརྟན་པ་དང་མཉེན་པ་དང་ཤིན་ཏུ་སྣུམ་པ་ནི་ལང་ཚོ་སྟེ་འདོད་པ་སྟེར་བས་མཆོག་གོ། །དཀར་པོ་དང་སེར་པོ་དང་ལྗང་གུ་དང་དམར་པོ་དང་སྔོ་བསངས་ཀྱི་ཁ་དོག་དང་འོད་དང་ལྡན་པ་ཡང་ལང་ཚོ་ཅན་ནོ། །རིགས་ལ་སོགས་པའི་དབྱེ་བས་ཕྱེ་བ་ཤེས་པར་བྱས་ནས། སྔགས་ལ་སོགས་པས་ཀྱང་བསྔགས་ པར་བྱའོ། །རྡོ་བ་བཟང་པོ་ནག་པོ་ཡིན་ཡང་གལ་ཏེ་རི་མོ་དཀར་པོ་ཕྲ་མོ་དང་ཐིག་ལེ་རྣམས་དང་ཡང་དག་པར་ལྡན་ན་བློ་དང་གཉེན་དང་ལྡན་པར་འགྱུར་རོ་ཞེས་པ་ནགས་ཚལ་གྱི་ཆོ་གའོ།། །།གཎྜཱི་རྣམ་པ་བཞི་ནི་སྐུའི་མཚན་ཉིད་ཀྱི་རབ་ཏུ་དབྱེ་བས་ཤེས་པར་བྱའོ། །ཐམས་ཅད་དུ་བླ་ན་མེད་ པའི་དག་པས་ཉི་ཤུ་ལྷག་པའི་ཆ་བརྒྱ་ནི་སྲིད་དུ་སྟེ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་རྣམ་པར་བརྙིལ་བའི་དོན་དུའོ། །རྒྱར་ནི་བཞི་ལྷག་པའི་ཆ་ཉི་ཤུར་ཡང་དག་པར་བལྟའོ། །བདེན་པའི་རྣམ་པ་བཅུ་དྲུག་གིས་དེ་ནི་ཆ་བཅུ་དྲུག་པར་བཤད་དོ། །དབུས་ཀྱི་ཆ་ལྔའི་གཅིག་ནི་ཁ་ཟླུམ་ པོའི་ཆ་སྟེ། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོའོ། །འདི་དག་ནི་འཇིག་ཚོགས་རྣམ་པར་དག་པ་སྟེ་དེས་ན་འདིར་ཆ་ཤས་ལྔ་པའི་ཆར་བཀོད་པའོ། །རིང་བར་སོར་བརྒྱ་དང་བཅུ་པ་ནི་རབ་ཏུ་སྦྱོར་བའི་ རྣམ་པར་ཤེས་པའི་རྣམ་པར་དག་པའོ། །དེའི་རྒྱར་ནི་ཉི་ཤུ་རྩ་གཉིས་ཏེ་སེམས་བསྐྱེད་པ་ཉི་ཤུ་རྩ་གཉིས་ཀྱི་རྣམ་པར་དག་པའོ། །ཟུར་བཅུ་གཉིས་དང་མཉམ་པར་ལྡན་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱི་རྣམ་པའོ། །ཉོན་མོངས་པ་དགུ་བཅུ་རྩ་བརྒྱད་རབ་ཏུ་ ཉམས་པའི་ལམ་བསྒོམས་པའི་རྣམ་པས་དེའི་ཚད་ནི་དེ་སྙེད་དུ་རིང་བའོ། །སྟོང་པ་ཉིད་ཀྱི་རྣམ་པ་ཉི་ཤུ་ནི་ཁོར་ཡུག་ཏུའོ། །རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པས་ཟུར་བརྒྱད་ཀྱིས་བརྒྱན་པའི་གཎྜཱིའོ། །སོར་མོ་བཞི་དང་མཉམ་ལྡན་པའི། །སོར་མོ་བརྒྱད་ཅུ་སྲིད་དུ་བསྟན། །སྲིད་ ནི་ཆོས་ཀྱི་ཕུང་པོའོ། །མ་འདྲེས་ཆོས་ཀྱི་རྣམ་པ་ཡིས། །ཡོངས་སུ་བསྐོར་བ་བཅོ་བརྒྱད་དེ། །ལག་པའི་འདབ་མས་དེ་ཚད་ཤེས། །འདི་རྣམས་ཀྱི་ནི་ཚད་བཤད་པ། །རྒྱ་དང་དཔངས་ཀྱི་རིམ་པའོ། །དེ་ཉིད་བཅུ་དྲུག་རྣམ་པ་ཡིས། །དེ་ཚད་ཟླུམ་པོ་གཞན་ནི་དབུས། །བདེན་པ་ བཅུ་གཉིས་ཁྱད་པར་ལས། །ཟླུམ་པའི་བདག་ཉིད་གཎྜཱིའོ། །ནོར་བུའི་རྩ་བར་འོད་ཟེར་གནས། །ཁམས་གསུམ་སེམས་ཅན་དབྱངས་རྣམ་པ། །བརྩམ་པར་བྱ་ཞེས་ཚིགས་བཅད་གཉིས། །ཡོངས་སུ་དག་པའི་དྲིལ་བུ་ཟུང་། །རྩེ་མོར་སོར་བཞི་སོར་གསུམ་དང་། །སོར་མོ་ཕྱེད་དང་གསུམ་ དང་གཉིས། །སྦལ་པའི་གདོང་དང་འདྲ་བ་ནི། །སངས་རྒྱས་ཡེ་ཤེས་རྣམ་པ་མཆོག །གསུམ་གཅིག་ལྔ་དང་བདུན་གྱི་ནས། །དམན་པ་ཚད་རྣམས་ཀུན་ལ་བཟང་། །འདིར་ནི་ཚད་རྣམས་བཤད་ལས་གང་། །ཡིད་ལ་འཐད་པ་དེ་རྣམས་བྱ། །སྣ་ཚོགས་ཚོན་རྣམས་ཀྱིས་ནི་ལེགས་པར་ བྱུགས། །གང་ཡང་ཚད་ལྡན་ཚོན་གྱི་ཕྲེང་བ་འབར། །དམར་པོའི་ཚོན་གྱིས་འབར་ཞིང་ས་བཟང་སྐྱེས། །བརྡུངས་ན་དབྱངས་བཟང་བ་ནི་གཎྜཱིའོ། །རྣམ་པ་མང་པོའི་ཡོན་ཏན་ཚོགས་དང་ལྡན། །ཁྲུས་སོགས་ཆོ་ག་རིག་པའི་སྔགས་པ་ཡིས། །དབང་ལྡན་ཟུར་གྱི་ཆ་ལ་གསེར་དང་ནི། །རིན་ ཆེན་ལ་སོགས་ཁྲི་ལ་ཆུ་སྐྱེས་གནས། །ཐེའུ་དང་ལེགས་པར་མཉམ་པར་ལྡན་པ་ཡི། །གཎྜཱི་དང་པོར་རབ་ཏུ་གནས་པ་སྟེ། །དྷཱིཿཡིག་གི་ས་བོན་ལས་སྐྱེས་པའི་གཎྜཱི་ཆེན་པོ་ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད་ལ་ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་ཞེས་པ་ལ་སོགས་པ་རྩ་བའི་སྔགས་ལན་བརྒྱ་རྩ་ བརྒྱད་དང་རྒྱུད་ལས་སྐྱེས་པ་རྣམ་པར་དག་པ་ཡེ་དྷརྨཱའི་ཚིགས་སུ་བཅད་པ་ལན་གསུམ་བཟླས་པར་བྱའོ། །ཆུང་བ་ཆ་གསུམ་ཕྲ་ཞིང་ན་ཀུ་ལ། །འདྲ་བའི་རྣམ་པ་ཟླུམ་པོའི་རྣམ་པ་ཅན། །སྡུག་ཅིང་སྲ་བའི་ཤིང་ལས་ངེས་བྱས་པ། །གང་ཡང་དམར་པོ་ཡི་ནི་ཚོན་གྱིས་བྱུགས། །མཆོག་ གི་དང་པོའི་ས་བོན་ལས་བྱུང་བའི། །ཐེའུ་རྡོ་རྗེའི་རང་བཞིན་རྣམ་པར་དག །རིང་བར་ཆ་ནི་བཅུ་གཉིས་པ་ཡིན་ཏེ། །ཡོངས་སུ་ཟླུམ་ལ་སོར་མོ་དྲུག་པའོ། །བཅུ་གཉིས་ཆ་ནི་གསུང་རབ་ཡན་ལག་སྟེ། །དྲུག་ཀྱང་ཕ་རོལ་ཕྱིན་པ་དག་པ་ཉིད། །ཆོས་ཀྱི་ཡན་ལག་འཁོར་ལོ་བསྐོར་བ་ན། ། ལུགས་འབྱུང་ལུགས་ལས་བཟློག་པའི་རྣམ་པ་ལས། །སྤྲོ་དང་སྡུད་པའི་རྣམ་པས་ལན་གསུམ་དུ། །ཡན་ལག་དྲུག་གི་སྦྱོར་བ་ལྟ་བུར་བརྡུང་། །སྐུ་གསུམ་ལ་ནི་རྣམ་པར་ཐིམ་པ་དང་། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ཚུལ་གྱིས་སོ། །གཙུག་ལག་ཁང་དུ་ཆོ་ག་དྲན་པ་ཡིས། ། རྟག་ཏུ་ཉིན་བཞིན་ལན་གསུམ་བཞི་འམ་ལྔར། །ཞི་བསྒོམ་དམིགས་པས་གཎྜཱི་རྡུང་བྱེད་ན། །གནས་དེར་ཡོན་ཏན་ཚོགས་ཀྱིས་ཕུན་ཚོགས་པའི། །དགེ་སྦྱོང་རྣམས་ནི་བརྟན་པར་ངེས་གནས་འགྱུར། །གང་ཡང་སྒྲ་ནི་ཐོས་པར་གྱུར་པ་དེར། །ནོར་དང་སྐྱེ་བོ་ཕུན་ཚོགས་རྒྱུན་ ལྡན་འགྱུར། །བྱིན་གྱིས་བརླབ་པའི་སྔགས་ནི་ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་མ་ཏི་ག་ཏི་བི་ཛ་ཡེ་པྲ་ཛྙ་པྲ་ཛྙཱ་བ་ལ་དྷཱིཿདྷཱ་ར་ཎི་སྭཱ་ཧཱ། ཞེས་པ་གཎྜཱིའི་མཚན་ཉིད་ཀྱི་ཆོ་གའོ།། །།ཨོཾ་སུཀྵྨེ་སུཀྵྨེ་ཤཱནྟེ་ཤཱནྟེ་དཱནྟེ་དཱནྟེ་ཨ་པ་མ་རོ་པེ་ནི་ར་ལམྦྷེ། ནི་རཱ་ཀུ་ལེ། ནིརྦ་ཎེ། ཡ་ཤོ་བ་ཏི། མ་ཧཱ་ཏེ་ཛ་སརྦ་བུདྡྷ་ ཨ་དྷིཥྛཱ་ན་ཨ་དྷི་ཥྛི་ཏེ་སྭཱ་ཧཱ། ཞེས་པ་ནི་རྣམ་པར་སྣང་མཛད་ཀྱི་གཟུངས་ཏེ་སྔགས་འདིས་མཆོད་རྟེན་ལ་སོགས་པ་རྣམས་ལ་སྲོག་ཤིང་གཟུགས་པར་བྱའོ། །ཁང་བཟངས་རྣམས་ཀྱི་བརྒྱད་དང་བཅུའི་ཆ་ཤས་ཀྱི་ཞེང་ནི་སྒོའི་དབུས་ཀྱི་ཆ་སྟེ་དེའི་ཚད་ཀྱིས་ཡལ་འདབ་དང་། དེའི་ཉིས་འགྱུར་ནི་སྒོའི་ དཔངས་སུ་བསྟན་ཅིང་སྒོ་ཁྱུད་དང་དཔུང་པ་དང་རེ་བཞི་རྣམས་ནི་དེའི་ཆ་ལྔ་པར་བཤད་དོ། །ལེགས་པར་འབྱོར་ཞིང་མཚམས་རྣམས་འབྲེལ་བ། རིན་པོ་ཆེ་དང་ཆུ་སྐྱེས་རྣམ་པར་ཕྱེ་བའི་གཟུགས་ཡང་དག་པར་གནས་པའོ། །དྲི་མ་དང་བྲལ་བའི་བསམ་གཏན་ལ་གནས་པས་ཧཱུཾ་ཡིག་ལ་ ཡང་དག་པར་བསྐྱེད་པ་ནི་སྒོ་ཆེན་པོ་སྟེ་དད་པའི་དབང་པོ་ལ་སོགས་པ་དང་། དག་པའི་བསམ་གཏན་ནི་མཛེས་པའི་རྟ་བབས་དང་ལྡན་པའོ། །སྔགས་པས་སྔ་མ་བཞིན་དུ་སྒོ་རྣམས་ལ་སོ་སོར་ལན་བརྒྱ་དང་རྩ་བརྒྱད་ཀྱིས་ཡང་དག་པར་བཟླས་པ་སྟེ། ཤར་ལ་སོགས་པའི་ཕྱོགས་ སུ་ཡང་དག་པར་གནས་པ་རྣམས་གཤིན་རྗེ་གཤེད་ཀྱི་སྔགས་དང་། ལྷོའི་ཕྱོགས་སུ་ཡང་དག་པར་གནས་པ་ནི་དཔའ་བོའི་རྒྱལ་པོ་ཤེས་རབ་མཐར་བྱེད་ཀྱི་སྔགས་དང་། ནུབ་ཀྱི་ཕྱོགས་ཀྱི་ཆར་གནས་པ་ནི་པདྨ་མཐར་བྱེད་ཀྱི་སྙིང་པོའི་སྔགས་དང་། བྱང་གི་ཕྱོགས་ཀྱི་ཆར་གནས་པ་ནི་དཔའ་ པོའི་རྒྱལ་པོ་བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་སོ། །ལེགས་པར་རྣམ་པར་ཕྱེ་བའི་ཚད་དུ་བསླང་བའི་སྒོ་རྣམས་ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱའོ་ཞེས་པ་སྒོ་གླེགས་བསླང་བའི་ཆོ་གའོ།། །།རིན་ཆེན་དང་བཅས་རྡོ་རྗེའི་སྟེང་དུ་གནས། །ཟླུམ་དང་སྲིད་ཀྱི་ཚད་རྣམས་ཡང་ དག་ལྡན། །གྲུ་བཞི་ལ་སོགས་ཡོན་ཏན་མང་ལྡན་ཞིང་། །སྙིང་པོ་བརྟན་ཅིང་མི་འཁྱོག་ལེགས་གནས་པའི། །ཀ་བ་ཐམས་ཅད་རྩེ་མཉམ་སེང་གེ་ལ། །སོགས་པའི་ཏིང་འཛིན་སྟེགས་བུར་ཡང་དག་གནས། །སྟོང་ཉིད་རྣམ་པར་ཐར་པ་རྣམ་དག་པས། ཧཱུཾ་གི་ཡི་གེ་ལས་ སྐྱེས་རྡོ་རྗེ་སྟེ། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་ལེགས་པར་གཟུགས། །རང་རང་ཕྱོགས་ཀྱི་ཁྲོ་རྒྱལ་སྙིང་པོའི་སྔགས། །ལན་ནི་བརྒྱ་དང་རྩ་བརྒྱད་རྣམས་སུ་ཡང་། །སོ་སོར་རིམ་པས་ཡང་དག་བཟླས་པར་བྱ། །ཞེས་པ་ནི་ཀ་བ་གཟུགས་པའི་ཆོ་གའོ།། །།གཙུག་ལག་ཁང་སོགས་ པ་ཡི་སྟེང་གནས་པར། །མྱུར་ལྡན་པས་ནི་ཤིང་རྣམས་མངོན་པར་གཟུང་། །འདབ་མ་མ་རྙིང་པ་ཡི་དུས་དག་ཏུ། །སྐར་མ་མགོ་ལ་སོགས་པ་བསྔགས་པ་ཡིན། །གསེར་དང་དངུལ་རྣམས་དག་གིས་པདྨར་ནི། །རིག་བྱེད་མ་ཡི་གཟུགས་ནི་མཉམ་པར་ལྡན། །ན་མོ་རཏྣ་ཏྲ་ཡཱ་ ཡ། ན་མོ་བུདྡྷ་བོ་དྷི་སཏྭེ་བྷྱཿ ན་མོ྅ཥྚ་མ་ཧཱ་ཨཱརྱ་ཕུངྒ་ལཱ་ཡ། ན་མཿསཔྟ་བྷྱོ་བུདྡྷ་ཀོ་ཊི་བྷྱཿཏདྱ་ཐཱ། ཨོཾ་ཧྲཱིཿཧྲཱིཿཧྲཱིཿསརྦ་ནཱ་ག་ནཱཾ། ཨ་ནནྟ་ཀུ་ལཱ་ནཱཾ། བ་སུ་ཀི་ཀུ་ལཱ་ནཱཾ། ཏཀྵ་ཀ་ཀུ་ལཱ་ནཱཾ། ཤངྑ་པཱ་ལ་ཀུ་ལཱ་ནཱཾ། ཀརྐོ་ཊ་ཀུ་ལཱ་ནཱཾ། པདྨ་ཀུ་ལཱ་ནཱཾ། མ་ཧཱ་པདྨ་ཀུ་ལཱ་ནཱཾ། བ་ལ་ཧཱ་ཀུ་ལཱ་ནཱཾ། པུཎྜ་རཱི་ཀ་ཀུ་ལཱ་ནཱཾ། གྷ་ན་ཀུ་ལཱ་ནཱཾ། མེ་གྷ་ཀུ་ལཱ་ནཱཾ། ཛ་ལ་དྷ་རཱ་ཀུ་ལཱ་ནཱཾ། ཛི་མཱུ་ཏ་ཀུ་ལཱ་ནཱཾ། སཾ་བརྟ་ཀུ་ལཱ་ནཱཾ། ཨེ་ར་བ་ཀུ་ལཱ་ནཱཾ། ཀུ་མུ་ད་ཀུ་ལཱ་ནཱཾ། ཀཧྨ་ཧ་ར་ཀུ་ལཱ་ནཱཾ། སཽ་གནྡྷི་ཀ་ཀུ་ལཱ་ནཱཾ། ཧ་ན་ཧ་ནེ་ཤ་རེ་ཎ། བནྡྷ་བནྡྷ་ཙཱ་པེ་ན། ཏཱ་ཌ་ཡ་ཏཱ་ཌ་ཡ། ཨུ་པ་ལེ་ན། བྷི་ཏཱ་ནཱཾ། ཨ་པ་ཡཾ་དེ་ཧི་པྲ་ལཱ་ཡ། ཀཱ་ལ་ཨི་བ་ཛ་ལ་དྷ་རཾ་ཨ་བེ་ཏ་ར་ཡ་བཪྵ་ན་ནཱ་གཱ་ན་བ་ཤི་ཀུ་རུ་ཀུ་རུ་ཕཿཀཱ་རཱ་པ་ཡ་ཀཱ་རཱ་པ་ཡ་ཕུཿཕུཿ ཨོཾ་ཀུ་རུ་ཀུལླེ་ཧཱུཾ་ཕཊ་སྭཱ་ཧཱ། ཤིན་ཏུ་བརྟན་པའི་བྱ་འདབ་རྒྱན་དང་བཅས། །བླ་རེ་མང་པོའི་ཚོགས་ཀྱིས་དཀྱིལ་འཁོར་བཀྲམ། །སྟེགས་བུའི་ཚད་ཀྱི་ཉིས་འགྱུར་རབ་འཕྱང་བ། །ཚད་དང་ ལྡན་པ་བྱ་འདབ་ཆེན་པོའོ། །ལན་ནི་བརྒྱ་དང་རྩ་བརྒྱད་རྣམས་སུ་ཡང་། །དཔལ་ལྡན་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས། །ཡང་དག་བཟླས་ཤིང་མཆོད་བྱ་གཏོར་མ་དང་། །སྦྱིན་སྲེག་ཆོ་ག་རྒྱ་ཆེན་ལྡན་པས་བྱ། བུམ་པའི་ཆུ་ཡིས་མངོན་པར་དབང་བསྐུར་ཞིང་། །གདུགས་དང་གོས་ དང་འདབ་མས་བརྒྱན་པར་བྱ། །ཞེས་པའི་སྔགས་ནི། ན་མཿས་མནྟ་བུདྡྷེ་བྷྱཿཨོཾ་པྲ་ཏྱཾ་གི་ར་ཨུཥྞཱི་ཥ་ཙཀྲ་བརྟི་སརྦ་ཡནྟྲ་བནྡྷ། ཨིནྡྲ་བྷུ་བ་ནཾ་བནྡྷ། མ་ཧཱ་བྷུ་བ་ནཾ་བནྡྷ། མ་ཧཱ་པྲྀཥྚི་བནྡྷ། བྲྀཀྵ་དེ་བ་ཏཱཾ་བནྡྷ། རཱ་ཡ་ཨི་ཧཱ་བཱ་སི་ནཱཾ་ཡེ་ན་ཀེ་ན་ཙི་ཏ་ཀྲྀ་ཏ་བྷ་ཡ་ཨཱ་དྷི་ཀཾ། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། ཙི་རི་ཙི་རི། གི་རི་གི་རི། མི་རི་ མི་རི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཙུག་ལག་ཁང་ལ་སོགས་པའི་སྟེང་དུ་ཤིང་དགོད་པའི་ཆོ་གའོ།། །།ད་ནི་སྐུ་གཟུགས་ལ་སོགས་པའི། །ལྷ་རྣམས་བཞུགས་པའི་ཆེད་དུ་ཡང་། །ཁང་ཆུང་དང་ནི་ཆེན་པོ་ཡི། །རྩིག་པའི་ཁང་པ་བྱ་བར་འདོད། །འདེགས་པའི་ས་ཡི་ཚད་ཀྱིས་ནི། །ཆུང་ངུ་ལ་སོགས་ དབྱེ་བ་ལས། །མདའ་བཞི་ལ་སོགས་ནས་ནི་མདའ། །སུམ་ཅུ་རྩ་དྲུག་པར་དུ་བྱ། །ལེགས་པའི་ཚད་ལྡན་སྐྱེས་བུ་ཡི། །སོར་མོ་ལ་སོགས་ལྷན་ཅིག་ཏུ། །ཁྲུ་གཅིག་བྱས་པ་ཁྲུ་ཤིང་སྟེ། །མདའ་ཤིང་ཞེས་པའང་བརྗོད་པར་བྱ། །བཅུ་གཉིས་ཁྲུ་ཡི་མཐར་ཐུག་པ། །དེ་ནི་ཆུང་ངུར་ གྲགས་པ་སྟེ། །ཁྲུ་ནི་ཉི་ཤུ་རྩ་བཞི་ཡི། །མཐར་ཐུག་པ་ནི་བར་མ་ཡིན། །སུམ་ཅུ་རྩ་དྲུག་ཁྲུ་ཡི་མཐའ། །དེ་ནི་མཆོག་ཏུ་གྲགས་པའོ། །འདི་རྣམས་དབྱེ་བ་ཡིས་ནི་འདིར། །འདེགས་པའི་ས་ཡི་ཆ་འཕེལ་བས། །ཚོགས་པར་གྱུར་པ་འབའ་ཞིག་དེར། །ཁྲུ་ཤིང་བཅུ་དྲུག་པ་ཡང་ བྱ། །སྙིང་པོར་ཁང་མིག་བཞི་པ་དང་། །ཕྱི་རོལ་རེའུ་མིག་རྩིག་པ་རྣམས། །མང་པོ་རྐང་པའི་ཆ་ཡིས་ནི། །རྩིག་པ་རྣམས་ནི་འཕེལ་བར་འདོད། །གང་ལ་སྟེང་དུ་ཁུར་ཆེ་ན། །ལྷག་པ་ཡང་ནི་བྱ་བ་སྟེ། །འདེགས་པའི་འཁོར་ས་མེད་པ་དང་། །ཁང་མིག་ མེད་པ་མཛེས་མ་ཡིན། །ཡོད་པ་དེར་ནི་ཆ་ལྔ་པའི། །དགའ་བའི་སྐ་རགས་རྐེད་པར་བྱ། །ལྷ་རྣམས་འགལ་བ་མེད་པར་ནི། །འོད་དང་ལྷན་ཅིག་མཐོང་བ་དང་། །ཀུན་ལ་རབ་ཏུ་གྲགས་བྱའི་ཕྱིར། །དེ་དོན་སྒོ་ནི་རིང་བ་ཉིད། །ལྷ་རྣམས་གང་དུ་མི་འགལ་བར། །བཞེངས་པ་ཉིད་ཀྱང་ ཡང་དག་འདོད། །སྒོ་ཡི་ཕྱེད་ཀྱི་ཤིང་ཚད་གྱུར། །ཉེ་བར་གནས་ཀྱི་ལྷག་པ་མིན། །འགལ་བ་མེད་པར་ལྷ་ཡི་ཕྱིར། །རིང་བའི་སྒོ་ནི་བཤད་པ་ཡིན། །ཤིན་ཏུ་ཆུང་རྣམས་མི་འགལ་བས། །མཆོད་བྱ་རྣམས་ཀྱང་བསྟན་པ་སྟེ། །ཆ་ཡིས་རྣམ་པར་རྒྱས་པ་ཡང་། །རབ་མཛེས་དོན་དུ་ ཀུན་ལ་གྲགས། །འགྲོ་བ་ཡི་ནི་ཁང་ཆུང་བཞི། །སྙིང་པོའི་ཁང་པའི་སྲིད་དུ་བྱ། །འདེགས་པའི་རྒྱ་དང་མཉམ་པའི་དཔངས། །འདེགས་པའི་དཔངས་ཀྱི་ཚད་ཡིན་ནོ། །རྣམ་རྒྱས་གར་ནི་ཡང་དག་བསྡུས། །མཛེས་པའི་རྗེས་སུ་མཐུན་པ་བྱ། །སྒོ་ལ་སོགས་པའི་རྣམ་འཇུག་པ། །སྔོན་སོགས་ སློབ་དཔོན་རྣམས་ཀྱིས་གསུངས། །བཞི་དྲུག་བརྒྱད་རྣམས་ཆ་ཤས་ཀྱིས། །ཆུང་ངུ་ལ་སོགས་གྲགས་རྣམས་ལ། །ཤིན་ཏུ་ཆུང་དང་ར