Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 76
Văn bản gốc(Tây Tạng)
Trang 6 / 17 (50.000 ký tự/trang)
དེ་ ཉིད་ལས་ནི་ར་བ་དང་། །གུར་བཅིང་བ་ཡང་རྣམ་པར་བསྒོམ་པ་ཉིད། །ཅེས་པ་འདིས་རྡོ་རྗེའི་གུར་ལ་སོགས་པ་བསྒོམས་ཏེ། དེའི་དབུས་སུ་རང་ཉིད་དཀྱིལ་འཁོར་གྱི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་སྙིང་གར་གནས་པའི་ཧཱུཾ་ཡིག་ལས་རྣམ་པར་སྤྲོས་པའི་འོད་ཟེར་གྱིས་ཕྱོགས་ བཅུའི་བགེགས་ཐམས་ཅད་བཀུག་ནས་ཧཱུཾ་ཡིག་ལས་སྤྲོས་པའི་ཁྲོ་བོ་བཅུ་ལ་གཏད་པར་བྱའོ། །ཁྲོ་བོ་དེ་རྣམས་ཀྱང་སྲིད་དུ་སོར་བཅོ་བརྒྱད་པའམ། སོར་བཅུ་གཉིས་པའམ། སོར་བརྒྱད་པ་རིམ་པ་ཇི་ལྟ་བ་བཞིན་སྦོམས་སུ་སོར་དྲུག་པ་དང་། བཞི་པ་དང་གསུམ་པ་སེང་ལྡེང་ངམ་ རུས་པའམ་ལྕགས་ལས་བྱས་པའི་ཕུར་བུ་སྣོད་གསར་པར་གནས་ཤིང་ཡུངས་ཀར་དང་ཙནྡན་དཀར་པོ་བྱུགས་པ་ཚོན་སྣ་ལྔའི་སྲད་བུས་དཀྲིས་ཤིང་ཡང་དག་པར་མཆོད་པ་ཡི་གེ་གསུམ་གྱིས་སྔགས་ཤིང་། མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པའི་ཕུར་བུ་བཅུ་པོ་དེ་རྣམས་ལྟེ་བའི་ འོག་མན་ཆད་རྩེ་གཅིག་པའི་རྣམ་པར་རྣོ་བ་དང་། སྟེང་དུ་བདག་ཉིད་ཀྱི་གཟུགས་བརྙན་ཁྲོ་བོའི་རྣམ་པ་བསྐལ་པའི་མཐའི་མེ་ལྟར་འབར་བ་རྣམ་པར་བསྒོམས་ཏེ། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ཞིང་ཕྱག་གཡས་པས་གཙོ་བོའི་མཚན་མ་ཡོངས་སུ་གྱུར་པའི་རྡོ་ རྗེའི་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བས་སྤྲས་པ་བཟུང་སྟེ། སྒྲ་རིང་པོར་བརྗོད་པའི་ཧཱུཾ་ལས་བྱུང་བའི་ཁྲོན་པ་བཅུར་དབང་པོ་ལ་སོགས་པ་བཅུའི་གཟུགས་བརྙན་གྱི་བགེགས་འཁོར་དང་བཅས་པ་རྣམས་རབ་ཏུ་བཅུག་ལ་སྤྱི་བོར་ཕུར་བུས་གདབ་པར་བྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཨཱཿཧཱུཾ་ཡ་མཱནྟ་ཀྲྀཏ་སརྦ་དུཥྚ་ཨིནྡྲ་ཨུ་པེནྡྲྭཱན། ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་པྲ་ཛྙཱནྟ་ཀྲྀཏ་སརྦ་དུཥྚ་ཡ་མཱ་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་པདྨཱནྟ་ཀྲྀཏ་སརྦ་དུཥྚ་ནཱ་གཱ་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་བིགྷྣཱནྟ་ཀྲྀཏ་སརྦ་དུཥྚ་ཀུ་བེ་རཱ་ན་ ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཨ་ཙ་ལ་སརྦ་དུཥྚ་ཨཱི་ཤ་ནཱན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཊཀྐི་རཱ་ཛ་སརྦ་དུཥྚ་ཨགྣིན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ནཱི་ལ་དནྜ་སརྦ་དུཥྚ་ནཻ་རི་ཏྱཱ་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལ་ སརྦ་དུཥྚ་བཱ་ཡུན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཨུཥྞཱི་ཥ་ཙཀྲ་བརྟིན་སརྦ་དུཥྚ་ཨརྐ་ཙནྡྲ་པ་ཏི་མ་ཧཱ་ན་ས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སུམྦྷ་རཱ་ཛ་སརྦ་དུཥྚ་བེ་མ་ཙི་པྲྀ་ཐི་བི་དེ་བ་ཏཱཿས་པ་རི་ཝཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་རྣམས་ཀྱིས་དཀྱིལ་ འཁོར་གྱི་ཁང་པའི་ཕྱིའི་ཕྱོགས་བཅུ་པོ་རྣམས་སུ་འཇིམ་པའི་གོང་བུ་བྱས་པར་སློབ་དཔོན་གྱིས་གདབ་ཅིང་བརྡུང་བར་བྱ་སྟེ། མི་ནུས་ན་སྒོའི་སློབ་དཔོན་རྣམས་ཀྱིས་སོ། །གཙུག་ཏོར་གྱི་ནི་ཤར་གྱི་ཕུར་བུ་ལས་ཤར་དུ་སྟེ། གནོད་མཛེས་ཀྱི་ནི་ནུབ་ཀྱི་ཕུར་བུ་ལས་ནུབ་ཏུ་གདབ་ ཅིང་བརྡུང་བར་བྱའོ། །ཕུར་བུའི་གཟུགས་བརྙན་གྱི་ཁྲོ་བོ་རྣམས་གདུགས་དང་རྒྱལ་མཚན་དང་བ་དན་ལ་སོགས་པས་མཉེས་པར་བྱ་ཞིང་། ཉི་མ་སོ་སོ་ལ་ཐུན་གསུམ་དུ་གཏོར་མ་དང་ལྷ་བཤོས་དང་རོལ་མོ་དང་མེ་ཏོག་དང་བདུག་སྤོས་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། ། ཡང་ན་སེང་ལྡེང་ལ་སོགས་པའི་ཕུར་བུ་མེད་ན་ཡང་ཇི་ལྟར་བརྗོད་པའི་བསྒོམ་པ་ཁོ་ནས་ཕུར་བུ་གདབ་པ་དང་བརྡུང་བར་བྱ་སྟེ་ལག་པ་གན་རྐྱལ་དུ་གནས་པ་བསྒྱུར་ནས་ཨོཾ་བཛྲ་ཧཱུཾ་ཞེས་བརྗོད་ཅིང་ས་གཞིར་བགེགས་ལ་བསྣུན་ཏེ་དེ་ལྟར་ལྷག་པར་མོས་པར་བྱའོ་ཞེས་པ་བགེགས་ལ་ཕུར་བུས་ གདབ་པའི་ཆོ་གའོ།། །།དེའི་རྗེས་ལ་དཀྱིལ་འཁོར་ལ་འཆད་པར་འགྱུར་བའི་ཆོ་གས་དཀྱིལ་འཁོར་ཇི་ལྟ་བའི་རྗེས་སུ་འབྲངས་ཏེ་ཐིག་འདེབས་པ་དང་འབྲི་བའི་དཀྱིལ་འཁོར་གྱིས་གཞིར་བསྡད་ལ་དབུས་སུ་དྲིའི་མཎྜལ་བྱས་པར་བཾ་ལས་བྱུང་བའི་སའི་ལྷ་མོ་རྣམ་པར་བསྒོམས་ ནས་ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ་བསམས་ཏེ། སོར་མོའི་རྩེ་མོ་ས་ལ་ལན་གསུམ་བསྣུན་པ་དང་དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་ཡང་དག་པར་བསྐུལ་བ་ལས་འཐོན་པའི་སའི་ལྷ་མོ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་དགྱེས་པའི་ཐུགས་ཅན་སེར་མོ་ཞི་ ཞིང་གོས་དཀར་མོ་མནབས་པ་རྒྱན་ཐམས་ཅད་དང་ལྡན་པ། ཞལ་གཅིག་ཕྱག་གཉིས་མ་གཡོན་པས་བུམ་པ་བཟང་པོ་འཛིན་ཅིང་ཅིག་ཤོས་ཀྱིས་མི་འཇིགས་པ་མཛད་པ་མདུན་དུ་གནས་པ་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་པས་དེ་མ་ཐག་ཏུ། ཨོཾ་ ཚུར་བྱོན་ཚུར་བྱོན་ས་ཡི་ནི། །ལྷ་མོ་ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་ནས་སུ། །དཀྱིལ་འཁོར་འདི་ནི་ལེགས་ གྲུབ་མཛོད། །ཧྲི་ཧཱི་ཧཱི་ཧཱི་ཧཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་ལ་ལྷག་པར་གནས་པར་བྱའོ། །དེ་ཡང་དེ་བཞིན་དུ་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་པར་བསམ་མོ་ཞེས་པ་ནོར་འཛིན་མ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་གྱི་ས་གཞིར་བདུད་ རྩི་ལྔ་དང་བཅས་པའི་དྲི་བཟངས་ལ་ཨོཾ་ཨཱཿཧཱུཾ་གིས་བསྔགས་པས་ཉེ་བར་བྱུགས་ཅིང་མེ་ཏོག་བཟང་པོ་གཅལ་དུ་བཀྲམ་དུ་བཅུག་སྟེ། ཕྱི་དྲོའི་དུས་སུ། ཁྲུས་དང་གཙང་སྦྲ་དྲི་ཞིམ་ལུས། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །དཀར་པོ་གསར་པའི་གོས་འཛིན་པ། ། དེ་ཡི་གཙུག་ཏོར་རྣམ་པར་བརྒྱན། །ཞེས་པའི་གསུང་གི་ཕྱིར་སྦྱིན་པའི་བདག་པོས་ཕུལ་བའི་དོ་ཤལ་དང་རྐང་གདུབ་དང་དཔུང་རྒྱན་དང་ལག་གདུབ་དང་། རྐེད་རྒྱན་དང་། སོར་གདུབ་ལ་སོགས་པའི་རྒྱན་གྱིས་བརྒྱན་ནས། རིམ་པ་ཇི་ལྟ་བ་བཞིན་དུ་ཨོཾ་ཨཱཿཧཱུཾ་ སྭཱ་ཧཱ། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་པ་དག་ལན་བདུན་བཟླས་པའི་གསེར་གྱི་དབུ་རྒྱན་དང་གོས་ལ་སོགས་པས་བརྒྱན་ཅིང་། དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་ལ་ཤར་དུ་མངོན་པར་ཕྱོགས་པའམ་ཕྱོགས་གཞན་ལ་ནི་དཀྱིལ་འཁོར་གྱི་ཤར་ནུབ་ཏུ་མངོན་པར་ ཕྱོགས་པས་འདུག་སྟེ། འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་ལྷ་རྣམས་ཀྱི་གནས་སུ་ཙནྡན་ལ་སོགས་པའི་མཎྜལ་བྱས་ལ། ཇི་ལྟ་བར་དམ་ཚིག་གི་འཁོར་ལོ་རྣམ་པར་བསྒོམས་ནས། དེར་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་ཡེ་ཤེས་ཀྱི་ དཀྱིལ་འཁོར་རབ་ཏུ་བཅུག་སྟེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་ཇི་སྙེད་པ་བྱའོ། །བསྒོམས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཤར་ལ་སོགས་པའི་ཕྱོགས་སུ་གནས་པའི་བུམ་པ་རྣམས་སམ། ཕྱོགས་གཞན་ལ་ནི་བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་ན་ གནས་པའི་བུམ་པ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་ཞི་བ་ལ་སོགས་པའི་དབྱེ་བས་དེ་རྣམས་ཀྱི་མཚན་ཉིད་བརྗོད་པར་བྱ་སྟེ། དེ་ལྟར་ཡང་ཞི་བ་དང་རྒྱས་པ་དག་གི་བུམ་པའི་ལྟོ་བའི་ཟླུམས་སུ་ནི་སོར་བཅུ་དྲུག་གོ། །ལྟོ་བའི་འོག་ནས་ཁ་དང་མཆུའི་བར་ཇི་སྲིད་ པར་དཔངས་སུ་ནི་སོར་ཉི་ཤུའོ། །འོག་ཏུ་འཕྱར་བའི་མཆུའི་ཚད་ནི་སོར་གཉིས་སོ། །མགྲིན་པ་ནི་སོར་དྲུག་གོ། །མཆུའི་མཐའ་ནས་མཆུའི་མཐའི་བར་ཇི་སྲིད་པའི་ཁ་ནི་སོར་བརྒྱད་དོ། །སོར་བརྒྱད་ཀྱི་ཆ་གཉིས་ནི་ཁའི་བུག་པའོ། །ཆ་གཅིག་གིས་ནི་མཆུ་གཉིས་ ཀྱི་ཞེང་ངོ་། །དབྱེ་བ་དང་བསྐྲད་པ་དག་གི་བུམ་པའི་ལྟོ་བའི་ཟླུམ་པོ་ནི་སོར་བཅུ་གཉིས་སོ། །དཔངས་སུ་ནི་སོར་ཉི་ཤུ་རྩ་བཞིའོ། །མགྲིན་པ་ཡོན་པོ་སྟེ་སོར་བརྒྱད་དོ། །ཁ་ནི་སོར་དྲུག་གོ། །མཆུ་དག་ནི་སོར་རེ་རེའོ། །དབང་དང་དགུག་པ་དག་གི་བུམ་པ་ནི། བཟོ་ པོས་ཇི་ལྟར་བྱས་པའོ། །རེངས་པའི་བུམ་པ་ནི་ཐུང་བ་སྟེ་ཟླུམས་དང་དཔངས་སུ་སོར་བཅུ་དྲུག་གོ། །མགྲིན་པ་ནི་སོར་བཞིའོ། །ཁ་ནི་སོར་དྲུག་གོ། །མཆུ་ནི་སྦོམ་ཞིང་སོར་གཉིས་པའོ། །ལས་ཐམས་ཅད་པ་ལ་ནི་ཞི་བ་ལ་སོགས་པའི་ལས་ལ་བརྗོད་པའི་བུམ་པ་རྣམས་གཟུང་བར་ བྱའོ། །རྩ་བ་དང་ནི་ནག་པོ་མེད། །མཆུ་འཕྱང་མགྲིན་རིངས་ལྟོ་བ་ཆེ། །ཞེས་རྒྱུད་གཞན་ལས་གསུངས་པ་ཡང་སོར་བཅུ་དྲུག་པ་ལ་སོགས་པ་རྣམས་ལ་རིག་པར་བྱའོ། །དེའི་ཕྱིར་མཚན་ཉིད་དང་ལྡན་པ་གསུངས་པ། གསེར་རམ་དངུལ་ལམ་ཟངས་མ་འམ། །ཡང་ན་ས་ ལས་བྱས་པ་ཉིད། །ཇི་ལྟར་རྙེད་པའི་བུམ་པ་ནི། །བརྟུལ་ཞུགས་ཅན་གྱིས་དཀྱིལ་འཁོར་དགོད། །བྱི་རུ་དང་ནི་གསེར་དང་དངུལ། །པདྨ་རཱ་ག་མུ་ཏིག་སྟེ། །རིན་ཆེན་ལྔར་ནི་ལྡན་པ་རྣམས། །བུམ་པའི་ལྟོ་བར་རབ་ཏུ་གཞུག །ནས་དང་གྲོ་དང་མོན་སྲན་དང་། །ཏིལ་དང་ དེ་བཞིན་སོ་བ་སྟེ། །འབྲུ་ལྔ་རྣམས་སུ་བསྟན་པ་ནི། །བུམ་པའི་ལྟོ་བར་གཞག་པར་བྱ། །བྲྀ་ཧ་ཏི་དང་ཀཎྜ་ཀ་རི། །ཧ་ས་དེ་བ་ཨ་པ་ར་ཛི་ཏ། །དཎྜོད་པ་ལའི་རྩ་བ་སྟེ། །སྨན་ལྔ་རྣམས་ཀྱང་གཞུག་པར་བྱ། །ཨ་མྲ་ཨུ་དུམྦཱ་ར་དང་། །ཨ་ཤོ་ཀ་དང་ཨ་ཤྭདྠ། །དེ་བཞིན་ ནཱ་ག་གེ་སར་ཏེ། །ཡལ་འདབ་ལྔ་རྣམས་བྱིན་པ་ཡིས། །བུམ་པའི་ཁ་ནི་བརྒྱན་པར་བྱ། །བུམ་པ་རྣམས་ཀྱི་མགྲིན་པ་ནི། །གོས་དཀར་ཆེན་པོས་བཅིང་བར་བྱ། །ཆོ་ག་མཁས་པས་གོས་སྟེང་དུ། །སྲད་བུ་ལྔ་རྣམས་དགོད་པར་བྱ། །དཀྱིལ་འཁོར་པ་ནི་ཐམས་ ཅད་ཀྱི། །ས་བོན་ཡང་ན་མཚན་མ་འང་རུང་། །མངོན་པར་འདུས་བྱས་ཙནྡན་སོགས། །མཁས་པས་བུམ་པའི་ལོགས་ལ་བྲི། །རིན་ཆེན་ལ་སོགས་ལྡན་པར་འདིར། །རང་རང་རྒྱུད་ལས་མངོན་བསྔགས་པའི། །ཆུ་དང་ལྡན་པ་བློ་ལྡན་གྱིས། །ལྷ་ཡི་གྲང་བཞིན་ དགོད་པར་བྱ། །ཞེས་པ་དེ་ལྟ་བུའི་རང་བཞིན་ཅན་གྱི་བུམ་པ་རྣམས་བླ་རེའི་འོག་ཏུ་འཆད་པར་འགྱུར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་མཚན་མ་དགོད་པའི་རིམ་པས་སོ་སོར་རེ་རེར་དྲི་བཟང་པོ་ལ་སོགས་པའི་མཎྜལ་གྱི་སྟེང་དུ་རྗེས་སུ་མཐུན་པའི་གདན་ལ་དཀྱིལ་འཁོར་གྱི་རྣམ་པའམ་ གྲལ་དུ་དངར་ཏེ། ཨོཾ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་ཧཱུཾ་ཞེས་ལན་བདུན་བཟླས་པའི་སྲད་བུ་དཀར་པོ་སོགས་ཀྱིས་མགྲིན་པར་དཀྲིས་ནས་མདུན་དུ་དགོད་པར་བྱ་ཞིང་། དང་པོར་སྟོང་པ་ཉིད་དུ་བྱས་པའི་མཐར་བཾ་གྱི་ཡི་གེ་ལས་རིན་པོ་ཆེའི་རང་བཞིན་དུ་བསྒོམ་པར་བྱའོ། །ཇི་སྐད་ གསུངས་པའི་རིན་པོ་ཆེ་ལྔ་རྣམས་མེད་ན་རིན་པོ་ཆེ་གཞན་རབ་ཏུ་གཞུག་པར་བྱའོ། །ཁ་ཅིག་ཏུ་ནི་སོ་བའི་གནས་སུ་སྲན་མ་སྟེ་ཡལ་འདབ་ལྔ་རྣམས་མེད་ན་ཆོ་ག་རྗེས་སུ་ཤེས་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ཤིང་གི་ཡལ་འདབ་གཅིག་པུས་ཀྱང་ངོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། ། ཇི་སྐད་གསུངས་པའི་སྨན་རྣམས་མེད་ན་སྨན་གཞན་དག་རབ་ཏུ་གཞུག་པར་བྱའོ། །འབྱོར་པ་ཆུང་ན་རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པ་དག་ལ་རིན་པོ་ཆེའི་སྙིང་པོར་བྱའོ། །དེར་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་ནི་ངེས་པར་རིན་པོ་ཆེའི་སྙིང་པོར་བྱའོ། །རྣམ་པར་རྒྱལ་ བའི་བུམ་པ་ལ་ནི་ཆོས་ཀྱི་འབྱུང་གནས་ཀྱི་དབུས་སུ་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཟླ་བ་འམ་ཉི་མ་ལ་ཇི་ལྟར་རིགས་པར་བདག་པོའི་མཚན་མ་འམ་ས་བོན། དེ་ལས་གཞན་པའི་བུམ་པ་རྣམས་ལ་ནི་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཟླ་བ་འམ་ཉི་མར་རང་གི་མཚན་མའམ་ ས་བོན་ནམ། ལྷ་རྣམས་ཇི་ལྟ་བར་བྲི་བར་བྱའོ། །དཀྱིལ་འཁོར་གང་དུ་ལྷ་ཇི་སྙེད་པ་དེ་སྲིད་དེ་རྣམས་ཀྱི་བུམ་པའོ། །ཡང་ན་ཕོ་བྲང་གི་སྙིང་པོར་གནས་རྣམས་ཁོ་ནའི་འོ། །དེ་ལ་རིགས་ཀྱི་ཡུམ་རྣམས་ཀྱི་ནི་བཞིའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ནི་ལྔའོ། །ཡང་ ན་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་ལྔའོ། །ཡང་ན་བདག་པོའི་གཅིག་དང་དེ་བཞིན་གཤེགས་པ་བཞིའི་གཅིག་དང་། རིགས་ཀྱི་ཡུམ་བཞིའི་གཅིག་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་གི་གཅིག་དང་། ཁྲོ་བོ་བཞིའི་གཅིག་སྟེ་ལྔའོ། །ཡང་ན་གཙོ་བོ་ཁོ་ནའི་ གཅིག་གོ། །ཕྱོགས་འདི་རྣམས་ལ་ནི་ལས་ཐམས་ཅད་པའི་བུམ་པར་ལྷག་པོར་བྱ་སྟེ་སློབ་མ་ལ་སོགས་པ་བསང་བའི་དོན་དུའོ། །ཁ་ཅིག་ནི་འདི་མི་འདོད་ཅིང་བུམ་པ་གཉིས་ཡང་མེད་ན། རྣམ་པར་རྒྱལ་བའི་བུམ་པ་ལ་གཙོ་བོའི་མཚན་མའི་གཡོན་དུ་ལས་ཐམས་ཅད་པའི་ མཚན་མ་བྲི་བར་བྱའོ་ཞེས་པ་ནི་ཕྱོགས་གཞན་ཏེ། །དེའི་མཚན་མ་ནི་བགེགས་མཐར་བྱེད་ཀྱིའོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཡང་མཚན་མ་བཞི་ཕྱོགས་བཞིར་བྲིའོ་ཞེས་པའི་ཕྱོགས་ལ་ནི་གཙོ་བོའི་མཚན་མ་རྣམ་པར་སྣང་མཛད་ཀྱི་མཚན་མའི་སྟེང་དུའོ། །ཁ་ཅིག་ཏུ་ནི་ དེར་གནས་པ་ཉིད་མཆུའི་སྟེང་དུའོ་ཞེས་བཤད་དོ། །སྤྱན་མ་ལ་སོགས་པ་རྣམས་ཀྱིའང་ཕྱོགས་བྲལ་བཞིན་དུའོ་ཞེས་པ་ནི་ཕྱོགས་གཞན་ནོ། །ཡང་ན། སངས་རྒྱས་ལྔ་དང་ལྷ་མོ་བཞི། །ཁྲོ་བོ་བཞི་ཡི་བུམ་པ་རྣམས། །སོ་སོའི་འཁྱིལ་པའི་གཅིག་དང་ནི། །གཟུགས་ ཀྱི་རྡོ་རྗེ་སོགས་དྲུག་ལ། །གཅིག་སྟེ་མཚན་མ་ལྡན་པའོ། །ཞེས་པས་བཅོ་ལྔའོ། །དེ་ལྟར་བརྗོད་པའི་ཕྱོགས་རྣམས་ལས་ཕྱོགས་གཞན་དུ་འགའ་ཞིག་བརྗོད་པ་དེ་དག་ནི་རིག་པ་མ་ཡིན་ནོ། །དེ་ལྟར་འཇམ་པའི་རྡོ་རྗེ་ལ་དཀྱིལ་འཁོར་ཉི་ཤུ་དང་། བཅུ་དང་། དྲུག་དང་། གཉིས་དང་། གཅིག་དང་བཅོ་ལྔ་སྟེ་བུམ་པའི་གྲངས་རྣམ་པར་གཞག་པའོ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་དུ་ལྔ་པ་གཉིས་ཀྱི་ཕྱོགས་ལ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་གཅིག་དང་། ཡུམ་རྣམས་ཀྱི་གཅིག་དང་། གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའི་གཅིག་ དང་། བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་གཅིག་དང་། ཁྲོ་བོ་བཅུའི་གཅིག་གོ་ཞེས་པ་ནི་ཁྱད་པར་རོ། །ཡང་ན། རང་ཕྱོགས་སྲས་གཉིས་དག་གི་གཅིག །ཁྲོ་དྲུག་བཙུན་མོ་རྣམས་ཀྱི་ཡང་། །སྙིང་པོར་གནས་དང་སྒོ་སྐྱོང་དང་། །བགེགས་དགྲའི་རེ་རེ་ཉི་ཤུའོ། །ཞེས་པ་ ཁ་ཅིག་གིའོ། །ཁ་སྦྱོར་ལས་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཕྱོགས་གཉིས་པའི་ལྔ་པ་ནི། ཕོ་བྲང་གི་སྙིང་པོར་གནས་པ་རྣམས་ཀྱི་གཅིག་དང་། ཕོ་བྲང་གཉིས་པར་གནས་པ་རྣམས་ཀྱི་གཅིག་དང་། ཕྱོགས་བརྒྱད་ཀྱི་ལྷ་མོ་རྣམས་ཀྱི་གཅིག་དང་། ཟུར་གྱི་ལྷ་མོ་ རྣམས་ཀྱི་གཅིག་དང་། སྒོ་སྐྱོང་རྣམས་ཀྱི་གཅིག་གོ་ཞེས་པ་ནི་ཁྱད་པར་རོ། །ཡང་ན་དེ་བཞིན་གཤེགས་པ་རྣམས་དང་། རིགས་ཀྱི་ཡུམ་རྣམས་དང་སྒོ་སྐྱོང་རྣམས་ཀྱི་བུམ་པ་རེ་རེ་དང་། རིམ་པ་གཉིས་པའི་ཕྱོགས་ཀྱི་ལྷ་མོ་རྣམས་ཀྱི་གཅིག་དང་། ཕྱོགས་བྲལ་གྱི་ལྷ་མོ་རྣམས་ ཀྱི་གཅིག་དང་། རིམ་པ་གསུམ་པའི་ཕྱོགས་ཀྱི་གཡོན་ན་གནས་པ་རྣམས་ཀྱི་གཅིག་དང་། གཡས་ན་གནས་པ་རྣམས་ཀྱི་གཅིག་དང་། ཟུར་ན་གནས་པ་རྣམས་ཀྱི་གཅིག་དང་། དེའི་ཕྱི་རོལ་གྱི་ཟུར་ན་གནས་པ་རྣམས་ཀྱི་གཅིག་དང་། ལས་ཐམས་ཅད་པའི་ གཅིག་སྟེ། དེ་ལྟར་ཉི་ཤུའོ་ཞེས་པ་ནི་ཁ་ཅིག་གིའོ། །དཔལ་བདེ་མཆོག་གི་དཀྱིལ་འཁོར་ལ་ནི་འཁོར་ལོ་ལྔ་ལ་སོ་སོར་རེ་རེ་སྟེ་ལྔའོ། །ཡང་ན་སྙིང་པོའི་ཕོ་བྲང་དུ་གནས་པ་ཁོ་ནའི་ལྔའོ། །ཡང་ན་འདི་རྣམས་ཀྱི་རྣམ་པ་ལྔ་དང་། འཁོར་ལོ་བཞིའི་བཞི་སྟེ་དགུའོ། །ཡང་ན་དབུས་ཀྱི་ཕོ་བྲང་དང་ དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཀྱི་གཅིག་སྟེ་བཅུ་གསུམ་མོ། །ཐུགས་ཀྱི་འཁོར་ལོ་ལ་ཕྱོགས་སུ་གནས་པ་རྣམས་ཀྱི་གཅིག་དང་། ཕྱོགས་བྲལ་དུ་གནས་པ་རྣམས་ཀྱི་གཅིག་གོ། །དེ་བཞིན་དུ་གསུང་གི་འཁོར་ལོ་དང་སྐུའི་འཁོར་ལོ་ལ་ཡང་སྟེ་བཅུ་དགུའོ། །ཕྱོགས་འདི་རྣམས་ སུ་ལྷ་སོ་སོའི་དགོད་པ་ཡང་ལས་ཐམས་ཅད་པ་དུམ་སྐྱེས་མའི་ལྷག་པར་དགོད་པར་བྱའོ། །འདིའི་རྗེས་སུ་འབྲངས་ནས་དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་བུམ་པའི་གྲངས་རིག་པར་བྱའོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང་། བྱ་བ་མང་བའི་ཕྱིར་རྣམ་རྒྱལ་བུམ་པའི་ སྟེང་དུ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཧཱུཾ་ཞེས་པ་འདི་དང་ཡི་གེ་གསུམ་གྱིས་ཀྱང་ལན་བདུན་བསྔགས་པས་ཡེ་ཤེས་ཀྱི་བདུད་རྩིར་བྱ་ཞིང་། རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་། ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་། དྲི་བཟང་པོའི་ཆུ་དང་ལྡན་པ་ཧཱུཾ་གིས་བསྔགས་ནས་དུང་ཆོས་སམ་པདྨའི་སྣོད་ དུ་མེ་ཏོག་གི་ཕྲེང་བ་བཅིངས་པའི་རྡོ་རྗེ་དང་བཅས་པ་བཞག་ལ་ནང་དུ། ཨོཾ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་པས་བཀུག་པའི་གོང་གི་ལྷའི་ཆུའི་ངོ་བོ་ལས་ལྷའི་འཁོར་ལོ་གདན་དང་བཅས་པ་སྐད་ཅིག་གིས་རྣམ་པར་བསམས་ཏེ་རང་གི་སྙིང་གའི་ས་བོན་གྱིས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་པའི་ མདུན་དུ་ཞབས་བསིལ་དང་། ཞལ་བསིལ་དང་མཆོད་ཡོན་རྣམས་དབུལ་བར་བྱའོ། །དེ་ནས་དམ་ཚིག་གི་འཁོར་ལོ་ལ་རབ་ཏུ་བཅུག་སྟེ། ཆགས་པ་ཆེན་པོས་ཞུ་བར་གྱུར་ནས་སྔར་བླུགས་པའི་ཆུ་དང་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་རོ་གཅིག་ཏུ་གྱུར་པར་བསྒོམ་མོ། །མཚན་མ་ཡང་དམ་ཚིག་གི་ ལྷ་ཡེ་ཤེས་ཀྱི་ལྷ་དང་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་རྡོ་རྗེ་དང་འབྲེལ་བའི་མེ་ཏོག་གི་མཐར་གཡོན་པའི་ཁུ་ཚུར་གྱིས་བཟུང་ནས་ཧཱུཾ་གིས་བསྔགས་ཏེ་འཁོར་ལོའི་དབང་ཕྱུག་གི་སྙིང་པོ་བརྒྱ་རྩ་བརྒྱད་དམ། ཨོཾ་བཛྲ་ཨུ་ད་ཀ་ཧཱུཾ། ཞེས་པ་འདིས་ཆུ་ལ་མངོན་པར་བསྔགས་ལ་དེར་ འཁྱིལ་པས་བསྔགས་པའི་མེ་ཏོག་དཀར་པོ་གསུམ་གཞུག་པར་བྱའོ། །གཞན་ཡང་བུམ་པ་གང་ཞིག་ལྷ་གང་གི་ཡིན་པ་དེ་ལ་ནི། དེའི་སྔགས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ་བདུན་གྱིས་བསྔགས་པར་བྱ་སྟེ། རྡོ་རྗེའི་མེ་ཏོག་གི་ཕྲེང་བའི་མཐར་བཟུང་ནས་སོ། ། དེ་བཞིན་དུ་མེ་ཏོག་ཀྱང་གཞུག་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། སྲུང་བའི་དོན་དུ་ལས་ཐམས་ཅད་པའི་ཆུས་དེའི་ཡལ་འདབ་ཀྱིས་བསངས་ཏེ། འདིར་ཇི་སྲིད་དཀྱིལ་འཁོར་གྱི་བྱ་བ་མ་རྫོགས་པ་དེ་སྲིད་ དུ་བགེགས་རྣམས་བཟློག་པར་མཛོད་ཅིག་ཅེས་བརྗོད་ཅིང་གཏོར་མ་ཕུལ་ནས་ཉེ་བར་རེག་ལ། མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པའི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །བུམ་པ་དེ་རྣམས་ལས་ཆུ་ཉུང་ཟད་ཉུང་ཟད་བླངས་ལ་དཀྱིལ་འཁོར་གྱི་ཁང་པའི་ཤར་སྒོའི་བྱང་གི་ཆར་ མན་འཇི་ལ་གནས་པའི་དུང་ཆོས་ལ་སོགས་པ་གཞག་པར་བྱ་སྟེ། བདག་ཉིད་དང་སློབ་མ་རྣམས་ལ་བསང་གཏོར་བྱ་བའི་དོན་དུའོ། །ལས་ཐམས་ཅད་པའི་བུམ་པ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི་དོན་དུ་དེར་གཞག་པར་བྱའོ་ཞེས་པ་ནི་གཞན་ལས་སོ། །བུམ་པ་རྣམས་ལ་ མངོན་པར་བསྔགས་པ་དང་མཆོད་པ་ལ་སོགས་རྣམས་ནི་ཉི་མ་སོ་སོར་ཐུན་གསུམ་མམ་གཅིག་ཏུ་བྱའོ། །འཁོར་ལོའི་དབང་ཕྱུག་ལ་སོགས་པའི་སྔགས་ནི་དཀྱིལ་འཁོར་སོ་སོའི་སྒྲུབ་ཐབས་ལ་སོགས་པ་རྣམས་སུ་བལྟ་བར་བྱའོ། །མདོར་བསྡུས་པ་ནི་སླར་ཡང་འདི་ཉིད་དུ་ འཆད་པར་འགྱུར་བ་སྟེ། དཀྱིལ་འཁོར་གྱི་ལྷའི་གཟུགས་དང་ཁ་དོག་དང་མཚན་མ་ལ་སོགས་པ་བརྗོད་པའི་དུས་སུའོ། །འདི་དཀྱིལ་འཁོར་ལ་སོགས་པའི་ལས་ལ་ཉེ་བར་མཁོ་བའི་དོན་དུ་དང་པོར་རྡུལ་ཚོན་དཀར་པོ་ལ་སོགས་པས་པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བ་ལ་རྣམ་པར་ རྒྱལ་བའི་བུམ་པ་འམ་ལས་ཐམས་ཅད་པའི་བུམ་པ་གཞག་པར་བྱའོ། །ཤར་གྱི་འདབ་མ་ལ་འཆད་པར་འགྱུར་བའི་ཆོ་གས་ལྷག་པར་གནས་པ་བྱས་པའི་ཚོན་སྣ་ལྔའི་ཐིག་སྐུད་གསེར་ལ་སོགས་པའི་སྣོད་དུ་གནས་པའོ། །ལྷོར་རྡོ་རྗེའོ། །བྱང་དུ་རྡོ་རྗེའི་དྲིལ་ བུའོ། །ནུབ་དང་ཟུར་གྱི་འདབ་མ་རྣམས་ལ་ཇི་ལྟར་རིགས་པར་རྡུལ་ཚོན་ལྔའི་སྣོད་རྣམས་སོ། །དེར་འཁྱིལ་པའི་སྔགས་བཟླས་ཏེ་བུམ་པའི་ཆུས་རྡུལ་ཚོན་དང་ཐིག་སྐུད་རྣམས་བསང་གཏོར་བྱའོ་ཞེས་པ་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་གྱིས་ གཞི་དྲི་བཟངས་ལ་སོགས་པས་བྱུགས་ཤིང་མེ་ཏོག་གཅལ་དུ་འགྲེམས་སུ་བཅུག་སྟེ། དེར་ཇི་ལྟར་འབྱུང་བའི་བདག་པོ་ལྔའི་ལེ་ཚེ་རྣམས་སུ་མཎྜལ་གྲུ་བཞི་པ་བྱ་ཞིང་ལྷ་གཞན་རྣམས་ལ་ཟླུམ་པོ་སྟེ། བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོ་རྣམས་ཀྱིས་བྱའོ། །ནུབ་ཏུ་ཕྱོགས་པས་ མཎྜལ་དེ་རྣམས་སུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟར་རིགས་པར་ཆུ་སྐྱེས་ལ་གནས་པའི་ཟླ་བའམ་ཉི་མ་ལ་བཞུགས་སུ་གསོལ་ལ། ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བའི་མཆོད་པ་དང་། བསྟོད་པ་དང་བདུད་རྩི་མྱང་ བ་བྱས་ཏེ། པུས་མོ་གཡས་པ་ས་ལ་བཙུགས་ཤིང་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པར་བྱས་པ་ཧཱུཾ་བཀོད་ནས་ལག་པ་གཡས་པས་སྤོས་ཕོར་ཐོགས་ཏེ། གཡོན་པས་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། བཅོམ་ལྡན་རྡོ་རྗེ་ཆེ་གེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །མགོན་པོ་ ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་བྲི་བར་བདག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་དོན་དང་། །ཁྱེད་རྣམས་ལ་ཡང་མཆོད་ཕྱིར་དང་། །སེམས་ཅན་བསོད་ནམས་སྤེལ་དོན་དང་། །བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །དེ་བས་བཅོམ་ལྡན་བདག་གུས་ལ། །བཀའ་ དྲིན་གནང་བར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་དང་། ། གང་སུ་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཆེ། །ཆོ་ག་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པར་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །ཞེས་དོན་མངོན་དུ་བྱེད་ཅིང་ལན་གསུམ་བརྗོད་པས་གསོལ་བ་གདབ་པར་བྱའོ། ། ཞེས་པ་ལྷ་ལྷག་པར་གནས་པའི་ཆོ་གའོ།། །།དེའི་རྗེས་ལ་ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ས་གཞིའི་སྟེང་གི་ནམ་མཁར་དཀྱིལ་འཁོར་གྱི་འཁོར་ལོ་བློས་བཀོད་ནས་ཡང་དག་པར་མཆོད་དེ་ཤར་དུ་མངོན་པར་ཕྱོགས་ཤིང་དཀྱིལ་འཁོར་གྱི་དབང་ཕྱུག་གི་རྣལ་ འབྱོར་དང་ལྡན་པས་གཞོན་ནུ་མ་མ་ཉམས་པས་བཀལ་བ་འམ་དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་པ་ལྔ་སྣོད་ལྔར་གནས་པ་རྣམས་དྲི་ཞིམ་པོ་དང་ལྡན་པའི་ཁ་དོག་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོ་རྣམས་དང་ཡུངས་ཀར་གྱི་ཕྱེ་མ་དང་བདུད་རྩི་ལྔ་བསྲེས་པ་རྣམས་ ཀྱིས་སོ་སོར་ཁ་བསྒྱུར་ལ་ལག་པ་གཡོན་པའི་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ཏེ་མཐེ་བོང་གི་བར་ཇི་སྲིད་པར་རྣམ་པར་བཀོད་ལ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་གི་ཡི་གེ་རྣམས་ལས་བསྐྱེད་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པར་བསྒོམས་ཏེ། ནམ་མཁའ་ལ་བཞུགས་སུ་གསོལ་ བའི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་བསྡུས་པར་གྱུར་པ་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་བྷྲཱུཾ་ཡིག་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་དང་བཅས་པར་བལྟ་ཞིང་། ཨོཾ་ཨཱཿཤཱ་ཤྭ་ཏ་བཛྲ་སཱུ་ཏྲམྨེ་པྲ་ཡཙྪ་མ་ཧཱ་མཎྜལ་སཱུ་ཏྲ་ཎཱ་ཡ་ཧཱུཾ། ཞེས་པ་ འདིས་རྣམ་པར་སྣང་མཛད་ལ་གསོལ་བ་གདབ་པར་བྱ་སྟེ། མིང་ཡོངས་སུ་བསྒྱུར་ནས་རིན་ཆེན་འབྱུང་ལྡན་ལ་སོགས་པ་ལ་ཡང་ངོ་། །མིག་གཉིས་ཛཿཡིག་ལས་སྐྱེས་པའི་ཟླ་བ་དང་ཉི་མ་སེར་པོའི་རང་བཞིན་དུ་བྱས་ཏེ། ཨོཾ་དཱི་པྟ་དྲྀཥྚི་ཨཾ་ཀུ་ཤ་ཛཿཞེས་བརྗོད་ཅིང་རབ་ཏུ་མྱུར་བར་ གཡོ་བའི་མིག་གི་རྫི་མ་འདེགས་ཤིང་འགུགས་པ་འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་རྣམ་པར་སྣང་མཛད་ལ་སོགས་པ་བསྐུལ་བས་དེ་རྣམས་རང་གི་ཁ་དོག་ཅན་གྱི་ཐིག་སྐུད་ལག་པར་གནས་པ་རྣམས་ལ་ཐིམ་པར་བསྒོམ་མོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ནི་མེ་ལོང་ལྟ་བུ་ལ་ སོགས་པ་ཡེ་ཤེས་ལྔའི་རང་བཞིན་ཅན་ནོ་ཞེས། རྣམ་པ་བརྒྱའི་དབྱེ་བས་ཕྱེ་བར་གྱུར་པའི་ཐིག་སྐུད་རྣམས་སོ། །དེ་ནས་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སམ་བགེགས་མཐར་བྱེད་ལ་སོགས་པའི་གཟུགས་ཀྱིས་སློབ་མ་ཐིག་སྐུད་འཛིན་པ་དང་ལྷན་ ཅིག་དང་པོར་སྐུད་པ་ལྔ་ལྔ་རེ་རེར་བསྒྲིལ་བའི་ཐིག་སྐུད་བྱ་ཞིང་། དེའི་རྗེས་ལ་དེ་བཞིན་དུ་ལྔ་རྣམས་གཅིག་ཏུ་བསྒྲིལ་བའི་ཐིག་སྐུད་བྱ་སྟེ། ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏཱཿསརྦ་དྷརྨཱཿཔ་ར་སྤཱ་ར། ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨ་དི་ཨནྟ་ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་བསྒྲིལ་བའི་ ཐིག་སྐུད་སློབ་དཔོན་དང་སློབ་མའི་ལག་པ་གཡོན་པ་དག་གི་མཛུབ་མོ་ནས་བརྩམས་ཏེ་སོར་མོ་བཞིའི་ནང་དུ་བཅུག་ཅིང་རྒྱབ་ནས་དཀྲིས་ལ་སླར་ཡང་བཅུག་ཅིང་དཀྲིས་ནས་རྡོ་རྗེ་ཁུ་ཚུར་བྱས་པའི་མཐེ་བོང་དང་མཛུབ་མོའི་རྒྱབ་ཀྱིས་ས་ལ་སྦྱར་ཏེ། མནན་པའི་བར་གྱི་ལྷག་མ་མ་གཏོགས་ པ་ཇི་ལྟ་བར་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམས་སུ་ནས་ཉི་ཤུ་ཆས་ལྷག་པའི་སློབ་དཔོན་གྱི་ནས་ཀྱི་ཚད་དུ་འགྱུར་རོ། །ནས་བདུན་གྱིས་སོར་ཚིགས་སོ་ཞེས་ཆོས་མངོན་པ་ལས་བཤད་པའོ། །སྦོམས་སུ་འཁོར་ལོའི་བརྒྱད་ཆའི་ཉི་ཤུ་ཆར་བཤད་པ་ནི་སོར་ཉི་ཤུ་རྩ་བཞིའི་བདག་ཉིད་ཁྲུ་ གང་བའི་དཀྱིལ་འཁོར་ཁོ་ནའི་ཡིན་ཏེ། ཁྲུ་གཉིས་ལ་སོགས་པའི་དཀྱིལ་འཁོར་གྱི་ཚད་ཀྱང་དེས་ཉེ་བར་མཚོན་ནས་ཚད་དང་ལྡན་པར་རིག་པར་བྱའོ། །དེ་བཞིན་དུ་ཁྲུ་དྲུག་པའི་ཚད་ཅན་གྱི་དཀྱིལ་འཁོར་ལ་ནི་ཐིག་སྐུད་སྦོམས་སུ་མཐེའུ་ཆུང་གི་ཚད་དུ་བྱ་ཞིང་གཞན་དུ་རྗེས་སུ་མཐུན་པ་བྱའོ་ ཞེས་པ་ནི་ཀུན་དགའ་སྙིང་པོ་ལ་སོགས་པའིའོ། །ཐིག་སྐུད་བསྒྲིལ་བའི་མཐར་དཀྱིལ་འཁོར་གྱི་ས་གཞིར་དྲིའི་ཆུ་དང་བདུད་རྩི་ལྔ་དང་ཙནྡན་ལ་སོགས་པའི་དྲི་བཟངས་ཀྱིས་བྱུགས་ལ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ཏེ། གསེར་ལ་སོགས་པའི་སྣོད་གཙང་མར་བཞག་ཅིང་། མེ་ཏོག་དང་ བདུག་སྤོས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས་ལག་པས་རེག་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་བར་བྱའོ། །གཡས་པ་དང་ཅིག་ཤོས་ཀྱི་མིག་དག་མ་དང་ཊའི་ཡི་གེ་དག་ལས་ཉི་མ་དང་ཟླ་བ་དག་ཏུ་བལྟས་ཏེ། སྔར་གསུངས་པའི་བཛྲ་དྲྀཥྚི་མ་ཞེས་པས་བརྟན་པར་ བྱས་ལ། འཁྱིལ་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ནས་རྡོ་རྗེ་དང་བསམ་པའི་ལག་པ་གཡས་པས་ཡང་དག་པར་རེག་ཅིང་། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པ་འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ལྷག་པར་གནས་པ་བྱའོ་ཞེས་པ། ཐིག་སྐུད་ལྷག་པར་ གནས་པའི་ཆོ་གའོ།། །།སླར་ཡང་དཀྱིལ་འཁོར་གྱི་ས་ལ་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་བུམ་པ་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱས་པའི་གཙང་མར་དྲིས་བྱུགས་ནས་མེ་ཏོག་གཅལ་དུ་བཀྲམ་ལ། ནམ་མཁའི་མཐིལ་དུ་གནས་པར་ཡང་འདྲི་བར་འགྱུར་བའི་དཀྱིལ་འཁོར་ ཡང་དག་པར་དམིགས་ཏེ་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་ཡང་དག་པར་མཆོད་ཅིང་བསྟོད་ནས་རང་ཉིད་དེའི་རྣལ་འབྱོར་དང་ལྡན་པས་བསྒྲུབ་པའི་གྲོགས་པོ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསྒོམ་ཞིང་། རང་དང་དེའི་གཡས་པ་དང་ཅིག་ཤོས་ཀྱི་མིག་དག་ཛྫཿཡིག་ལས་སྐྱེས་ པའི་ཟླ་བ་དང་ཉི་མ་འོད་ཟེར་སེར་པོ་ཅན་དུ་བསམ་མོ། །མཉམ་པའི་རྐང་སྟབས་ཀྱིས་ཐིག་སྐུད་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་གཟུང་བ་ལྟེ་བར་གཟུང་ཞིང་། བསྒྲུབ་པའི་གྲོགས་པོ་དེ་དེ་ལྟར་ཐིག་སྐུད་གཟུང་བ་ལ་ཛྫཿཛྫཿཛྫཿཞེས་པའི་ཛྫཿཡིག་གསུམ་གྱིས་བསྐུལ་ཏེ། སྒྲུབ་པའི་གྲོགས་པོས་ཀྱང་ ཛྫཿཛྫཿཛྫཿཞེས་པའི་ཛྫཿཡིག་གསུམ་གྱིས་དྲངས་ནས་དེ་ཁོ་ན་བཞིན་དུ་མངོན་དུ་ཕྱོགས་ཤིང་གནས་པས་ནུབ་ཕྱོགས་སུ་གནས་ཏེ་ཁ་ཤར་དུ་བལྟ་བ་དང་ལྷོར་གནས་ཏེ་བྱང་དུ་ཁ་བལྟ་བས་ཚངས་ཐིག་གཉིས་ལྟེ་བ་དང་མཉམ་པའི་བར་སྣང་ལ་བརྐྱང་སྟེ། རྡོ་རྗེ་དང་བཅས་པའི་ལག་པ་ གཡས་པའི་མཐེ་བོང་དང་སོར་མོ་དག་གིས་ཐིག་སྐུད་གཟུང་བ་འདེབས་ཤིང་སེ་གོལ་གྱི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང་། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཧཱུཾ་ཨོཾ་སྭཱ་ཧཱ་ཨཱ་ཞེས་བརྗོད་པར་བྱའོ། །སྒྲ་འདི་ནི། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་ འདིར་བྱོན་ཅིག །ཅེས་པ་ལ་སོགས་པ་སྟེ། ཐིག་གི་སྒྲས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཉམ་པར་བྱོན་ནས་ཐིག་རྣམས་ལ་ཐིམ་པར་བསྒོམ་མོ་ཞེས་པའི་བརྡ་དོན་ནོ། །ཐམས་ཅད་དུ་ཡང་སློབ་དཔོན་དང་སྒྲུབ་པའི་གྲོགས་པོ་གཡས་སྐོར་གྱིས་འགྲོ་ཞིང་དཔལ་ བདེ་མཆོག་གི་དཀྱིལ་འཁོར་དང་དཔལ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལ་ནི་གཡོན་སྐོར་གྱིས་ཏེ་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་མོས་པར་བྱའོ་ཞེས་པ་ནམ་མཁའ་ལ་ཐིག་གདབ་པའི་ཆོ་གའོ།། །།དེ་ལ་དང་པོ་དཀྱིལ་འཁོར་གྱི་ཁང་པ་བྱ་བ་བརྩམ་པའི་དུས་སུ་ཡོངས་ སུ་དག་པའི་ས་ལ་ཚངས་པའི་ཐིག་གཉིས་པོ་ཆོ་ག་འདིས་བརྟན་པར་བྱས་ཏེ་བཏབ་ལ་ཕྱི་ནས་ཟླ་བའི་གདན་ལ་མཚན་མ་བྱ་ཞིང་། མཚན་མའི་རྗེས་སུ་འབྲངས་ནས་དཀྱིལ་འཁོར་ལ་ཚངས་པའི་ཐིག་གཉིས་གདབ་པར་བྱའོ། །དེ་ལ་འདི་ནི་རིམ་པ་སྟེ། དང་པོ་ཕུར་བུ་མཉམ་པར་གཟུགས། ། མཐོ་གང་བ་ཡི་ཟླུམ་པོ་གཅིག །བྱས་ནས་ཉི་མའི་རིམ་པ་ཡིས། །གྲིབ་མ་འགྲོ་དང་འོང་བ་ཉིད། །དེར་ནི་ཐིག་ལེ་གཉིས་སྦྱིན་ཞིང་། །ཚད་དེ་དེ་བཞིན་གཞན་དུ་ཡང་། །ཐིག་ལེར་བཟུང་ནས་ཐིག་གདབ་སྟེ། །བྱ་རོག་རྗེས་དེར་མཚན་མ་བྱ། །དང་པོར་ནུབ་དང་ཤར་དག་སྟེ། །སླར་ ཡང་ལྷོ་དང་བྱང་དག་ཏུ། །མཁའ་ཡི་ཐིག་ལེ་བཞིན་དུ་དེར། །ཚངས་པའི་ཐིག་གཉིས་འགྲོ་བར་བྱ། །དེ་དག་མཉམ་པར་སྨད་པ་ཡི། །ལག་པ་དག་གིས་རབ་ཏུ་གདབ། །སླར་ཡང་ཚངས་ཐིག་ལག་བཟུང་ནས། །བྱ་རོག་རྗེས་དེར་མཚན་མ་བྱ། །དེར་ནི་ཟུར་གྱི་ཐིག་གཉིས་ཏེ། ། རྩ་བའི་ཐིག་ཀྱང་རིམ་པས་གདབ། །གཡོན་པ་སྐྱིལ་ཀྲུང་ཕྱེད་པ་དང་། །རྐང་པ་གཡས་པ་འདུས་པས་སོ། །དེ་ལས་བཟློག་སྟེ་འདུག་པ་ཡི། །སློབ་མ་ལྷན་ཅིག་བློ་ལྡན་གྱིས། །དཀྱིལ་འཁོར་ཐིག་གདབ་རྡོ་རྗེ་ཅན། །ནམ་མཁའི་ཐིག་གི་མོས་པ་བྱ། །དེ་བཞིན་ཐིག་ གདབ་གཞན་རྣམས་ལ་ཡང་ངོ་། །མཚན་མ་མེད་པས་འགྲུབ་མི་འགྱུར། །ཐིག་སྐུད་ཆད་ན་བླ་མ་ཟད། །དམན་དང་ལྷག་པ་ལས་ནི་ནད། །ཕྱོགས་རྨོངས་ན་ནི་སློབ་མ་འཁྲུལ། །ཞེས་པ་དེ་ལྟར་ཤེས་ནས་འབད་པར་བྱ་ཞིང་། གལ་ཏེ་ཐིག་འདེབས་པ་ན་འགའ་ཞིག་ཏུ་འབྱོར་པ་ མེད་པ་དང་། །གྲོགས་པོ་མེད་པ་དང་མི་དགའ་བར་གྱུར་ན་དེའི་ཚེ་ཕུར་བུ་ལ་བཅིངས་ནས་རང་ཉིད་ཀྱིས་ཐིག་གདབ་པར་བྱའོ། །དེར་ཡང་ཤིན་ཏུ་མཉམ་གཞག་པའི། །སློབ་དཔོན་སློབ་མ་ལྷན་ཅིག་ཏུ། །རིམ་འདིས་བློ་དང་ལྡན་པ་ཡིས། །དཀར་པོའི་ཐིག་ནི་གདབ་པར་བྱ། །ཆུ་ བདག་གནས་པའི་སློབ་དཔོན་དང་། །མངོན་པར་ཕྱོགས་པའི་སློབ་མ་ནི། །དབང་པོའི་ཕྱོགས་སུ་གནས་པས་ཀྱང་། །འདིར་ནི་ཚངས་པའི་ཐིག་གདབ་བྱ། །གཤིན་རྗེའི་ཕྱོགས་དང་ལུས་ངན་པོར། །གནས་པའི་གསང་སྔགས་རིག་པ་དང་། །ལྷན་ཅིག་པ་ཡི་སློབ་མ་ཡིས། །ཡང་དག་ཚངས་ ཐིག་གཉིས་པ་གདབ། །མེ་མཚམས་གནས་པའི་སློབ་དཔོན་དང་། །རླུང་དུ་གནས་ཤིང་རང་གི་ནི། །ལྷག་པའི་ལྷ་ཡི་སྦྱོར་ལྡན་པས། །ཟུར་གྱི་ཐིག་ནི་གདབ་པར་བྱ། །དབང་ལྡན་ཕྱོགས་ནས་བླ་མ་དང་། །བདེན་བྲལ་སོང་བའི་སློབ་མ་ཡིས། །ཟུར་གྱི་ཐིག་ནི་གཉིས་པ་ཡང་། །ཡང་དག་ པ་ནི་གདབ་པར་བྱ། །མེ་མཚམས་གནས་པའི་སློབ་དཔོན་དང་། །ངེས་པར་མངོན་ཕྱོགས་སློབ་མ་ནི། །དབང་ལྡན་མཚམས་སུ་གནས་པ་ཡིས། །རྩ་བའི་ཐིག་གཉིས་གདབ་པར་བྱ། །དེ་ཉིད་དུ་ནི་རྡོ་རྗེ་ཅན། །བདེན་བྲལ་དུ་ནི་གནས་པའི་བུ། །མཁས་པ་ཐིག་རྣམས་ཤེས་པ་ཡིས། ། ལྷོ་ཡི་ཐིག་ནི་གདབ་པར་བྱ། །དེ་ཉིད་དུ་གནས་སློབ་མ་དང་། །རླུང་དུ་གནས་པའི་སྔགས་པ་དག །བདེན་བྲལ་རླུང་དུ་གནས་པ་ཡི། །གསུམ་པའི་ཐིག་ནི་གདབ་པར་བྱ། །དེ་ཉིད་དུ་གནས་རྡོ་རྗེ་ཅན། །ཞི་བའི་ཕྱོགས་སུ་གནས་པའི་བུ། །ལས་རྣམས་ཤེས་པས་ཕྱིན་ནས་ནི། །རྩ་ཐིག་ བཞི་པ་གདབ་པར་བྱ། །བཅོམ་ལྡན་འདས་ཀྱིས་མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཇི་ལྟ་བ་བཞིན་དུ་གསུངས་པ། དང་པོར་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ཟུར་གྱི་ཐིག་ཡིན་ནོ། །གསུམ་པ་ལ་ནི་ངོས་བཞི་རུ། །ཐིག་བཞི་རབ་ཏུ་གདབ་པར་བྱ། །ཞེས་སོ། །དེ་ལ་འདིར་རྩ་བའི་ཐིག་གི་བརྒྱད་ཆ་ནི་སྒོའོ། ། སྒོའི་ཆ་ནི་ཆ་ཆུང་སྟེ་ཆ་ཆུང་དང་པོ་དང་ཀྲྀ་ཤ་དང་ཆ་ཤས་ཞེས་རྣམ་གྲངས་སོ། །ཆ་ཆུང་གཉིས་ཀྱི་བདག་ཉིད་ནི་ཆ་སྟེ་ཆ་ཆུང་བཞི་ནི་ཆ་ཆེན་ནོ། །ཞི་བ་ཞེས་པ་ནི་ཆ་ཆུང་ཕྱེད་ལ་རྣམ་པར་བལྟ་བར་བྱའོ་ཞེས་པ་དཀར་པོས་ཐིག་གདབ་པའི་ཆོ་གའོ།། །།ད་ནི་དཀྱིལ་འཁོར་ཐམས་ཅད་ ལ་ཐུན་མོང་བའི་དཀྱིལ་འཁོར་གྱི་ཐིག་བརྗོད་པར་བྱ་སྟེ། ཆ་གཅིག་དང་ནི་ཆ་ཆུང་བདུན། །གསུམ་པའི་མཐར་ནི་བཞི་པ་ལ། །ཆ་ཆུང་ཆ་དང་ཆ་ཆུང་ཆ། །ཆ་ཆུང་རེ་རེ་མཉམ་པར་བྲི། །ར་ཡི་རྩེ་མོའི་མཐར་ཐུག་པ། །དེ་ནས་གེ་སར་ཟླུམ་པོའི་ཐིག །པདྨའི་ཕྲེང་བའི་ཆ་ཆུང་ གཉིས། །རྡོ་རྗེ་ཕྲེང་བའི་ཆ་ཆུང་གཉིས། །འོད་ཟེར་ཕྲེང་བའི་ཆ་ཆུང་བཞི། །ཐམས་ཅད་ཀྱང་ནི་ཟླུམ་པོར་བྱ། །དེ་ལྟར་བརྐྱང་བའི་ཐིག་བར་ཆ། །དཀྱིལ་འཁོར་ཀུན་ལ་ཡང་དག་འགྲོ། །ལྷ་ཡི་དབྱེ་བ་ཅུང་ཟད་ཀྱིས། །རྩ་བའི་དཀྱིལ་འཁོར་ནང་དུ་ནི། །ཐིག་གི་དབྱེ་དང་ཕྱི་རོལ་དུ། །དབྱེར་ མེད་བློ་ལྡན་གྱིས་རེག་བྱ། །ད་ནི་རིམ་པ་ཇི་ལྟ་བར། །སྒོ་སོགས་དབྱེ་བ་བརྗོད་པར་བྱ། །སྟེང་དུ་བདུན་ཏེ་གཉིས་ངོས་སུ། །གཉིས་ནི་སྟེང་དུ་ངོས་གཉིས་སུའོ། །སྟེང་དུ་གསུམ་གསུམ་སྟོང་པ་ལ། །བཞི་ནི་སྟེང་དུ་དེ་བཞིན་སླར། །སྟེགས་བུར་དྲུག་ཀྱང་དེ་བཞིན་དབྱི། །གོས་དང་ཀ་བར་ གསུམ་གསུམ་མོ། །ཚངས་པའི་གཉིས་སུ་རེ་ཁཱ་བཞི། །ཕྱོགས་སུ་ཡང་ནི་གཉིས་གཉིས་དབྱི། །གོས་ཀྱི་མཐར་ཡང་དེ་བཞིན་དབྱི། །རིན་ཆེན་དྲ་ཕྱེད་དབུས་གནས་དང་། །ཤར་བུ་དང་ནི་མདའ་ཡབ་དང་། །ཚོན་དང་སྟེགས་བུའི་སར་དེ་བཞིན། །ཟུར་ལས་ལྷག་པའི་རེ་ཁཱ་ཡི། །ཐིག་རྣམས་ ཐམས་ཅད་ཀུན་ནས་དབྱི། །འདིས་ནི། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །སྟེགས་བུ་དང་ནི་བྲལ་བར་འདོད། །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དེ། །དེ་བཞིན་ལྷ་ཡི་སྣམ་བུའོ། །སྟེགས་བུ་ཀུན་ནས་སྒོ་ཡི་ཕྱེད། །དེ་བཞིན་འགྲམ་དང་ལོགས་དང་ནི། །དྲ་བར་དྲ་ཕྱེད་ཉི་ཟླ་དང་། །མེ་ཏོག་ཕྲེང་བའི་ སྣམ་བུའོ། །ཚོན་གྱི་ས་ནི་དེ་ཕྱེད་དེ། །རྩ་ཐིག་ས་ལས་ཕྱི་རོལ་དུའོ། །ཞེས་པ་འདི་བཤད་པ་ཡིན་ནོ། །ལྷའི་སྣམ་བུ་ནི་རྩ་བའི་ཐིག་གི་ནང་དུའོ། །སྟེགས་བུ་ལ་ནི་གཟུངས་ཀྱི་སྣམ་བུ་དང་བར་གྱི་སྣམ་བུ་ཞེས་ཀྱང་བརྗོད་དོ། །འཕགས་པ་ཀླུའི་བློའི་ཞབས་ནི་མིག་སྨན་གྱི་སྣམ་བུ་བར་གྱི་ སྣམ་བུ་དང་ཡ་ཕུབས་ཀྱི་སྣམ་བུ་ཡང་མི་བཞེད་དེ། དེ་ཡང་། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །ལྷ་ཡི་སྣམ་བུ་དེ་བཞིན་ནོ། །སྒོ་ཡི་ཚད་ཀྱི་སྒོ་ཁྱུད་དེ། །འགྲམ་དང་ལོགས་ཀྱང་དེ་བཞིན་ནོ། །ཞེས་པའི་ལུང་ལས་སོ། །འདིར་ནི་སྒོ་དང་རྟ་བབས་དག་གི་དབུས་སུ་བར་གྱི་ས་ལ་ བར་གྱི་སྣམ་བུ་དང་མུན་པའི་སྣམ་བུ་དང་སྟོང་པ་ཞེས་ཀྱང་བརྗོད་དོ། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །དེ་ཡང་སྣམ་བུ་བཅུ་གཅིག་པ། །བྲེ་ཕུལ་ཤར་བུ་རིན་ཆེན་དང་། །རྨིག་པ་རྣམས་ནི་ཆ་ཆུང་བཞི། །མུན་པའི་ཆ་ཆུང་ཕྱེད་དང་གཉིས། །བ་རན་ལ་ནི་ཆ་ཆུང་གཅིག །དེ་ བཞིན་སླར་ཡང་མུན་པ་སྟེ། །ཤར་བུ་དེ་བཞིན་ནོར་བུ་དང་། །རྨིག་པ་ཆ་ཆུང་རེ་རེར་འགྱུར། །མངའ་ཡབ་ཀྱང་ནི་དེ་བཞིན་ནོ། །འདི་རྣམས་དཔངས་ཀྱི་ཚད་དུ་ནི། །བཤད་དེ་རྒྱར་ཡང་བརྗོད་པར་བྱ། །བཅུ་དྲུག་བྲེ་ཕུལ་ཚད་དུ་འགྱུར། །ཤར་བུ་ལ་ནི་བཅོ་བརྒྱད་བཤད། །རིན་ཆེན་རྨིག་པ་དེ་བཞིན་བྱ། ། མུན་པ་ལ་ནི་བཅུ་བཞིར་འགྱུར། །བ་རན་ལ་ནི་བཅུ་དྲུག་ཡིན། །སླར་ཡང་མུན་པ་བཅུ་གཉིས་ཡིན། །ཤར་བུ་ལ་ནི་བཅུ་བཞི་དང་། །ནོར་བུ་རྨིག་པ་དེ་བཞིན་ཉིད། །མདའ་ཡབ་ལ་ནི་བཅུར་འགྱུར་ཏེ། །ཆོས་ཀྱི་འཁོར་ལོ་ཆ་ཆུང་གཉིས། །ར་ལ་ཆ་ཆུང་གཉིས་དེ་རྣམས། །དཀྱིལ་འཁོར་ ཀུན་ལ་ཀུན་དུ་འགྲོ། །ཆ་ཆུང་ཕྱེད་དང་བཞི་པའི་ཐིག །ཚངས་པ་ལ་ནི་གཟུང་བྱས་ནས། །ཆ་ཆུང་བདུན་པའི་ཟླུམ་པོ་དེར། །འཁྱོག་པོའི་དོན་དུ་རབ་མཛེས་བྱ། །ཚངས་པའི་གཡས་དང་གཡོན་དག་ཏུ། །སླར་ཡང་ཆ་ཆུང་གསུམ་གྱི་བར། །དེ་བཞིན་ཉིད་དུ་ཟླུམ་པོ་བསྐོར། །ཟླ་ཕྱེད་ལྟ་བུར་ མཛེས་པ་བྱ། །དེ་ཉིད་ནང་དུ་ཟླུམ་པོ་ནི། །སླར་ཡང་ཆ་ཆུང་ཕྱེད་ཀྱི་བར། །རིན་ཆེན་ལ་སོགས་བྲི་དོན་དུ། །བློ་བཟང་ཀྱིས་ནི་དེ་བཞིན་བསྐོར། །ནང་དུ་ལྷག་པའི་རེ་ཁཱ་ཀུན། །ཀུན་ནས་རབ་ཏུ་དབྱི་བར་བྱ། །སྣམ་བུ་རྣམས་ཀྱི་སྟེང་འོག་ཏུ། །ཐིག་ནི་སྦྱིན་བྱ་གཉིས་པ་ལས། །མཛེས་པའི་དོན་དུ་ འབད་པས་དེར། །འཁྱོག་པོ་ཡི་ནི་ནང་དུ་ཡང་། །ཚངས་པ་ལ་ནི་ཆ་ཆུང་བཞིར། །བཟུང་ནས་སླར་ཡང་སྒོ་གསུམ་བར། །རྭ་ཡི་དོན་དུ་མཛེས་པའི་ཐིག །ཟླ་བ་ཕྱེད་པ་ལྟ་བུར་བསྐོར། །དེ་ཉིད་གཡས་དང་གཡོན་དག་ཏུ། །ཆ་ཆུང་གསུམ་གྱི་བར་དུ་ཡང་། །དེ་བཞིན་ཉིད་དུ་ཟླུམ་པོ་ བསྐོར། །རྡོ་རྗེ་སློབ་དཔོན་མཁས་པས་སོ། །ཆུ་སྲིན་ཁ་ལས་ཐོན་པའི་རྭ། །འབར་བའི་ཕྲེང་བས་བརྒྱན་པར་བྱ། །རྟ་བབས་སྟེང་དུ་འཁོར་ལོའི་ངོས། །གཉིས་སུ་རི་དགས་རི་དགས་མོ། །ཆ་ཆུང་ཕྱེད་ལས་རིང་བར་ནི། །མགྲིན་པ་གྱེན་དུ་འགྲེང་བ་བྲི། །དེ་དག་གི་ནི་མཇུག་མ་རུ། ། མཛེས་པའི་གདུགས་གཉིས་བྲི་བར་བྱ། །རྟ་བབས་འོག་ཏུ་བླ་རེ་ནི། །དྲིལ་བུར་བཅས་ཤིང་རྔ་ཡབ་ལྡན། །གྲུབ་པ་རིག་པ་འཛིན་པ་འམ། །སྙིང་པོར་མཁའ་འགྲོ་མ་ཉིད་གཉིས། །ལག་པར་མཆོད་རྫས་འཛིན་པ་དག །སླར་ཡང་དཀྱིལ་འཁོར་འཇུག་པར་བྱ། །དད་པ་བྱ་ཁྱུང་མི་ འམ་ཅི། །སེང་གེ་ལ་སོགས་རབ་མཛེས་བྱ། །སྣམ་བུ་རྣམས་ཀྱི་མཐར་བྲི་ཞིང་། །དེ་བཞིན་བ་དན་ཕྲ་མོ་རྣམས། །རྭ་ཡི་གཡས་དང་གཡོན་དུ་ཡང་། །བུམ་པར་གནས་པའི་དཔག་བསམ་ཤིང་། །རིན་ཆེན་བརྒྱད་དང་མཉམ་པར་ལྡན། །འཁྲི་ཤིང་རྣམས་ཀྱིས་ཡོངས་སུ་གང་། ། སྣ་ཚོགས་མེ་ཏོག་འབྲས་བུ་དང་། །སྣ་ཚོགས་བྱ་ཀུན་སྒྲ་སྒྲོགས་དང་། །གྲུབ་པ་རིག་པ་འཛིན་རྣམས་ཀྱིས། །ཀུན་ནས་ཡོངས་སུ་བསྐོར་བ་དང་། །སྤྲིན་ལ་ངེས་པར་གནས་པའི་གཟུགས། །དེ་རྣམས་ཐམས་ཅད་བྲི་བྱ་ཞིང་། །སྒོ་རྣམས་སུ་ནི་རྒྱལ་མཚན་བྱ། །བུམ་པ་གནས་པའི་ གཡས་གཡོན་དུ། །སེང་གེ་ངང་པ་རྨ་བྱ་དང་། །ཆུ་སྲིན་ཉ་རྣམས་ཀྱིས་མཚན་ཅིང་། །བ་དན་སྣ་ཚོགས་གཡོ་བ་ཅན། །དྲིལ་བུ་སིལ་སིལ་སྒྲོགས་པའོ། །ཟུར་རྣམས་སུ་ནི་གདུགས་བྱ་ཞིང་། །གཞན་ཡང་བ་དན་ཕྲ་མོ་རྣམས། །མཚན་མ་སོགས་དང་བྲལ་བ་སྟེ། །སྣ་ཚོགས་མདོག་ ཅན་ཀུན་ནས་བྱ། །གཞན་ཡང་དུར་ཁྲོད་རྣམས་ཀྱི་ནི། །ཁྱད་པར་དཀྱིལ་འཁོར་རྣམས་ལ་ཡང་། །འོད་ཟེར་ཕྲེང་བ་ཆ་ཆུང་གཉིས། །རྡོ་རྗེ་ཕྲེང་བ་ཆ་ཆུང་གཅིག །པདྨའི་ཕྲེང་བ་དེ་བཞིན་བྱ། །དུར་ཁྲོད་ལ་ནི་ཆ་ཆུང་བཞི། །སྐལ་ལྡན་མཉམ་པར་འོངས་པ་ན། །རབ་ཏུ་འབད་པས་བྲི་བྱ་ སྟེ། །སྐལ་མེད་ཡང་དག་འོངས་པ་ན། །དམ་ཚིག་བསྲུང་བས་མི་བྱ་ཉིད། །དེ་ནི་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས་ཀྱང་གསུངས་ཏེ། །ཚོན་གྱི་ས་ཡི་ཉིས་འགྱུར་ཚད། །ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་ཏེ། །འཁོར་ས་དེ་ཡི་ཕྱི་རོལ་དུ། །ཤིང་སོགས་དུར་ཁྲོད་བརྒྱད་པོའོ། །ཞེས་པའི་གསུང་ གིས་སོ། །གཞན་ཡང་ཀུན་དགའ་སྙིང་པོའི་རྟ་བབས་ཀྱང་བརྗོད་པར་བྱ་སྟེ། མི་བདག་ཉེས་པ་གསུམ་ཉི་མ། །མི་བདག་ཕྱོགས་དང་མི་བདག་གསུམ། །ཕྱོགས་ཏེ་ཐད་ཀར་ཆ་ཆུང་རྣམས། །རྟ་བབས་སྣམ་བུའི་རིམ་པ་ཡིན། །ཞེས་པའང་ཀུན་དུ་གྲོལ་བའོ། །གཞན་ཡང་ཕྱོགས་ གང་ལ་སྒོ་འཁོར་ལོའི་བཅུ་ཆའམ་འཁོར་ལོའི་དགུ་ཆར་འགྱུར་བ་ལ་ནི། དཀྱིལ་འཁོར་ལ་ཡང་མདའ་ཡབ་ཀྱི་མཐར་ཐུག་པ་ལ་ཆ་ཆུང་དྲུག་ཅུ་རྩ་བཞི་སྟེ། །ཕྱོགས་དེ་ལ་ནི་རྟ་བབས་ཀྱི་རྒྱར་ཆ་ཆུང་བཅུ་གཉིས་དང་། དཔངས་སུ་ཆ་ཆུང་བཞིར་འགྱུར་རོ། །འོན་ཀྱང་སྣམ་བུ་ནི་བཅུ་ གཅིག་སྟེ། དེ་ལྟར་ཡང་། །ཤར་བུ་རིན་ཆེན་གནས་དང་གསེར། །ཆུ་སྲིན་དེ་ནས་གསེར་དང་ནི། །གནས་དང་རིན་ཆེན་ཡང་དག་གནས། །གསེར་དང་མདའ་ཡབ་དེ་དག་གོ། །གནས་ཞེས་བྱ་བ་ནི་རྨིག་པའི་རྣམ་གྲངས་སོ། །ཆ་ཆེན་ཆ་ཡི་དབྱེ་བ་ཡིས། །དཔངས་ཀྱི་ཚད་རྣམས་ཞེས་བྱ་སྟེ། ། ནོར་དང་ནོར་དང་ཉི་མ་དང་། །རྒྱལ་བ་ནོར་དང་རྒྱལ་བ་དང་། །ཉི་མ་ནོར་དང་ཉི་མ་དང་། །རྒྱལ་བ་ནོར་རྣམས་རིམ་པ་བཞིན། །དཔངས་ཀྱི་ཚད་དུ་བཤད་པ་སྟེ། །རྒྱར་ནི་འདི་རྣམས་བརྗོད་པར་བྱ། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཆ་ཆུང་ཕྱེད་བཅས་ཆུ་གཏེར་མཐར། །ཆ་ཆུང་ཕྱེད་དང་གཉིས་ པའི་ཐིག །དེ་བཞིན་ཆ་ཆུང་གཉིས་ནས་ནི། །སྣམ་བུ་གཉིས་པ་གསུམ་པ་དག །ཆ་ཆུང་གཉིས་དང་ཆ་ཆུང་བཞི། །ཆ་ཆུང་བཞི་དང་བཞི་པ་ནི། །ཆ་ཆུང་གཉིས་ཏེ་ཕྱེད་དང་ནི། །བཞི་ནས་ཕྱེད་དང་གསུམ་པ་དང་། །གསུམ་ནས་དྲུག་པ་ཆ་ཆུང་གསུམ། །དེ་ནས་ཆ་ཆུང་བརྒྱད་པ་ གསུམ། །བདུན་པ་གཅིག་དང་མཐར་དྲུག་པའོ། །དེའི་ཕྱིར་ཆ་ཆུང་རིག་བྱེད་མཐར། །ཟླུམ་པོ་ཆ་ཆུང་གཉིས་དེ་བཞིན། །ཆ་ཆུང་གཉིས་པ་ཟླུམ་པོའི་ཐིག །དེ་ནི་ཆ་ཆུང་བཞི་པའི་མཐར། །ཞེས་པ་རྒྱར་རྟ་བབས་སྒོ་ལས་སུམ་འགྱུར་གྱི་ཕྱོགས་ཀྱང་ངོ་། །དེ་ལྟར་ཕྱོགས་གཉིས་ ཀ་ཡང་བདག་གིས་བརྗོད་དོ། །ཕྱོགས་གཉིས་པ་ལ་སྙིང་པོའི་དཀྱིལ་འཁོར་ལས་ཉིས་འགྱུར་དུ་ཕྱིའི་དཀྱིལ་འཁོར་གསུངས་པ་ནི། །པདྨའི་གེ་སར་གྱི་ཟླུམ་པོའི་ཐིག་ཚུན་ཆད་དོ། །ཕྱོགས་དང་པོ་ལས་ནི་འཁོར་དང་བཅས་པའི་སྙིང་པོའི་དཀྱིལ་འཁོར་ལས་འོད་ཟེར་ཕྲེང་བའི་བར་ཇི་ སྲིད་པའོ། །རྟ་བབས་ཀྱི་ཀ་བ་ལས་ཕ་རོལ་པདྨའི་གེ་སར་ཟླུམ་པོའི་ཐིག་ལས་ཚུ་རོལ་དུ་ཆ་ཆུང་བཞི་པའི་རྟ་བབས་སོ་ཞེས་པ་ནི་ཕྱོགས་གཉི་ག་དང་ཡང་མི་མཐུན་པས་སྤངས་སོ། །འདིར་སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཆ་ཆུང་གཅིག་ལ་ཟླ་ཚེས་ལ་གནས་པའི་རིན་པོ་ཆེ་དམར་པོ་འམ་སེར་ པོ་འམ་ལྗང་གུ་འམ་ནག་པོ་ཡང་རུང་སྟེ། །སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་པ་འམ་ཡོངས་སུ་རྫོགས་པའི་རྡོ་རྗེས་མཚན་པ་བྲིའོ། །དེ་ལྟར་ཡང་། །ཚོན་གྱི་ས་ལས་ཕྱི་ཡི་ཟུར། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། །ཟླ་བ་རིན་ཆེན་རྡོ་རྗེས་མཚན། །ཀུན་ནས་ཡོངས་སུ་འབར་བ་ཡིན། ། ཞེས་གསུངས་པའི་ཕྱིར་རོ། །རྟ་བབས་ཀྱི་ཀ་བ་རྣམས་ནི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་ལ་གནས་པའོ། །དེ་ལྟར་ཡང་། ཆུ་སྲིན་ཁ་ནས་ར་ཡི་བར། །རྟ་བབས་སྒོ་ལས་སུམ་འགྱུར་ཏེ། །སྟེགས་བུ་བུམ་པ་ལས་བྱུང་བའི། །རྟ་བབས་ཀ་བ་ངེས་པར་གནས། ། ཞེས་གསུངས་སོ། །དེ་རྣམས་ཀྱི་རྩ་བ་དང་རྩེ་མོ་ལ་ནོར་བུས་སྤྲས་པའོ། །དབུས་སུ་གླང་པོ་ཆེའི་སྟེང་དུ་དཔུང་པས་བཏེག་པའི་སེང་གེའོ། །རྟ་བབས་ཀྱི་གདུང་ལས་འཕྱང་བའི་རིན་པོ་ཆེའི་པ་ཏྲ་འཕྲོ་བ་ལས་ཇི་ལྟར་མཛེས་པར་དཔྱངས་པའི་ཁ་དོག་དམར་པོ་དང་སེར་པོ་ལ་སོགས་པའམ། སྣ་ཚོགས་ པའི་གོས་དང་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་རྣམས་སོ། །ཁ་ཅིག་ཏུ་ནི་དར་དཔྱངས་ཀྱི་སྣམ་བུ་ལ་གླང་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་འཕྱང་བའི་དོ་ཤལ་དང་ཀ་བའི་དབུས་སུ་མེ་ལོང་ཉིད་དོ་ཞེས་གསུངས་སོ། །རིན་པོ་ཆེའི་སྣམ་བུ་ལ་ནི་ཟུར་ལ་གྲུ་གསུམ་དང་། གྲུ་བཞི་དང་། ཐིག་ལེ་དང་། ཟླུམ་ པོ་རྣམས་གོ་རིམས་བཞིན་དུ་རིན་པོ་ཆེས་སྤྲས་པ་ནི་ཀ་བ་སོ་སོའི་གཞོགས་སུའོ། །དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུ་ལ་ནི་གསེར་གྱི་སྐ་རགས་ཀྱི་ཕྱི་ངོས་སུ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་གི་དོ་ཤལ་སྐུད་པ་དམར་པོས་བརྒྱུས་ཤིང་ངོས་གཉིས་དང་སྟེང་དང་འོག་ཏུ་གསེར་གྱིས་སྤྲས་པའི་ནོར་བུ་དབུས་ན་ ཡོད་པ་དང་། དོ་ཤལ་གྱི་ངོས་དག་ཏུ་ཅུང་ཟད་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་འཕྱང་ཞིང་རྩེ་མོ་ལ་གསེར་གྱིས་བཅིངས་པའི་ནོར་བུ་སྦོམ་པོ་དང་ལྡན་ཞིང་མཛེས་པའི་དྲ་བ་ཕྱེད་པའོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང་དྲིལ་བུའི་མཐར་རྔ་ཡབ་འཕྱང་བའོ། །ཁ་ཅིག་ཏུ་ནི་དྲ་བ་ཕྱེད་པའི་ ངོས་དག་ཏུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དྲ་བ་ཕྱེད་པ་འཕྱང་ཞིང་། དེའི་ངོས་སུ་སྣ་ཚོགས་པའི་གོས་ཀྱི་དྲ་བ་ཕྱེད་པའོ་ཞེས་གསུངས་སོ། །གཞན་ནི་ཟུར་རྣམས་སུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དོ་ཤལ་ཕྱེད་པ་དང་། དར་གྱི་ཆུན་པོའི་དོ་ཤལ་རྣམས་སོ། །ཁ་ཅིག་ཏུ་ནི་དོ་ཤལ་ གྱི་ནང་དུ་པདྨ་ལ་ཟླ་ཚེས་དང་རྡོ་རྗེ་ཕྱེད་པས་མཚན་པའི་ཉི་མའི་དཀྱིལ་འཁོར་རོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའོ། །ཁ་ཅིག་ཏུ་ནི་པདྨ་ལ་གནས་པའི་རྡོ་རྗེའོ། །དེ་ལྟ་བུ་འདི་ནི་རྩ་བའི་དཀྱིལ་འཁོར་ལས་ཕྱི་རོལ་དུ་ཐིག་གདབ་ཅིང་བྲི་བའི་རིམ་པ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་བའོ། །ད་ནི་ ནང་གི་ཁྱད་པར་རྣམས་བརྗོད་པར་བྱ་སྟེ། སྔར་གྱི་ཐིག་རྣམས་རབ་བརྐྱང་ལ། །ཚངས་ལས་ཆ་ཆུང་ཐུབ་པ་ནས། །ཟླུམ་པོ་ཅིག་ནི་སྦྱིན་བྱ་སྟེ། །དེ་ནས་ཆ་ཆུང་ནོར་མཐར་ཡང་། །དེར་ནི་རྡོ་རྗེའི་ཕྲེང་བ་བྱ། །འོད་ཟེར་མཐར་ནི་ཆ་ཆུང་ཉིད། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཆ་ཆུང་གཉིས་གཉིས་ བར་དུ་སླར། །ཀ་བའི་སྣམ་བུ་ཆ་ཆུང་རེ། །ཡང་དག་བསྲུངས་ནས་གཞན་རྣམས་དབྱི། །རེ་མིག་རྣམས་ཀྱི་སྙིང་པོ་ནི། །གྲུ་བཞིའོ་ཕྱོགས་རྣམས་དེ་ཉིད་ནི། །ཕྱོགས་བྲལ་སྤྱན་མ་ལ་སོགས་པའི། །གྲུ་གསུམ་དུ་ཡང་འགྱུར་བ་ཡིན། །གང་ཞིག་མཐར་ནི་ལྷ་སྣམ་ལ། །གཟུགས་ཀྱི་རྡོ་རྗེ་མ་ལ་ སོགས། །ལྷག་པའི་རེ་ཁཱ་གང་ཡིན་པ། །དེ་རྣམས་ཐམས་ཅད་ཀུན་ནས་དབྱི། །དེ་ལྟ་བུ་ཡི་རིམ་པ་ཡིས། །འཇམ་པའི་རྡོ་རྗེ་དཀྱིལ་འཁོར་གྱུར། །གཙོ་བོ་གཞན་དུ་འགོད་པའི་ཐིག་ཀྱང་འདིའོ། །འདིས་ནི། གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་བརྒྱན་པ་སྟེ། །ཐིག་བཞི་དང་ ནི་མཉམ་པར་ལྡན། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ནང་དུ་འཁོར་ལོ་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །ཕྱི་ཡི་འཁོར་ལོའི་ཕྱེད་དུ་ནི། །ཀུན་ནས་ཡོངས་སུ་ཟླུམ་པོ་སྟེ། །འཁོར་ལོའི་ཀ་བ་སོགས་ཀྱིས་བརྒྱན། །རྡོ་རྗེ་ཕྲེང་བས་བསྐོར་ཞིང་མཛེས། །འཁོར་ལོའི་ཀ་སོགས་ ཐིག་རྣམས་ཀྱི། །ས་ནི་ཚོན་གྱི་ས་དང་མཉམ། །ཞེས་པའང་བཤད་པ་ཡིན་ནོ། །བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ཡང་ཐིག་གི་ཚུལ་འདི་ཉིད་དོ། །སླར་ཡང་ཁྱད་པར་བརྗོད་པར་བྱ་སྟེ། །སྙིང་པོར་ཟླུམ་པོ་གཉིས་བྱིན་ནས། །ཚངས་དང་ཟུར་གྱི་ཐིག་དག་གི །བར་དུ་ཀ་བ་ཆ་ ཆུང་རེ། །ནམ་མཁའི་ཐིག་གིས་བརྒྱད་དུ་འགྱུར། །ཕྱོགས་དང་མཚམས་སུ་གྲུ་གསུམ་མོ། །བར་གྱི་ཟླུམ་པོ་གཉིས་ལ་ཡང་། །གཟུགས་ཀྱི་རྡོ་རྗེ་མ་སོགས་དང་། །རིན་ཆེན་བྱང་ཆུབ་སེམས་གནས་རྣམས། །ནང་ན་གནས་པའི་རེ་ཁཱ་དང་། །སྣམ་བུར་གནས་པའི་རེ་ཁཱ་དབྱི། །ཞེས་པའོ། །དཔལ་ ལྡན་ཁ་སྦྱོར་རྒྱུད་གསུངས་པའི། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི། །སོ་བདུན་བདག་ཉིད་འཁོར་ལོ་ལ། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཕྱེད་བཅས་ཆ་ཆུང་བར་དོར་ནས། །ཆ་ཆུང་ཕྱེད་པའི་ཐིག་གཉིས་གདབ། །ཆ་ཆུང་གསུམ་དོར་ཟླུམ་པོ་ནི། །ཆ་ཆུང་ཕྱེད་པར་རྡོ་རྗེའི་ཕྲེང་། ། ཕྱེད་ལ་འོད་ཟེར་ཕྲེང་བར་འགྱུར། །ཆ་ཆུང་གསུམ་གྱི་བར་ནས་སླར། །ཆ་ཆུང་ཕྱེད་པར་ཟླུམ་པོ་དེའི། །དབུས་སུ་པདྨའི་ཕྲེང་བ་ཡང་། །ཆ་ཆུང་གསུམ་ནས་ཟླུམ་པོ་སྟེ། །སླར་ཡང་ཆ་ཆུང་ཕྱེད་པར་དེའི། །དབུས་སུ་འཁོར་ལོའི་ཕྲེང་བའོ། །གཞན་གྱི་ས་ལ་ཆ་ཆུང་གསུམ། ། དཔལ་ལྡན་ཡེ་ཤེས་མཁའ་འགྲོ་མའི། །འཁོར་ལོ་བཅུ་གསུམ་བདག་ཉིད་མཛེས། །ཚངས་པའི་ཐིག་ལས་ཆ་ཆུང་ནི། །གསུམ་ལས་ཐིག་གཉིས་ཆ་ཆུང་འགྱུར། །སླར་ཡང་ཆ་ཆུང་དྲུག་དོར་ནས། །ཟླུམ་པོ་གཅིག་ནི་བསྐོར་བར་བྱ། །སླར་ཡང་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེའི་ཕྲེང་བའི་མཚན་མ་ སྟེ། །འོད་ཟེར་ཕྲེང་བའི་དོན་དུ་གཞན། །ཆ་ཆུང་བར་ནས་སླར་ཡང་ངོ་། །གཞན་གྱི་ས་ལ་ཆ་ཆུང་བཞི། །ལྷག་པའི་རེ་ཁཱ་དབྱི་བར་བྱ། །གང་ཞིག་བཅུ་བདུན་གྱི་ནི་བདག་ཉིད་ཅན། །ཀྱེ་ཡི་རྡོ་རྗེ་རྒྱལ་པོ་རྣམ་བཞི་དང་། །རྡོ་རྗེ་བདུད་རྩི་བཞི་དང་དཔག་མེད་མ། །ཀུ་རུ་ཀུ་ལླེའི་དཀྱིལ་འཁོར་རྣམས་ལ་ ནི། །ཚངས་པའི་ཐིག་ལས་ཕྱི་ངོས་སུ། །ཟླུམ་པོའི་ཐིག་བཞི་སྦྱིན་བྱ་སྟེ། །ཆ་ཆུང་བརྒྱད་ཆ་དང་བཅས་པའི། །ཆ་ཆུང་ཕྱེད་དང་གསུམ་མཐའ་དང་། །རྐང་པར་བཅས་པའི་ཆ་ཆུང་ལྔར། །འདབ་མའི་དོན་དུ་གཉིས་པ་དང་། །གསུམ་པ་རྡོ་རྗེའི་ཕྲེང་བ་ནི། །བརྒྱད་ཆར་བཅས་པའི་ཆ་ཆུང་དང་། ། བཞི་པ་འོད་ཕྲེང་ཆ་ཆུང་ངོ་། །ལྷག་མའི་ས་ནི་ཆ་ཆུང་དྲུག །ནང་དུ་ཚངས་པའི་ཐིག་དང་ནི། །ཟུར་གྱི་ཐིག་རྣམས་དབྱི་བར་བྱ། །ཀྱེ་ཡི་རྡོ་རྗེ་དགུ་ཡི་བདག་ཉིད་ཅན། །རྣམ་བཞི་འདི་ཡི་སྐུ་ཡི་དཀྱིལ་འཁོར་ལ། །ཚངས་པ་དོར་ནས་ཀྱང་ནི་ཆ་ཆུང་ལྔར། །ཟླུམ་པོའོ་གཞན་ནི་ཉིས་འགྱུར་ཚད་ ཡིན་ནོ། །དེ་ཡི་ཕྱི་རོལ་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེ་ཕྲེང་བ་ཡིས་ནི་མཚན་པ་སྟེ། །དེ་ཉིད་ལ་ནི་བུམ་པའི་ཕྲེང་བའོ། །ཞེས་སོ། །གསང་སྔགས་རིག་པ་འགའ་ཞིག་སྨྲ་བར་བྱེད། །སངས་རྒྱས་ཐོད་པའི་སྐུ་དང་ནི། །སྒྱུ་མ་ཆེན་མོ་ཞེས་བྱ་ལའང་། །དེ་མཉམ་དཀྱིལ་འཁོར་རབ་གསུངས་ཏེ། ། ཚད་འདི་ལ་ནི་ལྷག་ཆད་མེད། །མགོན་པོ་རྡོ་རྗེ་ཧཱུཾ་མཛད་ཀྱི། །དཀྱིལ་འཁོར་ཐིག་ལ་ངེས་པར་ནི། །ཚངས་པའི་ཐིག་གི་ངོས་གཉིས་སུ། །ཆ་ཆུང་ཕྱེད་དང་གསུམ་དོར་ནས། །གེ་སར་གྱི་ནི་ཟླུམ་པོར་འགྱུར། །ཆ་ཆུང་ལྔ་ནས་འདབ་མའི་འོ། །དེ་ནས་ཆ་ཆུང་ཡོངས་དོར་ཏེ། །ཕྱོགས་དང་ ཕྱོགས་བྲལ་རྣམས་སུ་ཡང་། །ཆ་ཆུང་ཕྱེད་དང་བརྒྱད་པ་ཡི། །པདྨ་བརྒྱད་དུའང་འགྱུར་བ་ཡིན། །ཤར་དང་ནུབ་ཀྱི་སྒོ་ཉིད་དུ། །ཆ་ཆུང་གསུམ་པའི་པདྨ་བྱ། །འཁོར་ལོ་བདེ་མཆོག་ཕག་མོ་ཡི། །དཀྱིལ་འཁོར་ཐིག་ནི་ཇི་ལྟ་བར། །རྩ་ཐིག་ནས་ཕྱེད་ཕྱེད་དང་བཞི། །ཕྱེད་ཕྱེད་ཕྱེད་དང་བཞི་དང་ ཕྱེད། །ཕྱེད་དང་བཞི་དང་བཞི་ཆ་དང་། །འདབ་མའི་ཕྱེད་དང་གསུམ་ནས་ནི། །དེར་ནི་བླ་མའི་ཟླུམ་པོ་རྣམས། །བསྐོར་བར་བྱ་ཞིང་དེ་ནས་ནི། །རྩིབས་ཀྱི་དོན་དུ་ཐིག་བཏབ་སྟེ། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཆ་ཆུང་ཕྱེད་དང་གཉིས་ཀྱི་བར། །སྤངས་ནས་ཐིག་ནི་རབ་སྦྱིན་བྱ། །རྩ་ ཐིག་དག་གི་བར་དུའོ། །ཆ་ཆུང་ཕྱེད་ཀྱི་བར་དོར་ནས། །སླར་ཡང་ཐིག་ནི་དེ་བཞིན་གདབ། །ཟུར་དུ་ཡང་ནི་དེ་བཞིན་ཉིད། །སྔགས་པས་ཐིག་བཞི་སྦྱིན་པར་བྱ། །ཚངས་པ་ལས་ནི་ངེས་སོང་ཐིག །ཇི་སྲིད་ཆ་ཆུང་གཉིས་ཀྱི་ཕྱིར། །སླར་ཡང་དེ་ལས་རྣམ་སོང་སྟེ། །དེ་ཉིད་དུ་ནི་དེ་བཞིན་ འཇུག །དེ་ལས་ཀྱང་ནི་ངེས་སོང་ཐིག །སླར་ཡང་ཆ་ཆུང་གཉིས་ཀྱི་བར། །དེ་ལས་སླར་ཡང་རྣམ་སོང་ནས། །ཐིག་དེ་ལ་ནི་རབ་ཏུ་འཇུག །སླར་ཡང་དེ་ལས་དེ་སོང་ནས། །ཇི་སྲིད་ཆ་ཆུང་གཉིས་ཀྱི་བར། །སླར་ཡང་དེ་ལས་རྣམ་སོང་སྟེ། །ཚངས་པ་དེར་ནི་རབ་ཏུ་འཇུག །ཇི་ ལྟར་གཡས་སུ་དེ་བཞིན་གཡོན། །ཕྱོགས་སུ་དེ་བཞིན་མཚམས་སུ་ཡང་། །དེ་ཡི་ཡང་ནི་ནང་དུ་ཐིག །ཆ་ཆུང་ཕྱེད་ཀྱི་བར་དེ་བཞིན། །དེ་ཉིད་རིམ་པའི་སྦྱོར་བ་ཡིས། །གཡས་དང་གཡོན་མིན་དག་ལ་བྱ། །ཐིག་ལེའི་དཀྱིལ་འཁོར་དགའ་བ་ཅན། །བདེ་མཆོག་རྒྱ་མཚོ་ལས་ འབྱུང་བའོ། །རྩིབས་ཀྱི་ངོས་སུ་ཤིན་ཏུ་ནི། །མི་བཟད་རྡོ་རྗེ་བཞི་ཡིས་བསྐོར། །ལྷག་མ་པདྨ་འདབ་བརྒྱད་དེ། །ཚད་འདི་ལས་ནི་ལྷག་ཆད་མེད། །ཐུགས་སོགས་འཁོར་ལོའི་མུ་ཁྱུད་ལ། །རྡོ་རྗེ་པདྨ་འཁོར་ལོ་ཕྲེང་། །ཟླུམ་པོའི་ཐིག་དང་རྩིབས་ཀྱིས་བསྐོར། །ཡང་ དག་བསྲུངས་ནས་གཞན་རྣམས་དབྱི། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན། །མགོན་པོ་སངས་རྒྱས་ཐོད་པ་ལ། །དེ་རྣམས་དཀྱིལ་འཁོར་རབ་བསྲུངས་ཏེ། །སླར་ཡང་ཁྱད་པར་ཅུང་ཟད་ནི། །ཟླུམ་པོ་དྲུག་པའི་ནང་དོར་ནས། །འདབ་མའི་དེན་དུ་ཆ་ཆུང་ལྔའི། །ཟླུམ་པོ་ གཅིག་ནི་སྦྱིན་བྱ་སྟེ། །གེ་སར་དོན་དུ་རབ་མཛེས་པའོ། །དཔལ་ལྡན་རྣལ་འབྱོར་ནམ་མཁའ་ཡི། །འཁོར་ལོར་རྩ་ཐིག་ནང་དུ་ཡང་། །ཆ་ཆུང་ཕྱེད་དང་བཞི་དོར་ནས། །ཟླུམ་པོ་གཅིག་ནི་བསྐོར་བར་བྱ། །སླར་ཡང་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེ་ཕྲེང་བ་རབ་མཛེས་པའོ། ། དེ་ནས་ཆ་ཆུང་གསུམ་དོར་ནས། །ཟླུམ་པོ་གཅིག་ནི་སྦྱིན་བྱ་སྟེ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ། །ཐིག་རྣམས་བཤད་པ་ཇི་བཞིན་ནོ། །གཞན་གྱི་ཐིག་རྣམས་ཐམས་ཅད་ནི། །དཀྱིལ་འཁོར་འདིར་ཡང་དེ་བཞིན་ཉིད། །རྩ་བའི་ཐིག་གི་ནང་དུ་གཞལ་ཡས་ཁང་གཉིས་པའི་ ཐིག་ཀྱང་འཆད་པར་འགྱུར་བའི་བཞི་བཅུ་རྩ་གསུམ་གྱི་བདག་ཉིད་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུའོ་ཞེས་པ་ནི་གཞན་དག་གོ། །སྙིང་པོའི་གཞལ་ཡས་ཁང་ལས་གཞལ་ཡས་ཁང་གཉིས་པ་ནི་ཟླུམ་པོའོ་ཞེས་པ་ཁ་ཅིག་གིའོ། །གཞན་དག་ནི་འདིར་གཞལ་ཡས་ཁང་མེད་དེ། རྡོ་རྗེའི་ཕྲེང་བ་སྔར་ བཞིན་ནོ། །ཞེས་པའོ། །བཅུ་གསུམ་གྱི་ནི་བདག་ཉིད་ཅན། །ཁྲོ་རྒྱལ་གཤིན་རྗེ་གཤེད་ལ་ཡང་། །ཚངས་ལས་ཆ་ཆུང་བདུན་མཐའ་དང་། །བརྒྱད་ཀྱི་མཐར་ཡང་རིག་གདབ་སྟེ། །ཀུན་ནས་ཟུར་གྱི་ཐིག་ལའོ། །རྡོ་རྗེ་ཕྲེང་བའི་མཚན་མ་སྟེ། །ཕྱོགས་སུ་རྡོ་རྗེའི་ར་ལྔ་སྟེ། །ཀུན་ནས་ཆ་ ཆུང་བརྒྱད་པའོ། །དཔལ་ལྡན་རྡོ་རྗེ་སྒྲོལ་མའི་ལྷའི། །དཀྱིལ་འཁོར་ཐིག་གི་ངེས་པ་ནི། །ཚངས་ལས་ཆ་ཆུང་གསུམ་གྱི་མཐར། །གེ་སར་རྩེ་མོའི་ཟླུམ་པོ་སྟེ། །དེའི་ཕྱིར་ཆ་ཆུང་དྲུག་ནས་བསྐོར། །འདབ་མའི་ཕྲེང་བའི་མཚན་མའོ། །དེར་གནས་ཚངས་དང་དེ་བཞིན་སླར། །ཟུར་ གྱི་ཐིག་ཀྱང་དབྱི་བར་བྱ། །དཔལ་ལྡན་འཇམ་པའི་རྡོ་རྗེ་ཡི། །དཀྱིལ་འཁོར་ཐིག་ནི་ཇི་བཞིན་སླར། །ཉེར་ལྔའི་བདག་ཉིད་འོད་ཟེར་ཅན། །དཀྱིལ་འཁོར་ལ་ཡང་དེ་བཞིན་ནོ། །བཅུ་གསུམ་གྱི་ནི་བདག་ཉིད་ཅན། །སྲུང་བ་ལྔ་ཡི་དཀྱིལ་འཁོར་ཡང་། །ཚངས་པའི་ཐིག་ལས་ ཆ་ཆུང་གཉིས། །གེ་སར་རྩེ་མོའི་ཟླུམ་པོ་སྟེ། །དེ་ནས་ཆ་ཆུང་བཞི་ནས་བསྐོར། །འདབ་མའི་དོན་དུ་རབ་མཛེས་པའོ། །དེ་ནས་ཆ་ཆུང་བར་ཕྱོགས་སུ། །ཆ་ཆུང་བརྒྱད་པའི་པདྨ་སྟེ། །ཐིག་དེ་རྣམས་ཀྱི་ཕྱི་རོལ་དུ། །ཀུན་ནས་གྲུ་བཞི་སྦྱིན་པར་བྱ། །ཚངས་པའི་ཐིག་དང་དེ་བཞིན་ དུ། །སླར་ཡང་ཟུར་གྱི་ཐིག་རྣམས་དབྱི། །གསུམ་ལྷག་པ་ཡི་བརྒྱ་ཕྱེད་ཅན། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལའང་། །རྩ་བ་ཡི་ནི་ནང་དུ་ཐིག །ཆ་ཆུང་བརྒྱད་དུ་སྦྱིན་པར་བྱ། །དེ་ཉིད་གཉིས་པ་ནང་མ་ཡི། །དཀྱིལ་འཁོར་གྱི་ནི་རྩ་ཐིག་ཡིན། །རྟ་བབས་མེད་ཅིང་སྒོ་ཁྱུད་བཅས། ། སྒོ་རྣམས་དང་ནི་མཉམ་པར་ལྡན། །རྩ་བའི་ནང་གི་མཐར་ཐུག་པར། །ཀུན་ནས་ཟླུམ་པོ་སྦྱིན་པར་བྱ། །སླར་ཡང་ཆ་ཆུང་ཟླུམ་པོ་ལ། །རྡོ་རྗེ་ཡི་ནི་མཚན་མ་སྟེ། །ཚངས་པའི་གཡས་དང་གཡོན་དག་ཏུ། །ཆ་ཆུང་གཉིས་གཉིས་ཀྱི་ནི་བར། །སྤངས་ནས་ཐིག་ནི་རབ་སྦྱིན་བྱ། །ཟླུམ་ པོའི་ཐིག་གཉིས་བར་དུའོ། །ཆ་ཆུང་བར་ནས་སླར་ཡང་ཐིག །ཀ་བའི་དོན་དུ་དེ་བཞིན་སྦྱིན། །རེ་མིག་དགུར་ནི་འགྱུར་བ་ཡིན། །ཚངས་པའི་ཐིག་ལ་སོགས་པ་དབྱི། །དེ་ཉིད་བསྡུས་ལས་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ལ་ནི་ནང་གི་གཞལ་ཡས་ཁང་རྟ་བབས་དང་བཅས་ པའོ་ཞེས་གསུངས་སོ། །བཞི་བཅུ་རྩ་གསུམ་བདག་ཉིད་ཅན། །འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ། །རྩ་བའི་ཐིག་གི་ནང་དུ་ཐིག །རང་གི་སྒོ་ཚད་གཉིས་ཀྱི་བར། །དེར་ཡང་སྔགས་པས་སྦྱིན་པར་བྱ། །ཟུར་ཐིག་གཉིས་ཀྱི་བར་དུའོ། །ད་ཉིད་གཉིས་པ་ནང་གི་ནི། །དཀྱིལ་ འཁོར་གྱི་ཡང་རྩ་ཐིག་ཡིན། །རྟ་བབས་མེད་ཅིང་སྒོ་དང་ནི། །སྒོ་འགྲམ་སོགས་དང་ཡང་དག་ལྡན། །དཀྱིལ་འཁོར་གསུམ་པའང་དེ་བཞིན་དུ། །དེ་ཡི་ཡང་ནི་ནང་དུ་བྱ། །ཇི་ལྟར་རྡོ་རྗེ་དབྱིངས་བཞིན་ནང་། །དེ་བཞིན་འདིར་ཡང་རེའུ་མིག་དགུ། །དེ་ཉིད་སྔགས་པ་རྣམས་ ཀྱིས་བྱ། །རྡོ་རྗེ་ཕྲེང་བས་ལེགས་པར་བསྐོར། །གསུང་གི་དབང་ཕྱུག་དཀྱིལ་འཁོར་ལའང་། །འཁོར་ལོ་ཐམས་ཅད་མཚུངས་པར་ཕྱིའི། །ཐིག་གདབ་པ་ནི་ཤེས་བྱ་སྟེ། །ཁྱད་པར་སླར་ཡང་བརྗོད་པར་བྱ། །ཀུན་ནས་ཟླུམ་པོ་བཟང་པོ་ཡིས། །ཕྱི་རོལ་གྱི་ནི་འཁོར་ལོ་ བྱ། །གོས་འོག་རྩ་བ་ནས་བཟུང་སྟེ། །ཕ་རོལ་གོས་ཀྱི་འོག་ནས་ཐིག །ཐིག་གི་རིམ་པ་མ་འདས་པར། །ཟླུམ་པོ་བདུན་ནི་བསྐོར་བར་བྱ། །རྩ་བའི་ཐིག་གི་ནང་དག་ཏུ། །སྒོ་གཉིས་ཀྱི་ནི་བར་སྤངས་ནས། །ཐིག་གཅིག་རབ་ཏུ་སྦྱིན་བྱ་སྟེ། །ཟུར་ཐིག་གཉིས་ཀྱི་བར་དུའོ། ། ཐིག་དེ་ཡང་ནི་དཀྱིལ་འཁོར་ནི། །གཉིས་པ་ཡི་ཡང་རྩ་བ་ཡིན། །རྟ་བབས་མེད་ཅིང་སྒོ་ཁྱུད་བཅས། །སྒོ་རྣམས་དང་ནི་མཉམ་པར་ལྡན། །དེ་ཡི་ནང་དུ་གསུམ་པ་ཡི། །དཀྱིལ་འཁོར་གྱི་ནི་རྩ་བ་སྟེ། །སྒོ་གཉིས་ཡོངས་སུ་དོར་བས་ན། །ཐིག་ཀྱང་དེ་བཞིན་ གདབ་པར་བྱ། །རྟ་བབས་མེད་ཅིང་སྒོ་འགྲམ་དང་། །སྒོ་དང་སྒོ་ཁྱུད་སོགས་ཀྱིས་བརྒྱན། །དེ་ཡི་ཡང་ནི་ནང་དག་ཏུ། །དཀྱིལ་འཁོར་བཞི་པའང་དེ་བཞིན་ཉིད། །རྡོ་རྗེ་དབྱིངས་ཀྱི་ནང་ཇི་བཞིན། །དེ་བཞིན་འདིར་ཡང་རེ་མིག་དགུའོ། །རྭ་ཡི་ཕྱི་རོལ་གྱུར་པ་འདིར། །གསེར་གྱི་ས་ ལ་སོར་བཞི་སྟེ། །རྡོ་རྗེའི་ཕྲེང་བ་དེ་བཞིན་བྱ། །རིན་ཆེན་ཕྲེང་བ་དེ་བཞིན་སླར། །པདྨའི་ཕྲེང་བའང་དེ་བཞིན་ཉིད། །འཁོར་ལོའི་ཕྲེང་བ་སླར་དེ་བཞིན། །ལྷག་མའི་གནས་ལ་དེ་བཞིན་དུ། །ཕྱི་རོལ་འོད་ཟེར་སོར་བཅུ་གཉིས། །ཞེས་པ་ནི་འཁོར་དང་བཅས་པ་འོད་ཟེར་གྱི་མཐར་ཐུག་ པ་ལ་ཁྲུ་བཅུ་དྲུག་གི་ཚད་དང་ལྡན་པའི་དཀྱིལ་འཁོར་གྱི་ཐིག་བརྗོད་པར་བྱ་སྟེ། གཞན་དུ་ཡང་འདིའི་རྗེས་སུ་འབྲངས་ནས་རྟོགས་པར་བྱའོ། །སུམ་ཅུ་རྩ་གཉིས་བདག་ཉིད་ལྷ། །འཕགས་ལུགས་འཁོར་ལོ་ཇི་ལྟ་བར། །དེ་ཉིད་རིམ་པའི་སྦྱོར་བ་ཡིས། །ངན་སོང་སྦྱོང་བའི་འཁོར་ ལོའོ། །ཁྱད་པར་རྡོ་རྗེའི་ཕྲེང་བ་ཡི། །ནང་དུ་རིག་པར་བྱ་བ་ནི། །རྡོ་རྗེ་ཕྲེང་བ་སོགས་སྤངས་ནས། །འཁོར་ལོ་སེར་པོ་རྩིབས་བརྒྱད་པའོ། །རྩ་བའི་ཐིག་གི་ནང་དག་ཏུ། །འདི་ནི་སྒོ་ཡི་བར་སྤངས་ནས། །ཐིག་གསུམ་རབ་ཏུ་སྦྱིན་བྱ་སྟེ། །ཟུར་ཐིག་གཉིས་ཀྱི་བར་དུའོ། ། ཆ་ཆུང་རིག་བྱེད་སྤངས་ནས་ཀྱང་། །ཐིག་གཅིག་སླར་ཡང་བྲི་བར་བྱ། །སླར་ཡང་ཆ་ཆུང་བཞི་སྤངས་ནས། །དེ་བཞིན་དུ་ཡང་ཐིག་སྦྱིན་ནོ། །དབུས་སུ་རེ་ཁ་དགུ་པ་སྟེ། །འཇམ་པའི་རྡོ་རྗེའི་ཟླུམ་པོ་ཡི། །ཕོ་བྲང་བཞིས་ནི་ཤེས་པར་བྱ། །འབྱུང་པོ་འདུལ་བའི་དཀྱིལ་ འཁོར་རོ། །ད་ནི་མཁའ་འགྲོ་ལྔ་རྣམས་ཀྱི། །དཀྱིལ་འཁོར་ཐིག་ནི་བརྗོད་པར་བྱ། །སོ་སོའི་ངོས་སུ་ཚངས་པ་ལས། །ཆ་ཆུང་ཕྱེད་དང་ལྔ་སྤངས་པར། །བྱ་སྟེ་དེ་ལ་ཆ་ཆུང་གཉིས། །ཆ་ནི་གཉིས་གཉིས་ངོས་དག་ཏུ། །སྤངས་པར་རྩ་བའི་ཐིག་བྱ་ཞིང་། །ནང་གི་ཆ་ཡི་ བརྒྱད་ཆ་ཡི། །ཚད་དེས་སྒོ་དང་སྒོ་ལོགས་སོགས། །བྱ་སྟེ་རྟ་བབས་མེད་པའོ། །ཆ་ཆུང་སྤངས་ནས་ཕྱོགས་རྣམས་སུ། །དཀྱིལ་འཁོར་བཞི་པོ་རྣམས་ལ་ཡང་། །རིམ་པ་འདི་ཡི་སྦྱོར་བ་ཡིས། །མཁས་པས་ཐིག་རྣམས་སྦྱིན་པར་བྱ། །ཕྱོགས་སུ་དཀྱིལ་འཁོར་ཕྱི་ཡི་ ས། །ཆ་ཆུང་ཕྱེད་དང་གཉིས་པར་ཤེས། །རྡོ་རྗེ་མཁའ་འགྲོ་འཁོར་ལོར་ཡང་། །རྩ་བའི་དཀྱིལ་འཁོར་ནང་དུ་ནི། །ཐིག་གཅིག་རབ་ཏུ་སྦྱིན་བྱ་སྟེ། །ཀུན་ནས་གྲུ་བཞི་པ་ཉིད་དོ། །སླར་ཡང་ཆ་ཆུང་གཅིག་ནས་ཐིག །རྡོ་རྗེ་ཕྲེང་བའི་མཚན་མ་སྟེ། །ཟླ་ཕྱེད་མཉམ་པའི་རྣམ་པ་ ཡིས། །དབུས་སུ་ལེགས་པར་མཛེས་པར་བྱ། །སངས་རྒྱས་མཁའ་འགྲོའི་འཁོར་ལོ་ནི། །འཁོར་ལོའི་ཕྲེང་བར་ཟླུམ་པོ་ཉིད། །རིན་ཆེན་མཁའ་འགྲོའི་རིན་ཆེན་གྱིས། །ཀུན་ནས་ལེགས་པར་བསྐོར་བ་ནི། །རིན་ཆེན་ཆ་བརྒྱད་ལྟ་བུ་སྟེ། །དེ་ཡི་དབུས་སུ་སླར་ཡང་བྱ། །པདྨ་ མཁའ་འགྲོའི་འཁོར་ལོར་ནི། །ཆ་ཆུང་དག་ལ་པདྨའི་ཕྲེང་། །གྲུ་བཞི་པ་དང་པདྨ་ཡི། །རྣམ་པ་དེ་ཡི་དབུས་སུ་བྱ། །སྣ་ཚོགས་མཁའ་འགྲོའི་འཁོར་ལོར་ཡང་། །རལ་གྲིའི་ཕྲེང་བ་ཆ་ཆུང་སྟེ། །དེ་ཡི་དབུས་སུ་གྲུ་གསུམ་བྱ། །རྡོ་རྗེ་སློབ་དཔོན་མཁས་པས་སོ། །རང་རང་ དཀྱིལ་འཁོར་ཚད་ཀྱིས་ནི། །སྒོ་ལ་སོགས་པ་རབ་ཏུ་བརྟག །འཁོར་ལོས་སྒྱུར་དྲུག་དཀྱིལ་འཁོར་ལ། །མཁས་པས་རིག་རྣམས་སྦྱིན་བྱ་སྟེ། །ཚངས་ལས་གཡས་དང་གཡོན་དག་ཏུ། །ཆ་ཆུང་བཞི་བཞི་སྤངས་ནས་སུ། །ཆ་ཆུང་བརྒྱད་པོ་འདི་རྣམས་ལ། །དཀྱིལ་འཁོར་རྣམ་ པར་རྫོགས་པར་བྱ། །བཅུ་གཉིས་ཆར་ནི་མཉམ་བྱས་ནས། །ཆ་ནི་གཉིས་གཉིས་ངོས་དག་ཏུ། །སྤངས་ཏེ་སྒོ་ལ་སོགས་པ་བྱ། །སླར་ཡང་རྟ་བབས་མེད་པའོ། །དཀྱིལ་འཁོར་ཆེན་པོའི་ཚད་ཀྱིས་ནི། །ཆ་ཆུང་གཉིས་ཉིད་སྤངས་པར་ཡང་། །ཚད་ཀྱི་དོན་དུ་སྒྲུབ་པ་པོས། ། ཟླུམ་པོའི་ཐིག་ཀྱང་བསྐོར་བར་བྱ། །སླར་ཡང་དེ་བཞིན་ཕྱི་རོལ་དུ། །ཆ་ཆུང་བཅུ་ཡི་བར་ནས་བསྐོར། །ཆ་ལྔ་རྣམས་སུ་བྱས་པ་ལ། །དཀྱིལ་འཁོར་ལྔ་པོ་དེ་བཞིན་བྱ། །ཕྱི་ནས་ཟླུམ་པོ་དག་དང་ནི། །གཞན་ཡང་ལྷག་པའི་རེ་ཁཱ་དབྱི། །ནང་མ་དང་ནི་ལྷན་ཅིག་ཏུ། །དཀྱིལ་ འཁོར་དྲུག་ཏུ་འགྱུར་བ་ཡིན། །དཀྱིལ་འཁོར་རྣམས་ཀྱི་ནང་ཉིད་དུ། །ལྟེ་བའི་དོན་དུ་ཆ་ཆུང་གསུམ། །དེ་ཕྱིར་འདབ་མའི་དོན་དུ་ཡང་། །ཆ་ཆུང་དྲུག་གིས་ཟླུམ་པོ་བྱ། །ཕྱི་རོལ་ཕྱོགས་དང་ཕྱོགས་བྲལ་དུ། །ཆ་ཆུང་དྲུག་པའི་པདྨ་བརྒྱད། །དེ་ཡི་ཕྱི་ནས་ ཟླུམ་པོ་གཅིག །ཆ་ཆུང་བར་ནས་སླར་དེ་བཞིན། །རང་རང་དཀྱིལ་འཁོར་ཚད་ཀྱིས་ནི། །སྒོ་སོགས་མཚན་ཉིད་ཤེས་པར་བྱ། །གཞན་ཕོ་བྲང་བདུན་པའི་དཀྱིལ་འཁོར་ལ་སོགས་པའི་གཞལ་ཡས་ཁང་གི་ཁྱད་པར་རྣམས་ཀྱང་བཤད་པའི་རྗེས་སུ་འབྲངས་ཏེ་དཔགས་ལ་མཁས་ པ་རྣམས་ཀྱིས་ཐིག་གདབ་པར་བྱའོ། །སླར་ཡང་དཔལ་དུས་ཀྱི་འཁོར་ལོར་གསུངས་པའི་དཀྱིལ་འཁོར་ནི་འདིར་བརྗོད་པའི་རྒྱུད་གཞན་མཐའ་དག་ཏུ་གསུངས་པའི་ཆོ་ག་རྣམས་ལས་ཉི་མའི་ཤིང་རྟ་ལ་སོགས་པ་གདུལ་བར་བྱ་བའི་དོན་དུ་བྱ་བ་མི་འདྲ་བར་གསུངས་པའོ། །དེའི་ ཕྱིར་རྫོགས་པའི་རིམ་པའི་རྣལ་འབྱོར་པ་རྣམས་ཀྱིས་ནི་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཆང་ཉིད་སྣ་ཚོགས་པའི་སྐུས་དཀྱིལ་འཁོར་མ་ལུས་པའི་དབང་ཕྱུག་ཡིན་པས་མངོན་པར་འདོད་པ་ཐམས་ཅད་བསྐྱེད་ཅིང་འབྱུང་བའོ་ཞེས་བརྟན་པར་ལྷག་པར་མོས་པ་བྱས་ན་རྒྱུད་ གཞན་གྱི་ཚོགས་ཀྱང་རབ་ཏུ་གནས་པ་ལ་སོགས་པ་རྗེས་སུ་གནང་ཞིང་མི་འགལ་བས་མངོན་པར་འདོད་པ་སྒྲུབ་པར་བྱེད་དོ། །དེས་ན་དུས་ཀྱི་འཁོར་ལོའི་བྱ་བ་རབ་ཏུ་སྤྲོས་པ་རྣམས་ཡོངས་སུ་དོར་ནས་དཀྱིལ་འཁོར་གྱི་ཐིག་གདབ་པ་ཙམ་བརྗོད་པར་བྱའོ། །རྡུལ་ ཚོན་དགྱེ་བ་ཙམ་ཡང་འཆད་པར་འགྱུར་བའི་རྡུལ་ཚོན་དགྱེ་བའི་སྐབས་སུ་བརྗོད་པར་བྱའོ། །འདིར་སློབ་དཔོན་གྱི་མཐེབ་སོར་ཉི་ཤུ་རྩ་བཞི་ནི་ཁྲུ་སྟེ་ཁྲུ་བཞི་ནི་དཀྱིལ་འཁོར་རོ། །དེ་ཉིས་འགྱུར་སྲིད་དུ་ཁྲུ་བརྒྱད་པའི་ཚངས་ཐིག་གཉིས་གདབ་པར་བྱའོ། །དེའི་རྗེས་ལ་དེ་བཞིན་ དུ་ཟུར་ཐིག་གཉིས་སོ། །ཐིག་སྐུད་ཀྱི་སྦོམས་སུ་ནི་སློབ་དཔོན་གྱི་ནས་ཀྱི་ཚད་དོ། །དེ་ལ་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་དྲུག་ཆ་ནི་མཐེབ་སོར་ཕྱེད་ཀྱི་ཚད་དེ་ཆ་ཆུང་དུ་ཐ་སྙད་གདགས་པར་བྱའོ། །སྙིང་པོ་ཉིད་དུ་ཐིག་གཟུང་ནས། །ལྟེ་བའི་དོན་དུ་ཆ་ཆུང་གཉིས། །དེ་ནས་ འདབ་མའི་ཆ་ཆུང་བཞིར། །རྡོ་རྗེ་ཅན་གྱིས་ཟླུམ་པོ་བྱ། །དེ་ནས་བར་མེད་པར་ནི་ཐིག །ཀུན་ནས་གྲུ་བཞི་པ་ཡིན་ཏེ། །ཆ་ཆུང་བར་ནས་སླར་ཡང་སྦྱིན། །རྡོ་རྗེ་ཕྲེང་བས་མཚན་པའོ། །ཆ་ཆུང་བཞི་ཡི་བར་སྤངས་ནས། །ཟུར་གཉིས་དག་ལ་ཐུག་པའི་ཐིག །སླར་ཡང་ཆ་ཆུང་བར་ དོར་ནས། །རྡོ་རྗེ་ཕྲེང་བའི་ཐིག་གདབ་པོ། །འདི་ཡི་དབུས་སུ་པདྨ་ནི། །རབ་མཛེས་ཆ་ཆུང་བཞི་པ་སྟེ། །ངོས་ནི་གཉིས་པོ་དག་ཏུ་ཡང་། །ཆ་ཆུང་རེ་རེའི་ཀ་བ་བྱ། །དེ་དག་གི་ནི་ངོས་སུ་རྒྱར། །ཆ་ཆུང་གསུམ་པའི་བུམ་པ་སྟེ། །སླར་ཡང་ཀ་བ་ཆ་ཆུང་ཉིད། །སྲིད་དུ་ཆ་ཆུང་བཞི་ པའོ། །ཕྱི་ནས་དེ་ཡི་མཐའ་མ་ཡི། །ཕྱི་རོལ་དུ་ནི་ཐིག་གདབ་སྟེ། །ཆ་ཆུང་ཐུབ་པ་ཡོངས་དོར་ནས། །ཟུར་ཐིག་གཉིས་ཀྱི་བར་དུའོ། །དེ་ཡི་ཕྱི་རོལ་ལྷ་སྣམ་ལ། །ཆ་ཆུང་བཞི་ནི་སྤངས་པར་ཏེ། །དེ་ནས་ཆ་ཆུང་བར་སྤངས་ནས། །རྩ་ཐིག་རབ་ཏུ་གདབ་པར་བྱ། །རྩ་བའི་ ཐིག་གི་མཐར་ཐུག་པ། །ཐུགས་ཀྱི་དཀྱིལ་འཁོར་མཆོག་ཡིན་ཞིང་། །འཁོར་ལོའི་བརྒྱད་ཆ་སྒོ་ཡིན་ཏེ། །དེ་ཡི་དྲུག་ཆ་ཆ་ཆུང་ངོ་། །དེ་ལ་ཐ་སྙད་བྱས་པ་ནི། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལའོ། །སྒོ་ཡི་ཚད་ཀྱིས་སྒོ་ཁྱུད་དེ། །འགྲམ་དང་ལོགས་ཀྱང་དེ་བཞིན་ནོ། །དེ་ཡི་ ཕྱེད་ཀྱིས་སྟེགས་བུར་འགྱུར། །སྟེགས་བུའི་ཕྱེད་ཀྱིས་ཚོན་གྱི་ས། །དྲ་བ་སྟེགས་བུའི་ཚད་དུ་འགྱུར། །རིན་ཆེན་ས་ནི་དེ་ཡི་ཕྱེད། །ཤར་བུ་དང་ནི་མདའ་ཡབ་ས། །ཚོན་གྱི་ས་དང་མཉམ་པ་སྟེ། །ཀ་བ་ཆ་ཆུང་ཕྱེད་དང་གཉིས། །བར་ནི་རིན་ཆེན་ལ་སོགས་བདུན། །ཆ་ ཆུང་ཕྱེད་དང་བརྒྱད་པ་ཡི། །དཔངས་སུ་ཡང་དག་གནས་པ་སྟེ། །དེ་ཡི་སྟེང་དུ་གནས་པ་ཡི། །རྟ་བབས་བརྩེགས་མ་གསུམ་པར་འགྱུར། །སྟེང་དུ་སྒོ་ལས་སུམ་འགྱུར་གྱི། །ཚད་ལྡན་མཛེས་པར་གྱུར་པ་དེར། །བརྩེགས་མ་དང་པོ་ཆ་ཆུང་དྲུག །གཉིས་པ་ལ་ནི་ ཕྱེད་དང་ལྔ། །གསུམ་པ་ཆ་ཆུང་ཕྱེད་དང་བཞི། །རྒྱ་ཕུབས་ཆ་ཆུང་གཉིས་པར་བརྗོད། །དེ་ཉིད་སྟེང་དུ་གནས་པ་ཡི། །བུམ་པ་ཆ་ཆུང་གཉིས་པར་འགྱུར། །དེ་ལ་བརྩེགས་མ་དང་པོར་ནི། །སྣམ་བུ་དང་པོ་ཆ་ཆུང་གཅིག །ཉི་ཤུ་རྩ་བཞི་རིང་བའོ། །དེ་ཡི་སྟེང་ དུ་ཆ་ཆུང་གཅིག །མྱོས་པ་བསྲུང་བའི་སྣམ་བུ་སྟེ། །རིངས་སུ་ཆ་ཆུང་བཅུ་དྲུག་པའོ། །དེ་ཡི་སྟེང་གི་དབུས་སུ་ནི། །མཆོད་པའི་ལྷ་མོའི་གནས་ཉིད་ཀྱང་། །ཆ་ཆུང་བཞི་པ་རབ་མཛེས་པ། །རྡོ་རྗེ་སློབ་དཔོན་མཁས་པས་བྱ། །དེ་ཡི་ཡང་ནི་ངོས་དག་ཏུ། །ཆ་ཆུང་རེ་རེའི་ ཀ་བ་བྱ། །སླར་ཡང་མཆོད་པའི་ལྷ་མོའི་གནས། །ངོས་གཉིས་དག་ཏུ་དེ་བཞིན་ཏེ། །ཕྱིར་ཞིང་ཆ་ཆུང་ཀ་བ་དག །ངོས་དག་ཏུ་ཡང་དེ་བཞིན་ཉིད། །ངོས་གཉིས་དག་ཏུ་སོ་ལྡན་གྱི། །དབང་པོ་གནན་པའི་སེང་གེ་སྟེ། །སེང་གེའི་མགོ་བོའི་སྟེང་དུ་འདེགས། །དེ་དག་སྤྱི་བོར་དེ་བཞིན་ སླར། །སྣམ་བུ་ཆ་ཆུང་ཕྱེད་པར་འགྱུར། །བཅོ་བརྒྱད་དུ་ཡང་རིང་བའོ། །དེ་སྟེང་སྣམ་བུར་གྱུར་པ་ནི། །མྱོས་པ་བསྲུང་བ་ཞེས་བྱ་བ། །བར་ནི་ཆ་ཆུང་གཅིག་པར་འགྱུར། །རིངས་སུ་ཆ་ཆུང་བཅུ་གཉིས་པའོ། །དེ་སྟེང་དེ་བཞིན་རིང་བ་ཡི། །སྣམ་བུའི་བར་ལ་ཆ་ཆུང་གསུམ། ། དེར་ནི་རྐང་པས་དམན་པ་ཡི། །ཆ་ཆུང་གིས་ཀྱང་ཀ་བཞི་བྱ། །ལྷ་མོ་རྣམས་ཀྱི་གནས་རྣམས་ཀྱང་། །ཀ་བའི་བར་དུ་ཡང་དག་གནས། །ཆ་ཆུང་གསུམ་དང་ལྡན་པ་ཡི། །གནས་གསུམ་སླར་ཡང་སྔགས་པས་བྱ། །ཀ་བའི་ཕྱི་རོལ་ངོས་དག་ཏུ། །གདུང་འདེགས་པ་ཡི་ལྷ་མོ་བྱ། ། དེ་ཡི་སྤྱི་བོར་སླར་ཡང་དཔངས། །ཆ་ཆུང་ཕྱེད་པའི་སྣམ་བུར་འགྱུར། །དེ་ཉིད་ཆ་ཆུང་བཅོ་ལྔ་ཡི། །རིངས་སུ་ཡང་དག་གནས་པ་ཡིན། །དེ་སྟེང་མྱོས་པ་བསྲུང་བ་ཡི། །སྣམ་བུ་ལ་ནི་ཆ་ཆུང་སྟེ། །རིངས་སུ་ཆ་ཆུང་བརྒྱད་པར་འགྱུར། །དེ་སྟེང་ཆ་ཆུང་གཉིས་པ་སྟེ། །དེ་ཡང་རིངས་སུ་ དེ་བཞིན་ཉིད། །འདི་ལ་ཡང་ནི་ཀ་བ་བཞི། །ཆ་ཆུང་ཕྱེད་པའི་ཚད་དང་ལྡན། །རིངས་སུ་ཆ་ཆུང་གཉིས་པར་ལྡན། །གནས་གསུམ་ཆ་ཆུང་གཉིས་པ་ཡང་། །ཀ་བའི་བར་དུ་ཡང་དག་གནས། །ཕྱི་རོལ་ཀ་བའི་ངོས་དག་ཏུ། །སྔར་བཞིན་གདུང་འདེགས་ལྷ་མོའོ། །དེ་སྟེང་ཆ་ ཆུང་ཕྱེད་པ་ཡི། །སྣམ་བུ་ཆ་ཆུང་བཅུ་གཉིས་སུ། །དེ་ནི་རིང་བར་གྱུར་པ་ཡིན། །དེ་སྟེང་རྒྱ་ཕུབས་ཡང་དག་གནས། །ཆ་ཆུང་བརྒྱད་དུ་རིང་བ་སྟེ། །དེ་ཡི་སྟེང་དུ་བུམ་པའི་གནས། །དེ་ཡི་གཡས་དང་གཡས་མིན་དུ། །རྒྱལ་མཚན་དང་ནི་བ་དན་བྱ། །སྣམ་བུ་ཀུན་གྱི་ རྩེ་མོ་ལ། །དྲིལ་བུ་མེ་ལོང་རྔ་ཡབ་དང་། །རྒྱལ་མཚན་ལ་སོགས་ཁྱད་པར་གྱིས། །དེར་ཡང་བརྒྱད་པར་བྱ་བ་ཡིན། །ཐུགས་ཀྱི་དཀྱིལ་འཁོར་ཕྱི་རོལ་དུ། །གསུང་གི་དཀྱིལ་འཁོར་བྱ་བ་སྟེ། །ཐུགས་ཀྱི་ཉིས་འགྱུར་ཚད་ཀྱིས་ནི། །དེ་ཡི་ཚད་རྣམས་རབ་ཏུ་བརྟག ། སོ་སོའི་ཕྱོགས་ཀྱི་ཆ་རྣམས་སུ། །དེ་ལ་ཆ་ཆུང་བཅུ་གཉིས་ནི། །ཐུགས་ཀྱི་དཀྱིལ་འཁོར་རྩིག་སོགས་དང་། །མདའ་ཡབ་རྣམས་ཀྱིས་བསྒྲིབས་པའོ། །དེ་ཡི་ཕྱི་རོལ་ཐིག་གཅིག་ནི། །ཆ་ཆུང་བདུན་གྱི་བར་དུ་སླར། །ཆ་ཆུང་དག་ནི་བཞི་རྣམས་ཀྱིས། །སླར་ཡང་ལྷ་ཡི་སྣམ་ བུའོ། །ཆ་ཆུང་བཞི་པའི་པདྨར་འགྱུར། །དེ་ཡི་ཕྱོགས་སུ་གྱུར་པ་ཡང་། །ཐུགས་ཀྱི་རྟ་བབས་འོག་རྣམས་སུ། །ཤེས་པར་བྱ་སྟེ་མདོར་བསྡུ་ན། །མྱོས་པ་བསྲུང་བའི་སྣམ་བུ་སོགས། །བརྩེགས་མ་གཉིས་པ་དག་ལ་ཡང་། །ཆ་ཆུང་བཞི་ཡི་བར་དུ་ནི། །ཀུན་ནས་འབད་ པས་བྲི་བར་བྱ། །ཀ་བ་གཉིས་ཀྱི་བར་ལ་ཡང་། །ཆ་ཆུང་ཕྱེད་དག་བསྣུར་ནས་སོ། །ལྷ་ཡི་སྣམ་བུའི་ཐིག་ལས་ནི། །ཕྱི་རོལ་ཆ་ཆུང་བར་རྣམས་སུ། །རྩ་ཐིག་རབ་ཏུ་སྦྱིན་བྱ་སྟེ། །ཟུར་ཐིག་གཉིས་ཀྱི་བར་དུའོ། །སྒོ་དང་རྟ་བབས་དག་ཀྱང་དེར། །སྔར་གྱི་རིམ་པས་བྲི་བར་བྱ། །འོན་ ཀྱང་ཐུགས་ཀྱི་དཀྱིལ་འཁོར་ཚད། །ཉིས་འགྱུར་གྱི་ནི་ཚད་ཀྱིས་སོ། །གསུང་གི་དཀྱིལ་འཁོར་རྩ་བ་ལས། །ཕྱི་རོལ་སྒྲ་ཡི་དཀྱིལ་འཁོར་མཆོག །དེ་ལ་གཉིས་འགྱུར་ཚད་ཀྱིས་ནི། །དེ་ཡི་ཚད་རྣམས་རབ་གཞལ་བྱ། །སོ་སོའི་ཕྱོགས་ཀྱི་ཆ་རྣམས་སུ། །ཆ་ཆུང་ཉི་ཤུ་ རྩ་བཞི་ནི། །གསུང་གི་དཀྱིལ་འཁོར་ཐིག་སོགས་དང་། །མདའ་ཡབ་རྣམས་ཀྱིས་བསྒྲིབས་པའོ། །ཆ་ཆུང་དྲག་པོ་དེར་སྤངས་ནས། །ཐིག་ནི་ཟུར་གཉིས་བར་དུ་སྟེ། །སླར་ཡང་ཆ་ཆུང་ཉི་མ་ནི། །སྤངས་ནས་ལྷ་རྣམས་དེ་བཞིན་ནོ། །སྣམ་བུ་འདི་དེ་ཉིད་ལ་ནི། །པདྨ་ཡང་ ནི་བཅུ་གཉིས་ཏེ། །དེ་རྣམས་ཆ་ཆུང་བཅུ་གཉིས་པའོ། །དེ་ལས་ཡང་ནི་ཆ་ཆུང་གི། །དབུས་ཀྱི་ཆ་ཡི་ལྟེ་བ་སྟེ། །དེ་ཡི་གཡས་དང་གཡས་མིན་དུ། །འདབ་མ་རྣམས་ནི་བཞི་བྱ་ཞིང་། །དེ་ཡི་གཡས་དང་གཡོན་དག་ཏུ། །འདབ་མ་རྣམས་ནི་བརྒྱད་དུ་བྱ། །དེ་ཡང་གཡས་ དང་གཡོན་རྣམས་སུ། །འདབ་མ་རྣམས་ནི་བཅུ་དྲུག་འགྱུར། །དེ་ཡང་རིམ་པ་གསུམ་པ་སྟེ། །རིམ་པ་གསུམ་དུ་གྱུར་པས་ཀྱང་། །འདབ་མ་ཉི་ཤུ་རྩ་བརྒྱད་དོ། །ལྷ་ཡི་སྣམ་བུའི་ཐིག་ལས་ནི། །ཕྱི་རོལ་དུ་ཡང་རྩ་བའི་ཐིག །ཆ་ཆུང་བར་ནས་སྦྱིན་བྱ་སྟེ། །ཟུར་གྱི་ ཐིག་གི་བར་དུའོ། །སྒོ་དང་རྟ་བབས་དག་གི་ཚད། །སྔར་བརྗོད་ཇི་བཞིན་འདིར་ཡང་སྟེ། །འོན་ཀྱང་གསུང་གི་དཀྱིལ་འཁོར་ཚད། །ཉིས་འགྱུར་དག་གིས་རབ་གཞལ་བྱ། །ཆུ་ཡི་ཁོར་ཡུག་ཕྱེད་དུ་ཡང་། །རྟ་བབས་ཀྱིས་ཀྱང་ཁྱབ་པའོ། །གསུང་གི་དཀྱིལ་འཁོར་རྟ་བབས་ལས། །ཕྱི་ རོལ་སྐུ་ཡི་དཀྱིལ་འཁོར་གྱི། །སྒོ་ཡི་དབུས་སུ་ཤིང་རྟ་ནི། །ཆ་ཆུང་བཅུ་གཉིས་པ་རྣམས་བྱ། །ས་ཡི་ཁོར་ཡུག་ལ་ཡང་ནི། །ཆ་ཆུང་དག་ནི་བཅུ་གཉིས་བྱ། །དེ་ཡི་ཕྱི་ནས་ཆུ་ཡི་ནི། །ཁོར་ཡུག་ཆ་ཆུང་ཉེར་བཞི་སྟེ། །དེ་ཕྱིར་མེ་ཡི་ཁོར་ཡུག་ལ། །སླར་ཡང་ཆ་ཆུང་ཉེར་ བཞིའོ། །དེ་ནས་རླུང་གི་ཁོར་ཡུག་ལ། །ཆ་ཆུང་ཉི་ཤུ་རྩ་བཞིར་འགྱུར། །དེ་ལས་ཕྱི་རོལ་ནམ་མཁའ་ཡི། །ཁོར་ཡུག་ཆ་ཆུང་བཅུ་གཉིས་སོ། །ས་སོགས་ཁོར་ཡུག་དྲུག་པོ་ཡི། །དང་པོར་ཟླུམ་པོ་རབ་ཏུ་སྦྱིན། །འོད་ཕྲེང་མཐར་ཡང་ཟླུམ་པོ་སྟེ། །ཟླུམ་པོ་བདུན་དུ་འགྱུར་བ་ཡིན། ། ཐུགས་ཀྱི་རྡོ་རྗེའི་དཀྱིལ་འཁོར་ཏེ། །དཀྱིལ་འཁོར་གསུམ་གྱི་བདག་ཉིད་མཆོག །འདི་ཡི་ཐིག་སྐུད་ཁྲུ་བརྒྱད་དེ། །འཛིན་མའི་ཟླུམ་པོ་ཇི་སྲིད་དུའོ། །ཞེས་པ་ནི་ཕྱོགས་གཅིག་གོ། །གང་གི་ཚེ་འདིར་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ཚད་དང་གསུང་གི་དཀྱིལ་འཁོར་གྱི་སྒོའི་ཚད་བསྡོམས་ ནས་སྒོ་ཆ་ཆུང་བཅོ་བརྒྱད་དུ་ཡོངས་སུ་བརྟགས་ཏེ་དེའི་དྲུག་ཆ་ལ་ཆ་ཆུང་གི་ཐ་སྙད་བྱེད་པ་དེའི་ཚེ་ཆ་ཆུང་དེས་གཙོ་བོའི་པདྨའི་ལྟེ་བ་ལ་སོགས་པ་ནས་འོད་ཀྱི་ཁོར་ཡུག་གི་མཐར་ཐུག་པར་ཆ་ཆུང་གི་གྲངས་བྱའོ། །དེའི་ཚེ་ནི་ཐུགས་རྡོ་རྗེ་གཙོ་བོ་སྟེ་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་ འཁོར་ལ་ཁྲུ་བཅུ་གཉིས་དང་། དེའི་ཉིས་འགྱུར་གྱི་ཐིག་སྐུད་ཁྲུ་ཉི་ཤུ་རྩ་བཞི་ནི་སའི་ཁོར་ཡུག་གི་དང་པོ་ཇི་སྲིད་དུའོ། །ཞེས་པ་ཕྱོགས་གཉིས་པའོ། །གང་གི་ཚེ་བཅོམ་ལྡན་འདས་ཐུག