Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 76
Văn bản gốc(Tây Tạng)
Trang 3 / 17 (50.000 ký tự/trang)
ག་ཡིས། །རྡོ་རྗེ་སེམས་ཀྱིས་རྒྱས་བཏབ་པའོ། །སྔགས་ནི་ཨོཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་བ་ལ་སཱ་དྷ་ནཾ། བོད་སྐད་དུ། སྟོབས་པོ་ཆེའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། པདྨ་དཀར་པོ་དང་ཉི་མ་ལ་ཧཱུཾ་ལས་བྱུང་བའི་སྟོབས་པོ་ཆེ་ཞལ་གཅིག་པ་ཕྱག་བཞི་པ། སྐུ་མདོག་ཐམས་ཅད་དམར་བ། དབུ་སྐྲ་ཁམ་སེར་གྱེན་ལ་འཕྱུར་ བ། སྦྲུལ་གྱི་ཐོད་ཀྱིས་བཅིངས་པ་སྟེ། གཡས་པའི་ཕྱག་གཉིས་ཀྱིས་ནི་དབྱུག་ཏོ་དཀར་པོ་དང་། རྔ་ཡབ་དཀར་པོ་བསྣམས་པ། གཡོན་པའི་ཕྱག་གཉིས་ཀྱིས་ནི། ཕྱག་འཚལ་བའི་སྟངས་དང་། ཞགས་པ་དང་བཅས་པའི་སྡིགས་མཛུབ་ཀྱི་ཕྱག་གོ། །སྟག་གི་པགས་པའི་ཤམ་ ཐབས་མནབས་ཤིང་སྦྲུལ་གྱིས་བརྒྱན་པ། ཞབས་གཡས་བསྐུམ་ཞིང་ཞལ་མཆེ་བ་གཙིགས་པ། ཉི་མའི་དཀྱིལ་འཁོར་གྱི་ཕྲེང་བ་དང་ལྡན་པ། སྣང་བ་མཐའ་ཡས་དབུ་རྒྱན་ལ་གནས་པར་བསྒོམས་ལ། སྔགས་བཟླས་པར་བྱ་སྟེ། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ། འདི་ནི་སྟོབས་པོ་ཆེའི་ སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཧེ་རུ་ཀའི་སྒྲུབ་ཐབས། དུར་ཁྲོད་བརྒྱད་ཀྱི་དབུས་གནས་པའི། །དོགས་བྲལ་དགའ་བའི་ཡིད་ལྡན་པས། ། ཐབས་དང་ཤེས་རབ་ཆོ་ག་ཡིས། །ཉི་མ་ཟླ་བའི་སྦྱོར་ལྡན་པས། །ཨ་ཚན་ཀ་ཚན་སྦྱོར་བ་ལས། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་ཧཱུཾ་ཡིག་ལས་བྱུང་བའི། །རྡོ་རྗེ་རྩེ་མོ་ལེགས་ལྡན་པས། །མི་ལྤགས་གཙང་མ་མནབས་པ་ཡིས། །སྐྱིལ་ཀྲུང་ཕྱེད་པས་རོ་ལ་བཞུགས། ། ཐལ་བའི་རྡུལ་གྱིས་ལུས་བྱུགས་ཤིང་། །འཕྲོ་བའི་རྡོ་རྗེ་གཡས་ན་སྟེ། །བསྐྱོད་པའི་བ་དན་ཁ་ཊྭཱཾ་ག །ཁྲག་གི་ཐོད་པ་གཡོན་ནའོ། །བརྒྱ་ཕྱེད་མགོ་བོའི་ཕྲེང་བ་ཡིས། །ཡིད་འཕྲོག་པ་ཡི་དོ་ཤལ་བྱས། །ཞལ་གྱི་མཆེ་བ་ཅུང་ཟད་གཙིགས། །སྤྱན་མིག་དམར་པོ་ བགེགས་ལྡན་པ། །སྐྲ་སེར་གྱེན་འཕྱུར་མི་བསྐྱོད་པ། །དབུ་རྒྱན་རྣ་བའི་གདུབ་སྐོར་ལྡན། །རུས་པའི་རྒྱན་རྣམས་མཛེས་པ་དང་། །དབུ་ལ་ཐོད་པ་དང་ལྡན་པའི། །སངས་རྒྱས་ཉིད་ནི་སྦྱིན་མཛད་བསྒོམ། །སྐྱེ་དགུ་བདུད་རྣམས་ཟློག་མཛད་ཡིན། །སྔགས་ནི་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ་ཞེས་ བྱ་བའོ། །ཧེ་རུ་ཀ་ཕྱག་གཉིས་པའི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧེ་བཛྲ་སཱ་དྷ་ནཾ། བོད་སྐད་དུ། དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས། འཇིག་རྟེན་ གསུམ་སྐྱོང་ཧེ་རུ་ཀ །བླ་མ་མགོན་ལ་ཕྱག་འཚལ་ནས། ཤཱནྟིའི་ཞལ་སྔ་ནས་གསུངས་དེའི། །སྒྲུབ་ཐབས་ཆོ་གར་རྣམ་པར་དབྱེ། །དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། །མགུལ་པར་བདག་མེད་མ་ཡིས་འཁྱུད། །འཁོར་ལོ་ལ་སོགས་རྒྱན་དང་ལྡན། །སྤྱན་གསུམ་རྐང་གཉིས་རྒྱལ་པོའོ། ། རྒྱུད་འདིར་བསྒོམ་པའི་དབང་དུ་བྱས་པའི་རྣལ་འབྱོར་པས། ནམ་མཁའ་བྱུང་བ་དང་སྟན་ལས་ལངས་ལ། རང་གི་སྙིང་གར་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་བལྟས་ཏེ། དེའི་འོད་ཟེར་གྱིས་དཔལ་ཧེ་རུ་ཀ་ལེགས་པར་གསལ་བར་བྱས་ཤིང་སྤྱན་དྲངས་ལ། མེ་ཏོག་ལ་སོགས་པའི་ཉེ་བར་མཁོ་བའི་ཡོ་ བྱད་ལྔས་ཡང་དག་པར་མཆོད་དེ། དེའི་སྤྱན་སྔར་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་ཡང་བྱས་ལ་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་དེ། སེམས་ཅན་རྣམས་ལ་ལྷ་རྫས་ཀྱི་བདེ་བ་ཉེ་བར་སྒྲུབ་པར་བྱེད་པའི་རྣམ་ པའི་བྱམས་པ་དང་། སྡུག་བསྔལ་ཐམས་ཅད་སྤོང་བར་བྱེད་པའི་སྙིང་རྗེ་དང་། བདེ་བ་དེ་ཇི་སྲིད་དུ་རྒྱུན་མི་འཆད་པ་ཉིད་དུ་དགའ་བ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་། གཟུང་བ་དང་། འཛིན་པ་ལ་སོགས་པ་ཡིད་ལ་མི་བྱེད་པའི་མཚན་ཉིད་ཀྱི་བཏང་སྙོམས་ཀྱང་བསྒོམ་པར་བྱ་བའོ། ། དེ་ནས་ཆོས་དང་གང་ཟག་ལ་སོགས་པ་རྣམ་པར་རྟོག་པའི་དྲི་མ་སྤངས་པའི་རང་བཞིན་སྟོན་ཀ་དྲི་མ་མེད་པའི་ནམ་ཕྱེད་ཀྱི་ནམ་མཁའ་དང་མཚུངས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་གཅིག་པོ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་ བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱ་བའོ། །དེ་ནས་རབ་ཏུ་སད་པས་ནམ་མཁའི་དབྱིངས་སུ་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུཾ་བལྟས་ལ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་བལྟ་བར་བྱ་བའོ། །དེ་ལས་འོད་སྤྲོས་པ་ལས་ ཀུན་ནས་བྱུང་བའི་དཔལ་ཧེ་རུ་ཀའི་གཟུགས་རྣམས་ཀྱིས་འཇིག་རྟེན་གྱི་དོན་མཐའ་དག་བྱས་ནས་དེ་ཉིད་ལ་ལེགས་པར་གཞུག་པར་བྱེད་པའོ། །དེ་ཡོངས་སུ་གྱུར་པ་ལས་དཔལ་ཧེ་རུ་ཀ་སྟེ། པདྨ་འདབ་མ་སྣ་ཚོགས་པ་ལ་གནས་པའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་སྤྱན་མིག་ གསུམ་པ། ཕྱག་གཉིས་པའི་ཕྱག་གཡས་པས་ནི་རྡོ་རྗེའོ། །གཡོན་པས་ནི་རྡོ་རྗེས་མཚན་པའི་ཐོད་པ་བསྣམས་པའོ། །ཞབས་ངོས་ཤིག་གི་ལྗིད་ཀྱིས་འབེབས་པ། སྟག་གི་པགས་པའི་ཤམ་ཐབས་མནབས་པ། དབུ་ལ་མི་རུས་ལས་བྱས་པའི་མི་བསྐྱོད་པའི་བདག་ཉིད་ཀྱི་འཁོར་ ལོ་དང་ལྡན་པ། སྙན་ལ་སྣང་བ་མཐའ་ཡས་ཀྱི་བདག་ཉིད་ཀྱི་མི་རུས་ཀྱི་རྣ་གདུབ་པོ། །མགུལ་པ་ན་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་ཀྱི་མགུལ་རྒྱན་དང་ལྡན་པའོ། །ལག་མགུལ་ན་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱི་ལག་གདུབ་དང་ལྡན་པའོ། །རྐེད་པ་ན་དོན་ཡོད་གྲུབ་པའི་བདག་ཉིད་ ཀྱི་སྨད་ཀ་དང་ལྡན་པའོ། །སྐྲའི་ཐི་གུའི་དག་བྱེད་ཀྱི་ག་ཤ་དང་། དཔུང་རྒྱན་དང་། རྐང་རྒྱན་དང་ལྡན་པ་དབུ་སྐྲ་ཁམ་པ་གྱེན་ལ་ཕྱོགས་པའོ། །ཞལ་གཅིག་ཕྱག་གཉིས་མ། གྲི་གུག་དང་ཐོད་པ་བསྣམས་པའི་བདག་མེད་མ་ལ་ཀུན་ནས་འཁྱུད་པའོ། །དེ་ལྟ་བུར་གྱུར་པར་བདག་ཉིད་རྣམ་པར་ བསྒོམ་པར་བྱ་བའོ། །དེ་ནས་འདིར་རྣ་བ་ལ་ནི་བདག་མེད་མའོ། །མིག་ལ་ནི་རྡོ་རྗེ་མའོ། །སྣ་ལ་ནི་གཽ་རཱི་སྦེད་མའོ། །ལྕེ་ལ་ནི་བཱ་རི་རྣལ་འབྱོར་མའོ། །ལུས་ཀྱི་དབང་པོ་ལ་ནི་རྡོ་རྗེ་མཁའ་འགྲོ་མའོ། །ཡིད་ལ་ནི་བདག་མེད་མར་མོས་པར་བྱའོ། །དེ་ནས་མགོ་བོ་ལ་ནི་པདྨ་འདབ་མ་སུམ་ཅུ་རྩ་ གཉིས་པའི་སྟེང་དུ་ཁ་འོག་ཏུ་བལྟས་པའི་ཡི་གེ་ཧཱུཾ་ངོ་། །ལྟེ་བར་པདྨ་འདབ་མ་དྲུག་ཅུ་རྩ་བཞི་པའི་སྟེང་དུ་ཁ་གྱེན་ལ་བལྟས་པའི་ཡི་གེ་ཨོཾ་བསམ་པར་བྱ་བའོ། །དེ་ནས་དམ་ཚིག་སེམས་དཔའ་དང་འདྲ་བའི་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། ཛཿཧཱུཾ་བཾ་ཧོཿཞེས་བྱ་བའི་སྔགས་འདིས་དྲངས་ཤིང་ལེགས་ པར་བཅུག་ལ་བཅིངས་ཏེ། དབང་དུ་བྱས་པས་ཆུ་དང་འོ་མ་བཞིན་དུ་རོ་གཅིག་ཏུ་བྱ་བའོ། །དེའི་རྗེས་ཐོགས་ལ་རང་གི་སྙིང་གའི་ཉི་མ་ལ་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་ཀུན་དུ་སྤྲོ་བར་བྱ་བའོ། །དེ་སྤྲོས་པས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའི་ཧེ་རུ་ཀ་ སྤྱན་དྲངས་ལ་མཆོད་པ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། བྱ་བ་འདིས་གསོལ་བ་གདབ་པར་བྱ་བའོ། །དེ་དག་གིས་བདུད་རྩི་ལྔས་གང་བའི་ནོར་བུའི་བུམ་པས་བདག་ཉིད་ལ་དབང་བསྐུར་བས་མགོན་པོ་མི་བསྐྱོད་པ་དེ་དབུ་རྒྱན་ལ་གནས་པ་བསྒོམ་པར་བྱ་ ཞིང་། རྣལ་འབྱོར་མའི་ཚོགས་དེ་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་རང་རང་གི་རྫས་རྣམས་ཀྱིས་མཆོད་པ་བྱེད་པར་ཡང་ངོ་། །དེ་ནས་ནི། འཇིགས་བྱེད་ཆེན་པོ་མཆེ་གཙིགས་ཤིང་། །རྒྱུ་མའི་ཕྲེང་བ་དག་གིས་བརྒྱན། །ཤ་ཆེན་གསོལ་བར་གྱུར་བ་ཡི། །ཧེ་རུ་ཀ་དཔལ་བདག་ ཕྱག་འཚལ། །ཞེས་བྱ་བས་བསྟོད་པར་བྱ་བའོ། །དེ་ནས་ནམ་མཁའ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པས་ཞུ་བའི་རྫས་སོ། །དེའི་འོག་ཏུ་ནི་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨའི་སྣོད་དོ། །དབུས་སུ་ཡི་གེ་ཨོཾ་གྱིས་མཚན་པའི་གོ། །ཀུ། ད། ཧ། ན། མ། ར། མུ། ཤུ། བི། ལ་སོགས་ པའི་དམ་ཚིག་གི་རྫས་རྣམས་རྡོ་རྗེ་དང་པདྨ་མཉམ་དུ་སྦྱོར་བས་མེ་སྦར་བར་བྱ་བའོ། །དེས་རྫས་རྣམས་བསྐོལ་བར་བྱའོ། །སྨིན་པ་ན་ཁུ་བར་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཐོང་བར་བྱེད་པའི་ཡེ་ཤེས་ཀྱི་ཉི་མའི་འོད་འབར་བ་དང་། ཡེ་ཤེས་ཀྱི་ས་བོན་དེ་ འབར་བ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་ཀུན་ནས་དྲངས་ཏེ་རྫས་དེ་དག་རྣམས་དང་ལྷན་ཅིག་ཏུ་བྱས་ལ། ཨོཾ་ཨཱཿཧཱུཾ་ཞེས་བྱ་བའི་ཡི་གེ་གསུམ་གྱིས་བྱིན་གྱིས་ཀྱང་བརླབས་ཏེ། ཡི་གེ་ཧཱུཾ་དཀར་པོ་ལས་བྱུང་བའི་ལྕེ་རྡོ་རྗེའི་བདག་ཉིད་དུ་བྱས་ལ། དེས་བདག་ཉིད་ ལེགས་པར་ཚིམ་པར་བྱ་བའོ། །དེ་ནས་སྙིང་གའི་ཉི་མ་ལ་རྡོ་རྗེའི་ལྟེ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཀུན་ནས་ལེགས་པར་བསྐོར་ནས་གནས་པའི། ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་ཕྲེང་བ་ཡི་གེ་བཅུ་གཉིས་པོ་རྣམས་མར་མེའི་ཕྲེང་བ་བཞིན་དུ་འབར་བར་གྱུར་པར་ཡིད་ལ་ བྱས་ཏེ། རིམ་པས་བརྗོད་པ་བཞིན་དུ་ཀུན་ནས་བསམས་པས་བཟླས་པར་བྱ་བའོ། །སྔ་དྲོ་དང་། ཉི་མ་གཅིག་གི་ཐུན་དག་ལ་ནི་སྐད་ཅིག་གིས་དཔལ་ཧེ་རུ་ཀའི་གཟུགས་སུ་བདག་ཉིད་ཀུན་ནས་དམིགས་ལ། དེ་ནས་མིག་ལ་སོགས་པ་རྣམ་པར་དག་པ་དང་། འཁོར་ལོ་བཞི་བསྒོམ་པ་དང་། མཆོད་པ་དང་། བསྟོད་པ་དང་། བདུད་རྩི་མྱང་བ་དང་། བཟླས་པ་ལ་སོགས་པ་བྱ་བའོ། །དཔའ་བོ་འཇིག་རྟེན་གསུམ་བསྐྱོད་པའི། །སྒྲུབ་ཐབས་དམ་པ་བྱས་པ་ལས། །བསོད་ནམས་བདག་ལ་གང་སྐྱེས་དེས། །འགྲོ་ཀུན་རྡོ་རྗེ་འཛིན་པར་ཤོག །དགྱེས་པའི་རྡོ་རྗེ་ཕྱག་གཉིས་ པའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་དཱ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བག་ཚ་བ་མེད་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྨ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་པའི་སྒྲུབ་ཐབས། སྔར་བརྗོད་པའི་ཆོ་གས་སྟོང་པ་ཉིད་ ཀྱི་རྗེས་ལ་ཟླ་བའི་དཀྱིལ་འཁོར་ལ། ཡི་གེ་ཨཾ་མཐིང་ནག་ལས་བྱུང་བའི་གྲི་གུག་དང་། ས་བོན་དང་། སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བ་ཡོངས་སུ་གྱུར་པ་ལས་རོའི་སྙིང་གར་ཟླ་བ་ལ་གནས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའི་བདག་མེད་མ་ནག་མོ་ཞལ་གཅིག་ མ་སྐྲ་ཁམ་སེར་གྱེན་དུ་ཕྱོགས་པ། མི་བསྐྱོད་པ་དབུ་རྒྱན་ལ་བཞུགས་པ། མཆེ་བ་རྣམ་པར་གཙིགས་ཤིང་ལྗགས་འདྲིལ་བ། གཡས་པས་ནི་གྲི་གུག་བསྣམས་པར་མཛད་པ། གཡོན་པས་ཐོད་པ་དང་ཁ་ཊཱཾ་ག་བསྣམས་པར་མཛད་པ། དམར་ཞིང་ཟླུམ་པའི་སྤྱན་གསུམ་ པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པའོ། །དེ་ནས་མགོ་དང་། མགྲིན་པ་དང་། སྙིང་གར་ཨོཾ་ཨཱཿཧཱུཾ་བྱ་བའི་ཡི་གེ་རྣམས་སོ། །སྙིང་གར་ཟླ་བ་ལ་གྲི་གུག་གི་ཆང་ཟུང་ལ་ཡི་གེ་ཨཱཾ་བལྟས་ལ་སྔགས་འདི་དག་བཟླས་པར་བྱ་སྟེ། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱ་ཧཱ། བདག་ མེད་མ་འབའ་ཞིག་གི་སྒྲུབ་ཐབ་རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཻ་རཱཏྨ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མའི་སྒྲུབ་ཐབས། དང་པོར་སེམས་ཅན་ཐམས་ཅད་སྒྲོལ་མའི་མཚན་ཉིད་ཀྱིས་ སྙིང་རྗེ་རྣམ་པར་བསྒོམ་པར་བྱ་བའོ། །ཕྱི་དང་ནང་དུ་བྱས་པ་སྟོང་པ་ཉིད་དུ་ཡང་དམིགས་ལ། བར་སྣང་ལ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨཾ་ལས་གྲི་གུག་གོ། །དེའི་ཆད་ཟུང་དུ་ཟླ་བ་ལ་ཡི་གེ་ཨཾ་བསམ་པར་བྱ་བའོ། །དེ་ལས་རྣལ་འབྱོར་མའི་སྤྲོ་བ་དང་བསྡུ་བ་ལ་སོགས་པ། དེ་དག་ ཐམས་ཅད་ཡོངས་སུ་གྱུར་པ་ལས་རོའི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བདག་མེད་མ་ཞལ་གཅིག་མ། སྐུ་མདོག་མཐིང་ནག །ཐོད་པ་དང་། ཁ་ཊྭཱཾ་བསྣམས་པའི་ཕྱག་གཉིས་མ་བསམ་པར་བྱ་སྟེ། དམར་ཞིང་ཟླུམ་པའི་སྤྱན་གསུམ་མ། དབུ་སྐྲ་སེར་པོ་གྱེན་ལ་བརྫེས་པའོ། ། མགོ་དང་། མགྲིན་པ་དང་། སྙིང་ག་རྣམས་ལ་ནི་ཨོཾ་ཨཱཿཧཱུཾ་གི་ཡི་གེ་རྣམས་སོ། །སྙིང་གའི་ཟླ་བའི་གྲི་གུག་གི་ཡུ་བའི་ཟླ་བ་ལ་ཡི་གེ་ཨཾ་བལྟས་ལ་སྔགས་བཟླས་པར་བྱ་བའོ། །ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་སྭཱ་ཧཱ། བཟླས་པའི་སྔགས་སོ། །བདག་མེད་མའི་ སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྗེ་བཙུན་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །བློ་དམན་འཇིགས་ པར་མཛད་ལ་མཁས་ཤིང་ཚིག་ངན་དག་གི་ཕྱོགས་འཇིགས་པ། །དུག་འཇོམས་སྐྱེ་བོའི་ཚོགས་ཀྱི་རྩེ་དགས་བརྙེས་པར་གྱུར་པའི་ཐར་པ་ཡིས། །རང་བཞིན་བདེ་བ་ཕུན་སུམ་ཚོགས་པ་ལྷ་མོ་རྡོ་རྗེ་ཕག་མོ་སྟེ། །ཀོ་ཀ་ཏཏྟོས་བདུད་ལ་འདི་ནི་རབ་ཏུ་མཛེས་པར་བྲི་བར་བྱ། ། དེ་ལ་ཐུན་ཕྱེད་ལྷག་པའི་མཚན་མོ་ཆོ་ག་བཞིན་དུ་ལངས་ལ། དུར་ཁྲོད་ལ་སོགས་པ་ཡིད་ཀྱི་རྗེས་སུ་མཐུན་པའི་གནས་འགའ་ཞིག་ཏུ་ཙནྡན་དང་བཅས་པ་ལ་སོགས་པས་ཉེ་བར་བྱུགས་ཤིང་། མེ་ཏོག་གི་བྱེ་བྲག་སྣ་ཚོགས་པ་རྣམས་ཀྱིས་ཉེ་བར་མཛེས་པར་བྱས་ཏེ། དངོས་ སུ་རོའི་སྟན་ནམ་ཇི་ལྟ་བ་བཞིན་དུ་ཉེ་བར་གནས་ལ། བྱམས་པ་ལ་སོགས་ལ་བསྒོམ་པ་སྔོན་དུ་འགྲོ་བས་རང་གི་སྙིང་གར་ཡི་གེ་ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿདཀར་པོའི་འོད་ཟེར་གྱི་དྲ་བས་རྡོ་རྗེ་ཕག་མོས་དབུ་དྲངས་པའི་བླ་མ་དང་། རྣལ་འབྱོར་མ་དང་། དེ་བཞིན་གཤེགས་ པ་དང་། བྱང་ཆུབ་སེམས་དཔའ་རྣམས་གནས་ཇི་ལྟ་བ་བཞིན་རབ་ཏུ་གསལ་བར་བྱས་ལ། ཡང་སྙིང་གའི་ས་བོན་ལས་ཀུན་ནས་བྱུང་བའི་རབ་ཏུ་གཏུམ་པའི་མིག་ཅན་མ་དང་། འོད་ལྡན་མ་དང་། སྣ་ཆེན་མ་དང་། དཔའ་བོའི་བློ་གྲོས་མ་དང་། བོང་ཐུང་མ་དང་། ལང་ཀའི་དབང་ཕྱུག་ མ་དང་། ཤིང་གྲིབ་མ་སྟེ། ཐུགས་ཀྱི་འཁོར་ལོའི་བརྒྱད་དང་། ས་སྐྱོང་མ་དང་། འཇིགས་བྱེད་ཆེན་མོ་དང་། རླུང་གི་ཤུགས་ཅན་མ་དང་། ཆང་འཐུང་མ་དང་། ལྷ་མོ་སྔོ་བསངས་དང་། ཤིན་ཏུ་བཟང་མོ་དང་། རྟ་རྣ་མ་དང་། ཁ་ཁྭའི་ཞལ་ཏེ། གསུང་གི་འཁོར་ལོའི་བརྒྱད་ དང་། འཁོར་ལོའི་ཤུགས་དང་། དུམ་སྐྱེས་མ་དང་། ཆང་འཚོང་མ་དང་། འཁོར་ལོའི་གོ་ཆ་མ་དང་། ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མོ་དང་། འཁོར་ལོའི་གོ་ཆ་མ་དང་། བརྩོན་འགྲུས་ཆེན་མོ་སྟེ། སྐུའི་འཁོར་ལོའི་ལྷ་མོ་བརྒྱད་དེ། ཁ་དོག་མཐིང་ནག་དང་། དམར་མོ་དང་། དཀར་མོ་རྣམས་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། རྣམ་པར་སྣང་མཛད་རྣམས་དབུ་ལ་བཞུགས་པ་དང་། སྤྱན་གསུམ་ཕྱག་རྒྱ་ལྔ་དང་ལྡན་ཞིང་ཟླ་བའི་གདན་དང་། རྡོ་རྗེ་དང་། པདྨ་དང་། འཁོར་ལོ་དང་། ཐོད་པའི་ཕྲེང་བས་ལེགས་པར་བཅིངས་པས་དབུའི་ཟུར་ཕུད་ གསུམ་བརྒྱན་པ་དང་། གྲི་གུག་དང་། ཐོད་པ་དང་། ཁ་ཊྭཱཾ་ག་དང་ལྡན་ཞིང་། མཆོད་པས་བྲེལ་བའི་ཕྱག་ལིམ་ལོག་དང་ལྡན་པར་ལེགས་པར་བལྟས་ལ། མཆོད་པའི་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་ཅིང་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། ཕྱིན་ཆད་མི་བྱེད་པར་ ལེགས་པར་བསྡོམས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ལམ་ལ་ལེགས་པར་བརྟེན་པ་དང་། བདག་ཉིད་ཀྱི་དངོས་པོ་ཡོངས་སུ་གཏང་བ་དང་། གསོལ་བ་དང་། སྐུལ་བ་རྣམས་ཀྱང་ཆོ་ག་བཞིན་ དུ་རྣམ་པར་བསྒྲུབས་ལ། བསོད་ནམས་ཀྱང་ཡོངས་སུ་བསྔོས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་བསྒྲུབ་པར་བྱ་བ་ལས། མགོ་ཐོག་ཏུ་ཐལ་མོ་ལེགས་པར་ཁ་སྦྱར་ལ། ཚིགས་སུ་བརྗོད་པའི་དབྱངས་བརྗོད་པ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས་པ་རྣམས་ལ་གསོལ་བ་གདབ་ པར་བྱ་བའོ། །དེ་ལ་ཚིགས་སུ་བཅད་པ་ནི་འདི་ཡིན་ཏེ། ཨོཾ་དེ་བཞིན་གཤེགས་ཀུན་གྱིས་ནི་དབང་བསྐུར་བས། །སེམས་ཅན་ཐམས་ཅད་ལ་ནི་དངོས་གྲུབ་ཀུན། །ཕུན་ཚོགས་འགྱུར་བས་དེ་བཞིན་གཤེགས་པ་ནི། །ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ ཆོས་སྐུ་རང་བཞིན་དག་པ་ནི། །བདག་གི་རང་བཞིན་དག་པ་ཡིན། །ཞེས་བྱ་བའོ། །དེའི་རྗེས་ཐོགས་ལ་མཆོད་པར་བྱ་བ་དང་། མཆོད་པ་དང་། མཆོད་པ་པོ་རྣམས་དང་། ཆོས་ཐམས་ཅད་ཀྱང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རྣམ་པས་རྨི་ལམ་གྱི་རྐྱེན་ བཞིན་དུ་སྟེ། སོ་སོ་རང་གིས་རིག་པར་བྱ་བར་ལྷག་པར་མོས་པར་བྱས་ལ། སྙིང་གའི་སྔགས་ཀྱི་འོད་ཟེར་སྦར་བའི་འབར་བས། ཀུན་ནས་སྣང་བ་མེད་པར་བྱས་ཏེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བའི་ང་རྒྱལ་འདི་བསྐྱེད་དོ། ། དེ་ནས་རང་གི་སེམས་ཡི་གེ་པཾ་དམར་པོའི་ངོ་བོར་གྱུར་པར་ཡོངས་སུ་གྲུབ་པའོ། །དེ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོའི་སྟེང་དུ་ཡི་གེ་ཨཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་དཀར་པོ་ལས་ཉི་མའོ། །ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་ལྡན་པ། ཡི་གེ་ ཧྲཱིཿདཀར་པོས་བྱིན་གྱིས་བརླབས་པ། སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བས་བསྒོམ་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པས་ལོ་བཅུ་དྲུག་མའི་སྐུར་གྱུར་པའི། སྟོན་ཀའི་ཟླ་བ་ལྟར་དཀར་བ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་ཅུང་ཟད་རྣམ་པར་ གཙིགས་པ། དབུ་སྐྲ་ལྷུག་པ་མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ཕྱེད་བཅིངས་པས་ཀྱང་རྣམ་པར་མཛེས་པ། རྡོ་རྗེ་ནག་པོའི་ཕྲེང་བ་གཉིས་ཀྱི་བར་དུ་བཅུག་པའི་ཐོད་པའི་ཕྲེང་བས་བཅིངས་པའི་ཟུར་ཕུད་གསུམ་མ། འཁོར་ལོ་དང་། རྣ་གདུབ་དང་། མགུལ་ རྒྱན་དང་། སྨད་ཀས་བརྒྱན་པ། རྣམ་པར་དག་པའི་བ་དན་རྩེ་གསུམ་པ་མཆོག་ཏུ་འབར་བ་ཕྱག་གཡས་པ་བསྐྱོད་པ་ན་གནས་པ་དང་། སྔར་བཤད་པའི་རྡོ་རྗེས་ཡེ་ཤེས་ཀྱི་སྐྱེས་བུ་འཇིགས་པ་རྗེས་སུ་བསྒྲུབ་པར་མཛད་པ། ཕྱག་གཡོན་པས་ནི་འོག་རྩེ་གཅིག་པ་ལ་སྟེང་ནག་ པོ་རྩེ་ལྔ་པའི་དབྱུག་པ་དཀར་པོ་དང་རྗེས་སུ་འགྲོགས་པའི་སྐམ་པོ་འཛག་པ་དང་། བཅས་པའི་མགོ་བོ་དང་། སྣ་ཚོགས་རྡོ་རྗེ་དང་། གསེར་གྱི་བུམ་པའི་ཞབས་ནས་དང་འབྲེལ་བའི་དྲིལ་བུ་ཆུང་ངུ་སྒྲ་འཁྲོལ་བ་དང་ལྡན་པ། བ་དན་ཁྲ་བོ་རྣམ་པར་མཛེས་པའི་དབྱུ་གུ་དཔུང་པ་ལ་ཁ་ཊཱཾ་ ག་དང་། དཀྲིས་པ་དང་། བདུད་བཞིའི་ཁྲག་དང་ཞག་གིས་ལེགས་པར་གང་བའི་པདྨའི་སྣོད་བསྣམས་པར་མཛད་པའོ། །འཛག་པ་དང་ལྡན་པའི་རྒྱུ་མས་བརྒྱུས་པའི་མགོ་བོ་ཁྲག་འཛག་པར་གྱུར་པ་ལྔ་བཅུའི་ཕྲེང་བ་རབ་ཏུ་འཕྱང་བ། པདྨ་དམར་པོའི་སྟེང་ན་ཉི་མ་ལ་གནས་པའི་ཡེ་ ཤེས་ཀྱི་སྐྱེས་བུ་མ། གཡོན་བསྐུམ་པའི་ཞབས་ཀྱིས་བཞུགས་པ། གོས་མེད་པར་རབ་ཏུ་གདུག་པའི་ཉི་མའི་འོད་དང་ལྡན་པ། བ་སྤུའི་ཚོགས་རྣམས་ལས་འོད་ཟེར་སྤྲོ་བར་མཛད་མ། གཟུགས་རྒྱན་དང་མཚུངས་པར་གྱུར་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། སྣ་ཚོགས་ པའི་སྤྲུལ་པ་སྣ་ཚོགས་ཀྱིས་ཕྱོགས་བཅུར་སྐྱེ་དགུ་རྣམས་ཀྱི་དོན་ཆེད་ཆེར་མཛད་པ། ཉི་མ་ལ་གནས་པའི་ཡི་གེ་ཧྲཱིཿབྱིན་གྱིས་བརླབས་པའི་ཉི་མ་ལ་གནས་པའི་རྡོ་རྗེ་དང་། ཐུགས་ཀ་ན་ལྡན་པའི་རྡོ་རྗེ་ཕག་མོར་བདག་ཉིད་བསྒོམ་པར་བྱ་བའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་ གྱི་དྲ་བས་སེམས་ཅན་ཐམས་ཅད་སྐུ་དེ་དང་ལྡན་པར་ངེས་པར་བསྒྲུབས་ལ། བདག་ཉིད་ལ་ལེགས་པར་བཅུག་སྟེ། ང་རང་ཁོ་ན་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་པར་བྱ་བའོ། །དེའི་རྗེས་ལ་རང་གི་ལྟེ་བར་སྣ་ཚོགས་པདྨ་ལ་འོད་ཟེར་དཀར་པོ་དང་ལྡན་པའི་ཉི་མའི་དཀྱིལ་ འཁོར་དུ་ཡི་གེ་ཧྲཱིཿདཀར་པོ་བལྟས་ལ། དེར་སྔགས་ཀྱི་ཕྲེང་བ་བགྲང་བའི་ཕྲེང་བའི་རྣམ་པར་ཏེ། དཀར་པོ་འཁོར་ལོ་འཁོར་བའི་སྦྱོར་བས་ཁའི་སྒོ་ནས་ངེས་པར་བྱུང་ནས། སངས་རྒྱས་ཀྱི་ཡོན་ཏན་གྱི་ཚོགས་དང་། ནོར་བུ་དང་། སྔགས་དང་། སྨན་དང་། ཟླ་བ་དང་། སྐར་མ་དང་། ཡི་ གེ་དང་། བསྟན་བཅོས་དང་། རིག་པ་ལ་སོགས་པ་རྣམས་ཀྱི་གཟི་བརྗིད་ཀུན་ནས་བླངས་ཏེ། ལྟེ་བའི་བུ་གར་ལེགས་པར་ཞུགས་པས་བདག་དང་གཞན་གྱི་གཏི་མུག་ཐམས་ཅད་སྐྲག་པར་བྱེད་པའི་བདག་ཉིད་ཅན་དུ་བསྒོམ་པར་བྱ་བའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ བསྐུལ་བས་ནམ་མཁའ་ལ་གནས་པའི་ཡེ་ཤེས་ཀྱི་ལྷ་མོ་མདུན་དུ་བལྟས་ལ། །སྔར་བརྗོད་པའི་ལྷ་མོའི་ཚོགས་ཀྱིས་མཆོད་ཡོན་ལ་སོགས་པ་སྔོན་དུ་བརྡར་བས་མཆོད་ཅིང་། ཡི་གེ་ཕེཾ་གྱི་སྔགས་བརྗོད་པ་སྔོན་དུ་འགྲོ་བས། འབར་བའི་ཕྱག་རྒྱ་བཅིངས་ཏེ། དཔྲལ་བར་གཡོན་སྐོར་ དུ་བསྐོར་བས་དེ་སྤྱན་དྲངས་པར་བྱ་བའོ། །དེ་དང་ཅིག་ཏུ་གྱུར་པས་སྔགས་ཀྱི་ང་རྒྱལ་བསྐྱེད་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་རྣལ་འབྱོར་པ་དག་པས་ཆོས་ཐམས་ཅད་ཀྱི་རྣལ་འབྱོར་དག་པ་ནི་ང་ཡིན་ནོ། །སྙིང་གའི་ས་བོན་དེས་ཡང་དག་པར་བསྐུལ་བར་གྱུར་པས། ནམ་ མཁའ་ལ་གནས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་སྤྱན་དྲངས་ཏེ། དེ་དག་གིས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔས་གང་བའི་བུམ་པ་བསྣམས་ཤིང་། དེ་རྒྱུ་མཚན་གྱི་རྔ་སྒྲ་དང་། དུང་དང་། རྫ་རྔ་དང་། འཁར་རྔ་དང་། པི་ཝང་དང་། གླིང་བུ་དང་། གླུ་དབྱངས་སྣ་ཚོགས་པ་རྣམས་དང་། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་ཀྱང་རྒྱལ་བར་གྱུར་ཅིག །རྒྱལ་བར་གྱུར་ཅིག་ཅེས་ཆེད་ཆེར་བྱེད་པ་དང་། གུར་གུམ་དང་། ག་བུར་དང་། གླ་རྩི་དང་། མེ་ཏོག་དྲི་ཞིམ་པོའི་ཆར་རབ་ཏུ་འབེབས་པས་ཀྱང་། ཇི་ལྟར་བལྟམས་པ་ཙམ་གྱིས་ ནི། །དེ་བཞིན་གཤེགས་ཀུན་ཁྲུས་མཛད་པ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ཀྱང་ཁྲུས་བགྱིའོ། །བྱ་བའི་ཚིགས་སུ་བཅད་པ་བརྗོད་པས་བདག་ཉིད་ལ་དབང་བསྐུར་རོ། །ཨོཾ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་དམ་ཚིག་གི་དཔལ་གྱི་ཧཱུཾ་བྱ་བ་འདིས་ བྱིན་གྱིས་ཀྱང་བརླབ་པར་བྱ་བའོ། །དེ་དག་ལས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་མི་བསྐྱོད་པས་མགོ་ལ་བྱིན་གྱིས་བརླབས་པར་བསམ་པར་བྱ་བའོ། །དེ་ནས་དེའི་རྒྱུ་མཚན་དུ་རབ་ཏུ་གཏུམ་པའི་མིག་ཅན་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དེའི་རྒྱུ་མཚན་གྱིས་མཆོད་པ་རྣམ་པ་ སྣ་ཚོགས་པས་བདག་ཉིད་ལ་མངོན་པར་མཆོད་པ་དང་། འཆད་པར་འགྱུར་བའི་རིམ་པས་བདུད་རྩི་མྱང་བ་ཡང་བྱ་སྟེ། སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བ་ཅན་གྱིས་ཇི་སྲིད་ཀྱི་བར་དུ་བསྒོམ་པར་བྱ་བའོ། །མྱུར་བ་ལ་སོགས་པའི་སྐྱོན་དང་བྲལ་བས་སྔགས་བཟླས་པར་བྱ་བའོ། ། དེ་ལ་སྔགས་ནི་འདི་ཡིན་ཏེ། ཧྲཱིཿ། གང་གི་ཚེ་ལངས་པར་འདོད་པ་དེའི་ཚེ་སྔགས་ཀྱི་ཕྲེང་བ་ལྟེ་བ་ལ་གནས་པའི་ཡི་གེ་ཧྲཱིཿནང་དུ་བསྡུས་ལ། མཆོད་པ་སྔོན་དུ་བཏང་བས་སྨོན་ལམ་རྣམ་པར་དག་པ་བཏབ་ཅིང་། བསོད་ནམས་ཀྱང་ཡོངས་སུ་བསྔོས་ཏེ། ཡི་གེ་བརྒྱ་པ་ཡང་ལན་བདུན་བརྗོད་ལ། ལྷ་མོའི་ང་རྒྱལ་ཀུན་དུ་ཁྱེར་བས་ཆོས་རྣམས་ཐམས་ཅད་ཀྱང་དེའི་གཟུགས་དང་ལྡན་པར་བལྟ་བར་གྱུར་པས་ཇི་ལྟར་བདེ་བའི་སྤྱོད་ལམ་བྱ་བའོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨཱཿཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་ བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཨཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཞེས་བྱ་བའོ། །ཐུན་ཚོད་གཞན་ལ་ཡང་སྐད་ཅིག་གིས་ལྷ་མོའི་རྣམ་པ་སྔོན་ དུ་བྱས་ལ། མཆོད་པ་ལ་སོགས་པ་སྔོན་དུ་བཏང་བས་ཇི་སྲིད་འདོད་ཀྱི་བར་དུ་རྣམ་པར་བསྒོམས་ཤིང་། སྔར་བཞིན་སྔགས་ཀྱང་བཟླས་ཏེ། སྔར་གྱི་བཞིན་དུ་ཐམས་ཅད་བྱ་བའོ། །ནམ་ཕྱེད་ཀྱི་ཐུན་ལ་ཡང་ཐམས་ཅད་སྔར་བཞིན་དུ་བྱས་ལ། ཉལ་བའི་དུས་སུ་མགོའི་ཕྱོགས་སུ་ བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བལྟས་ཏེ་ལེགས་པར་མཆོད་ཅིང་། ཡན་ལག་བརྒྱད་གཏུགས་པས་ཕྱག་འཚལ་བའི་བསམ་པས་སེང་གེའི་ཉལ་སྟངས་ཀྱིས་ཉལ་བར་བྱ་བའོ། །དེ་ནས་ནམ་མཁའ་འབྱུང་བའི་ཚོད་ལ་ནི་ལྷ་མོ་ལངས་པར་གྱུར་པས་སྔར་བཞིན་དུ་ ཐམས་ཅད་བྱ་བའོ། །གང་ཡང་རིམ་པ་བཞིན་དུ་ས་ཕྱོགས་འགའ་ཞིག་ཏུ་སེམས་དཔའི་སྐྱིལ་ཀྲུང་གིས་བདེ་བའི་སྟན་ལ་ཉེ་བར་གནས་ལ། སེམས་ཅན་རྣམས་ཐམས་ཅད་ལ་ཡང་སྙིང་རྗེས་དམིགས་ཏེ། སྡིག་པ་བཤགས་པ་ནས་བརྩམས་ནས། ཇི་སྲིད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ ཡང་སྔོན་དུ་བཏང་བས་ཡི་གེ་ཨཱཿཡོངས་སུ་གྱུར་པ་ལས་རང་ཉིད་ཀྱི་ལྕེ་པདྨའི་འདབ་མའི་རྣམ་པ་ལ། ཡི་གེ་ཧྲཱིཿའི་རྣམ་པ་འབར་བས་ཤིན་ཏུ་གསལ་བར་གྱུར་པ་ཇི་སྲིད་འདོད་ཀྱི་བར་དུ་བསྒོམ་ཞིང་བརྟན་པར་ཡང་བྱས་ཏེ། བརྒྱ་ཕྲག་ཕྱེད་ཀྱི་རི་ལུའི་ཕྲེང་བའི་བགྲང་ཕྲེང་གི་ཐུན་ཚོད་གསུམ་ མམ། ཐུན་ཚོད་བཞིར་ཡང་རུང་སྟེ། རྣལ་འབྱོར་པས་བཟླས་པར་བྱ་བའོ། །ལེགས་པར་ཉལ་བ་ཡང་སྔར་གྱི་ཆོ་གས་ཉལ་བར་བྱ་བའོ། །དེ་ལྟར་བཟླས་པ་དང་། བསྒོམ་པའི་བདག་ཉིད་ཅན་ཆོ་ག་བཞིན་དུ་རྗེས་སུ་གནང་བ་ཐོབ་པ། འཇིག་རྟེན་གྱི་ཆོས་བརྒྱད་ལས་རྣམ་པར་གྲོལ་ བ་དད་པ་དང་ལྡན་ཞིང་དམ་ཚིག་དང་སྡོམ་པ་ལ་གནས་པ། སྙིང་རྗེ་དང་ལྡན་ཞིང་དགེ་བའི་བཤེས་གཉེན་མཉེས་པར་བྱེད་པ་ལ། ཆེད་ཆེར་འཛིན་པའི་རྣལ་འབྱོར་པས་ནི་འབུམ་ཕྲག་བདུན་བཟླས་པས་བཟོ་དང་རིག་པ་དང་། བསྟན་བཅོས་ཐམས་ཅད་ལ་མཁས་པར་འགྱུར་རོ། ། ཡིད་གཞུངས་པ་དང་། དཔའ་བ་དང་། འཇིགས་པ་མེད་པ་འཁོར་རྣམས་ཀྱིས་ཟིལ་གྱིས་མི་ནོན་པ་དང་། རྩོད་པ་པོར་ཡང་འགྱུར་རོ། །ཚ་བ་དང་བད་ཀན་དང་། དུག་དང་། མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱིས་ཀྱང་ཉེ་བར་འཚེ་བར་མི་འགྱུར་རོ། །གང་དག་ཟོས་པ་དག་ཀྱང་ བདུད་རྩིར་འགྱུར་རོ། །སྔགས་འདིའི་བཟླས་པ་གྲུབ་པར་གྱུར་པ་ན། སྔགས་དེས་བསྔགས་པའི་ཐོད་ལོ་ཀོར་གང་གི་ལག་ཏུ་བྱིན་པར་གྱུར་པ་དེ་ལྐུགས་པ་ཡིན་ཡང་སྙན་དངགས་མཁན་དུ་འགྱུར་རོ། །དེའི་དྲི་ཙམ་གྱིས་གང་དག་ཀླུ་ལ་སོགས་པ་རྣམས་ཉེ་བར་ཡང་མི་འགྱུར་རོ། ། ཉེ་བར་འཚེ་བ་འདི་དག་གིས་ཉེ་བར་འཚེ་བར་བྱེད་པ་འཁོར་རྣམས་དང་། གཞན་དག་དང་ཐམས་ཅད་ཀྱང་ཉེ་བར་ཕན་འདོགས་པའི་ནུས་པ་དང་ལྡན་པར་འགྱུར་རོ། །མང་དུ་སྨྲས་ལ་ཅི་བྱ། བསྟན་བཅོས་ལ་དཀའ་བ་མ་སྤྱད་ཅིང་། སེམས་རྣམ་པར་གཡེང་བ་དང་ བཅས་པའི་བློ་གྲོས་བླུན་པོ་དག་གིས་ཀྱང་། སྔགས་འདི་འབུམ་ཕྲག་གཉིས་བཟླས་པས། ཤེས་རབ་ཀྱི་སྣང་བའི་སྒྲུབ་ཐབས་འདི་བྱས་པ་ཡིན་ན། གང་ཡང་སེམས་བརྟན་པ་དང་ལྡན་ཞིང་བཤད་མ་ཐག་གི་ཡོན་ཏན་དང་ལྡན་པར་གྱུར་པ་དེ་དག་ལ་དངོས་གྲུབ་ཆེས་མྱུར་བ་ཉིད་དུ་འགྱུར་རོ། ། ཤེས་རབ་ཀྱི་སྣང་བའི་སྒྲུབ་ཐབས་ཀྱི་ཆོ་གའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་བ་ཤྱ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་ཕག་མོའི་དབང་དུ་བྱ་བའི་ཆོ་ག །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །སེམས་ཅན་དབང་དུ་བྱས་ནས་འཕགས་པའི་བདེན་པ་བཞི་ལ་འཇུག་པ་རྣམས་ལ་དབང་ དུ་བྱ་བའི་ཆོ་ག་བཤད་པར་བྱ་བའོ། །དེ་ནི་སྔོན་བཤད་པའི་རིམ་པས་བཅོམ་ལྡན་འདས་མ་ཡོངས་སུ་རྫོགས་པར་བྱ་བ་ལས། གཞན་ཡང་ས་བོན་དང་ཕྱག་མཚན་དམར་པོ་ཡོངས་སུ་གྱུར་པ་ལས་སྐུ་མདོག་དམར་མོར་རྣམ་པར་བསྒོམས་ཤིང་ལེགས་པར་མཆོད་དེ། མི་བསྐྱོད་རྡོ་རྗེ་ཞེས་ བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བསྟོད་པ་ཡང་བྱས་ལ། དེ་ཁོ་ན་ཉིད་གསུམ་ལས་ངེས་པར་གྲུབ་པའི་ཐོད་པ་ཁ་སྦུབ་པ་གསུམ་གྱི་སྟེང་དུ་ཡི་གེ་ཨཱ་དམར་པོ་ལས་བྱུང་བའི་པདྨའི་སྣོད་ཀྱི་སྟེང་དུ་དམ་ཚིག་བཅུ་དང་། དབྱངས་བཅུ་དྲུག་དང་། ཀ་ལ་སོགས་པའི་གསལ་བྱེད་ སུམ་ཅུ་རྩ་བཞིས་ཀྱང་བྱིན་གྱིས་བརླབས་པར་བལྟས་པའོ། །འོག་ཏུ་ཡཾ་དང་རཾ་ཡོངས་སུ་གྱུར་པ་ལས་རླུང་དང་། མེའི་དཀྱིལ་འཁོར་གཉིས་ཀྱིས་སྦར་ཞིང་བསྐོལ་ཏེ། དམ་ཚིག་རྣམས་དང་ས་བོན་དེ་དག་གི་འོད་ཟེར་གྱིས་ཀྱང་བསྐུལ་བའི་དེ་བཞིན་གཤེགས་པའི་ཚོགས་སྤྱན་དྲངས་ལ་དེའི་ ནང་དུ་བསྟིམ་མོ། །དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་ཞིང་། དེས་བྱིན་གྱིས་བརླབས་ཤིང་ཟླ་བ་ལ་གནས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་པ་འོད་ཟེར་གྱི་དྲ་བ་འཕྲོ་བ་དང་ལྡན་པའོ། །རྡོ་རྗེ་འཛིན་པ་ཡང་ཟླ་བ་དང་རྡོ་རྗེ་ལ་ལེགས་པར་བཞུགས་ པར་བྱ་བའོ། །མ་སྨིན་པ་དང་ཡིད་གཉིས་ལ་སོགས་པའི་སྐྱོན་དག་པར་བྱེད་པ་དེའི་སྟེང་དུ་ཡི་གེ་ཨོཾ་བསྒོམ་པར་བྱ་སྟེ། དེའི་འོད་སྤྲོས་པས་བདུད་རྩིའི་སྐུ་མངའ་བའི་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་སྣ་ཚོགས་ན་གནས་པའི་བདུད་རྩི་ཡང་དེ་ལ་གཞུག་པར་བྱ་བའོ། ། རང་སྔགས་ཀྱང་རབ་ཏུ་གཞུག་པར་བྱ་བའོ། །ཇི་ལྟ་བ་བཞིན་དུ་བདུད་རྩི་གྲུབ་པ་མཐོང་བ་དང་། དེ་ཁོ་ན་ཉིད་གསུམ་གྱིས་བྱིན་གྱིས་བརླབས་ལ། ཆོ་ག་བཞིན་དུ་བདུད་རྩི་མྱང་བར་བྱ་སྟེ། ཇི་སྲིད་འདོད་པའི་བར་དུ་རྣམ་པར་བསྒོམ་པར་བྱ་ཞིང་། རང་གི་མིང་གི་ཡི་གེ་ཡོངས་སུ་གྱུར་པ་ལས་བསྒྲུབ་ བྱ་མདུན་དུ་མངོན་དུ་ཕྱོགས་པར་བལྟས་ལ། སྔགས་ཀྱི་ཕྲེང་བ་དེ་དག་ལས་ཀུན་ནས་བྱུང་བའི་འོད་ཟེར་གྱིས་དེ་བཀུག་ལ་དེ་ལ་བསྟིམ་པར་བྱ་བའོ། །དེའི་སེམས་ཀྱིས་ཨ་ཡོངས་སུ་གྱུར་པ་ལས་ཤིན་ཏུ་དམར་བའི་ཟླ་བའི་དཀྱིལ་འཁོར་ལ་ཨ་བསྒོམས་ལ། སྔགས་ཀྱི་ཕྲེང་བ་དེ་དག་ལས་ ངེས་པར་བྱུང་བའི་ལྷ་མོ་མདོག་དམར་མོ་ཕྱག་གཡོན་པས་ཡི་གེ་ཧྲཱིཿལས་བྱུང་བའི་ཞགས་པ་བསྣམས་པ། ཕྱག་གཡས་པས་ཨུཏྤ་ལ་དམར་པོའི་རིག་པ་དང་མཚུངས་པའི་རྡོ་རྗེ་ལྕགས་ཀྱུ་དང་ལྡན་པ་བསྒྲུབ་བྱའི་མདུན་དུ་བལྟ་སྟེ། རྣལ་འབྱོར་པས་ཨོཾ་ཨཱཿཧྲཱིཿཆེ་གེ་མོའི་སེམས་ ཁུག་ཅིག་ཧཱུཾ་ཛཿབྱ་བ་འདིས་དེ་ལ་བཀའ་བསྒོ་བར་བྱ་བའོ། །དེ་ནས་ལྷ་མོ་དེ་ཆོ་ག་བཞིན་དུ་ལེགས་པར་ཞུགས་ཏེ། ཞགས་པས་ལེགས་པར་བཟུང་ཞིང་ལྕགས་ཀྱུས་བསྐུལ་བར་གྱུར་པས་ཇི་ལྟ་བ་བཞིན་དུ་ལེགས་པར་བཀུག་ནས་རང་གི་སེམས་ལ་ལེགས་པར་བཅུག་པ་དང་། ལྷ་མོ་ཡང་སྔགས་ཀྱི་ ཕྲེང་བ་ལ་ནང་དུ་ཐིམ་པར་བལྟ་བར་བྱ་བའོ། །དེ་ནས་དེ་སྐྲ་ཞིག་པ་མྱོས་ཤིང་ལུས་རང་དབང་མེད་པར་དགའ་བར་བྱ་འདོད་པས་གཅིག་ཏུ་མཆོག་ཏུ་དབང་དུ་གྱུར་པར་བྱས་པས་ལག་པ་ཐལ་མོ་སྦྱར་བ་དང་ལྡན་པས་ཅི་བགྱི་བ་ཉིད་དུ་སྒྲུབ་པ་པོ་ལ་མངོན་དུ་ཕྱོགས་པར་བྱ་བའོ། །རྡོ་རྗེ་ཕག་མོའི་ སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་འཕགས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། ། དེ་ནས་དེའི་ཕྱིར་ན་བཅོམ་ལྡན་འདས་མ་གསང་བའི་དབང་ཕྱུག་མ་ལྷ་དང་བཅས་པ་རྣམས་ཀྱི་མངའ་བདག་མ་ཆེན་མོ། ཤིན་ཏུ་ཆེ་བའི་གསང་ཆེན་མ། །ལྷ་མོ་ཆེན་མོ་དབང་ཕྱུག་ཆེ། །འཇིག་རྟེན་གསུམ་པོ་འཇིགས་མཛད་ཅིང་། །འཇིག་རྟེན་གསུམ་འདི་སྐྱེད་པར་མཛད། ། གསང་བ་ཞེས་བྱའི་ཡུམ་འདི་ནི། །སྒྱུ་མ་ཆེན་མོ་ཞེས་རྣམ་གྲགས། །རིག་མ་འཇིག་རྟེན་གསུམ་སྐྲག་མ། །དབང་ཕྱུག་ཆེན་མོ་རབ་འཇིགས་མ། །རིག་པ་གང་ཞིག་ཤེས་ཙམ་གྱིས། །སྒྲུབ་པ་པོ་ཡི་དབང་ཕྱུག་གིས། །ལྷར་བཅས་དྲི་ཟའི་ཚོགས་རྣམས་དང་། །ལྷ་མིན་མི་དང་ གནོད་སྦྱིན་བཅས། །རིག་འཛིན་ཤ་ཟ་སྲིན་པོ་དང་། །ལྟོ་འཕྱེ་མི་འམ་ཅི་རྣམས་དང་། །འབྱུང་པོ་རྣམས་ཀྱང་དབང་དུ་བྱེད། །ཆུ་ལས་སྐྱེས་དང་ཐང་སྐྱེས་ཀྱི། །རིག་པས་ངོ་མཚར་ཆེར་བྱེད་ཡིན། །དེ་བཞིན་མིག་འཕྲུལ་བྱེད་པ་དང་། །རྨོངས་དང་རེངས་པ་ཉིད་དང་ནི། །རྣམ་པར་ དབྱེ་དང་བསྐྲད་སོགས་དང་། །དབང་དང་དགུག་དང་རྨོངས་བྱ་དང་། །ཡ་མཚན་རྣམ་པ་མང་པོ་རྣམས། །རིག་པ་བཀླགས་པ་ཙམ་གྱིས་བྱེད། །སྒྲུབ་པ་པོ་ཡིས་བཀླགས་བསྒྲུབ་ཀྱིས། །བཟླས་པ་དང་ནི་བསྲུང་སྡོམ་དང་། །དེ་ལ་སྨྱུང་གནས་མེད་པར་བརྗོད། །དཀའ་བ་མེད་པར་ འགྲུབ་འགྱུར་དང་། །ལྷ་མོ་ངས་ནི་བདེན་པར་སྨྲས། །འཇིག་རྟེན་གསུམ་ཀུན་སྒྲུབ་བྱེད་པའི། །སྒྱུ་མ་ཆེན་པོ་ཁྱོད་ཀྱི་སྔགས། །ལྷ་རྫས་ཡི་གེའི་ཕྲེང་བ་ཡིས། །རྣལ་འབྱོར་ཆེན་མོ་ངས་རབ་བཤད། །ཨོཾ་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །འཕགས་ མ་གཞན་གྱིས་མི་ཐུབ་མ་འཇིག་རྟེན་གསུམ་གྱི་རིག་པ་ཆེན་མོ། འབྱུང་པོ་ཐམས་ཅད་ཀྱི་འཇིགས་པ་སེལ་བར་མཛད་མ། རྡོ་རྗེ་ཆེན་མོ་རྡོ་རྗེའི་གདན་མ། མི་ཐུབ་མ་གཞན་གྱིས་མི་ཐུབ་མ། དབང་དུ་མཛད་མ་མིག་འཕྲུལ་བར་མཛད་མ། དུག་སྐེམ་པར་མཛད་མ། ཁྲོས་ མ་ཁྲོ་མོ་མཆེ་བ་གཙིགས་མ། ཀུན་དུ་སྐྲག་པར་མཛད་མ་གསོད་མཛད་མ། རབ་ཏུ་འཇིགས་མཛད་མ། གཞན་ལས་རྣམ་པར་རྒྱལ་མ། རྣམ་པར་རྒྱལ་མ། རྨུགས་པར་མཛོད་ཅིག །རེངས་པར་མཛོད་ཅིག །རྨོངས་པར་མཛོད་ཅིག །རྡོ་རྗེ་ཕག་མོ་རྣལ་འབྱོར་མ་ཆེན་ མོ་འདོད་པའི་དབང་ཕྱུག་ཆེ། ཁ་གེ་འདི་ལྟ་སྟེ། པྲོ་ཏཾ་གེ་པྲོ་ཏཾ་གེ་པྲཱ་ཎཱ་ན་ཀིན་ཀི་ཎི་ཁེ་ཁི་ཎི་དྷུ་ན་དྷུ་ན་རྡོ་རྗེའི་ཕྱག་གིས་བསྒོམས་ཤིང་། ཁ་ཊྭཱཾ་ག་དང་ཐོད་པ་བསྣམས་མ་ཆེན་མོ་གསོལ་བར་མཛད་པའི་ཤ་གསོལ་མ་མིའི་རྒྱུ་མ་ལེགས་པར་གོན་པ་ལ་བརྒྱུས་པའི་མིའི་མགོ་བོ་ཀུན་ནས་ཟུམ་པའི་ ཕྲེང་བ་དང་ལྡན་མ། སུམྦྷ་ནི་སུམྦྷེ་ཧ་ན་ཧ་ན་པྲཱ་ཎཱ་ན་སྡིག་པ་དང་སེམས་ཅན་རྣམས་ཐམས་ཅད་ཀྱི་དབང་ཕྱུག་རྣམས་ཐམས་ཅད་ཀྱི་ཤ་ཆོད་ཅིག །ཁྲོས་པར་གྱུར་པའི་སྐུ་མཆེ་བ་རྣམ་པར་གཙིགས་མ། ཕྱག་རྒྱ་ཆེན་མོ་དཔལ་ཧེ་རུ་ཀའི་ལྷའི་བཙུན་མོ་དམ་པ་རྣམས་ཀྱི་མཆོག་དབུ་སྟོང་ཕྲག་ མ། ཕྱག་སྟོང་མ། ཞལ་སྟོང་ཕྲག་བརྒྱ་མངའ་མ་འབར་བའི་གཟི་བརྗིད་ཅན་ཞལ་འབར་མ་སྤྱན་སེར་མ། རྡོ་རྗེའི་གདན་མངའ་མ། མི་ལི་མི་ལི་ཏི་མི་ལི་ཏི་མི་ལི་ཧེ་ཧེ་ཧཱུཾ་ཧཱུཾ་ཁ་ཁ་དྷུ་དྷུ་དྷུ་རུ་དྷུ་རུ་སུ་རུ་མུ་རུ་གཉིས་སུ་མེད་པའི་རྣལ་འབྱོར་མ་ཆེན་མོ་བཀླགས་པས་གྲུབ་མ་དྲེཾ་དྷོ་དྲེཾ་དྷོཾ་གྲཾ་གྲཾ་ཧེ་ཧེ་ཧ་ཧ་འཇིགས་ མཛད་མ་ཧ་ས་ཧ་ས་དཔའ་མོ་ཧ་ཧ་ཧོ་ཧོ་ཧཱུཾ་ཧཱུཾ། འཇིག་རྟེན་གསུམ་རྣམ་པར་འཇོམས་པར་མཛད་མ། དེ་བཞིན་གཤེགས་པ་བྱེ་བ་ཕྲག་འབུམ་གྱིས་ཡོངས་སུ་བསྐོར་མ་ཧཱུཾ་ཕཊ། སེང་གེའི་སྐུ་མ། ཁཿགླང་པོ་ཆེའི་སྐུ་མ། གཿའཇིག་རྟེན་གསུམ་གསུས་པར་ཆུད་མ། རྒྱ་མཚོ་ཆེན་མོ་ རྐེད་ཀར་སླེབས་མ། གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། དཔའ་མོ་དང་གཉིས་སུ་མེད་ན། ཧཱུཾ་ཧཱུཾ་ཧཱ་ཧཱ་ཕྱུག་ཆེན་པོ་རྣམས་རྨོངས་པར་མཛད་པའི་རྣལ་འབྱོར་མའི་དབང་ཕྱུག་མ་ཁྱོད། མཁའ་འགྲོ་མའི་འཇིག་རྟེན་མ་རྣམས་ཀྱིས་ཕྱག་བྱས་མ། འཕྲལ་ལ་ཡིད་ཆེས་པར་མཛད་མ་ཧཱུཾ་ཕཊ། འབྱུང་ པོ་རྣམས་སྐྲག་པར་མཛད་མ། དཔའ་མོ་ཆེན་མོ་མཆོག་ཏུ་གྲུབ་མ་རིག་པའི་དབང་ཕྱུག་མ་ཕཊ། ཧཱུཾ་ཧཱུཾ་ཕཊ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་མ་སྒྱུ་མ་ཆེན་པོ་འདི་ནི་བཀླགས་པ་ཙམ་གྱིས་འགྲུབ་པ་ཡིན་ནོ། །འདི་སྒྲུབ་ཐབས་སུ་གྱུར་པ་ནི་ཟླ་བ་གཟས་ཟིན་པ་ན་ཡང་རུང་སྟེ། གཟས་གཟུང་བ་ལ་བལྟ་ཞིང་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱ་བའོ། །དེ་ལས་གྲུབ་པར་འགྱུར་རོ། །ཇི་སྲིད་དུ་བཟླས་པ་བྱེད་པ་དེ་སྲིད་དུ་བུད་མེད་སྟོང་རྗེས་སུ་འབྲང་བར་འགྱུར་རོ། །ལན་ཅིག་བརྗོད་པས་འགུགས་པར་བྱེད་དོ། །ཁྲོ་བོའི་སེམས་ཀྱིས་ནི་གསོད་པར་བྱེད་དོ། ། བསྐྲད་བྱ་དབྱེ་དང་རེངས་པར་བྱ་བ་ཡང་འདོད་པའི་དབང་གིས་བྱེད་པར་འགྱུར་བ་ཡིན། མེ་ཏོག་ལ་ལན་ཅིག་བསྔགས་ནས་ནམ་མཁའ་ལ་འཕངས་པས་ཚངས་པ་ལ་སོགས་པ་རྣམས་མཐོང་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བ་ལ་ལན་ཅིག་བསྔགས་ནས་ཁྱིམ་མམ་གྲོང་ ངམ། གྲོང་ཁྱེར་ལ་བཏབ་པ་ཚིག་པར་མཐོང་བར་འགྱུར་རོ། །རྨ་བྱའི་མཇུག་སྒྲོ་ལ་ལན་ཅིག་བསྔགས་ནས་ནམ་མཁའ་ལ་བྱུགས་པས་སླར་ཡང་ཉེ་བར་ཞི་བར་འགྱུར་རོ། །གྲམ་གསེག་ལ་ལན་ཅིག་བསྔགས་ནས་ཕྱོགས་བཞིར་བཏོར་བས་དཔུང་གི་ཚོགས་ཡན་ལག་བཞི་མཐོང་བར་ འགྱུར་རོ། །རྨ་བྱའི་མཇུག་སྒྲོ་ཕྱིན་ཅི་ལོག་ཏུ་བསྐོར་བས་མཐོང་བ་ཕྱིར་བཟློག་པར་འགྱུར་རོ། །ཕག་མོའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་བཱ་རཱ་ཧཱི་ཀལྤ་སརྦ་ཨརྠསཱ་དྷ་ཀཿ། བོད་སྐད་ དུ། དཔལ་རྡོ་རྗེ་ཕག་མོའི་རྟོག་པ་དོན་ཐམས་ཅད་སྒྲུབ་པ་ཞེས་བྱ་བ། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ཨོཾ་ཧྲཱིཿགྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚཱན་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མ་བཏང་ལ་བསམ་གཏན་བྱ། །ལྟེ་བའི་དབུས་སུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་དམར་པོའོ། །དེའི་ དབུས་སུ་པདྨ་ཁ་དོག་དམར་པོ་འདབ་མ་བཞི་པའོ། །དེའི་སྟེང་དུ་བསྐལ་པའི་མེ་དང་མཚུངས་པའི་ཡི་གེ་ཧྲཱིཿཁྱབ་པར་འབར་བའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོར་བསྒོམ་པར་བྱ་སྟེ། གཡོན་བསྐུམ་པའི་ཞབས་ཀྱིས་རོའི་གདན་ལ་བཞུགས་པ། གཅེར་ བུ་སྐྲ་གྱེན་ལ་ཕྱོགས་པ་ཐོད་པའི་དབུ་རྒྱན་དང་ལྡན་པ། ཕྱག་རྒྱ་ལྔ་དང་བཅས་པ། ཕྱག་བཞི་མ། གཡས་པས་རྡོ་རྗེ་དང་རྡོ་རྗེའི་ལྕགས་ཀྱུ་བསྣམས་པ། གཡོན་པས་ཁ་ཊྭཱཾ་ག་དང་ཐོད་པ་དང་། ཞགས་པ་དང་། སྡིགས་མཛུབ་བོ། །ཞལ་གཅིག་མ། སྤྱན་གསུམ་མ། ཁྲོ་གཉེར་ ཅན། ཞལ་མཆེ་བ་རྣམ་པར་གཙིགས་མ། །རྡོ་རྗེ་འཇིགས་མཛད་མ། ཤིན་ཏུ་འཇིགས་སུ་རུང་བ། གསུས་པ་ཆེ་བ། ལྗགས་འདྲིལ་བ། དེ་ལྟ་བུར་བསྒོམས་ལ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། ལེགས་པར་བཞུགས་པར་བྱ་བའོ། །དེ་ནས་མཆོད་པ་དང་། བསྟོད་ པ་དང་། བདུད་རྩི་མྱང་བ་ཡང་བྱས་ལ། བསྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་བཱ་རཱ་ཧཱི་ཨཱ་བེ་ཤ་ཡ་སརྦ་དུཥྚཱ་ནཱཾ་ཧྲཱིཾ་སྭཱ་ཧཱ། ཉེ་བའི་སྙིང་པོའོ། །ཨོཾ་ཧཱུཾ་ཧྲཱིཾ་ཧཾ། མཉམ་པར་བཞག་པར་གྱུར་པས་སྙིང་པོ་འདི་འབུམ་བཟླས་པར་བྱ་སྟེ། གྲུབ་པ་འདི་ལ་ཐེ་ཚོམ་མེད་དོ། །ཨོཾ་ཨཿཧྲཱི་ཧཱུཾ་ཧ། བྱ་བའི་སྔགས་ འདིས་ཐང་ཀའི་མདུན་དུ་ཤ་ཆེན་པོ་ཕྱེ་མར་བྱས་པའི་གདུག་པ་ཇི་སྲིད་ཉི་མ་ཉི་ཤུ་རྩ་གཅིག་གི་བར་དུ་གཏང་བར་བྱ་སྟེ། འགྲུབ་པར་འགྱུར་བ་ལས་གཞན་དུ་ནི་མ་ཡིན་ནོ། །ཨོཾ་ཧྲཱིཾ་ཧཾ་ཧཱཾ་ཧཿཧཿཧཿཧིཿཧིཿཕེཿཕེཿཕེཿཏའི་ཡི་གེ་བརྗོད་པས་མཚན་མོ་གཏོར་མ་བྱ་བའོ། །རིམས་ནད་ཐམས་ཅད་ཞི་ བར་བྱེད་པའི་མཚན་མོའི་གཏོར་མ་ནི་ཉེ་བར་མཁོ་བ་རྣམ་པ་ལྔས་དབུལ་བར་བྱ་བའོ། །གང་འགའ་ཞིག་ལ་ཡང་བརྗོད་པར་བྱ་བ་མ་ཡིན་པས་ནི་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་བྱིན་གྱིས་རློབ་པར་བྱེད་པ་ཡིན་ནོ། །འདི་ལ་འདིར་ཐེ་ཚོམ་ཟ་བར་མི་བྱ་བའོ། །དཔལ་རྡོ་རྗེ་ཕག་མོའི་རྟོག་པ་ དོན་ཐམས་ཅད་སྒྲུབ་པར་བྱེད་པ་རྫོགས་སོ།། །།ཨ་བྷ་ཡ་ལ་སོགས་པའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། ཡི་གེ་བཾ་ཡོངས་སུ་གྱུར་པ་ལས་པདྨ་ དམར་པོའོ། །དེའི་སྟེང་དུ་ཡི་གེ་ཡཾ་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ནག་པོ་གཞུའི་རྣམ་པ་རྒྱལ་མཚན་གྱིས་མཚན་པའོ། །ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་མེ་རིས་མཚན་པའོ། །བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་ དཀར་པོ་ཟླུམ་པོ་བུམ་པས་མཚན་པའོ། །ཡི་གེ་ལཾ་ལས་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་ལྗང་གུའོ། །སུཾ་གྱི་ཡི་གེ་ལས་བྱུང་བའི་རི་རབ་ཀྱི་ལྷུན་པོ་གྲུ་བཞི་པ་སྒོ་བཞི་པ་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པའོ། །དེའི་དབུས་སུ་ཡི་གེ་པཾ་ཡོངས་སུ་གྱུར་པ་ ལས་པདྨོ་དེའི་སྟེང་དུ་ཧཱུཾ་ལས་ཡང་དག་པར་བྱུང་བའི་སྣ་ཚོགས་རྡོ་རྗེའོ། །དེའི་ལྟེ་བ་ལ་དབྱངས་དང་གསལ་བྱེད་ཀྱི་སྦྱོར་བའོ། །དེའི་དབུས་སུ་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེ་དག་རྣམས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་སྤྱན་གསུམ་མ། སྐྲ་ ལྷུག་པར་གྱུར་པ། གཅེར་བུ་ཐོད་པའི་དུམ་བུས་སྨད་ཀར་བྱས་པ། མི་ཡི་མགོ་བོ་བརྒྱ་ཕྲག་ཕྱེད་ཀྱི་ཕྲེང་བ་རབ་ཏུ་འཕྱང་བ། མ་རུངས་པ་བདུད་ལ་སོགས་པའི་ཁྲག་གིས་གང་བའི་ཐོད་པ་ཕྱག་གཡོན་པས་བསྣམས་པ། སྐྱེ་དགུ་མི་སྲུན་པ་རྣམས་ལ་གཡས་པས་ཕྱོགས་ ཐམས་ཅད་དུ་སྡིགས་མཛུབ་མཛད་ཅིང་། རྡོ་རྗེ་བསྣམས་པ། བསྐལ་པའི་མེ་དང་མཚུངས་པའི་གཟི་བརྗིད་ཆེན་མོ། །འཛག་པར་གྱུར་ཅིང་ཁྲག་ལ་དགྱེས་མ། ཞབས་གྱེན་དུ་བསྐྱོད་པས་གནས་པར་བསྒོམ་པར་བྱ་བའོ། །པདྨའི་ཤར་ལ་སོགས་པའི་འདབ་མ་རྣམས་ལ་ནི། མཁའ་ འགྲོ་མ་དང་དེ་བཞིན་ལཱ་མ་དང་། །ཁཎྜ་རོ་ཧཱ་དང་ནི་གཟུགས་ཅན་མ། །མཚམས་ཀྱི་འདབ་མར་དེ་བཞིན་བསྒོམ་བྱ་བ། །མཛེས་པར་གྱུར་པའི་ཐོད་པ་བཞི་རྣམས་སོ། །འདིའི་སྔགས་ཀྱང་། ཨོཾ་སརྦ་བུདྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔལ་ཨཽ་ཌྱན་གྱི་རྡོ་རྗེ་གདམས་པ་ ལས་ངེས་པར་བྱུང་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵི་པྟ་བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། དང་པོར་རེ་ཞིག་རྣལ་འབྱོར་པས་དུར་ཁྲོད་ལ་སོགས་པ་ཡང་དགའ་བའི་གནས་སུའོ། །རང་གི་སྙིང་གར་ཟླ་བ་ལ་ཡི་གེ་ཨོཾ་གྱི་འོད་ཟེར་སྤྲོས་པས། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་སྤྱན་དྲངས་ལ་མདུན་དུ་དམིགས་ཏེ། མཆོད་པ་དང་། སྡིག་པ་བཤགས་པ་ ལ་སོགས་པ་རྣམས་བྱས་ལ། ནམ་མཁའ་དང་མཚུངས་པར་ཁམས་གསུམ་རྣམ་པར་བསམས་ཏེ། ཧཱུཾ་ལས་རྡོ་རྗེའི་རྣམ་པར་གྱུར་པའི་ས་གཞིར། དུར་ཁྲོད་བརྒྱད་ཀྱི་དབུས་སུ་ཆོས་འབྱུང་གི་ནང་དུ་ཆད་པའི་པདྨའི་ལྟེ་བ་ལ། ཟླ་བ་ལ་གནས་པའི་ཉི་ཟླ་ཁ་སྦྱར་བ་ལ་གནས་པའི་ཡི་ གེ་བཾ་ལས་རྡོ་རྗེའོ། །དེའི་ས་བོན་ལས་ལེགས་པར་བྱུང་བའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྟེ། བསྲེག་པའི་བསྐལ་པའི་མེ་དང་ཁ་དོག་མཚུངས་པ། ཞལ་གཅིག་ཕྱག་གཉིས་མ། གཡས་པས་ནི་ཕྱོགས་ཐམས་ཅད་དུ་འགྲོ་བ་མ་རུངས་པ་རྣམས་ལ་སྡིགས་མཛུབ་མཛད་ཅིང་རྡོ་རྗེ་ བསྣམས་པ། གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་བསྣམས་པ། འཇིགས་བྱེད་དང་དུས་མཚན་བརྐྱང་བསྐུམ་གྱིས་མནན་པ། ཞལ་ཕྱོགས་རྣམས་སུ་གཟིགས་པ། སྐྲ་ལྷུག་པར་གྱུར་ཅིང་ཐོད་པའི་དུམ་བུའི་སྨད་ཀ་དང་ལྡན་པ། ཞལ་མཆེ་བ་རྣམ་པར་གཙིགས་མ། སྤྱན་གསུམ་མ། ཞལ་རྣམ་པར་ སྒྱུར་མ། སྤྱི་བོ་ན་སྣ་ཚོགས་རྡོ་རྗེ་དང་ལྡན་ཞིང་། ཐོད་པའི་ཕྲེང་བས་མཛེས་མ། མགོ་བོ་བརྒྱུས་པའི་ཕྲེང་བས་འཇིགས་པའི་སྐུ་མཛེས་པ། རྒྱན་རྣམས་ཐམས་ཅད་ཀྱིས་སྐུ་བརྒྱན་པ། སངས་རྒྱས་ཐམས་ཅད་དབང་བསྐུར་ནས། །རྣམ་པར་སྣང་མཛད་རིགས་བྱུང་བའི། །དངོས་གྲུབ་ ཐམས་ཅད་རབ་སྦྱིན་མ། །སྐུ་ནི་སྤྲོ་དང་བསྡུ་བར་ཏེ། །མཆོད་བསྟོད་བདུད་རྩི་མྱང་བ་ཡང་། །རྣལ་འབྱོར་མཉམ་པར་གཞག་པས་བྱ། །གུས་དང་བཅས་པས་རྟག་བསྒོམས་ན། །སངས་རྒྱས་ཉིད་ནི་བླང་བར་འཐོབ། །བསྒོམ་པ་བྱས་ལ་དགོད་བྱ་ཞིང་། །རྣལ་འབྱོར་རིག་པས་གཏོར་ མ་གཏང་། །ཨོཾ་རྡོ་རྗེ་ཕག་མོ་ནི་ལྟེ་བར་རོ། །ཧཱུཾ་ཡོཾ་ཡ་མི་ནི་སྙིང་གར་རོ། །ཧྲཱིཾ་མོཾ་རྨུགས་བྱེད་མ་ནི་ཁ་ལའོ། །ཧྲིཾ་ཧྲིཾ་ཀུན་དུ་སྐྱོད་བྱེད་མ་ནི་མགོ་བོ་ལའོ། །ཧཱུཾ་ཧཱུཾ་ཀུན་དུ་སྐྲག་བྱེད་མ་ནི་སྤྱི་བོ་ལའོ། །ཕཊ་ཕཊ་གཏུམ་མོ་ནི་ཡན་ལག་ཐམས་ཅད་ལ་མཚོན་ཆར་རོ། །ལྟེ་བ་སྙིང་ག་དེ་ བཞིན་ཁ་དང་ནི། །མགོ་བོ་སྤྱི་བོ་མཚོན་ཆ་ཉིད་ཀྱང་ངོ་། །རྩེ་མོ་འདུད་བྱས་གུང་མོ་ངེས་པར་རྩེ་སྤྲད་ཅིང་། །མཐེ་བོང་རྡོ་རྗེ་དག་ནི་བརྟན་པར་ལེགས་བཙིར་ཏེ། །དཔྲལ་བའི་དབུས་སུ་ལེགས་པ་ཉིད་དུ་བཞག་བྱས་ལ། །ཀུན་ནས་བསྐོར་བའི་སྐོར་བར་བྱེད་པས་བསྐོར་བར་བྱ། །རྐང་པ་ མནན་ཅིང་གྱེན་དུ་བལྟ་བྱེད་པས། །སྤྱི་ནས་ཕེཾ་གྱི་སྒྲ་ནི་བརྗོད་བྱ་ཞིང་། །ཕྱོགས་བཅུ་འཇིག་རྟེན་ཁམས་ན་གནས་པ་ཡི། །དཔའ་བོ་རྣལ་འབྱོར་མ་རྣམས་བོད་པར་བྱ། །ཨོཾ་རྣལ་འབྱོར་དག་པས་ཆོས་ཐམས་ཅད་ཀྱི་རྣལ་འབྱོར་དག་པ་ནི་བདག་ཡིན་ནོ། །ཨོཾ་ཨ་ར་ལླི་ཧོཿཛཿཧཱུཾ་བཾ་ཧོཿ བཛྲ་ཌཱ་ཀི་ནྱ་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ། རྡོ་རྗེའི་སྙིམ་པ་གྱེན་དུ་ཁ་ཕྱེ་ལ། །ནམ་ཕྱེད་ན་ནི་གཏོར་མ་སྦྱིན་པར་བྱ། །ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཀྵ་སརྦ་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུ་མ་ད་ཡ་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལིཾ་གྲྀ་ཧྞནྟུ་ས་མ་ཡ་རཀྵནྟུ་མ་མ་སིདྡྷི་པྲཾ་ཡ་ཙྪནྟུ་ཡ་ཐཻ་བཾ་ཡ་བཻ་ཥྚཾ་ བྷུ་ཛ་ཐ། པི་པ་ཐཱ་མ་ཏི་ཀྲ་མ་ཐ་མ་མ་སརྦ་ཨ་ཀ་ར་སཏྭ་སུ་ཁ་བི་ཤུདྡྷ་ཡེ་ས་ཧཱ་ཡ་ཀཱ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་སྭཱ་ཧཱ། སྙིང་པོའི་སྔགས་ཡི་གེ་བཅུ་པའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོ་ཡི་ གེ་ཉི་ཤུ་རྩ་གཅིག་པའོ། །ཨོཾ་སརྦ་ཀཱ་མི་ནི་སརྦ་བྷཀྵ་ཤོ་དྷ་ཡ་གུ་ཧྱཾ་བཛྲ་ཎི་ཧཱུཾ་སྭཱ་ཧཱ། ཟས་ཐམས་ཅད་སྦྱོང་བར་བྱེད་པའི་སྔགས་སོ། །ཡང་ན་གདམས་ངག་གིས་རང་གི་སེམས་བརྟན་པར་བྱེད་འདོད་པས་རང་གི་ལྟེ་བའི་པདྨའི་སྟེང་དུ་ཟླ་བ་ཁ་སྦྱོར་གྱི་ནང་དུ་གནས་པའི་ཡི་གེ་བཾ་ཡུངས་ཀར་ ཕྲ་མོའི་ཚད་ཙམ་ལས་ངེས་པར་བྱུང་བའི་པདྨའི་དེ་ཁོ་ན་ཉིད་ཀྱི་རྣམ་པའི་འོད་ཟེར་བསྒོམ་པར་བྱ་བའོ། །ཁམས་གསུམ་འོད་གསལ་ཞིང་བདེ་བ་ཆེན་པོའི་རྣམ་པར་མཐོང་བར་འགྱུར་རོ། །འདི་ནི་མདོར་བསྡུས་པའི་རྡོ་རྗེ་ཕག་མོའི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཡོ་གི་ནཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཧཱུཾ། དང་པོར་རེ་ཞིག་སྔགས་པ་འགའ་ཞིག་གིས་ས་ཕྱོགས་གང་ ཡང་རུང་བར་སྟན་ཅི་ཡང་རུང་བ་ལ་ཉེ་བར་གནས་ལ་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པ་བརྩམ་པར་བྱ་བའོ། །དེ་ལ་རང་གི་ལྟེ་བར་ཁ་བྱེ་བའི་པདྨ་ཁ་དོག་དཀར་པོ་བསྒོམ་པར་བྱ་བའོ། །དེའི་སྟེང་དུ་རྩིའི་ཁ་དོག་ལྟ་བུའི་ཆོས་འབྱུང་དབུས་ན་ཡི་གེ་ཧྲཱིཾ་གནས་པར་བསྒོམ་པར་བྱ་བའོ། །དེ་ལ་ ཡང་སྟེང་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའོ། །དེ་ལ་གནས་པའི་ཡི་གེ་ཧྲཱིཾ་ཡོངས་སུ་གྱུར་པ་ལས་སྐུ་མདོག་སེར་མོ་སྟེ། རང་ཉིད་ཁོ་ན་རང་གི་གྲི་གུག་དང་། ཕྱག་གཡོན་པ་གྲི་གུག་བསྣམས་པ། རང་གི་དབུའི་སྟེང་དུ་གནས་པ། ཕྱག་གཡས་པ་ནི་ཐོད་པ་དང་ལྡན་པའོ། །དཔུང་པ་གཡོན་ པ་ནི་གྱེན་ལ་བརྐྱང་བའོ། །དཔུང་པ་གཡས་པ་ནི་འོག་ཏུ་སྨད་པའོ། །གོས་མེད་པ་ཞབས་གཡས་པ་རབ་ཏུ་བརྐྱང་པ། ཞབས་གཡོན་པ་ལེགས་པར་བསྐུམས་པར་བསྒོམ་པར་བྱ་བའོ། །ཨོཾ་འདུད་པ་ལ་ཀུན་ནས་བརྟེན་པའི་ཁྲག་གི་རྒྱུན་རང་ཉིད་ཀྱི་ཞལ་དུ་རབ་ཏུ་འབར་བ། གཞན་ དག་ནི་གཞོགས་གཉིས་ཀྱིས་རྣལ་འབྱོར་མ་གཉིས་ཀྱི་ཞལ་དུ་ལེགས་པར་འཇུག་པ་འདི་ལྟ་བུར་བསྒོམ་པར་བྱ་བའོ། །གཡོན་པ་དང་གཡས་པའི་ཕྱོགས་གཉིས་ན་ནི་ཁ་དོག་སྔོན་མོ་རྡོ་རྗེའི་ཁ་དོག་མ་དང་། ཁ་དོག་སེར་མོ་རྡོ་རྗེ་རྣམ་པར་སྣང་མཛད་མ་སྟེ། གཡོན་པ་དང་གཡས་པའི་གྲི་གུག་དང་ལྡན་ པའོ། །གཡས་པ་དང་གཡོན་པའི་ཕྱག་ན་ནི་ཐོད་པ་དང་ལྡན་མའོ། །ཞབས་གཡོན་པ་རབ་ཏུ་བརྐྱང་བ་དང་། ཞབས་གཡས་པ་རབ་ཏུ་བརྐྱང་བ་དང་། ཞབས་གཞན་དག་ནི་ལེགས་པར་བསྐུམས་པ་དང་། སྐྲ་ལྷུག་པར་གྱུར་པར་བསྒོམ་པར་བྱ་བའོ། །ཤིན་ཏུ་འཇིགས་སུ་རུང་བས་གང་བར་གྱུར་ པའི་དུར་ཁྲོད་འཇིགས་པའི་དབུས་སུ་ཟུར་གཉིས་ན་རྣལ་འབྱོར་མ་གཉིས་དང་ལྡན་པར་སྣང་ལ་བསྒོམ་པར་བྱ་བའོ། །འདི་ནི་བསྒོམ་པ་ཡིན་ནོ། །མཆོད་པ་བརྗོད་པར་བྱ་སྟེ། མཎྜལ་བྱས་ལ་ཆོས་འབྱུང་ལ་གནས་པའི་ཉི་མའི་དཀྱིལ་འཁོར་བྲི་བར་བྱ་བའོ། །དབུས་སུ་ནི་ཡི་གེ་ཧྲཱིཿདང་ བཅས་པའོ། །དེ་ནས་སྔར་བཤད་པའི་བསྒོམ་པས་རྗེ་བཙུན་མ་དབུས་སུ་བཞུགས་སུ་གསོལ་བར་བྱས་ལ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་ཆོས་འབྱུང་གི་དབུས་སུ་མཆོད་པར་བྱ་བའོ། །ཕྱི་ནས་ནི་མཆོད་ཡོན་ཏེ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་སྭཱ་ཧཱ། ཞེས་བྱ་བའི་ སྔགས་ཀྱིས་སོ། །དེ་ནས་ནི་གཡོན་གྱི་ཕྱོགས་སུ། ཨོཾ་བཛྲ་ཝརྞ་ནཱི་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེ་ནས་ནི་གཡོན་གྱི་ཕྱོགས་སུ་སྟེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་སྭཱ་ཧཱ་བྱ་བས་སོ། །འདིའི་ཕྱི་ནས་ནི་གཞན་ཡང་། ཨོཾ་ཌ་ཌི་ཡཱ་ཎ་དང་། པཱུརྞ་གི་རི་དང་། ཀཱ་མཱ་ཁྱ་དང་། ཤྲི་རི་ཧ་ཊྚ་ ཞེས་བྱ་བ་འདི་དག་རྣམས་མཆོད་པར་བྱ་བའོ། །གཞན་ཡང་ཆོས་དང་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པ་དང་། བདེ་བ་ཆེན་པོ་ཞེས་བྱ་བ་འདི་དག་གོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ། ཨོཾ་བཛྲ་ཝརྞ་ནཱི་ཡེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་འདི་ནི་བཟླས་པའི་སྔགས་སོ། ། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་རྫོགས་སོ།། །།དཱ་དང་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བྷཱུ་ཏ་ཌཱ་མ་རཱ་སཾ་ཀྵིཔྟ་སཱ་དྷ་ནཾ། བོད་སྐད་དུ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་མདོར་བསྡུས་པའི་སྒྲུབ་ཐབས། འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །ཚངས་པ་བརྒྱ་བྱིན་ཀུ་བེ་ར་སོགས་རྣམས། །དྲེགས་པ་རྣམས་འཇོམས་པ་ལ་མཁས་གྱུར་པའི། །དཔལ་ལྡན་འབྱུང་པོ་འདུལ་བྱེད་ལ་བཏུད་ནས། །དེ་ཡི་སྒྲུབ་པའི་ཐབས་ནི་བྲི་བར་བྱ། །ཡང་དག་གདམས་ངག་མདོར་བསྡུས་ རྣམ་དག་པ། །མདོར་བསྡུས་ལ་དགའ་རྣམས་ལ་མཛེས་བརྗོད་པའི། །གནོད་སྦྱིན་བྱ་སོགས་ཡང་དག་སྒྲུབ་བྱེད་པ། །བདག་སྙིང་གཅིག་ཏུ་ངོ་མཚར་སྐྱེས་ཕྱིར་རོ། །དང་པོར་རེ་ཞིག་སྔགས་པས་རང་གི་སྙིང་གའི་ཟླ་བ་ལ་སྣ་ཚོགས་རྣམ་པར་གསལ་བར་བྱེད་པའི་འོད་ཟེར་གྱིས་ལུས་ཀུན་ནས་གང་བར་ གྱུར་པའི་རཾ་གྱི་ས་བོན་དམར་པོ་རྣམ་པར་བསམ་པར་བྱ་བའོ། །དེ་ནས་དེ་ལས་ཀུན་ནས་འཕྲོས་པའི་ལྕགས་ཀྱུའི་རྣམ་པས་སྤྱན་དྲངས་ལ། མདུན་དུ་འདུལ་བྱེད་ལེགས་པར་མངོན་པར་མཆོད་པར་བྱ་ཞིང་། བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་དང་། སྟོང་པ་ཉིད་ཀྱང་བསྒོམ་པར་བྱ་བའོ། ། དེ་ནས། ཀུནྡ་དང་མཚུངས་དྲི་མེད་རྣམ་གསལ་ཟླ་བའི་སྟེང་གི་ནི། །དབུས་ན་ཐིག་ལེའི་ཞལ་སྔ་ནས་མཚུངས་ཧཱུཾ་གི་རྣམ་པ་སྟེ། ཀུན་ནས་གསལ་བྱས་མ་ལུས་ཡོངས་གྱུར་པས་ནི་ཡང་དག་པའི། །སྣ་ཚོགས་པདྨ་འདབ་མ་བརྒྱད་པ་ལེགས་པར་བལྟ་བར་བྱ། །དེ་ནས་དེའི་དབུས་སུ་ ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ལྟེ་བར་འགྱུར་བའོ། །ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་མཐིང་ནག་འབར་བའི་རྡོ་རྗེ་རྣམ་པར་བསྒོམ་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་བལྟ་བར་བྱ་བ་ནི། ཞལ་རྣམ་པར་བསྒྱུར་ཞིང་འགྱིང་བ། འབྱུང་པོ་རྣམས་ཀུན་ནས་སྐྲག་པར་མཛད་པའི་རང་བཞིན་ཅན། སྐྱེ་དགུ་རྣམས་ལ་ཕན་པར་བྱེད་པ་དང་། བྱེད་པ་པོ་དང་ཁྱབ་པ་ཆགས་པའི་རྒྱུ་གཅིག་པུར་གྱུར་པ། ཁྱབ་འཇུག་དང་། དབང་ཕྱུག་དང་། སྨིན་དྲུག་དང་། དྲག་པོ་དང་། བདུད་རྣམས་ལ་གཅིག་ཏུ་དཔའ་བ། ཞལ་ཅུང་ཟད་ ཙམ་ཚེམས་གཙིགས་པ། ཁྲོ་བོའི་དྲ་བ་རྣམ་པར་སྤྲོ་བར་མཛད་པ། སྐུ་མདོག་མཐིང་ནག་སྐྲ་སེར་པོ་གྱེན་དུ་འཁྱིལ་བར་བཀྱིགས་པ་ན་བཟའ་སྔོན་པོ་སྐུ་ལ་བནབས་པ། གཡས་པས་རྡོ་རྗེ་བསྣམས་པ། གཡོན་པས་ཞགས་པ་བསྣམས་ཤིང་སྡིགས་མཛུབ་མཛད་པ། ཐོད་ པ་ལྔའི་དབུ་རྒྱན་དང་ལྡན་པ། གཡོན་པས་རྩེ་གསུམ་དང་ཐོད་པ་བསྣམས་པ། གཡས་པ་ཌ་མ་རུ་དང་གྲི་གུག་བསྣམས་པ། རལ་པ་སེར་པོ་དང་ཅོད་པན་དང་ལྡན་པ། སྤྱན་གསུམ་པ། སྟག་གི་པགས་པའི་ཤམ་ཐབས་ཅན། །འབྱུང་པོའི་མངའ་བདག་དཀར་པོ་གཞན་གྱིས་མི་ཐུབ་པ། གཡས་ བསྐུམས་པའི་ཞབས་ཀྱིས་ཀུན་ནས་མནན་པ། ཕྱག་གཉིས་སྙོམས་པར་སྦྲེལ་བའི་ཕྱག་རྒྱ་དང་ལྡན་པ་ནི། དཔལ་འབྱུང་པོ་འདུལ་བྱེད་དོ། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། སྲིན་ལག་གཉིས་མདུད་ཅིང་མཛུབ་མོ་གཉིས་ཅུང་ཟད་བཀུག་ལ་མཐེའུ་ཆུང་དང་གུང་མོ་དག་ཀྱང་མཐེ་བོང་གིས་སྦྲེལ་ བར་བྱ་བའོ། །ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ་སྟེ། དེ་ལ་མགོ་བོ་ལ་དཀྲིས་པ་སྟེ་འཇོག་པོ་སྔོན་པོ། །མགུལ་པའི་རྒྱན་ནི་ཏཀྵ་ཀ་དམར་པོ། །དགའ་བོ་དང་ཉེ་དགའ་ནི་རྣ་བའི་གདུབ་ཀོར་ཏེ། གཅིག་ཏུ་སེར་བ་ཉིད་དོ། །ཚངས་པའི་སྐུད་པ་ནི་མཐའ་ཡས་དཀར་པོའོ། །རྐེད་ཀའི་ ཐེ་གུ་ནི་ནོར་རྒྱས་སྐྱ་བོའོ། །ཕྱག་རྒྱའི་ཕྱག་གཉིས་ནི་རིགས་ལྡན་ཏེ། ཁ་དོག་དམར་པོའོ། །དེ་བཞིན་དུ་དེ་ལས་གཞན་པའི་ཕྱག་དག་ཀྱང་དུང་སྐྱོང་དཀར་པོས་སོ། །རྐང་གདུབ་པདྨ་དང་པདྨ་ཆེན་པོ་སྟེ། གཅིག་ཏུ་དམར་བ་ཁོ་ནའོ། །སྤྱན་གཉིས་དམར་དང་དེ་ལྟར་གྱུར་པ་ཡི། །དཔལ་ལྡན་ འབྱུང་པོ་འདུལ་བར་བྱེད་པ་ནི། །འཇིག་རྟེན་དོན་ལ་གཅིག་ཏུ་ཆེད་ཆེ་བའི། །ཤིན་ཏུ་ཁྲོས་པར་གྱུར་པ་བསམ་པར་བྱ། །སྙིང་ག་དང་། མགུལ་པ་དང་། མཛོད་སྤུ་དང་། སྤྱི་བོ་རྣམས་སུ་རྟག་ཏུ་བསྲུང་བར་བྱ་བའི་དོན་དུ་ཕྱག་རྒྱས་གཏུག་པར་བྱ་བའོ། །བསམ་གཏན་གྱིས་སྐྱོ་བར་གྱུར་ན་ རྡོ་རྗེའི་ཚིག་གམ། ཁྲོ་བའི་ཚིག་གིས་སྔགས་བཟླས་པར་བྱ་བའོ། །སྔགས་ནི་ཧཱུཾ་ཨོཾ་བཛྲ་ཕཊ་ཅེས་བྱ་བའོ། །ཡོན་ཏན་ལྡན་པས་དོན་གཉེར་ནི་འདི་ནི་གང་ཕྱིར་གསལ་བྱས་པ། །རྣམ་པར་སྣང་མཛད་བདག་གིས་འདི་ལས་དགེ་བ་གང་དག་ཐོབ་པ་དེས། །འཇིག་རྟེན་གསུམ་གྱིས་འཇིག་ རྟེན་པ་རྣམས་དྲི་མ་མ་ལུས་ཟད་པར་ཤོག །དཔལ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་མདོར་བསྡུས་པ་རྫོགས་སོ།། །།མཁས་པ་ཨ་བྷ་ཡ་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བྷཱུ་ཏ་ཌ་མ་ར་སཱ་དྷ་ནོ་པ་ཡི་ཀཱ། བོད་སྐད་དུ། འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས། ཡན་ལག་དང་བཅས་པ། དཔལ་འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །འབྱུང་པོའི་དྲེགས་པ་རྣམས་འཇོམས་པའི། །འདུལ་བྱེད་ཁྲོ་བོ་ཕྱག་འཚལ་ནས། །གདམས་ངག་ཇི་ལྟར་འབྱུང་བ་བཞིན། །དེ་ཉིད་སྒྲུབ་ཐབས་ བཤད་པར་བྱ། །རེ་ཞིག་དང་པོར་དངོས་པོ་གཉིས་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་དབུས་སུ་ཡི་གེ་ཧཱུཾ་འབར་བའི་ཕྲེང་བས་དཀྲིགས་པ་བསྒོམས་ལ། སྔགས་འདི་བརྗོད་པར་བྱ་སྟེ། ཨོཾ་སིདྡྷི་བཛྲ་ཧཱུཾ། སྔགས་དེ་བརྗོད་པས་སོར་མོ་རྣམས་ཕན་ཚུན་དུ་མདུད་ ཅིང་། མཛུབ་མོ་གཉིས་ཁབ་བཞིན་དུ་རབ་ཏུ་བརྐྱོང་ལ། སྙིང་གར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱ་བའོ། །དེ་ལ་ཐིག་ལེ་དམར་པོ་དང་ལྡན་པའི་ཡི་གེར་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པར་བསྒོམས་ལ། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་འདི་བརྗོད་པར་ བྱ་སྟེ། ཨོཾ་ཧ་ན་བི་དྷྭ་ན་ས་ཡ་བྷི་དྷྭ་ན་ས་ཡ་ན་ཤ་ཡ་ན་ཤ་ཡ་པཱ་པཾ་ཧཱུཾ་ཕཊ། དེ་ནས་དེའི་རྗེས་ཐོགས་ལ་སྟོང་པ་ཉིད་བསྒོམས་ལ། ཀུན་ད་དང་ཤེལ་དང་མཚུངས་པར་མདུན་དུ་བལྟ་བར་བྱ་བའོ། །དེའི་དབུས་སུ་ཡི་གེ་ཧཱུཾ་དང་ཡི་གེ་ཧྲཱིཿཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་རྣམ་པར་བསམ་ པར་བྱ་བའོ། །དེའི་སྟེང་དུ་ཡི་གེ་ཨ་ལས་ངེས་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །དེ་ཉིད་ལ་འབར་བའི་ཕྲེང་བས་ཀུན་ནས་དཀྲིགས་པའི་ཡི་གེ་ཧཱུཾ་རྣམ་པར་བསྒོམས་ལ། ཁྲོ་བོ་འཇུག་པར་བྱེད་པའི་སྔགས་དང་ཕྱག་རྒྱས་ཀུན་ནས་གཞུག་པར་བྱ་སྟེ། ཕན་ཚུན་གཉིས་ཁུ་ཚུར་བཅིངས་པ་ མཛུབ་མོ་གཉིས་མདུད་པར་བྱ་བའོ། །ཨོཾ་ཀྲོ་དྷ་བེ་ཤ་ཧཱུཾ་ཧཱུཾ་ཧཱུཾ་ཨཿ དེ་དག་གི་འོད་ཟེར་རྣམས་ཀྱིས་ལེགས་པར་བསྐུལ་ཞིང་བཀུག་ནས། ཀུན་ནས་དེ་ཉིད་ལ་ཁྲོ་བོའི་སྐུ་དུ་མ་ལེགས་པར་ཞུགས་པར་བསམ་པར་བྱ་བའོ། །དེ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མངོན་པར་འཕེལ་བ་ལས་ འབར་བའི་རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དུ་མ་དང་ལྡན་པའི་འབར་བའི་ཕྲེང་བས་ཀུན་ནས་འཁྲིགས་པ་རྣམ་པར་བསྒོམ་པར་བྱ་བའོ། །རྡོ་རྗེ་དེ་ལས་ཁྲོ་བོ་དུ་མ་ལ་སོགས་པ་ཕྱོགས་བཅུ་རྣམས་སུ་འཕྲོས་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫུ་འཕྲུལ་ལ་སོགས་པ་བྱས་པར་བལྟས་ལ། ཕྱག་རྒྱ་དེ་ཉིད་ ཀྱིས་མངོན་དུ་ཕྱོགས་པར་བཀུག་ཅིང་། སྔགས་ཀྱང་བརྗོད་པས་རྡོ་རྗེ་དེ་ལ་ཞུགས་པར་བསམ་པར་བྱ་བའོ། །ཨོཾ་རྡོ་རྗེ་ཞུགས་ཤིང་ཞུགས་ལ་པོབ་ཅིག་ཧཱུཾ། དེ་ནས་ནི་ཁྲོ་བོ་ཆེན་པོའི་སྐུར་བདག་ཉིད་བལྟ་བར་བྱ་སྟེ། དྲག་པོ་འབར་བའི་ཕྲེང་བས་ཀུན་ནས་དཀྲིགས་པར་གྱུར་པའི་གཟི་བརྗིད་དང་ལྡན་པ། ཕྱག་བཞི་ པ། ཁྲོ་བོ་ཆེན་པོའི་འོད་ཟེར། ཨིནྡྲ་ནཱི་ལ་དང་མཚུངས་པ། གཡས་པས་རྡོ་རྗེ་གསོར་བར་མཛད་པ། སྡིགས་མཛུབ་མཛད་པ་གཡོན་པ་སྟེ། །ཞལ་ནི་མཆེ་བ་གཙིགས་པ་དང་། །ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །མཐའ་ཡས་ནི་ཚངས་པའི་སྐུད་པའོ། །ནོར་རྒྱས་ནི་སྨད་ཀའོ། །དུང་སྐྱོང་ནི་ལག་གདུབ་ ཏེ་གཞན་ནོ། །དེ་དག་རྣམས་ནི་དཀར་པོའོ། །ཕྱག་གཡོན་པ་ལ་ནི་རིགས་ལྡན་ལག་གདུབ་སྟེ། ཁ་དོག་དམར་པོའོ། །དགའ་བོ་དང་ནི་ཉེ་དགའ་གཉིས་ནི་རྣ་གདུབ་བོ། །མགུལ་པ་ལ་ནི་ཏཀྵ་ཀའོ། །དཔུང་རྒྱན་ནི་གཞན་དག་སྟེ། དེ་དག་རྣམས་ནི་སེར་པོའོ། །པདྨ་དང་པདྨ་ཆེན་པོ་དམར་པོ་ནི་རྐང་ རྒྱན་ནོ། །འཇོག་པོ་ནག་པོ་ནི་མགོ་བོའི་ཐོད་དོ། །ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། །འཇིག་རྟེན་གསུམ་ཡང་རླག་པར་མཛད། །འཇིགས་པའི་གད་རྒྱངས་ཆེན་པོ་ཅན། །འཇིག་རྟེན་གསུམ་པོ་བྱིན་རློབ་རྗེ། །གཡས་བསྐུམ་ཞབས་ཀྱིས་ལེགས་གནས་པས། །གཞན་གྱིས་མི་ཐུབ་ཞབས་ མནན་ནས། །ཉི་མ་བྱེ་བའི་གཟི་བརྗིད་ཅན། །ཕྱག་རྒྱ་བཅིངས་བས་གནས་པ་སྟེ། སྲིན་ལག་གཉིས་ནི་འདུས་བྱས་ཤིང་། །མཛུབ་མོ་གཉིས་ནི་བཀུག་བྱས་ཏེ། །མཐེའུ་ཆུང་གུང་མོ་ཉིད་དག་ཀྱང་། །མཐེ་བོང་དག་གིས་མནན་བྱས་པའི། །ཕྱག་རྒྱའི་མཆོག་གྱུར་དཔལ་ལྡན་འདིས། ། འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྒྲུབ། །དེ་ནས་ཁྲོ་བོའི་མངའ་བདག་ཁྲོ་བོའི་རྒྱལ་པོའི་སྔགས་དང་ཕྱག་རྒྱས་ཡན་ལག་དྲུག་ལ་རྣམ་པར་དགོད་པར་བྱ་སྟེ། ཕན་ཚུན་གཉིས་ཀ་ཁུ་ཚུར་བཅངས་ལ་གུང་མོ་གཉིས་ལེགས་པར་བརྐྱང་བར་གྱུར་པ་ནི་མགོ་བོའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ཧ་ན་བཛྲ་ཧཱུཾ། ཕྱག་རྒྱ་འདི་ཉིད་ལ་གུང་མོ་གཉིས་བཅུག་ལ། མཛུབ་མོ་གཉིས་བསྒྲེང་བ་ནི་སྤྱི་བོའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ད་ཧ་བཛྲ་ཧཱུཾ། ཕྱག་རྒྱ་འདི་ཉིད་ལ། མཐེ་བོང་གཉིས་ངོས་ལ་སྦྱར་ལ། མཐེ་བོང་གཡས་པ་ནི་མིག་གཡས་པ་ལའོ། །མཐེ་བོང་གཡོན་པ་ནི་མིག་གཡོན་པ་ལའོ། །ཨོཾ་གསལ་ པའི་རྡོ་རྗེ་ཧཱུཾ། ཕན་ཚུན་གཉིས་ཀ་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་མདུད་ཅིང་། མཛུབ་བུ་གཉིས་བརྐྱང་བ་ནི། སྙིང་གའི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་བཛྲ་རོ་ཥ་ཧཱུཾ། ཕྱག་རྒྱ་འདི་ཉིད་ལ་མཛུབ་མོ་གཉིས་རྩེ་སྤྲད་ནས་བཀུག་པ་ནི་གོ་ཆའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་དྲྀ་ཌྷ་བཛྲ་ཧཱུཾ། མཛུབ་མོ་གཉིས་རབ་ཏུ་བརྐྱང་བ་ནི་མཚོན་ཆའི་ཕྱག་རྒྱའོ། །ཨོཾ་ཧ་ན་ད་ཧ་པ་ཙ་ཀྲོ་དྷ་བཛྲ་སརྦ་དུཥྚཱན་མཱར་ཡ་ཧཱུཾ་ཕཊ། དེ་ནས་རྡོ་རྗེའི་ཁྲོ་བོ་ཀུན་ནས་སྤྱན་དྲངས་པར་བྱ་སྟེ། ཕན་ཚུན་གཉིས་ཀ་ཐ་དད་པར་བྱས་ལ། མཛུབ་མོ་གཉིས་བཀུག་པས། ཨོཾ་རྡོ་རྗེའི་ཁྲོ་བོའི་དམ་ཚིག་རྗེས་སུ་བསྐྱང་བའི་དོན་དུ་ མྱུར་དུ་ཀུན་ནས་སྤྱོད་ཅིང་། ཧྲཱིཿཛཿཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་ནི་མཆོད་ཡོན་ཏེ། སྙིམ་པ་ཁ་གྱེན་དུ་ཕྱེ་ལ་མཐེ་བོང་གཉིས་ངོས་ལ་སྦྱར་བར་བྱ་བའོ། །ཨོཾ་བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་ཆེན་པོ་ལྷ་ཐམས་ཅད་རབ་ཏུ་བཞེད་པའི་མཆོད་ཡོན་ལེགས་པར་བཞེས་ཤིག་ཧཱུཾ་ཨཱཿདེ་ནས་ནི་གདན་དབུལ་བར་བྱ་སྟེ། ལག་པ་གཡོན་པ་ཁ་གྱེན་དུ་བསྟན་ལ་མཐེ་བོང་བསྒྲེང་བར་བྱ་ཞིང་། ལག་པ་གཡས་པའི་ཁུ་ཚུར་གྱིས་ལག་པ་གཡོན་པའི་མཐེ་བོང་བཅངས་ལ། མཐེ་བོང་གཡས་པ་བསླང་སྟེ། ཨོཾ་ཛ་ཡ་ཛ་ཡ་ཁྲོ་བོའི་མངའ་བདག་ཆེན་པོ་ཁྲོ་བོའི་རྒྱལ་པོ་འབྱུང་པོའི་གདན་འདི་གཟིགས་ལ་ལེགས་པར་གཟུང་དུ་གསོལ་ སྭཱ་ཧཱ། ཐལ་མོ་ཁ་སྦྱོར་དུ་བསྡམས་ལ་སོར་མོ་ཐམས་ཅད་སོ་སོར་ཕྱེ་བ་ནི་པདྨའི་ཕྱག་རྒྱར་བརྗོད་དེ། གདན་གྱི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ལྷ་ཐམས་ཅད་པདྨའི་སྲིད་པ་མཆོག་ལ་བཞུགས་པས་སྭཱ་ཧཱ། དེ་ནས་ནི་ཀུན་དུ་བསྐྲད་པར་བྱ་སྟེ། ཁུ་ཚུར་གཡས་གཡོན་གཉིས་ བཅངས་ལ་མཐེ་བོང་རབ་ཏུ་བརྐྱང་བའི་ཁུ་ཚུར་གཡོན་པ་སྙིང་གར་བཞག་ཅིང་། ཁུ་ཚུར་གཡས་པ་ཐལ་ལྕག་གི་སྟབས་ཀྱིས་གྱེན་ལ་བཏེག་པས་སྔགས་བརྗོད་པར་བྱ་སྟེ། ཨོཾ་གདུག་པ་ཐམས་ཅད་རླག་པར་གྱིས་ཤིག །ད་ཧ་པ་ཙ་གདུག་པ་ཅན་རྣམས་ཐལ་བར་རློགས་ཤིག་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་ ཡང་སྔགས་འདིས་ཕྱོགས་བཅིང་བར་བྱ་སྟེ། ཕན་ཚུན་གཉིས་ཀ་སོ་སོར་ཁུ་ཚུར་བཅངས་ལ་མཛུབ་མོ་གཡོན་པ་རབ་ཏུ་བརྐྱང་བ་དཔུང་བ་གཡས་པའི་རྩ་བར་གཏད་ལ་མཐེ་བོང་གཡས་པས་མཐེ་ཆུང་གི་སོར་མོ་མནན་ཞིང་སོར་མོ་ལྷག་མ་ལེགས་པར་བརྐྱང་བས། ཕྱོགས་བཅུར་བསྐོར་བར་བྱ་ བའོ། །ཨོཾ་རྡོ་རྗེའི་ཁྲོ་བོ་གཏུམ་པོ་ཆེན་པོ་ཕྱོགས་བཅུ་ཆིངས་ཤིག་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་རྡོ་རྗེ་གསོར་ཞིང་འདི་སྐད་བརྗོད་པར་བྱ་སྟེ། ཁྲོ་རྒྱལ་ཆེན་པོ་གྲུབ་པ་དང་། །གྲུབ་པའི་དམ་ཚིག་བསྟན་པ་དང་། གྲུབ་པའི་ལྷ་རྣམས་ཀུན་གྱིས་ཀྱང་། །དངོས་གྲུབ་བླ་མེད་བདག་མྱུར་མཛོད། །ཁྲོ་བོའི་ རྒྱལ་པོའི་ཕྱག་རྒྱ་དམ་ཚིག་བཅིངས་ལ། ཧཱུཾ་བཛྲ་ཕཊ་བྱ་བས་དམ་ཚིག་བསྟན་པར་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ལ་ཁྲོ་བོ་ཀུན་ནས་འཇུག་པའི་ཕྱག་རྒྱ་བཅིངས་པས་རྡོ་རྗེའི་ཁྲོ་བོ་རང་གི་ལུས་ལ་ལེགས་པར་གཞུག་པར་བྱ་སྟེ། ཨོཾ་ལེགས་པར་ཞུགས་ཤིང་། ཁྲོ་བོ་ ཧཱུཾ་ཧཱུཾ་ཧཱུཾ་ཨཿ། འབར་བའི་ཕྲེང་བས་ཀུན་ནས་དཀྲིགས་པ། འཇིགས་པར་བྱེད་པའི་རྡོ་རྗེ་ཨཿ། རང་གི་ལུས་ཀྱི་ནང་དུ་བསྲེས་ལ་གོ་ཆ་ལ་སོགས་པ་ཡང་བགོས་ཏེ། དེ་དག་ཐམས་ཅད་ཆུབ་པར་བྱ་བའི་དོན་དུ་ཐལ་མོ་ཁ་སྦྱར་ལ། ཀུན་ཆུབ་པར་བྱ་བའི་སྔགས་བརྗོད་པར་བྱ་བ་ནི། ཨོཾ་གྲུབ་པའི་རྡོ་ རྗེ་ཨཱ་པུ་ར་ཡ་ཨཱ་པུ་ར་ཡ། བྱ་བ་འདིས་ལྷག་པ་དང་ཆད་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །དེ་ནས་རྡོ་རྗེ་ཁྲོ་བོ་ནི་ང་ཡིན་ཞེས་བྱ་བའི་ང་རྒྱལ་བསྐྱེད་ལ། དངོས་གྲུབ་རྣམས་ཐམས་ཅད་ཀུན་ནས་དགུག་པར་བྱ་སྟེ། ཕན་ཚུན་དུ་ཁུ་ཚུར་བཅངས་ལ་མཐེའུ་ཆུང་གཉིས་མདུད་པར་བྱ་ཞིང་། མཛུབ་ མོ་དག་རབ་ཏུ་བརྐྱང་བ་བཀུག་པར་གྱུར་པས་ཅུང་ཟད་བརྐྱང་བར་བྱ་བའོ། །ཨོཾ་རྡོ་རྗེ་ཁྲོས་པའི་ཁྲོ་བོ་དངོས་གྲུབ་རྣམས་ཁུག་ཅིག་ཧཱུཾ་ཛཿབྱ་བའི་སྔགས་འདིས་སོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པར་རྣམ་པར་བསམ་པར་བྱ་བ་ནི་མགོ་གྱེན་དུ་བལྟས་པའི་ཡི་གེ་འདི་དག་ རྣམས་ཏེ། མཐིང་ནག་གི་ཁོར་ཡུག་དང་འདྲ་བའི་ཕྲེང་བར་གྱུར་པ། ཧཱུཾ་བཛྲ་ཕཊ་དོ། །དེ་ལས་རང་ཉིད་ཀྱི་བ་སྤུའི་ཁུང་བུ་རྣམས་ནས་ཁྲོ་བོའི་ཚོགས་རྣམས་སྤྲོ་བ་དང་། ལེགས་པར་སྡུད་པར་བྱེད་པར་རྣམ་པར་བསམ་མོ། །སྒོམ་པས་སྐྱོན་ནི་བཟླས་པ་བརྩམ་པར་བྱ་སྟེ། དེ་ཡིད་ལ་ བྱེད་ཅིང་ཡི་གེ་ལ་ཅིག་ཏུ་སེམས་པས་སོ། །བཟླས་པས་དུབ་ན་ནི་ཁྲོ་བོའི་སྐུ་རྣམས་རང་གི་སྙིང་གའི་ནང་དུ་བསྟིམས་ལ། ཐལ་མོ་སྦྱར་བ་བྱས་པས་དངོས་གྲུབ་རྣམས་ཐམས་ཅད་དོན་དུ་གཉེར་བར་བྱ་སྟེ། སེམས་ཅན་ཐམས་ཅད་ཀྱི་བསམ་པ་གྲུབ་པའི་རྡོ་རྗེས་མཚན་ཀུན་ནས་རྫོགས་པར་ མཛད་པས་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ་ཅིག་ཧཱུཾ་ཛཿདེ་ནས་པདྨའི་ཕྱག་རྒྱ་བྱས་ལ་མཐེ་བོང་གཉིས་བསྐྱོད་པར་བྱ་བ་ནི། ལྷ་རྣམས་ཐམས་ཅད་གཤེགས་སུ་གསོལ་བའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་ས་ར་ས་ར་བི་ས་ར་བི་ས་ར་གཙྪ་གཙྪ་ལྷ་རྣམས་ཐམས་ཅད་དེ། དཔལ་རྡོ་རྗེ་འཛིན་པས་ཡང་དག་པར་བཀའ་སྒོ་བ་ཡིན་ནོ་སྭཱ་ཧཱ། དེ་ནས་ནི་རང་གི་ལུས་ལ་གོ་ཆ་བགོས་ལ། ཁྲོ་བོའི་ང་རྒྱལ་དང་ལྡན་པའི་ཡིད་ཀྱིས་ཇི་ལྟར་བདེ་བར་རྒྱུ་བར་བྱ་བའོ། །རིམ་པ་འདི་ཉིད་ཀྱིས་སྔགས་འབུམ་ཕྲག་གཅིག་བཟླས་པས་ནི་མྱུར་དུ་འགྲུབ་པར་འགྱུར་རོ། །གལ་ཏེ་ སྔགས་པ་དབང་བསྐུར་ཞིང་རྗེས་སུ་གནང་བ་དང་། སྔོན་དུ་འགྲོ་བ་ཡང་བྱ་སྟེ། རྡོ་རྗེ་འཛིན་པ་སྒྲུབ་པར་འདོད་པས་ནི། ཟླ་བ་གཅིག་ཏུ་ཐུན་གསུམ་ལ་སྟོང་ཕྲག་གཅིག་བཟླས་པར་བྱ་བའོ། །དེ་ནས་ཟླ་བ་ཉ་ལ་ནི་ཕུན་སུམ་ཚོགས་པ་ཇི་ལྟ་བ་བཞིན་དུ་མཆོད་པ་བྱས་ལ་ཤིན་ཏུ་མཉམ་པར་བཞག་ པས་ཁྲོ་བོའི་ཕྱག་རྒྱ་བཅིངས་ཏེ། མཚན་ཐོག་ཐག་བཟླས་པར་བྱ་བའོ། །དེ་ནས་ནམ་མཁའ་འབྱུང་བ་དང་། ས་གཡོ་བ་དང་། ཕྱག་རྒྱ་འབབ་པར་འགྱུར་རོ། །འབར་བ་ཙམ་གྱིས་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་ཞིང་། རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། ལྷའི་ལུས་སུ་འགྱུར་རོ་ཞེས་ བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ། །མདོར་བསྡུས་ཤིང་ལེགས་པར་རྫོགས་ལ་རྣམ་པར་གསལ་བ་དང་། རིམ་པ་ལེགས་པར་འབྲེལ་བས་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས། ཡན་ལག་དང་བཅས་པ་སེམས་ཅན་མཐའ་དག་བསྒྲལ་བར་བྱ་བའི་དོན་དུ་འཇིག་རྟེན་གསུམ་གྱི་ རྡོ་རྗེས་མཛེས་པར་བསྡེབས་པ་རྫོགས་སོ།། །།པཎྜི་ཏ་ཨ་བྷ་ཡ་ལ་སོགས་པའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། མགོན་པོ་ནག་པོའི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་ སྔར་བཤད་པའི་རིམ་པས། སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། སྣ་ཚོགས་པདྨ་དང་ཉི་མ་ལ་ཡི་གེ་ཧཱུཾ་གི་དེ་ཁོ་ན་ཉིད་ཁ་དོག་ནག་པོ་ཡོངས་སུ་རྫོགས་པ་ལས། དཔལ་དང་ལྡན་པའི་རྗེ་བཙུན་མགོན་པོ་ནག་པོ་སྟེ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་པོ། སྤྱན་ གསུམ་པ། འབར་བ་ཆེན་པོ་གྲི་གུག་དང་ཐོད་པ་ཕྱག་གཡས་པ་དང་གཡོན་པས་འཛིན་པ། མགོ་བོའི་ཕྲེང་བས་རྒྱན་དུ་བྱས་པ། སྐྲ་ཁམ་པ་གྱེན་ལ་འཕྱུར་བ། སྐུ་ལ་དོ་ཤལ་དང་ལྡན་པ། མཆེ་བ་འཇིགས་པ་དང་། ཡན་ལག་ཐམས་ཅད་ལ་འཇིགས་པ་ཆེན་པོ་དང་ལྡན་པའི་ལྟོ་འཕྱེས་ བརྒྱན་པ། སྐུ་བོང་ཐུང་བ། ཞལ་ནས་ཁྲག་འཛག་པར་གྱུར་པར་བདག་ཉིད་སྐད་ཅིག་གིས་རྣམ་པར་རྫོགས་པར་བྱས་ལ། སྔགས་བཟླས་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དུག་དང་ཁྲག་དང་། ར་སོན་ཡུངས་ཀར་གྱིས་མགོན་པོ་ནག་པོ་ལ་བདུག་པ་ ཕུལ་ལ། ཛ་ཕུ་ལི་ཤ་དང་། ཆང་དང་། མེ་ཏོག་དང་། བྱུགས་པ་དང་། ལྕགས་ཀྱུ་ལྔ་དང་། བདུད་རྩི་རྣམས་ཀྱིས་མགོན་པོ་ནག་པོ་ལ་གཏོར་མ་དབུལ་བར་བྱ་བའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ནཱ་ཨུ་པ་ཧཱ་རི་ཎེ་ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ། རཏྣ་ཏྲ་ཡཱ་ཡ་ཨ་པ་ ཀཱ་རི་ཎཾ་ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ། དུཥྚཱཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་མཱ་ར་མཱ་ར་གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན་ད་ཧ་ད་ཧ་པ་ཙ་པ་ཙ་དི་ན་མེ་ཀེ་ན་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། འདི་ལ་མངོན་སྤྱོད་ནི་འདི་ཡིན་ཏེ། ཚྭ་བ་གསུམ་གྱིས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། ལུས་ཚེར་མས་གང་བར་བྱས་ཏེ། དུག་ དང་སྐྱེ་ཚེས་ཆོ་ག་བཞིན་དུ་བྲིས་ལ། མེ་ལ་གང་གི་མིང་ནས་བསྲོས་པ་དེ་ནི་དེའི་སྐད་ཅིག་ལ་མི་མཐོང་བར་འགྱུར་རོ། །སློབ་དཔོན་ལ་ནི་རྟག་ཏུ་ཞེ་སྡང་གང་། །དཀོན་མཆོག་གསུམ་ནི་སྤོང་བར་བྱེད་གང་དང་། །སེམས་ཅན་དུ་མ་གཙེ་བར་བྱེད་པ་རྣམས། །མགོན་པོ་ནག་པོས་ཟ་བར་ བྱེད་པ་ཡིན། །དེ་ལུས་ཤ་ནི་གཅོད་པར་བྱེད་པ་དང་། །ཁྲག་ཀྱང་འཐུང་བར་བྱེད་དང་དེ་བཞིན་དུ། །མགོ་བོ་ལ་ནི་རྣམ་པར་གནས་བྱས་ནས། །ཏིལ་ཙམ་དུ་ནི་གཅོད་པར་བྱེད་པ་ཡིན། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གོ་བར་བྱ་བ་ཡིན་ནོ། །དཔལ་དང་ལྡན་པའི་མགོན་པོ་ནག་པོའི་ སྒྲུབ་ཐབས་ཡོངས་སུ་རྫོགས་སོ།། །།པཎྜི་ཏ་ཨ་བྷ་ཡ་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།སྙིང་པོ་རྟོག་མཁས་དག་གིས་འགལ་མེད་ཆོས་ཀྱང་འགལ་བར་རྟོགས་པའི་འགྲོ་དོན་བསྟན་འཇུག་རིམ་པར་བཅའ་བ་མཛད་མོད་ཀྱི། །བག་ ཡངས་འགྱུར་དང་ཐེག་མཆོག་དུས་འདིར་རྒྱུད་བཞིའི་སྙིང་ཁུ་མཆོག་དང་མཆོག་མིན་དངོས་གྲུབ་རྣམས་ནི་སྒྲུབ་བྱེད་སྒྲུབ་པའི་ཐབས། །པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་དགེ་བ་སྐྱོན་བྲལ་དེས་ནི་སྐྱེ་དགུ་ཆོས་མཆོག་སྣོད་དང་བརྩོན་ལྡན་འབྲས་ཐོབ་ཤོག །དང་པོར་བདག་ སོགས་སྒྲིབ་ཟད་སྔགས་པའི་ཆོས་ལྡན་སྐད་ཐབས་གང་གིས་འདུལ་བས་རྟག་ཏུ་ཆོས་ནི་སྟོན་གྱུར་ཅིག །མོས་པའི་ཁྱད་པར་གྱིས་རྒྱ་གར་ན་སྒྲུབ་ཐབས་བསྡུས་པ་འགའ་ཞིག་སྲིད་ན་ཡང་གཞུང་སྙན་དངགས་དང་ལྡན་པས་སཾ་སྐྲྀ་ཏ་མཆོག་ཏུ་གྱུར་ཅིང་དོན་བཟང་ལ་གདམས་ངག་ཆེ་བ་རྣམས་བསྡེབས་ པ། ཨ་བྷ་ཡཱ་ཀཱ་རའི་ཕྱག་དཔེ་ལས་པཎྜི་ཏ་ཆེན་པོ་དེ་དག་དང་། པ་ཚབ་ཀྱི་རིགས་སུ་སྐྱེས་པའི་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྔོན་གྱི་ཁྲིམས་ལས་མ་འདས་པར་བསྒྱུར་བའི་ཚད་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཙཱ་ཪྻ་ཀྲྀ་ཡ་ས་མུཙྪ་ཡ། བོད་སྐད་དུ། རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསམ་གཏན་གར་མཛད་རྔ་ཟླུམ་ལ་སོགས་སྒྲ་ཡིས་བོས་པའི་ལྷ་རྣམས་ཀྱིས་ནི་ཞབས་ལ་ཕྱག་བྱས་པ། །འཁྱོག་ཅིང་གཡོ་བའི་སྐུ་དེ་ཡི་ནི་ཞབས་ཀྱི་བཀོད་པ་རྣམ་པར་བསྐྱོད་ཅིང་ངེས་ པར་འདུག་པ་ཅན། །སྨིན་མ་འཁྱོག་པོ་བྲིས་ཤིང་མིག་ནི་རྗེས་འགྲོ་དཔུང་པའི་ཀོར་བ་གཡོ་བའི་ལག་པའི་སོར་མོ་ཡིས། །ཕྱག་རྒྱ་འཆིང་བ་རབ་འཇུག་རིམ་གཡོའི་གདོང་ལྡན་ཧེ་རུ་ཀ་ཡིས་ཁྱོད་ཀྱི་སྡིག་པ་འཇོམས་གྱུར་ཅིག །འགྲོ་མང་མྱ་ངན་ཤིན་ཏུ་སྡུག་བསྔལ་བས། །མང་པོ་ཀུན་ནས་བལྟ་ བར་མི་ནུས་པ། །དེ་ཕྱིར་ཡང་དག་བསྡུས་པའི་ཆོ་ག་འདི། །མཁའ་འགྲོའི་ལམ་གྱུར་བདག་གིས་ནུས་བཞིན་བྱ། །བདག་གིས་བྱ་བ་ཀུན་ལས་བཏུས། །ང་རྒྱལ་གྱིས་ནི་བྱས་པ་མིན། །གང་འདིར་ཚིག་གི་སྐྱོན་རྣམས་ནི། །མཁས་པ་ཀུན་གྱིས་བཟོད་པར་མཛོད། །སྣ་ཚོགས་རྒྱུད་ རྣམས་ཀུན་ནས་བླངས། །སྣ་ཚོགས་སློབ་དཔོན་ལུགས་རྣམས་ཀྱང་། །མེ་ལོང་གིས་འདིར་བྲི་བྱ་སྟེ། །ཀུན་ནས་གསོལ་འདེབས་དབང་གིས་སོ། །རབ་གནས་ལ་སོགས་བྱ་བ་ཀུན། །རྡོ་རྗེ་སློབ་དཔོན་སྔོན་འགྲོ་བ། །དེ་ཕྱིར་འཇིག་རྟེན་ཕན་དོན་དུ། །དེ་ཡི་མཚན་ཉིད་བརྗོད་པར་བྱ། ། དེ་ལ་རེ་ཞིག་དང་པོར་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བརྗོད་པར་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཀུན་དུ་སྤྱོད་པ་སྟོན་པ་ནི་སློབ་དཔོན་ནོ། །གཞན་ཡང་སྡིག་པ་ལས་རིང་དུ་སོང་ཞིང་ཆོས་ལ་སྤྱོད་པ་དང་། ངེས་པའི་ཚིག་གིས་ཆོ་ག་བསྒྲུབ་པ་ནི་སློབ་དཔོན་ནོ། །གང་ཡང་རྡོ་རྗེའི་ ལམ་སྟོན་པ་པོའི་སློབ་དཔོན་ནི་རྡོ་རྗེ་སློབ་དཔོན་ནོ། །རྡོ་རྗེའི་སྒྲའི་ཁྱད་པར་གྱིས་ནི་རྡོ་རྗེ་གསུམ་མི་ཕྱེད་པ་ཉིད་དུ་རབ་ཏུ་རིག་པར་བྱའོ། །དེ་འང་ཅི་ལྟར་གྱུར་པ་ཞེ་ན། རྙེད་དང་མ་རྙེད་གྲགས་དང་མ་གྲགས་རྣམ་པར་བྲལ་ཞིང་སྨོད་པ་དང་ནི་བསྟོད་པ་སྤངས། །བདེ་བ་དང་ནི་མི་བདེ་འགོག་ཅིང་ འཕེལ་བའི་བློ་གྲོས་སྤྲོ་བ་དང་ལྡན་རབ་ཏུ་མཁས། །སྙིང་རྗེས་ཀུན་ནས་བསྐོར་ཞིང་སྔགས་ཀྱི་ཚུལ་ལ་རོ་མྱང་སེར་སྣ་མེད་ཅིང་འ