Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 76
Văn bản gốc(Tây Tạng)
Trang 4 / 17 (50.000 ký tự/trang)
དོད་པའང་མེད། །དེ་ཉིད་ཤེས་པ་ཐོབ་ཅིང་རབ་ཏུ་བརྟན་པའི་བློ་ལྡན་རྟག་ཏུ་སློབ་དཔོན་རྒྱལ་པོའོ། །དེ་ཡང་མཆོག་ལ་སོགས་པའི་དབྱེ་བས་རྣམ་པ་གསུམ་དུ་ འགྱུར་བ་འདི་ལྟ་སྟེ། །བདེ་མཆོག་རྒྱ་མཚོའི་རྒྱུད་ལས་ནི། །ཇི་བཞིན་གསུངས་པའི་སློབ་དཔོན་གསུམ། །ཁྱིམ་གནས་དགེ་ཚུལ་ཞེས་བྱ་དང་། །དགེ་སློང་ཞེས་པ་རྣམ་གསུམ་འགྱུར། །སློབ་དཔོན་མཆོག་ནི་དགེ་སློང་སྟེ། །གང་ཕྱིར་དེ་བཞིན་གཤེགས་པས་གསུངས། །འབྲིང་ནི་ དགེ་ཚུལ་ཞེས་བྱ་སྟེ། །ཁྱིམ་ན་གནས་པ་ཐ་མའི་ལུགས། །དབང་བསྐུར་རྣམ་པ་ལྔ་ཐོབ་པ། །ཁྱིམ་ན་གནས་པ་ཐ་མའི་ལུགས། །དབང་བསྐུར་བཅུ་རྣམས་ཐོབ་པ་ནི། །དགེ་ཚུལ་ཞེས་བྱ་འབྲིང་པོ་ཡིན། །མཆོག་གི་དབང་བསྐུར་ཐོབ་པ་ནི། །དགེ་སློང་མཆོག་ཡིན་རྡོ་རྗེ་འཛིན། །བསླབ་ པའི་གནས་ལྔ་ཐོབ་པ་དང་། །བསླབ་པའི་གནས་བཅུ་ལྡན་པ་དང་། །མཐའ་ཡི་བསླབ་པའི་གནས་ཐོབ་པ། །དེ་གསུམ་མཉམ་པར་བརྗོད་མ་ཡིན། །མཐའ་ཡི་བསླབ་པ་ཞེས་པ་ནི། །མཐར་ཐུག་གནས་ལ་སློབ་ཕྱིར་དང་། །ཟུང་འཇུག་ཏིང་འཛིན་ལ་འབད་ཕྱིར། །མཆོག་ནི་མངོན་སུམ་ ཡོད་བཞིན་དུ། །སྔགས་པ་གཞན་ལ་བསྙེན་བཀུར་མིན། །གནས་གཅིག་གསུམ་ནི་ཡོད་པ་ལས། །གང་ཚེ་ཁྱིམ་གནས་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ཡང་གུས་མེད་འགྱུར། །དེ་ཉིད་ཀྱི་ཕྱིར་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་ཀྱང་འདི་ལ་མཆོད་པ་མཛད་ དེ་དེ་གསུངས་པ། །དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་བྱོན་ནས་ཕྱག་མཛད་དོ། །ཞེས་སོ། །གང་ལས་མཆོག་གི་དབང་བསྐུར་བ་ཐོབ་པ་དེ་ལས་ནི་དགེ་སློང་བཅུ་དང་མཉམ་ པར་དོན་དམ་པའི་བསྙེན་པ་ལས་གསུངས་པ། དགེ་ཚུལ་བཅུ་ལས་ལྷག་པའི་ཡོན་ཏན་དགེ་སློང་མཆོག །དགེ་སློང་བཅུ་ལས་ལྷག་པའི་ཡོན་ཏན་སྔགས་པ་མཆོག །དཔལ་ལྡན་ཚངས་བར་སྤྱོད་པ་དང་ནི་ཏིང་འཛིན་དང་། །བྱམས་པ་ལ་སོགས་དེ་ཉིད་ཤིན་ཏུ་རིག་པའོ། །དཔལ་ལྡན་ཚངས་པར་སྤྱོད་པ་ ཞེས་པ་ལ་དཔལ་ལྡན་ཚངས་པར་སྤྱོད་པ་ནི་ལང་ཚོ་ཅན་དང་རབ་ཏུ་སྦྱོར་བ་ན་འཕོ་བ་མི་འོང་ཞིང་བདེ་བ་སྦྱིན་པ་སྟེ། དུག་གི་དབང་པོ་ཟོས་པ་ན་དུག་གི་དེ་ཁོ་ན་ཉིད་གྲུབ་པ་ཡིན་གྱི། མ་ཟོས་ན་ཡང་རབ་ཏུ་འགྲུབ་པར་འགྱུར་བ་ནི་མ་ཡིན་ནོ། །དེའི་ཕྱིར་ཐེག་པ་ཆེན་པོ་ལས་མཆོག་གི་དབང་བསྐུར་བ་ཐོབ་པ་ནི་ དགེ་སློང་དུ་མངོན་པར་བརྗོད་པར་བྱའོ། །གང་གི་ཕྱིར་ཤེས་རབ་དང་ཐབས་ཀྱི་རྣལ་འབྱོར་གྱིས་བླ་མའི་མན་ངག་ལས་དགའ་བ་ལ་སོགས་པའི་རིམ་པས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་བཅོམ་པ་འདི་ནི་དོན་དམ་པའི་དགེ་སློང་ངོ་། །དེ་ཉིད་ཀྱི་ཕྱིར་ཐེག་པ་ཆེན་པོ་ལས་དགེ་སློང་རྣམ་པ་ལྔ་ གསུངས་ཏེ། མིང་གི་དགེ་སློང་དང་། ཚུལ་ཁྲིམས་ལས་སློང་བའི་དགེ་སློང་དང་། གོས་ཙམ་འཛིན་པས་ཕྱེ་བའི་དགེ་སློང་དང་། གསོལ་བ་དང་བཞིས་བསྙེན་པར་རྫོགས་པའི་དགེ་སློང་དང་། ཉོན་མོངས་པ་བཅོམ་པའི་དགེ་སློང་ངོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་རྡོ་རྗེ་འཛིན་པ་བྱ། །གདུག་པ་འདུལ་བ་དེ་ནི་མཆོག །ཅེས་སོ། །ཉོན་མོངས་པ་བཅོམ་པ་ཁོ་ནས་གདུག་པ་འདུལ་བར་ནུས་པར་འགྱུར་གྱི་གཞན་གྱིས་ནི་མ་ཡིན་ནོ། །གང་ཞིག་གསོལ་བ་དང་བཞིས་བསྙེན་པར་རྫོགས་པའི་དགེ་སློང་དེ་རྣམས་ནི་ཉན་ཐོས་ཀྱི་མདོ་སྡེའི་སྤྱོད་པ་ཀུན་དུ་སྤྱོད་དོ། ། དེ་རྣམས་འདིར་ནི་དབང་དུ་བྱ་བ་ཉིད་མེད་དེ། གང་གིས་དམན་པ་ལ་མོས་པ་ཉིད་ཀྱི་ཕྱིར་དང་སྐལ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དངུལ་ཆུའི་འདུ་བ་ལས་གསུངས་པ། དེ་ལས་བདེན་པ་གཉིས་ཀྱི་ལུས་ཡོངས་སུ་གཟུང་བ་རྣམས་དང་། ཚིག་མཐའ་དག་གི་དོན་ཡོངས་སུ་དཔྱད་པ་བྱས་པ་རྣམས་ དང་། མཆོག་གི་བདེ་བ་ཆེན་པོའི་འབྲས་བུ་ལ་མངོན་པར་དགའ་བ་རྣམས་ནི་ཉན་ཐོས་པའི་མདོ་སྡེའི་སྤྱོད་པ་དང་ལྡན་པ་མ་ཡིན་ནོ། །གང་གི་ཕྱིར་ཉན་ཐོས་ལ་སོགས་པ་དམན་པ་ལ་མོས་པ་རྣམ་པར་རྟོག་པ་ལ་སྤྱོད་པ། བདག་ཉིད་སྒྲུབ་པ་དང་བྲལ་བ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་བྱ་བའི་ལམ་ ལ་མི་གནས་པ། དེ་ཁོ་ན་ཉིད་ཤེས་པ་རྣམས་ལ་དད་པ་མེད་པ། ཐར་པ་ལ་རིང་བའི་འདུ་ཤེས་ཅན། བདེ་བའི་ཐབས་ལྷག་པར་མ་ཐོབ་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པ་དཀའ་བའི་སྤྱོད་པས་དུས་རིང་པོར་བྱང་ཆུབ་ཚོལ་བ་རྣམས་ཀྱིས་ནི། དེ་ལྟར་ཡང་ཐོབ་པར་འགྱུར་བ་མ་ཡིན་ཏེ། རྫོགས་ པའི་རིམ་པས་ལྷག་པར་འགྲོ་བ་དང་བྲལ་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དངོས་པོར་གནས་པ་གང་། །གང་ཞིག་རྒན་པོར་གནས་གྱུར་ཀྱང་། །གང་ཡང་རྟོག་གེར་དགའ་བའི་མི། །དེ་ལ་དེ་ཉིད་བསྟན་མི་བྱ། །རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་ པའི་རྒྱུད་ལས་ཀྱང་། །ཐབས་དང་བྲལ་བའི་ཡེ་ཤེས་ཀྱི། །བསླབ་པ་ཡང་ནི་བསྟན་བྱ་སྟེ། །ཉན་ཐོས་དེ་རྣམས་དཔའ་ཆེན་ལ། །བཞུགས་པའི་དོན་དུ་ངེས་པའོ། །མཆོག་གི་དང་པོའི་རྣལ་འབྱོར་ཆེན་པོའི་རྒྱུད་ལས་ཀྱང་། །དཀའ་བའི་བརྟུལ་ཞུགས་མི་བཟད་པས། །ལུས་ནི་སྐམས་ གྱུར་སྡུག་བསྔལ་ཅན། །སྡུག་བསྔལ་རྣམ་པར་གཡེང་བའི་སེམས། །གཡེང་ཕྱིར་དངོས་གྲུབ་གཞན་དུ་འགྱུར། །དོན་དམ་པའི་བསྙེན་པ་ལས་ཀྱང་། གོས་དམར་ལུས་ལ་དཀྲིས་པ་དཔལ་ལྡན་བླ་མ་མིན། །འཁར་གསིལ་ལྷུང་བཟེད་ལག་ཐོགས་དཔལ་ལྡན་བླ་མ་མིན། །ཕྱག་དར་ཁྲོད་བས་ སྡུག་བསྔལ་དཔལ་ལྡན་བླ་མ་མིན། །ལྗོན་ཤིང་རྩ་བར་གནས་པ་དཔལ་ལྡན་བླ་མ་མིན། །ཞེས་པ་ལ་སོགས་པ་རྒྱ་ཆེར་རོ། །གཞན་ལས་ཀྱང་གསུངས་པ། ཟས་མི་ཟ་བར་སྒོར་ཉལ་ཏེ་བྱིན་པ་ལ་ནི་དབང་དུ་བྱ་བ་མེད་དོ་ཞེས་སོ། །དེ་ཇི་ལྟར་ཞེ་ན། ཐམས་ཅད་དུ་དགེ་སློང་ལ་ནི་དེ་ལྟར་དབང་དུ་བྱ་བ་ མེད་དོ། །རྣམ་པ་འདིས་ནི་ཡོད་དེ། ཇི་ལྟར་སེམས་ཅན་གྱི་དོན་ཆེན་པོ་མཐར་ཐུག་པ་གཟིགས་ནས། བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པས་འཁོར་ལོ་སྒྱུར་བའི་གཟུགས་ཀྱིས་སྔགས་ཀྱི་ཚུལ་གྱི་སྤྱོད་པ་ལ་རབ་ཏུ་ཞུགས་པ་དེ་བཞིན་དུ། དགེ་སློང་ཚུལ་ཁྲིམས་འཛིན་པའི་བརྟུལ་ཞུགས་ ལ་སྤྱོད་པ་ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ལྷག་པར་རྟོགས་པས་ངུར་སྨྲིག་ཡོངས་སུ་དོར་ཏེ། གཙུག་ཏོར་ལ་སོགས་པ་བྱས་ནས་རིམ་པ་ཇི་ལྟ་བར་ཕྲེང་བ་དང་། ཆུའི་དབང་གིས་མངོན་པར་དབང་བསྐུར་ཞིང་། རིག་པ་དང་། རྡོ་རྗེ་དང་། སྤྱོད་པ་དང་། བརྟུལ་ཞུགས་དང་། ལུང་ བསྟན་པ་དང་། རྗེས་སུ་གནང་བ་དང་། དབུགས་དབྱུང་བ་ཇི་སྲིད་པ་བྱིན་ནས་རྡོ་རྗེ་འཛིན་པ་བྱས་པ་ནའོ། །དེ་ཅི་ལྟར་འདིའི་སྔར་གྱི་སྡོམ་པ་ལས་ཉམས་པར་མི་འགྱུར་རམ་ཞེ་ན་མ་ཡིན་ཏེ། མཆོག་ལས་ཀྱང་མཆོག་གི་བསླབ་པ་ཡིན་པའི་ཕྱིར་རོ། །ཇི་ལྟར་དགེ་བསྙེན་ལས་དགེ་ཚུལ་དུ་བྱས་ པ་དང་། དགེ་ཚུལ་ལས་དགེ་སློང་དུ་བྱས་པ་བཞིན་ནོ། །དེ་ཡང་ཇི་ལྟར་སྙམ་ན་དགེ་སློང་གི་དངོས་པོར་ཡོད་པ་ན་ནི་དགེ་བསྙེན་ལ་སོགས་པའི་སྡོམ་པའི་དངོས་པོ་ཡོད་པའི་ཕྱིར་རོ། །འདི་ལས་གལ་ཏེ་དེ་བཞིན་དུ་མི་འགྱུར་བ་དེ་ལྟ་ན་ནི་འདོད་ཆགས་དང་བྲལ་བའི་གཟུགས་སྤངས་ནས་ མཆོག་ཏུ་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པས་འཁོར་ལོས་སྒྱུར་བའི་གཟུགས་སུ་མངོན་པར་སྤྲུལ་ཏེ། འདོད་ཆགས་ཀྱིས་ནི་དེ་དང་འདྲ་བའི་འདོད་ཆགས་རབ་ཏུ་ཉམས་པའི་དོན་དུ་བདག་གིས་སྔགས་ཀྱི་ཚུལ་གྱི་སྤྱོད་པ་བསྟན་པར་བྱའོ་ཞེས་པའི་བཅོམ་ལྡན་འདས་ཀྱི་གསུང་སྙིང་ལ་འབབ་པར་མི་ འགྱུར་རོ། །དེའི་ཕྱིར་དགེ་སློང་གི་གཟུགས་ཀྱིས་ནི་རྡོ་རྗེ་དང་དྲིལ་བུ་འཛིན་པར་མི་རིགས་ཏེ། གང་ཞིག་མཆོག་གི་འདོད་ཆགས་ཆེན་པོའི་སྤྱོད་པ་ཡིན་པའི་ཕྱིར་རོ། །དགེ་སློང་གི་གཟུགས་ཉིད་ཀྱང་འདོད་ཆགས་དང་བྲལ་བའི་སྤྱོད་པ་དང་ལྡན་པ་སྟེ། རྣམ་པ་འདི་ཉིད་སྔགས་ཀྱི་ཚུལ་གྱི་སྤྱོད་པ་ ལ་ནི་རིགས་པས་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་གནས་པ་རྣལ་འབྱོར་ཆེན་པོའི་རྒྱུད་ལས་གསུངས་པ། སོར་བརྒྱད་ལ་སོགས་སྐྲ་དང་ནི། །གོས་དང་རྒྱན་གྱིས་བརྒྱན་བྱས་ཏེ། །རྡོ་རྗེ་འཛིན་པའི་བྱ་བ་བྱ། །དགེ་སློང་རྡོ་རྗེ་ འཛིན་པར་འགྱུར། །གཞན་རྣམས་སུ་ནི་ངེས་པ་མེད། །ཅེས་པ་ལ་སོགས་པའོ། །གལ་ཏེ་འདོད་ཆགས་དང་བྲལ་བའི་གཟུགས་ཀྱིས་ཀྱང་དེ་བཞིན་དུ་འདིར་དབང་དུ་བྱ་བ་ཐོབ་པ་དེ་ལྟ་ན་ནི་བཅོམ་ལྡན་འདས་ཀྱིས་ཅིའི་དོན་དུ་དེ་ལྟ་བུའི་རྣམ་པའི་གཟུགས་ཀྱི་སྤྲུལ་པ་བསྟན། གཞན་ ཡང་ཀྱེ་རྡོ་རྗེ་ལས་བྱུང་བ་ཀུ་རུ་ཀུལླེའི་རྟོག་པ་ལས་ཀྱང་གསུངས་པ། གོས་མེད་གཙུག་ཏོར་མེད་པའི་ལུས། །དེ་འདྲ་བླ་མར་མི་བྱ་སྟེ། །ཕྱག་རྒྱའི་དངོས་གྲུབ་རྣམས་ཉམས་འགྱུར། །ཞེས་སོ། །དེའི་ཕྱིར་གང་ཇི་སྲིད་དགེ་སློང་གི་གཟུགས་ཀྱིས་སྔགས་ཀྱི་ཚུལ་གྱི་སྤྱོད་པ་ལ་རབ་ཏུ་ཞུགས་པར་གྱུར་པ་དེ་ རྣམས་ཀྱིས་ནི་ཉན་ཐོས་ལ་སོགས་པའི་སྤྱོད་པ་ལེགས་པར་མ་བསྲུངས་ཤིང་། སྔགས་ཀྱི་ཚུལ་གྱི་སྤྱོད་པ་ལའང་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་གཉིས་ཀའི་སྡོམ་པ་ལས་ཉམས་པར་འགྱུར་ཏེ། ཆགས་ལྡན་རྣམས་ཀྱིས་ཤིན་ཏུ་བདེ་བ་ལ་རབ་ཏུ་འཁྱུད་པ་བཞིན་དུ་དབང་པོ་འབའ་ཞིག་གི་འདོད་པ་ཆེན་ པོས་ཡུམ་གྱི་བདེ་བ་ལ་སྲེད་པར་གྱུར་ནས་བཟའ་བ་དང་བཏུང་བ་ལ་སོགས་པ་བྱས་པར་གྱུར་ན་དམྱལ་བར་འགྲོ་བར་འགྱུར་རོ། །དེ་ལྟར་ཡང་། གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུང་བར་མི་བྱེད་པ། །དེ་ནི་ངེས་པར་ཤ་དང་རུས། །འཇིགས་པའི་མེ་མ་མུར་དུ་འགྱུར། ། གཞན་ཡང་གཟུགས་གཞན་ཡིད་ལ་བྱ་བ་གཞན་དང་འདྲ་བ་ནི་མ་འབྲེལ་པ་སྟེ། གཟུགས་གང་དང་འདྲ་བ་ཡིན་པ་དེ་དང་འདྲ་བར་བྱ་བ་མཆོག་ཏུ་མཛེས་པའོ། །དེ་ལྟར་ཡང་། རང་ངམ་གཞན་གྱི་དབང་ཡང་རུང་། །གནས་སྐབས་གང་དུ་ཅི་སྤྱོད་ཀྱང་། །བསླབ་པར་གསུངས་པ་གང་ཡིན་པའི། ། གནས་སྐབས་དེ་ལ་འབད་དེ་བསླབ། །ཅེས་པའོ། །རབ་ཏུ་དང་བའི་མཚན་གྱིས་ཕྱུག །དེ་ཉིད་བཅུ་ལ་རྣམ་པར་མཁས། །དེ་ནི་ཞི་རྒྱས་ལ་སོགས་ལ། །སློབ་དཔོན་དུ་ནི་རྣམ་ཤེས་བྱ། །བརྡ་ཤེས་དང་བའི་བདག་ཉིད་ཅན། །དམ་ཚིག་ཐམས་ཅད་སྐྱོང་བར་བྱེད། །བཟོ་ཡི་ཆ་ནི་ཐམས་ཅད་དང་། ། སྔགས་ཀྱི་བསྟན་བཅོས་རབ་འབྱམ་ཤེས། །གཟའ་དང་སྐར་མ་དུས་སྦྱོར་ཤེས། །འཇིག་རྟེན་སྨོད་ལས་གཞན་དུ་འགྱུར། །རབ་ཏུ་གནས་པ་རབ་ཏུ་མཛད། །གྲོང་ཁྱེར་གང་དེར་ངེས་པར་ནི། །འདི་ཡིས་སངས་རྒྱས་བཞུགས་གསོལ་བས། །གང་དུ་ཞི་དང་བཟླས་འཕེལ་ཞིང་། །ནད་མེད་ཆོས་ཀྱང་ འཕེལ་བར་འགྱུར། །ནོར་དང་ཚེ་དང་བདེ་བ་སྟེར། །བྱེད་པ་པོ་ལ་གྲགས་པ་དང་། །ཕུན་ཚོགས་བུ་དང་བུ་མོ་འཕེལ། །དེ་ཡི་ཕ་ཡང་དགའ་བར་འགྱུར། །ཇི་སྲིད་ལྷ་ཉིད་གནས་གྱུར་བ། །དེ་སྲིད་དུས་སུ་སྟོང་ཕྲག་གིས། །དགའ་ལྡན་དུ་ནི་དེ་ལ་མཆོད། །ལྷ་ཉིད་གནས་པར་གྱུར་པ་ན། ། རིང་དུ་འཕེལ་ཞིང་སྐྱེ་བར་འགྱུར། །དེ་ནས་ཞི་རྒྱས་ལ་སོགས་ལ། །གཞན་གང་ཞིག་ནི་རྣམ་པར་སྨད། །རྒན་པོ་དམ་ཚིག་ཉམས་པ་དང་། །བྱ་རོག་སྒྲ་དང་རྣ་ལྡན་ཅན། །སྐམས་པ་ཡན་ལག་མ་ཚང་ལྷག །སྒུར་པོ་མི་ཐུང་འཐིང་པོ་དང་། །རྣམ་འགྱུར་ཤ་བཀྲ་ཅན་དྲག་པོ། །གཡོན་ ཅན་མ་རུངས་ངན་པར་ཞུགས། །སྡིག་ཅན་ནད་པ་ཅུང་ཟད་ཤེས། །ལྷ་ཡི་གྲིབ་ནས་ཉེ་བར་འཚོ། །མགྲིན་ངན་འོན་པ་སྒོམ་པ་དང་། །སེན་ཁྱོན་སྐྲ་ནི་ངན་པ་དང་། །ཕྲ་མ་བྱེད་དང་རྟོག་གེ་པ། །མི་ཤིས་དམངས་རིགས་ཞིང་ལས་པ། །དེ་བཞིན་སོ་སྟོ་རྐང་ཉེག་དང་། །ཐམས་ཅད་ཆུ་བུར་ལྦ་ བ་ཅན། །འདི་ཡིས་སངས་རྒྱས་བཞུགས་གསོལ་ན། །ནོར་དང་ཚེ་དང་བུ་རྣམས་ཉམས། །གྲོང་ཁྱེར་དང་ནི་རྒྱལ་པོ་དང་། །དེ་བཞིན་བྱེད་པོ་སྐྱོན་བཅས་འགྱུར། །འཆི་བ་རབ་ཏུ་སྟེར་བར་བྱེད། །དེ་ལྟར་བྱེད་པོ་ངན་པར་བཤད། །དེས་ནི་ཀུན་དུ་མ་རུངས་པའི། །ལས་རྣམས་ཐམས་ཅད་རབ་ཏུ་ བྱ། །ཞེས་པ་པཎྜི་ཏ་ཆེན་པོ་དཀྱིལ་འཁོར་གྱི་སློབ་དཔོན་མེ་ལོང་གིས་མཛད་པ་བྱ་བ་ཀུན་ལས་བཏུས་པ་ལས་སློབ་དཔོན་གྱི་མཚན་ཉིད་ཀྱི་ཆོ་གའོ།། །།འདིར་བཤད་པའི་མཚན་ཉིད་རྣམས་དང་ལྡན་པའི་སློབ་དཔོན་སྙིང་རྗེ་དང་བྱམས་པའི་སེམས་དང་ལྡན་པ་སྲིད་པའི་རྒྱ་མཚོའི་ནང་དུ་འཁོར་ཞིང་ལྷུང་བའི་ སེམས་ཅན་གྱི་ཁམས་རྣམས་རྗེས་སུ་འཛིན་ཞིང་འདོད་པའི་དོན་ལ་སྦྱོར་བ། སྔགས་ཀྱི་ཚུལ་མང་དུ་ཐོས་ཤིང་མཁས་པ། བློ་བརྟན་ཞིང་སེར་སྣ་མེད་པ། སྤྲོ་བའི་ངང་ཚུལ་ཅན་རྣམས་ཀྱིས་ས་ཡོངས་སུ་བརྟག་པ་དང་། ས་བདག་དང་ཀླུ་ཡོངས་སུ་བརྟག་པ་དང་། སའི་སེལ་དབྱུང་བ་དང་། ས་ སེལ་ལ་ཐིག་གདབ་པའི་མཚན་མ་དང་། མཆོད་ཡོན་གྱི་ཆོ་ག་དང་། རྙིང་པ་གསོ་བ་དང་། མཆོད་ཡོན་ལ་སོགས་པའི་སྦྱིན་པའི་ངེས་པ་དང་། སྔོན་དུ་བསྙེན་པའི་ངེས་པའི་དགོས་པ་དང་། སློབ་མ་བསྡུ་བ་དང་། དཀྱིལ་འཁོར་གྱི་ཁང་པ་བྱ་བ་དང་། ས་ཡོངས་སུ་གཟུང་བ་དང་། བགེགས་ལ་ཕུར་ བུས་གདབ་པ་དང་། ནོར་འཛིན་མ་ལྷག་པར་གནས་པ་དང་། བུམ་པ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པ་དང་། ཐིག་སྐུད་ལྷག་པར་གནས་པ་དང་། ནམ་མཁའ་ལ་ཐིག་གདབ་པ་དང་། དཀར་པོས་ཐིག་གདབ་པ་དང་། དཀྱིལ་འཁོར་ལ་ཐིག་གདབ་པ་དང་། ཚོན་གྱི་བཟླས་པ་དང་། ཚོན་དགྱེ་བ་དང་། བུམ་པ་དགོད་པ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་བསྡུས་ཏེ་བསྒོམ་པ་དང་། སྐུ་གཟུགས་ལ་སོགས་པའི་རབ་ཏུ་གནས་པ་དང་། བགྲང་ཕྲེང་རབ་ཏུ་གནས་པ་དང་། བགྲང་ཕྲེང་གི་མཚན་ཉིད་དང་། རྒྱལ་མཚན་གཟུགས་པ་དང་། རྫིང་ལ་སོགས་ པའི་རབ་ཏུ་གནས་པ་དང་། ཨ་མྲའི་སྐྱེད་མོས་ཚལ་ལ་སོགས་པའི་རབ་ཏུ་གནས་པ་དང་། དགེ་བསྙེན་གྱི་སྡོམ་པ་ལ་གནས་པ་དང་། དབང་བསྐུར་བ་དང་། རང་གིས་དབང་བླང་བ་དང་། རྩ་བའི་ལྟུང་བ་དང་། སྦོམ་པོའི་ལྟུང་བ་དང་། སྦྱིན་སྲེག་དང་། ཡིད་ཀྱི་སྦྱིན་སྲེག་དང་། ནང་གི་སྦྱིན་སྲེག་དང་། ཚོགས་ཀྱི་བཟའ་བ་དང་། དཀྱིལ་འཁོར་ཉེ་བར་བསྡུ་བ་དང་། ཡིད་ཀྱི་དཀྱིལ་འཁོར་དང་། གཏོར་མ་དང་། གཟའ་ཡུམ་ལ་སོགས་པས་བདེ་ལེགས་སུ་བྱེད་པ་དང་། བགེགས་བསལ་བ་དང་། སྐུ་གཟུགས་ཀྱི་མཚན་ཉིད་དང་། ཁམས་ཀྱི་ཡོན་ཏན་དང་། ཤིང་ལ་སོགས་པའི་སེལ་དབྱུང་བ་དང་། མཆོད་རྟེན་གྱི་མཚན་ཉིད་དང་། རྡོ་རྗེ་དང་རྡོ་རྗེ་དྲིལ་བུའི་མཚན་ཉིད་དང་། དྲིལ་བུ་དང་རྡོ་རྗེ་གཟུང་བ་དང་། ཁ་ཊྭཱཾ་ག་དང་ཌ་མ་རུ་ལ་སོགས་པ་སྣ་ཚོགས་པའི་མཚོན་ཆའི་མཚན་ཉིད་དང་། ནགས་ཚལ་གྱི་ལྟད་མོ་དང་། ཁྲུའི་ཚད་དང་། གཎྜཱིའི་མཚན་ཉིད་དང་། མཆོད་རྟེན་ལ་སོགས་པའི་སྲོག་ཤིང་ གཟུགས་པ་དང་། སྒོའི་ཤིང་གཟུགས་པ་དང་། ཀ་བ་གཟུགས་པ་དང་། གཙུག་ལག་ཁང་ལ་སོགས་པའི་སྟེང་དུ་ཤིང་དགོད་པ་དང་། དྲིའི་གཙང་ཁང་ལ་སོགས་པའི་མཚན་ཉིད་དང་། ཁང་པ་བརྩེགས་མའི་མཚན་ཉིད་དང་། རྒྱ་ཕུབས་ལ་སོགས་པའི་མཚན་ཉིད་དང་། བསམ་གཏན་གྱི་ཁང་པ་ ལ་སོགས་པའི་མཚན་ཉིད་དང་། ཤི་བའི་རུས་བུ་དག་པར་བྱ་བའི་ཆོ་ག་སྟེ། ཆོ་ག་དྲུག་ཅུ་རྩ་བཞི་བསྒྲུབ་པར་བྱ་བའོ། །དེ་ལ་དགེ་བའི་ཉིན་པར་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་གཙུག་ལག་ཁང་ལ་སོགས་པའི་ས་ཡོངས་སུ་བརྟག་པར་བྱའོ། །དེ་ལ་དཀར་པོ་དང་དམར་པོ་དང་སེར་པོ་དང་ནག་པོའི་ ཁ་དོག་རྣམས་དང་། ཁུ་བ་དང་། རྡུལ་དང་། གཅི་བ་དང་། བཤང་བའི་དྲི་རྣམས་དང་། མངར་བ་དང་། བསྐ་བ་དང་། སྐྱུར་བ་དང་། ཚ་བའི་རོ་རྣམས་རིམ་པ་བཞིན་དུ་བྲམ་ཟེ་ལ་སོགས་པའི་སར་འགྱུར་རོ། །དཀར་པོའི་ས་ལས་ནི་ཞི་བའི་འབྲས་བུ་སྟེར་ཞིང་། དམར་པོའི་ཁ་དོག་ལས་ནི་དབང་ དུ་བྱ་བའོ། །དེ་ལས་ཕྱི་མའི་ས་གཉིས་ནི་རྒྱས་པ་དང་དྲག་པོ་དག་སེར་པོ་དང་དཀར་ནག་གི་ཁ་དོག་ལས་ཏེ་གཞན་ཉིད་ནི་མ་ཡིན་ནོ། །འཕེལ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། ནོར་ཉམས་པ་དང་། འཇིགས་པ་རྣམས་དང་། གྲོལ་བ་དང་། གྲུབ་པར་བྱེད་པ་དག་ནི་བརྒྱད་པོ་དག་ གཞོལ་བའི་ས་ལས་ཏེ་རིམ་པས་ཤར་ལ་སོགས་པར་ཤེས་པར་བྱའོ། །གལ་ཏེ་གཞོལ་བ་དག་པར་བྱས་པའི་ས་ནི་དགེ་བར་བྱེད་པར་བཤད་ཅིང་། དེ་ལས་ཀྱང་ཤར་དང་བྱང་གཞོལ་བའི་ས་ནི་ཤིན་ཏུ་བཟང་བར་འགྱུར་རོ། །གྲོག་མའི་མཁར་ཡོད་པ་ལས་ནི་ནད་དང་། རྩུབ་མོའི་ས་ལས་ནི་ནོར་ཟད་པ་ དང་། གས་པ་ལས་ནི་མཆོག་གི་འབྲས་བུ་མེད་པ་དང་། དམའ་བའི་ས་ལས་ནི་ཡང་ཞིང་མི་འདོད་པ་རྣམས་བྱེད་དོ། །གཞུའི་རྣམ་པ་དང་གྲུ་གསུམ་དང་ཆུ་ཡོད་པ་དང་། ཡོན་པོ་རྣམས་སྤང་བར་བྱ་ཞིང་རུས་སྦལ་གྱི་རྒྱབ་ལ་སོགས་པའི་མཚན་ཉིད་ཅན་གྱི་ས་ཡང་སྤང་བར་བྱའོ། །དེ་ནས་གཞན་ ཡང་། ཤར་དུ་ཨ་ཤྭདྠ་དང་ནི། དེ་བཞིན་མེར་ནི་ཨརྫུ་ན། །ལྷོ་ཡི་ཕྱོགས་སུ་བླཀྵ། །སྲིན་པོར་པ་ལཱ་ཤ་རྣམས་སྤང་། །ནུབ་ཀྱི་ཕྱོགས་སུ་ནྱ་གྲོ་དྷ། །རླུང་དུ་ཤལ་མ་ལི་དང་ནི། །བྱང་གི་ཕྱོགས་སུ་བ་ཀུ་ལ། །བྱང་ཤར་ཨུ་དུམྦཱ་ར་སྤང་། །ཞེས་སོ། །དེ་ནས་མཐོ་གང་ཙམ་བརྐོས་ནས། །ས་ དེས་མྱུར་དུ་བཀང་བ་དང་། །གལ་ཏེ་ས་དེ་ལྷག་གྱུར་ན། །དགེ་བར་བྱེད་པ་ཉིད་ཡིན་ནོ། །གལ་ཏེ་ཉུང་བར་གྱུར་ན་དེས། །སྐྱོན་བཅས་རིག་ནས་སྤང་བར་བྱ། །སླར་ཡང་དོང་དེར་སོང་བའི་ས། །བླངས་ནས་མཐོ་གང་ཙམ་ཆུས་བཀང་། །བཀང་སྟེ་གོམ་པ་བརྒྱར་ཕྱིན་ནས། །སླར་ཡང་འོངས་ཏེ་ བརྟག་པར་བྱ། །ཆུ་ཡིས་གང་ན་ས་བཟང་སྟེ། །དམའ་ན་སྔགས་པས་སྤང་བར་བྱ། །གལ་ཏེ་ཆུ་དེ་སྒྲ་བཅས་ན། །ཀླུ་རྣམས་འཇིགས་པ་ཡང་དག་སྟོན། །ཕྱི་ནས་ཆོ་ག་མཐོང་བ་ཡིས། །བཟང་བའི་ལས་ཅན་ཡོངས་སུ་གཟུང་། །དེ་ལྟར་སའི་མཚན་ཉིད་ཤེས་པའི་སློབ་དཔོན་ཁྲུས་བྱས་ཞིང་ གཙང་བའི་ལུས་ལ་དྲི་བཟང་པོ་བྱུགས་ཏེ། །མཆོད་པའི་ཡོ་བྱད་རྣམས་ཡང་དག་པར་བཤམས་ནས། །ཇི་ལྟར་རྙེད་པའི་གོས་དང་རྒྱན་ལ་སོགས་པས་ཆས་སུ་ཞུགས་ལ་ལྷའི་རྣལ་འབྱོར་ལེགས་པར་བསྒོམ་པར་བྱའོ། །དཀྱིལ་འཁོར་ཁྲུ་བཞིའི་ཚད་དང་ལྡན་པ་གྲུ་བཞི་པའི་ས་དེར་བ་ལས་བྱུང་བ་ ལ་སོགས་པས་ཉེ་བར་བྱུག་པ་བྱས་ལ། དེར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ་ཡང་དག་པར་མཆོད་ཅིང་ཕྱོགས་ཀྱི་གཏོར་མ་བྱིན་ནས་པུས་མོ་གཡས་པའི་ལྷ་ང་སར་བཙུགས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཐལ་མོ་སྦྱར་ནས་ཕྱོགས་དང་ཕྱོགས་བྲལ་རྣམས་ན་བཞུགས་པའི་སངས་རྒྱས་དང་ བྱང་ཆུབ་སེམས་དཔའ་རྣམས་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་ལས་བླང་བར་བྱ་བའོ། །ཁམས་གསུམ་གང་དུ་མགོན་པོ་དག །ཆེན་པོས་མཆོད་པ་བཞུགས་རྣམས་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་སོགས། །དེ་དང་དེ་ལ་འདི་གསོལ་གྱི། །སེམས་ཅན་ཀུན་གྱི་ དོན་བསྒྲུབ་ཕྱིར། །ས་ཡི་ཆ་ནི་བཟང་པོ་འདིར། །གཙུག་ལག་ཁང་ནི་བཞེངས་གྱུར་ནས། །ཐོས་བསམ་ལ་སོགས་མཆོག་བཞུགས་པས། །ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར། །ཆེ་གེ་བདག་ནི་ཆེ་གེ་མོའི། །གྲགས་པ་དམ་པ་བྱ་བར་བརྩོན། །གལ་ཏེ་ཁྱེད་ཀྱིས་བཟོད་གནང་ན། །བགྱི་སྟེ་ གཞན་དུ་མ་ཡིན་ནོ། །རྨི་ལམ་ལ་སོགས་མཚན་མ་ཡིས། །ས་བཟང་འདི་ནི་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ། ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧ་ནི་སཱ་ཧཱ། ཨོཾ་དིཏྟ་ལི་སྭཱ་ཧཱ། །ཞེས་པ་རྨི་ལམ་བརྟག་པ་འདིས་ལག་པ་གཡོན་པའི་སོར་མོ་རྣམས་ཁར་ལན་ཉི་ཤུ་ རྩ་གཅིག་བསྔགས་ལ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་མདུན་དུ་མཆོད་པ་སྔོན་དུ་འགྲོ་བས་མགོ་ལྷོར་བསྟན་ཅིང་གདོང་ཤར་དུ་ཕྱོགས་ལ་གོས་གཙང་མས་བརྒྱན་ཏེ་ཇི་ལྟར་འདོད་པར་ཉལ་བར་བྱ་སྟེ། རྨི་ལམ་ངན་ན་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའམ་དོན་དམ་པར་ཆོས་ ཐམས་ཅད་རང་བཞིན་མེད་པར་མོས་པར་བྱའོ། །སླར་ཡང་རྨི་ལམ་བརྟག་པ་བྱས་ནས་ལྷ་རྣམས་ཀྱིས་གནང་བའམ་མ་བཀག་པའི་ས་ལ་འོག་ནས་འཆད་པ་རྣམས་བྱའོ། །བཀག་པ་ལ་ནི་མ་ཡིན་པ་ཁོ་ནའོ། །རྨི་ལམ་བཟང་ན་ཉི་མ་བཟང་པོ་གཉིས་པ་ལ་སྔ་དྲོའི་དུས་སུ་ས་གནོན་གྱི་ཕྱག་རྒྱ་དང་ རྡོ་རྗེའི་སྐྱིལ་ཀྲུང་བཅས་ཏེ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་ཨོཾ་བྷུ་ཁཾ་ཞེས་པའི་སྔགས་ཀྱིས་སྟོང་པ་ཉིད་དང་། ཧཱུཾ་ལཾ་ཧཱུཾ་ཞེས་པའི་སྔགས་ཀྱིས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བསྒོམས་ལ། ཨོཾ་མེ་དི་ནཱི་བཛྲི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པ་དང་། རྡོ་རྗེ་བསྡམས་པའི་ཕྱག་རྒྱས་བྱིན་ གྱིས་བརླབ་པར་བྱའོ། །ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་བསམས་ཏེ། ལན་གསུམ་བརྗོད་ཅིང་དེའི་འོད་ཟེར་དང་སོར་མོའི་རྩེ་མོས་བསྣུན་པས་དེ་དག་གི་སྒྲ་རྣམས་ཀྱིས་བསྐུལ་བར་གྱུར་པ་ལས་སའི་ལྷ་མོ་སེར་མོ་ལུས་ཕྱེད་དམ་ཐམས་ཅད་འཐོན་པ། ཕྱག་གཉིས་ན་གསེར་ གྱི་བུམ་པ་དང་། མི་འཇིགས་པའི་ཕྱག་རྒྱ་ཅན། མཛེས་པའི་རྒྱན་གྱིས་བརྒྱན་པ་ལ་ཞབས་བསིལ་དང་། ཞལ་བསིལ་དང་། མཆོད་ཡོན་སྔོན་དུ་འགྲོ་བའི་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ནས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །བཅོམ་ནས་གཙུག་ལག་ཁང་སོགས་བགྱི། །ཞེས་ལན་གསུམ་གསོལ་བ་བཏབ་པས་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་སྟེ་སའི་ལྷ་མོ་སའི་ངོ་བོར་གནས་ པར་བསམ་མོ། །དེ་ནས་དེར་བྷྲཱུཾ་ལས་བྱུང་བའི་འཁོར་ལོ་དང་བྷྲཱུཾ་ལས་བྱུང་བའི་ཁང་པ་བརྩེགས་པ་བསྒོམ་པར་བྱའོ། །དེ་ནས་ཁང་པ་བརྩེགས་པར་དྲིའི་མཎྜལ་བྱས་པར་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་ཕྱོགས་སྐྱོང་ལ་སོགས་པ་སྤྱན་དྲངས་ལ་ཞབས་ བསིལ་ལ་སོགས་པའི་མཆོད་པ་དང་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་ནས་སྤོས་ཕོར་བཟུང་སྟེ་དྲིལ་བུ་དཀྲོལ་ཞིང་། བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག །རིག་པའི་རྒྱལ་པོ་ཁྱེད་ལ་འདུད། །ཡང་དག་ཐུགས་རྗེའི་བདག་ཉིད་ཅན། །ཁྱེད་ལ་མཆོད་ཡོན་འབུལ་བར་ འཚལ། །སློབ་མ་རྣམས་ལ་བརྩེ་དོན་དང་། །ཁྱེད་རྣམས་ལ་ཡང་མཆོད་ཕྱིར་དང་། །སེམས་ཅན་བསོད་ནམས་འཕེལ་དོན་དང་། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །དེ་བས་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་ དོན་བརྩོན། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བརྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་དང་། །གང་གཞན་ལྷ་ཡི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་ དགོངས་སུ་གསོལ། །རྡོ་རྗེ་ཅན་ཆེན་ཆེ་གེ་བདག །ཆེ་གེའི་མཆོད་ཡོན་དབུལ་བ་ནི། །བགྱིའོ་དེས་ན་ཁྱེད་རྣམས་ཀྱིས། །ཉེ་བར་གནས་པར་མཛད་པའི་རིགས། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ནས་འཆད་པར་འགྱུར་བའི་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པའམ་དེ་དག་མེད་ན་གཞན་ གྱི་ཡང་ཉ་གསོན་པོ་ནང་དུ་བཅུག་པ་རྣམས་རིམ་པ་བཞིན་དུ་བཞག་ནས་ལྷག་པར་གནས་པར་བྱའོ། །ལས་བྱེད་པ་རྣམས་བགེགས་མཐར་བྱེད་ལ་སོགས་པ་ལས་ཐམས་ཅད་པའི་ལྷའི་རྣམ་པར་སྤྲུལ་ཏེ། དེ་དག་གི་ཁུང་བུ་གྲུ་བཞི་པ་རྒྱར་ཁྲུ་དོ་པ་ཟབས་སུ་དེའི་ཕྱེད་ཁྲུ་གང་པ་བརྐོ་བར་ བྱའོ། །དེའི་དབང་ལྡན་དུ་ཟླུམ་པོ་དེའི་ཚད་དམ་དེའི་ཕྱེད་པ་ཡང་ངོ་། །དེ་གཉིས་ཀ་ཡང་ས་དང་བ་ལས་བྱུང་བས་བྱུག་པར་བྱའོ། །དེ་ནས་ཁུང་བུ་གྲུ་བཞི་པར་མཆོད་ཡོན་གྱི་སྣོད་ནས་མེ་ཏོག་དཀར་པོའི་སྙིང་པོར་དཱུར་བ་དང་བཅས་པ་ཉིད་མཛུབ་མོ་དང་མཐེ་བོང་གི་རྩེ་མོས་མཐོང་བར་བླངས་ཏེ་ ཡོངས་སུ་བསྐོར་ཞིང་འགྱིང་བའི་ཚུལ་གྱིས་མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེ་ཆུང་རྣམས་རིམ་གྱིས་དགྲོལ་ལ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སྭཱ་ཧཱ། ཞེས་མཆོད་ཡོན་ཕུལ་ནས། ཨོཾ་བྷྲཱུཾ་ཧཿཧྲིཿཔྲ་ཏཱི་ཙྪ་བྷུརྦྷུ་ཝ་སྭཿ། ཞེས་པའི་སྔགས་ཀྱིས་རིམ་པ་བཞིན་དུ་རྣམ་པར་རྒྱལ་ བ་ལ་སོགས་པའི་བུམ་པའི་ཆུ་བླུགས་པས་གྲུ་བཞི་པ་ཇི་ལྟ་བ་བཞིན་དུ་བཀང་ལ་དེའི་རྒྱུན་གྱིས་ཟླུམ་པོ་དགང་བར་བྱ་སྟེ། དེའི་རྗེས་སུ་ཉ་ལྕིབས་དང་ཉ་གསོན་པོ་བཅུག་ལ་གཡས་སུ་འཁྱིལ་བར་བལྟ་ཞིང་ཤིང་འོ་མ་ཅན་གྱི་འདབ་མ་བཅུག་ནས་བདག་ཉིད་ཛཾ་ལས་སྐྱེས་པའི་རྡོ་རྗེ་དང་ཛཾ་ ལས་ཛཾ་གུ་ལི་སེར་མོ་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་སེར་བ་དང་གནག་པ་དང་དཀར་བ་གདེངས་ཀ་བདུན་དང་ལྡན་པ་རིན་པོ་ཆེའི་ཅོད་པན་ཅན་ཕྱག་དྲུག་གི་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་མདའ་དང་། གཡོན་པ་དག་གིས་གཞུ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་ འཛིན་པ་ཕྱག་ལྷག་མ་དག་གིས་རང་འོད་ཀྱི་ཐབས་ལ་འཁྱུད་པ་སྣ་ཚོགས་པའི་ན་བཟའ་དང་སྦྲུལ་གྱིས་བརྒྱན་པ། སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་གདན་ལ་བཞུགས་པ། ཉི་མ་འོད་ཅན་དུ་བསྒོམས་ཏེ་པད་ཀོར་ལན་ལྔ་བྱས་ལ་དབང་ཆེན་གྱི་མཐར་ཐུག་པར་བལྟས་པས་གཞི་སྣ་ཚོགས་རྡོ་རྗེའི་ རང་བཞིན་དུ་བསམ་མོ། །ལྟད་མོ་པའི་འཇིག་རྟེན་པ་རྣམས་ཀྱང་སོ་རྩི་དང་མེ་ཏོག་གི་ཕྲེང་བ་དང་ཙནྡན་ལ་སོགས་པས་ཡང་དག་པར་ཚིམ་པར་བྱའོ་ཞེས་པ་གཙུག་ལག་ཁང་ལ་སོགས་པ་བྱ་བའི་དོན་དུ་ས་ཡོངས་སུ་བརྟག་པའི་ཆོ་གའོ།། །།དེ་ནས་ཕུན་སུམ་ཚོགས་པ་མ་ཡིན་ པའི་སྐྱོན་ཐམས་ཅད་དང་བྲལ་བར་ཤེས་པའི་སའི་དུམ་བུ་དེར་ནས་བཏབ་སྟེ་སྐྱེས་ནས་སྔོན་པོར་གྱུར་པ་ལ་བ་ལང་རྣམས་ལོངས་སྤྱོད་དུ་གཞུག་པར་བྱ་ཞིང་། དེ་ནས་དེ་རྣམས་ཀྱི་ཆུ་དང་ལྕི་བ་དང་འོ་མ་རྣམས་བསྲེས་ནས་གཏོར་བས་ཞི་བའི་བདག་ཉིད་ཅན་གཙང་མར་གྱུར་པའི་སའི་འོག་གི་སྐབས་མཐའ་ དག་ཏུ་ཀླུ་ལ་སོགས་པ་བལྟ་བར་བྱའོ། །དེའི་རྗེས་ལ་གཙུག་ལག་ཁང་དང་མཆོད་རྟེན་སྤོང་ཁང་ཁང་བཟངས་ཁང་བརྩེགས་ལྷ་ཁང་ལ་སོགས་བྱེད་འདོད་པ། །དེ་ཡིས་ས་བདག་ཀླུ་ནི་བརྟག་པར་བྱ་སྟེ་ས་ཡི་དུམ་བུ་གང་དེ་གྲུ་བཞིར་བྱ། །ཕྱོགས་ཀྱི་ས་ཡི་ཆ་རྣམས་སོ་སོར་ཟླ་བ་གསུམ་དང་ཉི་མ་ཡི་ནི་གྲངས་ རྣམས་འདིར། །དབང་ལྡན་ནས་ནི་མེ་ཡི་མཐར་ཐུག་ཤར་གྱི་ས་ཡི་ཆ་ནི་དགུ་བཅུར་རྣམ་པར་དབྱེ། །དེ་བཞིན་མེ་ནས་བདེན་བྲལ་ཕྱོགས་ཀྱི་མཐར་ཐུག་བདེན་བྲལ་ནས་ནི་རླུང་གི་ཕྱོགས་ཀྱི་མཐར་ཐུག་དང་། །རླུང་ནས་འབྱུང་པོའི་བདག་པོའི་ཕྱོགས་ཀྱི་མཐར་ཐུག་རྣམས། །དེ་བཞིན་དུ་ནི་ཆ་ནི་ དགུ་བཅུ་ཉིད་དུ་བྱ། །སྟོན་ཟླ་ར་བ་འབྲིང་དང་ཐ་མའི་བར། །ཇི་སྲིད་དབང་ལྡན་ཟུར་གྱི་ཕྱོགས་སུ་མགོ། །བདེན་བྲལ་ཟུར་གྱི་ཕྱོགས་ཆར་མཇུག་མ་སྟེ། ས་ཡི་དུམ་བུའི་དབུས་སུ་གསང་གནས་གཞག །ལྟེ་བའི་འོག་གི་ཆ་ནི་ལག་འགྲོའི་ལུས། །སྟེང་དུ་གདེངས་ཀ་དང་ལྡན་མི་ཡི་ལུས། ། གཤིན་རྗེའི་གདོང་ལྡན་ལག་གཡོན་རྣ་བ་གཡོན། །གཡས་པའང་རིན་ཆེན་དང་བཅས་རྐེད་པར་གཞག །ས་ཡི་ཆ་དགུ་རྣམས་སུ་ཁྱབ་པར་ཉལ། །ཕྱོགས་དེར་ཀླུ་ཡི་མགོན་པོ་ཉིད་དེ་གནས། །ས་ཡི་དུམ་བུའི་སྙིང་པོའི་ཚད་ཇི་བཞིན། །སྲོག་ཤིང་ཤར་ནས་ནུབ་མཐའ་སོགས་འགྲོའི་ལུས། ། ཚེས་གཅིག་གི་ནི་ཉི་མ་ལ་སོགས་པ། །ཉིན་མཚན་རེ་རེ་ལ་ནི་ཆ་རེ་འགྲོ། །ཤར་ནས་ཇི་ལྟར་རིགས་པར་ཆ་རེ་སྤྱོད། །ལྷོ་དང་ནུབ་དང་བྱང་ཕྱོགས་དེ་བཞིན་ནོ། །དགུན་ཟླ་ར་བ་འབྲིང་མཐའི་དཀར་ཕྱོགས་སོགས། །ཆུ་བདག་ཕྱོགས་སུ་ཁ་བལྟས་ཡང་དག་གནས། །མེ་ཡི་ཕྱོགས་སུ་ཡན་ལག་ མཆོག་འགྲོ་ཞིང་། །རླུང་གི་ཟུར་ལ་སོགས་པར་མཇུག་མ་འགྲོ། །དཔྱིད་ཟླ་ར་བ་འབྲིང་དང་ཐ་མར་དེ། །གནོད་སྦྱིན་བདག་པོའི་ཕྱོགས་སུ་ཁ་བལྟས་ནས། །བདེན་བྲལ་ཟུར་སོགས་ཡན་ལག་མཆོག་འགྲོ་ཞིང་། །དབང་ལྡན་ཟུར་སོགས་ཆར་ནི་མཇུག་མ་འགྲོ། །དབྱར་ཟླ་ར་བ་འབྲིང་དང་ཐ་ མའི་དུས། །དེ་ནི་ཤར་གྱི་ཕྱོགས་སུ་ཁ་བལྟས་གནས། །རླུང་གི་ཟུར་སོགས་ཡན་ལག་མཆོག་འགྲོ་ཞིང་། །མེ་ཡི་ཕྱོགས་ཆ་རུ་ནི་མཇུག་མ་འགྲོ། །ལོ་རེ་ན་ནི་ས་ཀུན་ཁྱབ་པ་སྟེ། །ལན་གཅིག་ཙམ་གྱིས་ལེགས་པར་འཁོར་བ་ཡིན། །ཁྱད་པར་ཤེས་ན་ཟླ་བ་ཟླ་བ་ཡི། །དབྱེ་བས་ལག་འགྲོའི་ བདག་པོ་ཡང་དག་རྒྱུ། །ཀླུ་ཡི་བདག་ཉིད་དཀར་པོ་མཛེས་པའི་གཟུགས། །བསྒོམས་ནས་མཇུག་མ་སོགས་ལ་རིམ་པ་བཞིན། །དེ་ལུས་གནས་པའི་ཀླུ་བདག་རྒྱལ་པོ་ལ། །འོ་མའི་རོ་སོགས་ཉེར་སྤྱོད་རྣམས་ཀྱིས་མཆོད། །མཇུག་མའི་ཆ་ལ་རིགས་ལྡན་ཤིན་ཏུ་སྔོ། །གསང་གནས་ སྔོ་བསངས་མདོག་ཅན་སྟོབས་ཀྱི་རྒྱུ། །ལྟེ་བར་དུང་སྐྱོང་པདྨའི་སྡོང་བུ་འདྲ། །དཔུང་པར་པདྨ་ཆེན་པོ་གསེར་གྱི་མདོག །དཱུར་བ་དང་མཚུངས་ནོར་རྒྱས་སྙིང་གར་གནས། །འཇོག་པོ་ཞེས་བྱ་དམར་པོ་མགྲིན་པར་གནས། །རྣ་བར་པདྨ་དཀར་པོ་འོད་དཀར་ཅན། །སྤྱི་བོར་ཀླུ་ནི་མཐའ་ཡས་ སྔོན་པོའོ། །ལས་བྱེད་བགེགས་མཐར་བྱེད་པ་རྣམས་བསྒོམས་ནས། །རྡོ་རྗེས་མཚན་པའི་ཏོག་རྩེ་བརྟན་པོས་གཟུང་། །ཚིམ་པར་བྱས་ནས་བདུད་སྡེ་སྐྲོད་བྱེད་པ། །དེ་ཡིས་དང་པོར་ལག་གཡོན་བཟུང་ནས་ནི། །ལྷ་དབང་ནོར་དབང་ཕྱོགས་སུ་ཁ་བལྟས་ལ། །ཡང་དག་བསྐོར་ནས་ ཁམ་བཞི་བརྐོ་བར་བྱ། །ས་དེ་ཞིང་བར་སྙིང་པོའི་སར་གནས་པས། །མེ་སོགས་ཟུར་དུའང་ཕྱི་རོལ་དོར་བར་བྱ། །དེ་ནས་འབད་པས་ས་ནི་ཁམ་ལྔ་བརྐོ། །ས་ཡི་དུམ་བུའི་དབུས་སུ་མེ་ཏོག་དགྲམ། །ལྔ་པོ་དེ་དག་ལས་རྣམས་བྱེད་པ་ཡིས། །ཕྱོགས་དང་ཕྱོགས་བྲལ་རྣམས་སུ་དུ་མར་ གཏོར། །ཡང་དག་གནས་པའི་ས་ནས་ཆ་ནི་ཉི་ཤུ་གཅིག །དོར་བའི་མཐར་ནི་ཆ་དགུ་འབའ་ཞིག་བརྐོ་བར་བྱ། །དེ་ནི་མཆན་ཁུང་མདུན་གྱི་ཆ་ཡིན་དགེ་བའི་ས། །ཆོས་དོན་འདོད་པ་ཡོན་ཏན་འཕེལ་ཞིང་དངོས་གྲུབ་སྟེར། །གལ་ཏེ་ཆ་དགུའི་རེ་མིག་རྣམས་སུ་ངེས་པར་གནས་པའོ། །ལག་འགྲོའི་ས་ལ་ བརྐོས་ན་ཕ་མ་དང་། །བུ་མོ་བུ་དང་སྤུན་ཟླ་ཆུང་མ་མནའ་མ་དང་། །ཕ་ཚན་གཉེན་དང་གྲོགས་པོའི་སྐྱེ་བོ་འཆི་བར་འགྱུར། །གལ་ཏེ་རྒྱབ་ཏུ་བརྐོས་ན་རང་ཉིད་ཉམས་པའམ། །རང་གི་གནས་ལས་གཡོ་བའམ་ཉུང་མིན་ནོར་ཟད་འགྱུར། །མཇུག་མ་ལ་ནི་གླང་པོ་རྟ་དང་མ་ཧེ་ར། །བ་ལང་ ཕྱུགས་དང་འཁོར་དང་འབངས་དང་སྟོབས་ཉམས་འགྱུར། །གལ་ཏེ་ཁམ་ལྔ་བརྐོས་སར་ཤིང་དང་གྲོག་སྦུར་དང་། །སྐྲ་དང་སེན་མོ་ཐལ་བ་བྱུང་ན་འཚེ་བ་བྱེད། །རྡོ་ལས་རླུང་འཇིགས་སྦུན་པ་དང་ནི་མགལ་དུམ་ལས། །སྣ་ཚོགས་རིམས་འབྱུང་རུས་པ་ལ་ནི་ཟུག་ནད་དོ། །དགེ་དང་མི་དགེ་མཚན་མ་དུ་ མའི་གཟུགས་ཤེས་ནས། །སློབ་དཔོན་བཟོ་བོའི་སྦྱིན་བདག་གི་ནི་སྐྱེ་བོ་ཡིས། །སེལ་མེད་བྱས་པ་བཞི་ཡི་ཁུང་བུ་ཐམས་ཅད་ནི། །དག་པའི་ས་ཡིས་ཀུན་ནས་མྱུར་དུ་དགང་བར་བྱ། །དེ་ཕྱིར་གང་ཞིག་ས་བདག་ཀླུ་དབུས་ཀྱི་ཚངས་ཐིག་དེ་སྲིད་དུ་ཉལ་བར་འཛིན་པ་དེ་རྣམས་ནི་གསུང་རབ་ཀྱི་དོན་མ་ རྟོགས་པས་རྒོལ་བར་བྱེད་པའོ། །དབང་ལྡན་གྱི་ཟུར་ནས་བརྩམས་ཏེ་སྟོན་ཟླ་ར་བ་ལ་སོགས་པ་ཟླ་བ་གསུམ་གསུམ་ཉི་མའི་རིམ་པས་ཕྱོགས་ལ་མངོན་པར་ཁྱབ་པར་ཀླུ་ཉལ་ལོ་ཞེས་པ་ནི་མང་དུ་རིག་པ་རྣམས་ཀྱིའོ་ཞེས་པ་ས་བདག་ཀླུ་ཡོངས་སུ་བརྟག་པའི་ཆོ་གའོ།། །།སེལ་དང་བཅས་པའི་ ས་ལ་གཙུག་ལག་ཁང་ལ་སོགས་པ་བྱས་ན་སྐྱོན་དུ་འགྱུར་བའི་ཕྱིར་ས་སེལ་དབྱུང་བ་བརྗོད་པར་བྱའོ། །དང་པོར་རེ་ཞིག་སློབ་དཔོན་གྱིས་མཚན་ཉིད་དང་ལྡན་པའི་གཞོན་ནུ་མ་རིགས་ལྡན་ལས་བྱུང་བའམ། དེ་མེད་ན་རིགས་གཞན་ལས་བྱུང་བ་ཡང་རུང་། རེ་མིག་དགུ་བྱས་པའི་དབུས་ཀྱི་ཆ་ལ་ཤིན་ཏུ་ འཇམ་པའི་སྟན་ལ་བཞག་ནས་མཉམ་པར་གཞག་པའི་སེམས་ཀྱིས་དེ་རྣམས་བཅོམ་ལྡན་འདས་ཀྱི་གཟུགས་སུ་འབད་པས་བསྒོམས་ཏེ་ཡང་དག་པར་མཆོད་ནས་རིམ་པ་ལ་ཚིག་གང་དྲིས་པའི་ལན་གྱི་ཡི་གེ་བྱིན་པ་རྣམས་ངེས་པར་བརྟག་པར་བྱའོ། །འདི་ལྟ་སྟེ། བ་ཀ་ཙ་ཏ་ཨེ་ཧཱ་ཤ་ཡ་ཡཱ། གང་དུ་དྲིས་པར་གྱུར་པ་ན་ཡི་གེ་འདི་རྣམས་སོ། །ས་གཞི་ཆ་དགུར་བྱས་པ་དེར་ཤར་ལ་སོགས་པའི་སེལ་རིག་པར་བྱ་སྟེ། དྲིས་པའི་ཚེ་བ་ཞེས་པ་ན་དབང་པོའི་ཕྱོགས་ཀྱི་ཁྲུ་ཕྱེད་དང་གཉིས་ན་མིའི་སེལ་ཡོད་པས་དེར་གནས་པའི་མི་རྣམས་ངེས་པར་འཆི་བར་བྱེད་དོ། །དྲིས་པའི་ཚེ་ཀ་ ཞེས་པ་ན་མེའི་ཕྱོགས་ཀྱི་རྐེད་པ་ཙམ་ན་བོང་བུའི་སེལ་ཡོད་པས་ས་དེར་གནས་པ་རྣམས་ལ་རྒྱལ་པོའི་ཆད་པ་དང་བྲང་འགྲོའི་འཇིགས་པ་དང་མི་མཉམ་པ་བྱེད་དོ། །དྲིས་པའི་ཚེ་ཙ་ཞེས་པ་ན་ལྷོ་ཕྱོགས་ཀྱི་རྐེད་པ་ཙམ་ན་མིའི་སེལ་ཡོད་པས་ས་དེར་གནས་པ་རྣམས་ཀྱི་ཁྱིམ་བདག་འཆི་བ་དེས་པར་ བྱེད་དོ། །དྲིས་པའི་ཚེ་ཏ་ཞེས་པ་ན་སྲིན་པོའི་ཕྱོགས་ཀྱི་ཁྲུ་ཕྱེད་དང་དོ་ཙམ་ན་རུས་པ་ཡོད་པས་ཁང་པ་དེར་གནས་པ་རྣམས་ཀྱི་བྱིས་པ་ཟད་པར་ངེས་པར་བྱེད་དོ། །དྲིས་པའི་ཚེ་ཨི་ཞེས་པ་ཆུ་བདག་གི་ཕྱོགས་ཀྱི་ཁྲུ་ཕྱེད་དང་དོ་ན་བྱིས་པའི་སེལ་ཡོད་པས་བདག་པོས་བསྐྲད་ནས་རྟག་ཏུ་ཁང་པ་དེ་སྟོང་པར་ བྱེད་དོ། །དྲིས་པའི་ཚེ་ཧཱ་ཞེས་པ་ན་རླུང་གི་ཕྱོགས་ཀྱི་ཁྲུ་བཞི་ན་སྐྱེས་པའི་སེལ་ཡོད་པར་རིག་པས་རྨི་ལམ་ངན་པ་རབ་ཏུ་མཐོང་བ་དང་དེའི་གྲོགས་པོ་རྣམ་པར་ཉམས་པར་བྱེད་དོ། །དྲིས་པའི་ཚེ་ཤ་ཞེས་པ་ན་ལུས་ངན་པོའི་ཕྱོགས་ཀྱི་རྐེད་པ་ཙམ་དེ་ན་གཉིས་སྐྱེས་ཀྱི་སེལ་ཡོད་པས་ཁྱིམ་དེར་གནས་པ་ རྣམས་ནི་ནོར་སྦྱིན་ལྟ་བུའང་ངེས་པར་མྱུར་དུ་ནོར་མེད་པར་བྱེད་དོ། །དྲིས་པའི་ཚེ་ཡ་ཞེས་པ་ན་མེའི་མཚམས་ཀྱི་ཁྲུ་ཕྱེད་དང་དོ་ན་བ་ལང་གི་སེལ་ཡོད་པས་ས་དེར་གནས་པ་རྣམས་ཀྱི་བ་ལང་དང་ནོར་ཉམས་པར་བྱེད་པར་ཐེ་ཚོམ་མེད་དོ། །དྲིས་པའི་ཚེ་ན་ཡཱ་ཞེས་པ་ན། དབུས་ན་མིའི་སྐྲ་དང་ཐོད་པ་དང་ཐལ་བ་ དང་ལྕགས་ཀྱི་སེལ་ཏེ་འདི་རྣམས་ཡོད་པས་གང་ཁྱིམ་དེར་གནས་པ་རྣམས་ཀྱི་སོ་སོའི་རིགས་ཟད་པར་བྱེད་པར་ཤེས་པར་བྱའོ། །དེ་ལྟར་སེལ་རྣམས་སྐྱོན་དང་ལྡན་པར་ཤེས་ནས་རབ་ཏུ་འབད་པས་བཏོན་ཏེ་སླར་ཡང་དག་པའི་ས་གཞི་དགའ་བ་དེར་ཕུར་བུས་གདབ་པར་བྱའོ། །དངུལ་དང་ཟངས་དང་ཞ་ ཉེ་ནག་པོ་དང་ཞ་ཉེ་དཀར་པོ་དང་ལྕགས་རྣམས་ལས་བརྡུངས་པ་དང་རྡོ་བ་དང་ཤིང་དང་རུས་པ་རྣམས་ཀྱིས་ནི་མ་བསྟན་ཏེ། རིགས་ངེས་པ་མེད་པ་དང་། མཐུ་དང་བརྟན་པ་དང་ཕུན་སུམ་ཚོགས་པ་རྣམས་ཟད་པ་དང་ནད་སྟེར་བར་བྱེད་པའི་ཕྱིར་རོ། །གསེར་གྱི་ཐུར་མ་ནི་སྐྱེ་བོ་དང་སྟོབས་དང་བདེ་བ་དང་ ནོར་དང་གྲུབ་པ་རབ་ཏུ་སྟེར་བར་བྱེད་པའོ། །ཕུར་བུ་ནི་རྒུན་འབྲུམ་གྱི་ཤིང་ལས་བྱས་པ་སྟེ་ལྕགས་ཀྱིས་བརྡུང་བར་བྱའོ་ཞེས་པས་སེལ་དབྱུང་བའི་ཆོ་གའོ།། །།དེ་ལ་ཐིག་ནི་གདབ་པར་བྱ་སྟེ་ཆོ་ག་བཟང་པོས་མཉམ་པར་བྱས་པའི་ས་གཞི་ལ། །ཡེ་ཤེས་ལྔ་ཡི་བདག་ཉིད་རྣམ་དག་ བསྒྲིལ་བ་མདུད་མེད་ལྟེ་བའི་སྟེང་དུ་གནས་པ་དང་། །བརྟན་པའི་བསམ་གཏན་དང་ལྡན་བླ་མ་དམ་པའི་སྣ་རྩེའི་དབུས་སུ་མིག་ནི་བལྟ་བ་དང་། །བཀྲ་ཤིས་གླུ་དང་དྲིལ་བུ་དང་ནི་དུང་དང་གླིང་བུའི་སྒྲ་རྣམས་སྒྲོགས་ཤིང་བསྟོད་པས་སོ། །བུད་མེད་བཟོ་མོའི་ལག་པའི་འདབ་མས་བླངས་པའི་ཆུ་དང་ བསྲེས་ཤིང་རབ་རྒྱས་འབར་བ་ཡི། །མེ་ཏོག་གསེར་བཟང་དང་མཚུངས་དྲི་ལྡན་མཆོད་ཡོན་སྦྱིན་བདག་གིས་ནི་ཡང་དག་དབུལ་བར་བྱ། །མཚན་མ་ཡང་ནི་ངེས་པར་བརྟག་པར་བྱ་སྟེ་ཐིག་སྐུད་ཆད་པར་གྱུར་ན་བླ་མ་འཆི། །ཅེ་སྤྱང་དང་ནི་བྱ་རྒོད་བྱ་བང་ངུ་བར་གྱུར་ན་རྗེ་བོ་ངེས་པར་འཆི་བར་འགྱུར། །གང་ གིས་རིགས་ཀྱི་ཁྱད་པར་ལས་སྐྱེས་སེམས་ཅན་རྣམས་ཀྱིས་ཐིག་སྐུད་ལས་ནི་འགོམས་གྱུར་ན། །དེ་ཡི་རིགས་ཀྱི་རུས་པ་དེར་ནི་ངེས་པར་ཐིག་སྐུད་ཀྱི་ནི་འོག་གི་ས་ལ་སྟེ། །ཐིག་བྱེད་པ་ན་སྦྱིན་བདག་གཞོགས་སུ་འོངས་ནས་གང་གི་མིང་ནི་ཡང་དག་སྒྲོགས་བྱེད་པ། །དེ་ཡི་མིང་དང་རྗེས་འགྲོའི་སེམས་ ཅན་ཀེང་རུས་སྦྱིན་བདག་གནས་པའི་ས་ཡི་དུམ་བུ་ལའོ། །རང་གི་ལུས་ལ་རེག་ན་ཆོ་གའི་དབང་ལས་དེ་ཡི་ཚད་ཀྱིས་མྱུར་དུ་བརྐོ་བར་བྱ། །དེ་ནས་སེལ་ཡོད་རྣམ་མང་པོ་ཡི་མཚན་མ་གསུངས་པ་འདིར་ནི་ཡང་དག་བསྡུས་པ་ཙམ། །རེ་ཞིག་བ་ལང་འོངས་ནས་ལྕི་བ་གཏོང་བར་བྱེད་ན་དེ་ཡི་ཚད་ཀྱི་གསེར་ གནས་ཤིང་། བྱིས་པ་དང་ནི་གཞོན་ནུ་མ་གང་ཕྱི་ས་གཏོང་ན་དེ་ཡི་ཚད་ཀྱི་དངུལ་ཡོད་དོ། །སྦལ་པའི་སྒྲ་ལས་ཁྱིམ་ལ་ཆུ་ཡིས་འཇིགས་བྱེད་དུ་བ་ལས་ནི་སེམས་ལ་སྡུག་བསྔལ་ཏེ། །ནད་པ་ལུས་ཉམས་མཛེ་བོ་ལས་ནི་རང་དབང་མེད་པ་བུད་མེད་མཐོང་ན་ནད་དང་ལྡན། །ཤང་ཤང་དང་ནི་རྨ་བྱ་ཁུ་བྱུག་ ནེ་ཙོ་དག་དང་ངུར་པ་དང་ནི་ངང་པའི་སྒྲ། །དེ་རྣམས་མགྲིན་པ་སྒྲོག་པ་མཐོང་ན་དགེ་བ་འཕེལ་བར་བྱེད་ཅིང་ཕུན་སུམ་ཚོགས་པར་བྱེད། །སེང་གེ་དང་ནི་ཆུ་འཛིན་རྒྱལ་པོ་གླང་པོའི་སྒྲ་ལས་ནོར་ཐོབ་འབྲུ་ནི་འཕེལ་བ་སྟེ། །བྱིས་པ་རྩེ་བ་ལ་ནི་དུང་དང་བཀྲ་ཤིས་སྒྲ་ལས་དེ་ཡི་ཁྱིམ་དུ་རྫས་རྣམས་འོང་། ། གདུགས་དང་ཆུ་སྐྱེས་མཁའ་དང་སྙེ་མ་རྒྱལ་མཚན་བུམ་པ་རྒྱན་དང་རྒྱལ་པོའི་ཆུང་མ་དང་། །ཉ་དང་འོ་མ་ཞོ་ཡི་དབང་པོ་ཆང་དང་མེ་འབར་འབྲས་བུ་རྣམས་ལས་རྒྱལ་བའོ། །འབྲུ་དང་ནོར་དང་བུ་སོགས་འཕེལ་ཏེ་མཉམ་མེད་བྱ་བ་ཡོངས་སུ་རྫོགས་པ་དེ་ཡི་ཚེ། །དགེ་སློང་བྲམ་ཟེ་བློ་ལྡན་ཕྱུག་པོ་དམ་ པའི་སྐྱེ་བོ་ཡང་དག་མཐོང་ན་ཆོས་དང་ལྡན། །ས་ལ་ཐིག་རྣམས་གདབ་པའི་ཆོ་ག་རབ་ཏུ་བརྩམས་ནས་ལྷ་རྣམས་ཡང་དག་བཀོད་པ་ན། །དེ་ཚེ་མཆོག་གི་རྟགས་ནི་འདི་དག་ཕན་པ་འཕེལ་བར་བྱེད་པས་ཡོངས་སུ་བརྟག་པར་བྱ། །བཟོ་བོ་སློབ་དཔོན་རྣམ་དཔྱོད་དང་ལྡན་མཛེས་ཤིང་མཁས་པས་མི་དགེ་བ་ རྣམས་ཀུན་དུ་སྤངས། །གང་ཞིག་གནས་རྣམས་ཀུན་དུ་གནས་པའི་སྐྱེ་བོ་རྒྱལ་པོ་སྦྱིན་བདག་རྣམས་ལ་ཇི་ལྟ་བར། །བཀྲ་ཤིས་དང་ནི་དགེ་འཕེལ་བ་ཡི་ཆེད་དུ་དང་པོར་ཤིན་ཏུ་རྣམ་པར་སྤྱད་ནས་དེས། །དམ་པའི་སྐར་མ་གཟའ་དང་སྦྱོར་བ་ཉི་མ་དགེ་བ་དག་ལ་བྱ་བ་ཡང་དག་བརྩམ། །ཞེས་པས་སེལ་ ལ་ཐིག་གདབ་པའི་མཚན་མའི་ཆོ་གའོ།། །།མཆོད་རྟེན་ལ་སོགས་ས་ཡི་གཞི་ལ་གནས་པའི་མཐའ་དག་ལྷ་རྣམས་དང་། །ཕྱོགས་སྐྱོང་བ་དང་ཀླུ་དང་ནོར་འཛིན་རྒྱལ་དང་བྱང་ཆུབ་སེམས་དཔའ་རྣམས། །ཕྱི་ཡི་ཆོ་གས་མཆོད་པར་བྱ་སྟེ་ཡིད་ཆོས་ཤེས་པ་ཡིས། །ས་ཡི་དུམ་བུའི་སྙིང་པོ་ ཡོངས་སུ་དག་པའི་དབུས་སུ་གནས་པས་སོ། །ས་དང་ཆུ་དང་མེ་དང་རླུང་རྣམས་ཀྱི་ནི་དཀྱིལ་འཁོར་མཐའ་དག་ལས། །ཡང་དག་བྱུང་བའི་རི་རབ་སྟེང་གི་རྩེ་མོར་སྣ་ཚོགས་རྡོ་རྗེ་སྟེ། །དེ་ཡི་འོད་ཟེར་དྲ་བའི་ཚོགས་རྣམས་ཀྱིས་ནི་མདའ་ཡི་དྲ་བ་དང་། །རྡོ་རྗེའི་ར་བ་གུར་དང་བླ་རེས་མཐའ་དག་ལེགས་པར་ བསྲུང་བར་བྱ། །དཔལ་ལྡན་སེང་གེ་རྣམ་པར་གནོན་པའི་ཏིང་ངེ་འཛིན་གྱིས་བར་སྣང་དུ། །བྷྲཱུཾ་ཡིག་དང་ནི་འཁོར་ལོ་རྒྱལ་བའི་འོད་ཟེར་ལས་བྱུང་གཞལ་ཡས་ཁང་། །གཙུག་ལག་ཁང་དང་ཁང་བཟངས་ཁྱིམ་དང་འགྲོན་ཁང་དང་ནི་ལྷ་ཁང་རྣམས། །མཐའ་དག་དགེ་འདུན་གྱིས་ནི་ལེགས་ པར་ཡོངས་སུ་གང་བ་སེམས་ཀྱིས་བསམ། །བྷྲཱུཾ་ཡིག་འོད་ཀྱིས་ཕྲ་རབ་རྡུལ་གྱི་ཚོགས་གྱུར་སོ་ཕག་ལ་སོགས་པ། །མཐའ་དག་པདྨའི་དབུས་སུ་གནས་པ་རྣམས་ནི་ཡང་དག་མཆོད་བྱ་ཞིང་། །ཡོངས་སུ་རྫོགས་ཤིང་ཆོས་ལ་མཆོག་ཏུ་འབར་བས་མཛེས་ཤིང་ཟུར་ལྡན་རྣམས། །དྲི་ཡི་ཆུ་དང་ཙནྡན་ དམར་པོ་གུར་གུམ་གྱིས་ནི་བྱུག་པར་བྱ། །གྲོག་ཚང་ཅན་དང་འབུ་ཡི་ཚོགས་ཀྱིས་ཟོས་པ་དང་ནི་ཆག་པ་དང་། །ཟུར་ཉམས་པ་དང་མཐའ་དག་ཕྱུགས་ཀྱི་རྐང་རྗེས་ཅན་དང་ཡོན་པོར་གྱུར། །འདི་རྣམས་སྤངས་ཏེ་པྲི་ཡང་ཀུ་དང་མེ་ཏོག་རྣམས་དང་ལེ་བརྒན་རྩི། །སིནྡྷུ་ར་དང་འཁུར་བ་དཀར་ པོའི་ཚངས་སྐུད་ཏིལ་ལ་སོགས་པས་ཀྱང་། །ཡང་དག་ཚིམ་པར་བྱ་སྟེ་རྩིག་མཁན་བཟོ་བོའི་ཚོགས་ནི་མཁས་པ་རྣམས། །གསེར་གྱི་གདུ་བུ་རྣམས་དང་རྣ་རྒྱན་ལག་པ་ཡི་ནི་སོར་གདུབ་དང་། །གོས་དང་གསེར་དང་བཟའ་བ་བཏུང་བ་གོ་ཡུ་དང་ནི་མེ་ཏོག་གིས། །ལྟད་མོ་བ་དང་མི་ ཡི་བདག་པོའང་ཡང་དག་ཡོངས་སུ་ཚིམ་པར་བྱ། །ཤར་དང་བྱང་དུ་ཁ་ཕྱོགས་དེ་བཞིན་གཤེགས་དང་ཟླ་བ་ཉི་མ་དག །བལྟས་ནས་རྒྱས་པའི་སེམས་ཀྱིས་བླ་མ་དང་ནི་བཟོ་བོའི་གཙོ་བོ་ཡིས། །ཟླ་བ་དང་ནི་ཉི་མའི་ལམ་ནས་འཛིན་མའི་རླུང་ནི་རྒྱུ་བ་ན། །བརྩམས་པས་ཕ་གུ་དངུལ་དང་གསེར་གྱི་རུས་སྦལ་སྟེང་དུ་གཞག་ པར་བྱ། །དབང་པོ་དང་ནི་བྱང་དུ་གནས་པས་དང་པོར་བརྟན་པའི་ཡིད་ཀྱིས་ནི། །དེ་རྣམས་མེ་ཡི་ཟུར་གྱི་ཕྱོགས་ལ་སོགས་པར་རིམ་པ་ཇི་བཞིན་དུ། །གཡས་སུ་བསྐོར་བའི་རིམ་པས་ངེས་པར་སྦྱར་ན་རྫོགས་པར་འགྱུར་བ་སྟེ། །སྟོང་ཕྲག་ཕྱོགས་ཀྱི་ཁོར་ཡུག་དག་ཏུ་ཕ་གུ་རྣམས་ནི་བཞག་པས་སོ། ། ཡིད་བཟང་གིས་ནི་དྲིལ་བུ་དཀྲོལ་ཞིང་གཡས་པའི་ཕྱག་ཏུ་རྡོ་རྗེ་ནི། །ལེགས་པར་གནས་པས་དེ་ནས་ཡོངས་སུ་བཟླས་ཏེ་སྔོན་ལ་ཕྱོགས་བྲལ་རྣམས། །རྣམ་པར་སྣང་མཛད་ལ་སོགས་བུམ་པ་ཆུ་ཡིས་མངོན་པར་གཏོར་བྱ་ཞིང་། །ཉེ་བར་སྤྱོད་པ་ལྔ་ཡི་ཆོ་ག་སློབ་མས་ཡོངས་སུ་གཟུང་བར་བྱ། ། བདེ་གཤེགས་སྲས་ཀྱི་ཚོགས་ཀྱིས་གང་བར་དམ་པའི་ཆོས་ནི་བཀླག་བྱ་ཞིང་། །སྐྱེ་བོ་རབ་ཏུ་དགའ་བས་འདུས་ཤིང་ཀུན་ནས་དགའ་བ་ཚོགས་པའི་དུས། །གོས་མེད་པ་དང་ལུས་དམན་གྱུར་པའི་སྡུག་བསྔལ་རབ་ཏུ་གྲོལ་བ་ན། །དགེ་བའི་ཚེས་དང་དུས་སྦྱོར་ལ་ནི་དང་པོར་རོལ་མོ་གླུ་དབྱངས་བྱ། ། ཕ་གུ་ལ་སོགས་པ་བཞག་པ་རྣམས་ལ་སྦྱིན་བདག་དང་མཁས་པ་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་སྤྲོ་བ་དང་བཅས་པས་དགེ་བའི་ཆུའི་རྒྱུན་སྦྲེངས་ཏེ་ཕྱོགས་མཐའ་དག་ཏུ་གྲམ་པར་བྱའོ། །གཙུག་ལག་ཁང་མིག་གི་རིངས་སུ་ཕྱེད་ལྷག་པའི་ཚད་དེ་ཞེང་དུ་ཆེ་བ་ནི་མཆོག་གོ། །ཞིང་གི་བཞི་ ཆ་གསུམ་དང་མཉམ་པ་ནི་སྟེགས་བུ་དང་མྱོས་པ་བསྲུང་བའི་རྩེ་མོའོ། །དོང་དགང་བ་ནི་དེ་བཞིན་དུ་སྐ་རགས་ཙམ་མེ་དང་མདའ་དང་ཐུབ་པར་གསུངས་ཤིང་གང་ཡང་ཆུ་དང་རྡོའི་མཐར་ཐུག་པར་བྱ་སྟེ། རྩིག་པ་ནི་གྲོས་སུ་བྱའོ། །མ་ཐེམ་གྱི་ནི་གདུང་གི་མཐར་ཐུག་པའི་ཚད་གང་ཡིན་པ་སྟེ་དེ་བཞིན་ དུ་རྩེ་མོའི་མཐར་ཐུག་པའི་རིངས་སུ་ནི་ཆ་གསུམ་གྱི་ཚད་དུ་འགྱུར་ཞིང་། ཆ་རེ་རེ་ནི་ཆ་ཆེན་པོའོ། །ཀ་བ་དང་ནང་གི་དྲ་བ་ནི་ཆ་ལྔའི་ཆ་གསུམ་དུ་གསུངས་སོ། །ཆ་དང་ཆའི་དུམ་བུ་ཡོངས་སུ་རྫོགས་པའི་ཁོར་ཡུག་གི་ཕྲེང་བར་ཤིང་གི་ལས་ཀ་མཉམ་པའོ། །སྟེགས་བུ་ལ་ལྔ་ཆའི་ཆ་གཉིས་ནི་རྩིག་པ་ཆེན་པོའི་ ཞེང་ངོ་། །རྩིག་པ་དེ་ལ་ཆ་ལྔའི་ཆ་གཉིས་ནི་ཕ་གུའི་རིངས་ཀྱི་ཚད་དོ། །དེའི་རིངས་སུ་ཡང་ཆ་ལྔ་སྟེ། ཞིང་དུ་ནི་ཆ་གསུམ་དང་ལྡན་པ་ཕ་གུར་བསྟན་ཏོ། །དེའི་ཆ་གསུམ་གྱི་ཆ་གཅིག་ནི་དཔངས་ཏེ་ཁང་བཟངས་ཀྱི་ཆ་ཐམས་ཅད་དུའོ། །ཨོཾ་བྷྲཱུཾ་སརྦ་ཏ་ཐཱ་ག་ཏཱ་སརྦ་བུདྡྷ་ཨཱ་ལ་ཡཾ་ཨ་དྷི་ཏིཥྛནྟུ་སྭཱ་ཧཱ། ཞེས་པ་སོ་སོའི་ཟུར་ལ་ལན་བདུན་གྱིས་ཕ་གུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཞི་བའི་སྦྱིན་སྲེག་གིས་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཀྱང་ཡང་དག་པར་མཉེས་པར་བྱས་ནས་སའི་བདག་པོ་དང་སྦྱིན་པའི་བདག་པོ་ལ་ཡང་ཞི་བར་བྱ་ཞིང་ལྷག་མའི་གཏོར་མ་སྦྱིན་པར་བྱའོ། །སྔ་མ་དང་འདིར་ ཡང་ཆོ་ག་རྣམས་སྤྲོ་བས་ནུས་པ་བཞིན་བྱས་ཏེ་དགེ་འདུན་གྱི་སྟོན་མོ་དང་བླ་མ་ལ་ཡོན་དབུལ་བར་བྱའོ་ཞེས་པ་གཙུག་ལག་ཁང་དང་མཆོད་རྟེན་དང་དྲིའི་གཙང་ཁང་དང་གྲོང་ཁང་སྤོང་ཁང་གི་མཆོད་ཡོན་གྱི་ཆོ་གའོ།། །།རྫིང་དང་ཆུ་མིག་དང་ཁྲོན་པ་ལ་སོགས་པ་བྱེད་པ་ན་གཏོར་མ་དང་མཆོད་ པ་སྔོན་དུ་འགྲོ་བས་མཆོད་ཡོན་ལ་སོགས་པ་བྱས་ལ་རྣམ་པར་སྣང་མཛད་ཉིད་ཨོཾ་བཾ་བཛྲ་བ་རུ་ཎ་ཧཱུཾ་ཞེས་པ་འདིས་རྡོ་རྗེ་ཆུ་བདག་གི་གཟུགས་སུ་བསམས་ནས་དེ་ཡོངས་སུ་གྱུར་པ་ལས་སྐྱེས་ཏེ་ཀླུ་རིགས་བརྒྱད་ཀྱི་གནས་ཡེ་ཤེས་ཀྱི་བདུད་རྩིའི་ཆུས་བཀང་ལ་ཨོཾ་བཛྲ་སཏྭ་ས་མ་ཡ་སྟྭཾ། ཞེས་བརྗོད་ ཅིང་མེ་ཏོག་གཏོར་ནས་དབང་ཆེན་གྱི་ས་གཞི་ལ་ཐུག་པར་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བར་བལྟའོ་ཞེས་པ་རྫིང་ལ་སོགས་པའི་མཆོད་ཡོན་གྱི་ཆོ་གའོ།། །།ལུགས་མ་དང་བརྡུངས་མ་དང་བྲིས་མ་ལ་སོགས་པའི་སྐུ་གཟུགས་བྱེད་པ་ན་མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བས་བཟོ་བོ་རྣམས་ བྱེད་པར་འགྱུར་བའི་ལྷའི་རིགས་ཀྱི་བདག་པོའི་གཟུགས་སུ་བྱས་ཏེ། སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོ་ལ་གནས་པའི་ཧཱུཾ་དང་ཨཱཿདང་ཨོཾ་གྱི་ཡི་གེ་རྣམས་དང་། གཡོན་པ་དང་ཅིག་ཤོས་ཀྱི་ལག་པ་དག་ལ་ཟླ་བ་དང་རྡོ་རྗེ་དག་དང་ལྡན་པར་སྐད་ ཅིག་གིས་རྣམ་པར་བསྒོམས་ལ། དེ་རྣམས་ཀྱི་སྙིང་ག་ལ་སོགས་པ་རྣམས་སུ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་རེག་ཅིང་། ཧཱུཾ་ཨཱཿཨོཾ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །འཆད་པར་འགྱུར་བའི་སྦྱང་བའི་ཆོ་གས་ཤིང་དང་འཇིམ་པ་དང་རྡོ་བ་ལ་སོགས་པའི་རྫས་ ཀྱི་དངོས་པོ་གཙང་མ་རྣམས་སྟོང་པ་ཉིད་དང་། ཕྱི་ནས་སྙིང་གའི་ས་བོན་གྱིས་བྱེད་པར་འགྱུར་བའི་ལྷའི་གཟུགས་སུ་སྐད་ཅིག་གིས་རྣམ་པར་བསམས་ལ། བཅོམ་ལྡན་ཞེས་པ་ལ་སོགས་པ་ནས། ཉེ་བར་གནས་པར་མཛད་པའི་རིགས། །ཞེས་པའི་མཐར་ཐུག་པ་འཆད་པར་འགྱུར་བ་རྣམས་བརྗོད་པར་ བྱའོ། །ཐམས་ཅད་དུའང་འདིར་བསྒོམས་པའི་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ་ཞེས་པ་སྐུ་གཟུགས་ལ་སོགས་པའི་མཆོད་ཡོན་གྱི་ཆོ་གའོ།། །།དམ་པའི་ཆོས་འདྲི་བར་བྱེད་པ་ན་མཆོད་པ་དང་གཏོར་མ་སྔོན་དུ་འགྲོ་བས་ཡེ་ཤེས་ལྔའི་བདག་ཉིད་ཀྱི་ཤོག་བུ་རྣམས་དྷིཿཡིག་ཏུ་རྣམ་ པར་བསྒོམས་ཏེ་དེའི་འོད་ཟེར་གྱིས་སྤྱན་དྲངས་པའི་རྫོགས་པའི་སངས་རྒྱས་རྡོ་རྗེ་ཆོས་ཀྱི་བདག་ཉིད་དུའོ། །ཡན་ལག་དགུའི་དམ་པའི་ཆོས་རྣམས་ནི་སོ་སོའི་སྒྲའི་བདག་ཉིད་ཕན་ཚུན་རྗེས་སུ་ཆགས་པ་སྟེ་སྔ་མ་ལས་མི་འགྱུར་བའི་ཨཱཿཡིག་ཡོངས་སུ་གྱུར་པའོ། །བྲིས་མཁན་རྣམས་ནི་སྔ་བར་ རྣམ་པར་སྦྱངས་ཏེ་འོད་དཔག་མེད་ཀྱི་གཟུགས་སུ་རྣམ་པར་བསྒོམ་མོ། །རང་ཉིད་ཀྱིས་ཀྱང་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་འདིས་སྨྱུ་གུ་དང་། ཨོཾ་ཨཱ་བིགྷཱནྟ་ཀྲྀཏ་ཧཱུཾ། ཞེས་པ་འདིས་སྣག་ཚའི་སྣོད་ལན་ཉི་ཤུ་རྩ་གཅིག་ཏུ་བྱིན་གྱིས་བརླབ་ཅིང་བྲིས་མཁན་གྱི་ལག་པ་གཡོན་པར་སྣག་ཚའི་སྣོད་ཆོས་ཀྱི་འབྱུང་གནས་དང་ གཡས་པར་སྨྱུ་གུ་རྡོ་རྗེའི་རང་བཞིན་ཅན་བྱིན་ལ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སརྦ་ཨཛྙཱ་ན་པ་ཊ་ལ་ཨ་པ་ཧཱ་རི་ཎི་ཧྲཱིཿསྭཱ་ཧཱ། ཞེས་པའི་སྔགས་ཀྱིས་རབ་ཏུ་གཞག་སྟེ། སྣག་ཚའི་སྣོད་དང་སྨྱུ་གུ་དག་སྦྱར་ནས་གང་ཞིག་ཤེས་རབ་དང་ཡེ་ཤེས་རྣམ་པར་འཕྲོ་བས་གང་བྲིས་པ་དེ་རྣམས་དེ་ཡོངས་སུ་རྫོགས་ པའོ་ཞེས་བསམ་པར་བྱའོ། །བསྒོམས་པའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་བར་བྱའོ་ཞེས་པའོ། །རྐེད་གསོག་གཟུགས་ཅན་དང་ཚངས་སྐུད་ཅན། །སྣག་ཚ་སྐུ་དང་རལ་པ་ཅན། །ངན་པས་འཚོ་དང་གྱ་གྱུའི་བདག །དམ་ཆོས་དོན་ལ་ཡོངས་སུ་སྤང་། །བརྩམས་ཏེ་དང་པོའི་འདབ་མ་ ལ། །རྩ་བའི་ཆ་ཡིས་ལེགས་བྲི་ཞིང་། །ཕྱི་ནས་རྩེ་མོས་ཡང་དག་བྲི། །བྲིས་མཁན་ཕན་པར་གཏོགས་པས་སོ། །ཀུ་ལའི་རྒྱབ་ཀྱི་རིམ་པ་ལྟར། །དེ་བཞིན་ཕྲེང་བ་དེ་ཡིས་བྱ། །ཆ་ལྔ་མཉམ་པར་བྱས་ནས་ནི། །གཡས་པ་ལ་ནི་ཆ་གསུམ་དོར། །གཡོན་ལ་ཆ་གཉིས་དོར་བ་ཡི། ། དབུས་སུ་བུག་པ་དགེ་བ་ཐོབ། །ཅེས་པ་ནི་བུག་པ་གཅིག་པ་ནི་མཚན་ཉིད་དོ། །ཆ་གསུམ་མཉམ་པར་བྱས་ནས་ནི། །བུག་པ་གཉིས་པ་དགེ་བ་འཕེལ། །ཞེས་པ་དམ་པའི་ཆོས་འདྲི་བའི་མཆོད་ཡོན་གྱི་ཆོ་གའོ།། །།གཙུག་ལག་ཁང་དང་ཁང་བརྩེགས་ཁང་མིག་གནས་པ་གང་། ། མཆོད་རྟེན་ལ་སོགས་སྐུ་གཟུགས་རྙིང་པ་ཤིང་རུལ་དང་། །ཆག་དང་ཚིག་དང་དུམ་བུར་སོང་དང་ཆ་ཤས་གས། །དེ་རྣམས་སྦྱིན་བདག་རྒྱལ་པོ་རྣམས་ལ་ཤིས་པ་མིན། །དེ་ཕྱིར་སྐྱེ་དགུའི་སྦྱིན་བདག་རྒྱལ་པོ་རྣམས། །མཆོག་གི་དོན་དང་བསོད་ནམས་གྲོལ་དོན་དུ། །ཡང་དག་རྙིངས་པར་ གྱུར་རྣམས་གསོ་ཞིང་བསྒྲུབ་བྱ་སྟེ། །གཙོ་བོའི་སློབ་དཔོན་མཆོག་རྣམས་ཀྱིས་ནི་འབད་པས་སོ། །ཐུབ་པའི་དབང་པོའི་ཚོགས་ལ་མེ་ཏོག་ལ་སོགས་པའི། །ཉེར་སྤྱོད་རྣམས་ཀྱིས་མཆོད་ནས་གསོལ་བ་གདབ་བྱ་ཞིང་། །དཔང་དུ་བྱས་ནས་ཕྱོགས་སྐྱོང་རྣམས་དང་ལྷ་ཀུན་དང་། །གནས་ ཀྱི་བདག་པོར་སྦྱིན་སྲེག་གཏོར་མ་རབ་ཏུ་སྤྱད། །ཚིམ་པར་བྱས་ནས་སྐར་མ་གཟའ་དང་དུས་ཚིགས་ནི། །དགེ་བ་ཉིད་དང་གཙང་བ་ཉིད་ལ་ངེས་པར་བརྟག །དཔལ་ལྡན་རྡོ་རྗེ་སེམས་སོགས་རྣམ་བསྒོམས་བདག་ཉིད་ཅན། །སློབ་དཔོན་རང་གི་སྡེ་དང་བཅས་པས་ལས་རྣམས་བསྒྲུབ། །རང་གི་ གསང་སྔགས་བརྒྱ་དང་རྩ་བརྒྱད་བཟླས་ནས་ནི། །རྡོ་རྗེས་ཕྱག་མཚན་བརྟན་ཞིང་དཔའ་བའི་སློབ་དཔོན་གྱིས། །ཕྲེང་བ་དང་ནི་སྐུད་པ་ལྔ་ལ་རྣམ་བཅིངས་ཏེ། །སྐུ་གཟུགས་ཡེ་ཤེས་རིགས་དེའི་སྙིང་ནས་མྱུར་བ་ཡིས། །བཀུག་ནས་ས་བོན་ཡི་གེའི་ཕྲེང་སྐྱེས་གནས་པ་རྣམས། །ཧོ་ཡིག་སྙིང་པོར་ བྱས་ནས་འོད་ཀྱི་ཕྲེང་བ་ནི། །ཉེར་སྤྱོད་ལ་སོགས་སྔོན་དུ་འགྲོ་བའི་ཆོ་ག་ཡིས། །གནས་ལས་རྗེས་སུ་མཐུན་པ་མིན་པ་བསྒོམ་པར་བྱ། །མཚན་མས་རབ་བརྒྱན་མཛེས་ཤིང་གསར་པ་རྣམ་དག་པའི། །བུམ་པར་བདུད་རྩི་ལྔ་ལ་སོགས་པས་རབ་རྫོགས་བྱ། །བུམ་པའི་ནང་དུ་གནས་པ་ རྣམ་པར་དག་པའི་སྐུ། །བརྟན་པའི་བདག་ཉིད་ཅན་གྱིས་རྟག་ཏུ་ཡང་དག་མཆོད། །འཁྲུལ་འཁོར་རྣམས་ཀྱིས་བཟོ་བོའི་སྐྱེ་བོས་རྣམ་བསྐྱེད་དེ། །རྡོ་བ་དང་ནི་ས་ཡི་རང་བཞིན་རྙིང་པའི་གཟུགས། །འདི་རྣམས་མུ་སྟེགས་ཅན་གྱི་ཆུ་བོ་རུ་ནི་དོར་བྱ་ཞིང་། །ཅི་སྟེ་ན་ཡང་ རི་ཕུག་ཟབ་མོའི་ནང་སོགས་སུའོ། །གལ་ཏེ་ཤིང་གི་བདག་ཉིད་ཡིན་ན་གོས་གསར་བཅིང་། །ཏིལ་མར་བསྐུས་ཏེ་ཆོ་ག་ཤེས་པར་བསྲེག་པར་བྱ། །རྫས་ཀྱི་བདག་ཉིད་ཅན་རྣམས་བཞུ་བར་བྱས་ནས་ནི། །དེ་ཡང་བདག་ཉིད་ཡོངས་སུ་རྫོགས་པར་བླུགས་པར་བྱ། །སྔར་གྱི་ཚད་ལ་མྱུར་དུ་ གཟུགས་ནི་མཛེས་པ་འམ། །སྔར་བས་ལྷག་པའི་ཡོངས་རྫོགས་སྐུ་ནི་བཞེངས་བྱ་སྟེ། །སྙིང་སྟོབས་ལྡན་པའི་བདག་ཉིད་ཀྱིས་ནི་འབད་པ་ཡིས། །མཆོད་ཡོན་སྔོན་དུ་འགྲོ་བའི་མཆོད་པ་བསྒྲུབ་པར་བྱ། །བུམ་པའི་ལྟོ་ནས་རང་གི་ས་བོན་ཕྱུང་ནས་ནི། །ཡེ་ཤེས་རིགས་ནི་སྐུ་གཟུགས་ལ་གནས་རབ་ཏུ་ བྱ། །མཆོད་འགྱུར་མཆོད་པ་དམ་པ་དེ་ལ་རིམ་པ་སྟེ། །མྱུར་བས་ཆོ་ག་ཇི་བཞིན་རབ་ཏུ་གནས་པའོ། །སོ་ཕག་རང་བཞིན་དང་ནི་རྡོ་རྗེའི་རང་བཞིན་རྙིང་གྱུར་པའི། །མཐའ་དག་མཆོད་རྟེན་དངོས་རྣམས་དེ་བཞིན་ཡོངས་དག་བྱས་ནས་ནི། །སྙིང་པོར་བྱས་ཏེ་མཆོག་གི་དངོས་གྲུབ་བྱེད་པའི་སྐྱེ་བོ་ ཡིས། །ཤིང་ཡང་དེ་བཞིན་ཉིད་དེ་གསེར་སོགས་བླུགས་པར་བྱ། །གཙུག་ལག་ཁང་དང་ཁང་བཟང་ཁྱིམ་དང་འགྲོན་ཁང་ལྷ་ཁང་རྣམས། །རྣམ་པར་སྣང་མཛད་རང་བཞིན་དུ་ནི་ངེས་པར་རབ་བསྒོམས་ནས། །ཡང་དག་གནས་ནས་ལེགས་པར་བཀུག་སྟེ་བུམ་པའི་ནང་དུ་ནི། །གཞག་ནས་ སྔར་གྱི་ཆོ་ག་བཞིན་དུ་ཡང་དག་སྤྱད་པར་བྱ། །སྦྱིན་སྲེག་ཉེར་སྤྱོད་གཏོར་མ་བཟའ་བ་བཀྲ་ཤིས་བྱས་ནས་ནི། །རབ་འབྱམ་ཐུབ་པའི་གང་ཟག་རྣམས་ནི་ཤིན་ཏུ་མཉེས་བྱས་ཏེ། །བསྙེན་བཀུར་དང་ནི་མཆོད་པའི་རྒྱན་རྣམས་རྣམ་པར་བསྒྲུབ། །དེ་ལྟར་བྱས་ན་མཐའ་དག་འཇིག་རྟེན་ཕན་ པ་ཐོབ་པར་འགྱུར། །ཞེས་པ་རྙིང་པ་གསོ་བའི་མཆོད་ཡོན་གྱི་ཆོ་གའོ།། །།འདིར་ཇི་ལྟར་རིགས་པར་འཆད་བཞིན་པའི་ཆོ་ག་རྣམས་སུ། གསེར་དང་དངུལ་དང་ཟངས་དང་རྡོ་དང་ཤིང་། །ས་བྱ་ཉ་ལྕིབས་དུང་དང་ནི། །འདབ་མའི་ཀྱོང་བུ་ཞབས་བསིལ་དང་། །བསང་གཏོར་ཞལ་ བསིལ་མཆོད་ཡོན་སྣོད། །དེ་ལ་སྣོད་གཅིག་ཏུ་ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང་། ཀུ་ཤ་དང་ཏིལ་དང་འབྲས་ཡོས་བདུད་རྩི་དང་བཅས་པའི་དྲི་དཀར་པོའི་ཆུ་བླུགས་ལ། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་དང་རང་གི་བདག་པོའི་སྔགས་དང་འཁྱིལ་པའི་སྔགས་རྣམས་ཀྱིས་ལན་བདུན་ནམ་བརྒྱ་རྩ་ བརྒྱད་དུ་བསྔགས་པར་བྱ་སྟེ་ཞི་བའི་དོན་དུའོ། །རྒྱས་པའི་དོན་དུ་ནི་ཏིལ་དང་ཞོ་དང་མེ་ཏོག་སེར་པོ་དང་དཱུར་བ་དང་བདུད་རྩི་དང་བཅས་པའི་དྲི་སེར་པོའི་ཆུ་བླུགས་ལ་དེ་བཞིན་དུ་བཟླས་པར་བྱའོ། །དེ་ནས་རང་གི་གཡོན་ལོགས་སུ་མཆོད་ཡོན་གྱི་སྣོད་དང་ཞབས་བསིལ་གྱི་སྣོད་དང་། ཞལ་བསིལ་ གྱི་སྣོད་དང་། བསང་གཏོར་གྱི་སྣོད་རྣམས་གཞག་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་བཟེད་ཞལ་གྱི་སྣོད་འབའ་ཞིག་པ་གསུམ་ཡང་ངོ་། །དེ་ལ་ཞབས་བསིལ་གྱི་སྣོད་ནས་ཁུ་ཚུར་གཡས་པའི་མཐེ་བོང་དང་མཛུབ་མོའི་སྐམ་པས་འགྱིང་བའི་ཚུལ་གྱིས་སོ་རྣམས་བསྐོར་ཞིང་ཆུ་དང་མེ་ ཏོག་བླངས་ལ་འཆད་པར་འགྱུར་བའི་སྔགས་ཀྱིས་མཛུབ་མོ་དང་གུང་མོ་དང་མིང་མེད་དང་མཐེའུ་ཆུང་རྣམས་རིམ་གྱིས་དགྲོལ་ཞིང་སྣོད་དུ་ལན་གསུམ་དབུལ་བར་བྱའོ། །སྣོད་གཉིས་པའི་ཆུ་ལག་པ་གཡས་པར་གནས་པའི་ཀུ་ཤའི་ཆུན་པོའི་རྩེ་མོས་བླངས་ནས་བཟེད་ཞལ་གྱི་སྣོད་གཉིས་པར་ ལན་གསུམ་བསང་གཏོར་བྱ་སྟེ་ལས་ཐམས་ཅད་པའི་བུམ་པའི་ཆུ་ཡིས་བསང་གཏོར་བྱ་སྟེ་ཡང་དེ་བཞིན་ནོ། །སྣོད་གཉིས་པ་ཉིད་ནས་གཡས་པའི་ཁུ་ཚུར་གྱིས་མཐེ་བོང་དང་མཛུབ་མོའི་སྐམ་པས་ཆུ་དང་མེ་ཏོག་བཟུང་ལ་ཞལ་བསིལ་གྱི་ཕྱིར་བཟེད་ཞལ་གཉིས་པ་ཉིད་དུ་འཆད་པར་འགྱུར་བའི་ སྔགས་བརྗོད་ཅིང་། ཁ་འོག་ཏུ་ཕྱོགས་པའི་ཁུ་ཚུར་གྱིས་མཐེ་ཆུང་དང་མིང་མེད་དང་གུང་མོ་དང་མཛུབ་མོ་རྣམས་རིམ་གྱིས་དགྲོལ་ཞིང་ལན་གསུམ་དུ་དབུལ་བར་བྱའོ། །གསུམ་པ་མཆོད་ཡོན་གྱི་སྣོད་ཀྱི་ཆུ་ལ་སོགས་པ་རྣམས་སྙིམ་པར་བཟུང་ལ། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་ཐལ་མོ་ཁ་ཕྱེ་བས་སྣོད་གསུམ་པར་ལན་གསུམ་དུ་སོ་སོར་དབུལ་བར་བྱའོ། །སྔར་གྱི་ལས་གསུམ་ལ་ནི་ཨརྒྷཾ་གྱི་གནས་སུ་པཱ་དྱཾ་དང་པྲོཀྵ་ཎཱཾ་དང་ཨཱཉྩ་མ་ནཾ་རྣམས་བརྗོད་པར་བྱའོ་ཞེས་པ་མཆོད་ཡོན་ལ་སོགས་པའི་མཚན་ཉིད་ཀྱི་ཆོ་གའོ།། །།དེ་ནས་གཙུག་ལག་ ཁང་ལ་སོགས་པ་རྫོགས་པའི་རབ་ཏུ་གནས་པའི་དོན་དམ་དབང་བསྐུར་བའི་དོན་དུ་གསོལ་བ་བཏབ་པས་སམ། རང་ངམ་གཞན་གྱི་དངོས་གྲུབ་བསྒྲུབ་པ་ལ་སོགས་པ་དོན་དུ་གཉེར་བས་སམ། སེམས་ཅན་གྱི་དོན་ཆེན་པོ་མཐོང་བས་སམ། གཞན་གྱིས་བསྐུལ་བས་ ཀྱང་རུང་སྟེ་དཀྱིལ་འཁོར་བྲི་བའི་ཕྱིར་དང་ཚོགས་བསག་པའི་ཕྱིར་དང་། བགེགས་ཉམས་པར་བྱ་བའི་ཕྱིར་དང་། བདུད་གཞོམ་པར་བྱ་བའི་ཕྱིར་སྔོན་དུ་བསྙེན་པ་བྱའོ། །གལ་ཏེ་ཀུན་མཁྱེན་ལམ་ཤེས་ནི། །བསྙེན་པ་མེད་ན་འགྲུབ་མི་འགྱུར། །དེ་ཕྱིར་གཉིས་མེད་གནས་ནས་ནི། །རིམ་ གཉིས་དེ་ཉིད་རིག་པ་ཡིས། །ལྷ་ཡི་འཁོར་ལོ་ཡང་དག་བསྒོམ། །སྐྱོ་ན་དེ་ཡི་གསང་སྔགས་བཟླས། །འཁོར་ལོའི་གཙོ་བོ་འབུམ་བཟླས་ཤིང་། །ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཉིད་དེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །དེ་ལྟར་ཏིང་ངེ་འཛིན་གསུམ་ལ་མཁས་པའི་ རྣལ་འབྱོར་པས་ཇི་ལྟ་བར་དཀྱིལ་འཁོར་དང་རྗེས་སུ་མཐུན་པའི་སྔོན་དུ་བསྙེན་པའི་བཅུའི་ཆ་ཤས་ཀྱི་སྦྱིན་སྲེག་ཀྱང་བྱའོ་ཞེས་པ་སྔོན་དུ་བསྙེན་པའི་ངེས་པ་དང་དགོས་པའི་ཆོ་གའོ།། །།དེའི་རྗེས་ལ་རབ་གནས་ཀྱི་དོན་དུ་ཟླ་བ་ལ་སོགས་པ་གསུངས་པ། མཆུ་དང་དབོ་ཡི་ཟླ་བ་དེ་བཞིན་ངེས་ པར་ས་ག་སྣྲོན་དང་ཆུ་སྟོད་ཟླ་བ་དང་། །མགོ་སྟེ་དེ་སྲིད་འདི་རྣམས་དགེ་བ་གཅིག་པུའི་འབྲས་བུ་སྟེར་བའི་ཟླ་བ་དྲུག་ཏུ་གསུངས། །གཟའ་ཡི་མཆོག་གྱུར་བཞི་སྟེ་གཟའ་ལྷག་བླ་མ་པ་སངས་ཟླ་བ་རྣམས་དང་ལྡན་གྱུར་ན། །གཟའ་རྣམས་ཐམས་ཅད་བདེ་དང་རྗེས་ཆགས་ནོར་རྣམས་སྟེར་བར་གསུངས་ ཏེ་རབ་གནས་དོན་དུའོ། །དང་པོར་བཤད་པའི་གཉིས་པ་ལ་ནི་རྗེས་སུ་དགེ་བའི་འབྲས་བུར་གསུངས་ཏེ་གང་ཞིག་གསུམ་པ་དང་། །དེ་ལས་དཔལ་ལྡན་ལྔ་པར་འགྱུར་བ་གང་ཡིན་ངེས་པར་བཅུ་པ་བདུན་པ་ཟླ་བ་ཉ་བ་དང་། །གང་ཞིག་ཐམས་ཅད་གྲུབ་པ་ལ་ནི་འཐབ་མོ་སྡིག་པ་ཉམས་པར་ གསུངས་ཏེ་ཚེས་ཀྱི་གྲངས་རྣམས་བདུན། །བཤད་པ་ལ་ནི་དོན་ཀུན་གྲུབ་པར་ཐུབ་པས་བསྟན་ཏེ་སངས་རྒྱས་བྱ་བ་ལ་ནི་སྤྲོ་བར་བྱ། །རྒྱལ་དང་མེ་བཞི་ལྷ་མཚམས་དེ་ཡི་རྗེས་སུ་མགོ་དང་སྣར་མ་དག་དང་དབོ་དང་ལག་རྣམས་དང་། །སྣྲོན་དང་སྣྲུབས་དང་རྗེས་མཐུན་གྲོ་བཞིན་རྐང་ པར་ལྡན་པའི་ཁྲུམས་དང་ཆུ་སྟོད་ཆུ་སྨད་ཅེས་བྱ་བ། །བུ་ལ་སོགས་པ་འཕེལ་བར་འགྱུར་ཏེ་ངེས་པ་ཉིད་དུ་དབོ་ལ་འདོད་པའི་དངོས་གྲུབ་འགྱུར། །མེ་བཞི་ལ་ནི་ཡེ་ཤེས་འཐོབ་ཅིང་ནམ་མཁར་དབང་དུ་བྱ་བ་དག་སྟེ་ལག་ལ་དེ་བཞིན་ཉིད། །སྣར་མ་ལ་ནི་ནོར་རྣམས་འཕེལ་ཞིང་རྗེས་སུ་མགོ་ལ་ཞི་བའོ་ ཆུ་སྟོད་ཆུ་སྨད་རྒྱལ་པོ་ལ། །ཚེ་རིང་བ་དང་བུ་དང་རབ་གསལ་མཁས་པ་དག་དང་བློ་སྟེ་ཁྲུམས་ལ་དངོས་གྲུབ་འཕེལ། །རྒྱལ་ལ་རྟག་ཏུ་རྒྱལ་བ་ཉིད་དུ་འགྱུར་ཞིང་བདེ་བ་དང་ནི་མཐུ་སྟེ་སྣྲོན་ལ་དོན་རྣམས་འགྲུབ། །ལྷ་མཚམས་ལ་ནི་བདེ་བའོ་རྗེས་སུ་མཐུན་པའི་གཟའ་ཚོགས་མཐའ་དག་ལ་ནི་མཆོད་ སྦྱིན་བྱ་བ་བསྒྲུབ། །མྱུར་དུ་རྫོགས་པ་ཙམ་ཉིད་ལ། །རབ་ཏུ་གནས་པ་མཆོག་ཏུ་འགྱུར། །འཁོར་ལོས་སྒྱུར་རྒྱལ་དབང་ཕྱུག་ནི། །ཐོབ་པ་འདི་ལ་ཐེ་ཚོམ་མེད། །ཚེས་དང་གཟའ་དང་སྐར་མ་མེད། །བགེགས་དང་ལོག་པར་འདྲེན་པའང་མེད། །བགེགས་དང་སྐར་མ་ལྷ་རྣམས་དང་། ། གཟའ་རྣམས་ཐམས་ཅད་རྗེས་སུ་མཐུན། །ཞེས་གལ་ཏེ་ཡང་གསུངས་པ་དེ་ལྟ་ན་འང་འཇིག་རྟེན་པའི་ཀུན་རྫོབ་ལ་བརྟེན་ནས་བྱེད་པ་པོ་ལ་རྗེས་སུ་མཐུན་ཞིང་དགེ་བའི་དུས་སྦྱོར་ལ་སོགས་པ་ཐམས་ཅད་བསྒྲུབ་པར་བྱའོ། །དེ་བས་ན་ཟླ་བ་བཅུ་གཉིས་པོ་རྣམས་ལ་ཡང་རྟེན་ཅིང་འབྲེལ་པར་ འབྱུང་བའི་རིམ་པས་ཡུད་ཙམ་བཟང་པོ་ལ་སོགས་པ་ཐམས་ཅད་ལ་བྱ་བ་རྣམས་བྱའོ། །དེའི་རྗེས་སུ་གང་གི་ཚེ་སློབ་མས་ལན་གསུམ་དུ་གསོལ་བ་བཏབ་པར་གྱུར་པ་དང་། དཀྱིལ་འཁོར་བྲི་བའི་དོན་དུ་གལ་ཏེ་དེ་ལ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་ནས་དེའི་ཚེ་སློབ་མ་མདུན་དུ་ བཞག་ལ། དེའི་ལྟེ་བར་ཉི་མ་ལ་ཧཱུཾ་ཡིག་གི་རྣམ་པར་བསྒོམས་ཏེ་དེའི་འོད་ཟེར་གྱིས་སྙིང་གར་གནས་པའི་ཀཾ་ཡིག་ལས་བྱུང་བའི་སྡིག་པ་གནག་ཅིང་རྣམ་པར་འགྱུར་བའི་གཟུགས་ཅན་གཅེར་བུ་འབྲས་བུ་འཕྱང་བ་སྐྲ་སེར་པོ་གྱེན་དུ་བགྲེང་བ་རྐང་པ་གསུམ་པ་སྣ་རྩེ་ནས་ཕྱུང་ལ་ཧཱུཾ་ཡིག་དེ་ཡང་ སྙིང་གར་འོངས་ཤིང་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་དུ་རྣམ་པར་བསྒོམས་ནས་ཕྱིར་འཐོན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝཱན་བི་དྱཱ་རཱ་ཛ་ཆེ་གེ་མོའི་སརྦ་པཱ་པཾ་ནཱ་ ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱག་ན་གནས་པའི་རྡོ་རྗེ་འབར་བས་ཕྱུང་བའི་སྡིག་པ་རྣམས་སྟོང་པར་མཛད་པར་བསམ། སློབ་མའི་སེམས་ཀྱི་བགེགས་རྣམས་བདུད་རྩི་འཁྱིལ་པའི་ལྟེ་བའི་འོག་ཕུར་བུའི་རྣམ་པ་ཅན་ལ་ཨོཾ་བཛྲ་ཀཱི་ལ་ཡ་ཨ་སྱ་སརྦ་བི་གྷྣཱ་ན་བནྡྷ་བནྡྷ་ཧཱུཾ་ཕཊ། ཅེས་བརྗོད་དེ་ཧཱུཾ་མཛད་ཀྱིས་བཀའ་བསྒོ་བ་དང་རང་གིས་ཀྱང་བརྗོད་ཅིང་ཕུར་བུས་གདབ་པར་བྱ་སྟེ། ཕུར་བུའི་འོད་ཟེར་དྲག་པོ་རྣམས་ཀྱིས་གདུག་པ་ཅན་རྣམས་བསྲེག་པར་ཡང་བྱའོ། །སློབ་མ་དེ་ཡང་པཾ་ཡིག་ལས་ཀུན་དུ་བཟང་པོའི་གཟུགས་སུ་བསམས་ཏེ། སྲུང་བའི་དོན་དུ་སྙིང་གར་ཨ་ ཡིག་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་དང་ཨཿཡིག་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབ་པར་བསྒོམ་ཞིང་མགོ་བོར་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་འགྲེང་བའི་དབུས་སུ་མཱ་མ་ཀཱི་བཞུགས་པར་བསྒོམས་ལ་ཡེ་ཤེས་ཀྱི་ལྷ་མོ་དེའི་ཐུགས་ཀར་ ཟླ་བ་ལ་གནས་པའི་རྡོ་རྗེའི་ལྟེ་བའི་ནང་དུ་ཆུད་པའི་སྔགས་ཀྱི་ཕྲེང་བ་ལས་བྱུང་བ་རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་འཕྲོས་པས་ལུས་ཐམས་ཅད་ལ་གོ་ཆ་བགོས་པར་བསམས་ཏེ། ཨོཾ་ཨཱཿཤཾ་ཀ་རེ་ཤཱནྟི་ཀ་རེ་གྷུ་ཊ་གྷུ་ཊ་གྷུ་ཊི་ནི་གྷཱ་ཊ་ཡ་གྷཱ་ཊ་ཡ་གྷུ་ཊ་ནི་ཆེ་གེ་མོ་ལ་རཀྵ་སྭཱ་ཧཱ། ཞེས་བརྗོད་པའི་ སྔགས་ཀྱིས་བསྲུང་བར་བྱའོ། །འཁྱིལ་པའི་སྔགས་ཀྱང་བཟླས་པའི་ཆེད་དུ་འདི་ལ་སྦྱིན་ནོ། །དེ་ལྟར་བྱས་ན་འདི་ལ་བགེགས་རྣམས་ཀྱིས་ནི་མི་ཚུགས་ཤིང་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་བདེ་བར་རྙེད་པར་འགྱུར་རོ་ཞེས་པ་སློབ་མ་ཡང་དག་པར་བསྡུ་བའི་ཆོ་གའོ།། །། དེ་ནས་ཉེ་བར་མཁོ་བ་རྣམས་ཡང་དག་པར་ཚོགས་པ་དང་གྲོགས་ཤིན་ཏུ་ཡིད་གཞུངས་པ་དང་ལྡན་པས་དགེ་བའི་ཚེས་དང་དུས་སྦྱོར་ལ་སོགས་པའི་སྔ་དྲོའི་དུས་སུ་རིག་མ་དང་བཅས་པའི་ཤིན་ཏུ་ཕན་པ་བྱེད་པས་འཁོར་ལོའི་དབང་ཕྱུག་གི་ལྷའི་རྣལ་འབྱོར་དང་སྔོན་དུ་བསྙེན་པ་བྱས་ཏེ། གྲོང་རྡལ་དང་གྲོང་ཁྱེར་དང་གྲོང་དང་སྐྱེད་མོས་ཚལ་དང་གཙུག་ལག་ཁང་དང་ཁྱིམ་རྣམས་ཀྱི་དབང་ལྡན་གྱི་ཕྱོགས་སམ་གང་དུ་ཡིད་ལ་འཐད་པར་གྱུར་པ་དེར་དཀྱིལ་འཁོར་གྱི་ཁང་པ་བྱའོ། །ཤར་ཕྱོགས་སུ་དཀྱིལ་འཁོར་བྱས་ན་སའི་བདག་པོ་འཆི་བ་དང་། སྐྱེ་བོ་རྣམས་ལ་ཉེ་བར་འཚེ་ བ་སྣ་ཚོགས་འབྱུང་ངོ་། །ལྷོ་ཕྱོགས་སུ་ནི་གང་གི་དོན་དུ་དཀྱིལ་འཁོར་བྱེད་པ་དེ་འཆིའོ། །ཆུར་ནི་སློབ་དཔོན་ནོ། །ལུས་ངན་པོར་ནི་དེར་ཞུགས་པའོ། །མེར་ནི་ཆར་རོ། །བདེན་བྲལ་དུ་ནི་མུ་གེའོ། །རླུང་དུ་ནི་ཆར་རླུང་ངོ་། །ཕལ་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་དང་ཉེ་བར་ནི་འཆིའོ། །ཀླུ་ གནས་པའི་ཆུ་དང་ཉེ་བར་ནི་ཆུ་འབྱུང་ངོ་། །ཤིང་གི་གྲིབ་མ་ཅན་དུ་ནི་བྱིས་པ་འཆིའོ་ཞེས་ཤེས་པར་བྱས་ནས་ཐམས་ཅད་ཡོངས་སུ་དོར་ཏེ་ཤར་དང་བྱང་གཞོལ་བ་རབ་ཏུ་ཤིས་པའི་དཀྱིལ་འཁོར་གྱི་ས་གཞི་ངེས་པར་བརྟགས་ནས་དེར་དྲི་བཟང་པོ་ལ་སོགས་པས་མཎྜལ་བྱའོ། །དཀྱིལ་འཁོར་ གྱི་ལྷ་རྣམས་ཡང་དག་པར་མཆོད་ཅིང་གཏོར་མ་ཕུལ་ནས་ནམ་མཁའ་ལ་བཏེག་སྟེ། དེར་གནས་པའི་ཞིང་སྐྱོང་ལ་སོགས་པ་རྣམས་གཏོར་མ་དང་ཉེ་བར་སྤྱོད་པས་མཆོད་ལ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བགྱི། ། དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་དུ་གསོལ་བ་གདབ་པར་བྱའོ། །རྨི་ལམ་ལ་སོགས་པར་གནང་བ་འམ་མ་བཀག་པར་ཤེས་ནས་ཉི་མ་གཞན་གྱི་སྔ་དྲོ་ནམ་མཁའི་དཀྱིལ་ན་བཞུགས་པའི་དཔལ་ལྡན་རྡོ་རྗེ་འཆང་ལ་སོགས་པ་རྣམས་ལ་ཡིད་ཀྱིས་གསོལ་བ་ གདབ་ཅིང་རྗེས་སུ་གནང་བ་ཞུས་ཏེ། ཉི་མའི་གུང་ལ་བསྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པར་བསྒོམས་པས་སམ། དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་པར་བྱའོ། །སྦྱིན་སྲེག་གི་ཕྱོགས་ལ་སློབ་མ་སྲུང་བའི་དོན་དུ་ཕྱི་དྲོའི་ཚེ་མེའི་ཕྱོགས་ལ་གནས་པའི་ཐབ་ཁུང་ དུ་ཞི་བའི་སྦྱིན་སྲེག་ཀྱང་བྱས་ལ་ས་དེ་ཡང་ཨོཾ་ཨཱཿབིགྷྣཱནྟ་ཀྲཾཏ་ཧཱུཾ་ཞེས་པ་འདིས་ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་དང་ཆུ་དང་ཐལ་བ་རྣམས་ཀྱིས་བསང་བར་བྱའོ། །དེར་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ་སའི་ལྷ་མོ་འཆད་པར་འགྱུར་བའི་མཚན་ཉིད་ཅན་བསམས་ལ་ཞབས་བསིལ་དང་ཞལ་ བསིལ་དང་མཆོད་ཡོན་དང་མཆོད་པ་རྣམས་སྔོན་དུ་འགྲོ་བས། ལྷ་མོ་ཁྱོད་ནི་ཞེས་པ་ལ་སོགས་པ་གསུངས་པའི་ཚིགས་སུ་བཅད་པས་ལན་གསུམ་དུ་གསོལ་བ་བཏབ་པ་དང་། དེ་ལྟར་གྱིས་ཤིག་ཅེས་བརྗོད་པ་ཅན་ཡིད་ཀྱི་བཏེགས་ནས་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། ། དེ་ནས་ས་གཞི་བགེགས་མེད་པར་རིག་ནས་གཏོར་མ་བྱིན་ཏེ་སྔ་མ་བཞིན་དུ་ས་བདག་ཀླུའི་མཆན་ཁུང་དུ་མགྲིན་པ་ཙམ་མཆུ་ལ་ཐུག་པར་རམ་རྡོ་ལ་ཐུག་པར་དངོས་གྲུབ་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བས་པུས་མོ་འམ་དཀུ་འམ་ལྟེ་བ་ཙམ་དུ་བརྐོ་བར་བྱའོ། །དེ་ནས་རྡོ་ བ་དང་རུས་པ་དང་སྐྲ་དང་སོལ་བ་ལ་སོགས་པ་སྐྱོན་གྱི་ཕྱོགས་སུ་གྱུར་པ་ཐམས་ཅད་མེད་པར་བྱས་ནས་ས་དེ་ཉིད་དྲི་བཟང་པོའི་ཆུས་གཏོར་ཏེ། ཁུང་བུ་དགང་བར་བྱ་ཞིང་མ་ཁེངས་ན་གཞན་གྱིས་ཀྱང་ངོ་། །ཧཱུཾ་མཛད་ཀྱི་བདུད་རྩི་འཁྱིལ་པའི་སྔགས་བཟླས་པའི་དྲིའི་ཆུས་གཏོར་ལ་བརྡུང་བར་བྱ་ ཞིང་ཁྲུ་ཕྱེད་ཀྱི་དཔངས་དང་ལྡན་པ་གྲུ་བཞི་པ་ཁྲུ་བཅུ་དྲུག་གི་ཚད་དང་ལྡན་པའམ། ཡང་ན་ཁྲུ་བཅུ་གཉིས་ཀྱི་ཚད་དང་ལྡན་པ་མཉམ་པའི་ས་ལ་འཆད་པར་འགྱུར་བའི་ཐིག་གདབ་པའི་ཆོ་གས་ཐིག་གདབ་པར་བྱའོ། །དེའི་དབུས་སུ་ཁྲུ་བཅུ་གཉིས་སམ་ཁྲུ་བརྒྱད་པའི་ཟླ་བའི་གདན་ཟླུམ་པོ་མཐོ་ གང་གི་ཚད་ཀྱི་དཔངས་དང་ལྡན་པ་དབུས་ཅུང་ཟད་མཐོ་བ་ཤར་དང་བྱང་གཞོལ་བའོ། །དེའི་འོག་ཏུ་སོར་བརྒྱད་པའི་ཚད་དང་སོར་བཞི་པའི་དཔངས་དང་ལྡན་པ་པདྨའི་འདབ་མའི་རྣམ་པ་གེ་སར་དང་བཅས་པའི་སྐ་རགས་བྱ་ཞིང་། འོད་ཟེར་ཕྲེང་བའི་མཐར་ཐུག་པར་ཁྲུ་བཅུ་གཉིས་པའི་དཀྱིལ་འཁོར་ དེ་ཁྲུ་ཉི་ཤུ་རྩ་བཞིའི་ཚད་དང་ལྡན་པའི་གྲུ་བཞིར་ཐིག་བཞི་གདབ་པར་བྱ་ཞིང་། དེ་ལས་ཁྲུ་བཞི་བཞི་ཡོངས་སུ་དོར་བར་སླར་ཡང་ཐིག་བཞི་གདབ་པར་བྱའོ། །དབང་ལྡན་གྱི་ཕྱོགས་ནས་བཟུང་ནས་ཉི་ཤུ་རྩ་བཞིའི་ཐིག་ལ་ཀ་བ་རྣམས་ཏེ། སྟེགས་བུ་ལ་ཀ་བ་བཅུ་གཉིས་སོ། །དེའི་སྟེང་དུ་ཐོག་ བཞི་པོ་རྣམས་ཏེ་ཟུར་བཞི་པའི་ཐོག་བྱས་ལ། ཀ་བ་ཆུང་ངུ་བཞི་གཞག་ཅིང་ཟུར་གྱི་མཐར་ཐུག་པར་གདུང་བཞི་གཞག་པར་བྱའོ། །དེ་འམ་གཞན་གྱི་ལུགས་ལ་ཡང་རལ་པ་ལ་སོགས་པའི་སྐྱོན་མེད་ཅིང་ལེགས་པར་གནས་པར་བྱ་སྟེ། ཡན་ལག་བརྒྱད་ཀྱི་སྒོ་བཞི་དང་ལྡན་པ་བུམ་པ་ བཟང་པོ་དང་། ཕྱོགས་སྐྱོང་བའི་མདོག་ཅན་གྱི་རྒྱལ་མཚན་དང་ལྡན་པ་གཙུག་ཏོར་དུ་རྣམ་པར་རྒྱལ་བའི་རྒྱལ་མཚན་དཀར་པོ་ཅན་ཆུ་ཤིང་གི་ཀ་བས་ཉེ་བར་མཛེས་པར་བྱས་པ། མཆོད་སྦྱིན་གྱི་ཤིང་གི་རིགས་ཀྱིས་སྒོ་བཞིའི་རྒྱན་བྱས་ལ། མཐར་ཟླ་བའི་གདུགས་ཀྱིས་མཛེས་པ། ཕྲེང་ བ་དང་རྔ་ཡབ་ལ་སོགས་པས་བརྒྱན་པའི་དཀྱིལ་འཁོར་གྱི་ཁང་པ་བྱའོ། །དེ་ནས་ཡང་། ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་དབྱུང་བར་མི་ནུས་ན། །ལག་པས་རེག་ལ་སྔགས་བཟླས་བྱ། །དེ་ཉིད་དག་པ་ཆེན་པོ་ཡིན། །ཁང་བཟངས་བྲག་སྟེང་བ་ལང་ལྷས། །གཙུག་ལག་ཁང་སོགས་ཆུ་ འགྲམ་མམ། །སྔོན་དུ་བྱས་པའི་གནས་དག་ཏུ། །མ་བརྐོས་ན་ཡང་དག་པ་ཡིན། །དེའི་ཕྱིར་ས་འདི་རྣམས་དང་བརྐོས་ཤིང་བརྡུང་བ་བྱས་པ་རྣམས་ལ་ཡང་། ཨོཾ་བྷུ་ཁཾ་ཞེས་བརྗོད་པས་ནམ་མཁའ་བྱ་ཞིང་། དེ་ནས་ཧཱུཾ་ལཾ་ཞེས་པ་འདིས་རྡོ་རྗེའི་རང་བཞིན་དུ་རྣམ་པར་བསྒོམས་ཏེ། ཨོཾ་མེ་དི་ནཱི་བཛྲི་བྷ་ཝ་བནྡྷ་ཧཱུཾ། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ། ཞེས་པའི་སྔགས་འདི་བཟླས་ལ། ལག་པས་རེག་ཅིང་ས་གཞི་བྱིན་གྱིས་བརླབ་པར་བྱའོ། །ས་དེའི་དབུས་སུ་ཇི་ལྟར་འོས་པར་འཁྱིལ་པ་བཟླས་པའི་རིན་པོ་ཆེ་དང་སྨན་དང་ འབྲུ་ལྔ་རྣམས་བཅུག་ལ། དེ་བཟླས་པའི་དྲིའི་ཆུ་ཡིས་བྱུག་པར་ནམ་མཁའ་ལ་གནས་པའི་སའི་ལྷ་མོ་ལ་གཏོར་མ་དང་ཞབས་བསིལ་ལ་སོགས་པ་ཕུལ་ནས་བསྟིམ་སྟེ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་པད་ཀོར་བྱས་ལ་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །སྣ་ཚོགས་སྟོང་པ་ཉིད་དང་རོ་ གཅིག་པའོ་ཞེས་ལྷག་པར་མོས་པས་ས་གཞི་ཤིན་ཏུ་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་རང་བཞིན་དུ་མོས་པར་བྱ་བ་ནི་བླ་ན་མེད་པའི་རྣམ་པར་དག་པའོ་ཞེས་པ་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ཆོ་གའོ།། །།དེའི་རྗེས་སུ། རྔ་དང་ཏིང་ཤགས་ལ་སོགས་པ། །སྙན་པའི་སྒྲ་ལྡན་རབ་ཏུ་ བྱ། །དེ་ནས་མཉམ་པའི་གླུ་བླང་ཞིང་། །རྡོ་རྗེ་ཅན་དེས་གར་བརྩམ་མོ། །སློབ་དཔོན་ལྔ་དང་ལྷ་མོ་བཞི། །མི་གཡོའི་བདག་ཉིད་བཞད་གད་མཁན། །དཀྱིལ་འཁོར་ཁང་པར་ངེས་གནས་ནས། །གར་བྱ་སངས་རྒྱས་ཟློས་གར་བྱ། །ཞེས་པ་འདིའི་རྗེས་སུ་རིམ་པས་བྲི་བར་བྱའོ། ། དེ་ལ་ཆོ་ག་ཇི་ལྟ་བ་བཞིན་དུ་བྱ་སྟེ། དཀྱིལ་འཁོར་ཁང་པ་ལ་སོགས་པ་གླུ་དང་རོལ་མོ་ལ་སོགས་པ་ཡང་དག་པར་ལྡན་པར་དཀྱིལ་འཁོར་ལ་ཉེ་བར་མཁོ་བ་དང་། བཟའ་བ་དང་བཅའ་བ་ལ་སོགས་པ་ན། །འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པའི་རྡོ་རྗེ་ཅན་གྱིས། དམ་ ཚིག་འགོངས་པར་དོགས་པ་ཡིས། །སློབ་མ་མ་ཡིན་གཞུག་མི་བྱ། །ཞེས་པའི་གསུང་གི་ཕྱིར་རང་གི་སློབ་མ་མེད་པར་གྱུར་ནའང་། གཞན་གྱི་སློབ་མ་ལ་ཡང་རྡོ་རྗེ་འཛིན་པའི་སྡོམ་པ་སྦྱིན་ཞིང་གསོལ་བ་བརྗོད་པ་སྔོན་དུ་འགྲོ་བ་ལྷག་པར་གནས་པར་བྱས་ནས་རབ་ཏུ་ གཞུག་པར་བྱ་སྟེ། དེ་ལྟར་སློབ་མ་བཞི་རང་རང་གི་འཁོར་ལོས་སྒྱུར་བའི་རྣལ་འབྱོར་དང་ལྡན་པ་དང་། དེ་བཞིན་དུ་རྣལ་འབྱོར་མ་བཞི་རང་རང་གི་འཁོར་ལོས་སྒྱུར་བའི་དཀྱིལ་འཁོར་ཉིད་ཀུན་ནས་བསམས་པ་དང་བུད་མེད་མེད་ན་སྐྱེས་པ་ཉིད་བུད་མེད་ཀྱི་ཆ་ལུགས་དང་ཡང་དག་པར་ལྡན་པ་དང་། དེ་བཞིན་དུ་མི་གཡོ་བ་བདུད་ཐམས་ཅད་སྡིགས་པར་བྱེད་པའི་མཆོག་རྣམས་སོ། །དེ་ལ་དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་གཞན་གྱི་ཕྱོགས་ནས་ཀྱང་རུང་། ཡོལ་བའི་ནང་དུ་རང་རང་གི་ལྷའི་མདོག་དང་མཚུངས་པར་གདོང་ལུས་ལ་སྣག་ཚ་ལ་སོགས་པའི་ཁ་དོག་གིས་བྱུགས་ལ། ཧཱུཾ་ཡིག་ ལས་བྱས་པའི་མིག་འབྲས་འབར་བའི་ལྟ་བ་ཅན་ཁྲོ་བོ་ཆེན་པོ་ཁྲོ་གཉེར་གཡོ་ཞིང་རྣམ་པར་འགྱུར་བའི་སྤྱན་དང་ལྡན་པ་འཇིག་པའི་དུས་ཀྱི་བསྐལ་པའི་མེ་དང་འདྲ་བར་བཟོད་པར་དཀའ་བའི་ལྟ་བས་བདུད་རྣམས་བསྐྲད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་གཉིས་སུ་མེད་པའི་དེ་བཞིན་ཉིད་ དུ་རོ་གཅིག་པའི་བདེ་བ་ཆེན་པོ་ལ་རབ་ཏུ་གཞག་པར་བྱ་བའི་ཆེད་དུ་བྱས་པའི་རྡོ་རྗེ་འཛིན་པའི་རྡོ་རྗེ་ཅན་ནག་པོ་ནི་དབུས་སུའོ། །དེ་བཞིན་དུ་རི་རབ་ལྟར་བརྟན་ཅིང་མི་འགུལ་བའི་སྤྱན་གྱིས་བྱམས་པར་ལྟ་བ་ཅན་ཨོཾ་ཡིག་ལས་མིག་འབྲས་བྱས་པ་བསིལ་བའི་བདུད་རྩིའི་འོད་ཟེར་དཀར་པོའི་ཕྲེང་བའི་ལྟ་ བས་ཕུན་སུམ་ཚོགས་པ་དང་བྲལ་བ་རྣམས་དང་མེད་པའི་བརྟུལ་ཞུགས་འཛིན་པ་རྣམས་སངས་རྒྱས་གཏི་མུག་མི་གནས་པའི་མྱ་ངན་ལས་འདས་པ་ལ་རབ་ཏུ་གཞག་པའི་ཆེད་དུ་བྱས་པའི་འཁོར་ལོ་འཛིན་པའི་རྟག་པ་དཀར་པོ་ནི་ཤར་གྱི་སྒོ་རུའོ། །དེ་བཞིན་དུ་གཡོན་པར་བརྟེན་ཅིང་གཡོན་ དུ་རྗེས་སུ་སོང་བའི་ལྟ་བ་ཅན་ཧྲཱིཿཡིག་ལས་མིག་འབྲས་བྱས་པའི་འོད་ཟེར་གྱི་ལྕགས་ཀྱུས་རྫོགས་པའི་བྱང་ཆུབ་ཏུ་བསྒྱུར་བར་བྱ་བའི་ཉན་ཐོས་ལ་སོགས་པ་རྣམས་འདོད་ཆགས་ཆེན་པོའི་བྱང་ཆུབ་ལ་རྣམ་པར་གཞག་པའི་ཆེད་དུ་རྗེས་སུ་ཆགས་པ་དམར་པོའི་མདོག་ཅན་བྱས་པའི་པདྨ་འཛིན་ པའི་གར་གྱི་དབང་ཕྱུག་ནི་ནུབ་ཀྱི་སྒོ་རུའོ། །དེ་བཞིན་དུ་ཇི་ལྟ་བར་ཁཾ་ཡིག་ལས་མིག་འབྲས་བྱས་པ་འབར་བའི་ལྕགས་ཀྱུས་ཐམས་ཅད་མཁྱེན་པའི་ལམ་ལ་བརྟེན་ནས་བྱང་ཆུབ་སེམས་དཔའི་ས་ཐོབ་པའི་དངོས་གྲུབ་མཐོང་བ་རྣམས་དང་། ཉན་ཐོས་ལ་སོགས་པའི་ལམ་ལ་མོས་པས་སྣ་ཚོགས་པའི་མྱ་ ངན་ལས་འདས་པ་མཐོང་བ་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པར་བྱ་བའི་ཆེད་དུ་བྱས་པའི་རལ་གྲི་འཛིན་བའི་རྟ་མཆོག་ལྗང་གུ་ནི་བྱང་གི་སྒོ་རུའོ། །དེ་བཞིན་དུ་ཛ་ཡིག་ལས་སྐྱེས་པ་སེར་པོའི་མིག་གཡས་སུ་བཏེག་ཅིང་སྟེང་དུ་ལྟ་བའི་ལྕགས་ཀྱུས་ང་རྒྱལ་དང་གདུག་པ་ཅན་ རྣམས་སེར་སྣ་མེད་པར་བྱ་བའི་ཕྱིར་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་ངེས་པར་སྦྱར་བའི་ཆེད་དུ་བྱས་པའི་རིན་པོ་ཆེ་འཛིན་པའི་རྡོ་རྗེ་ཉི་མ་སེར་པོ་ནི་ལྷོའི་སྒོ་རུ་སྟེ། ཤར་དང་ནུབ་དང་བྱང་དང་ལྷོ་ཡི་ཕྱོགས། །ཞེས་པའི་གསུང་གི་ཕྱིར་རོ། །འདི་རྣམས་ཐམས་ཅད་ཕྱག་གཡོན་པ་ན་མཆོད་ཕྱིར་ ཐོགས་པ་དང་འདྲ་བའི་ཁ་ཊྭཱཾ་ག་དང་རྡོ་རྗེ་དྲིལ་བུའམ་ཀ་པཱ་ལ་འཛིན་པ། སྟག་ལས་བྱས་པའི་ཤམ་ཐབས་ཅན་མིའི་རུས་པ་ལ་སོགས་པས་བརྒྱན་པར་བྱས་ཤིང་སྐྲ་སེར་པོ་གྱེན་དུ་བཅིངས་པ་ཐོད་པའི་ཕྲེང་བ་དང་སངས་རྒྱས་ལྔའི་ཅོད་པན་ཅན་སྐྱིལ་ཀྲུང་ཕྱེད་པའི་གར་རམ་གཡས་བརྐྱང་གིས་ གནས་པ། མིག་གསུམ་བྱས་ཤིང་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་སྟེ། རྟག་པ་ནི་པདྨ་དང་ཟླ་བའི་འོད་ཅན་ནོ། །དེ་ཁོ་ན་བཞིན་དུ་བྱམས་པའི་ལྟ་བས་སེམས་ཅན་རྣམས་ཀྱི་ཉེ་བར་འཚེ་བ་ཞི་བར་བྱ་བའི་ཆེད་དུ་བྱས་པའི་འཁོར་ལོ་འཛིན་པའི་སྤྱན་མ་དཀར་མོ་ཡང་དབང་ལྡན་གྱི་ཟུར་དུ་སྟེ། ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་ནི་གཞན་མེའི་ཟུར་དུའོ། །དེ་ཁོ་ན་བཞིན་དུ་སྙིང་རྗེའི་ལྟ་བས་གཞན་གྱི་གནོད་པ་མེད་པར་བྱ་བའི་ཆེད་དུ་བྱས་པའི་རྡོ་རྗེ་ཆ