Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 76
Văn bản gốc(Tây Tạng)
Trang 7 / 17 (50.000 ký tự/trang)
ས་རྡོ་རྗེ་གསུང་རྡོ་རྗེའི་གནས་སུ་གྱུར་ན་གསུང་རྡོ་རྗེ་ནི་གཙོ་བོ་སྟེ། དེ་ལས་གཞན་པའི་ལྷ་ལ་སོགས་ པ་དགོད་པ་ནི་ཕྱོགས་དང་པོ་བཞིན་ནོ། །གང་གི་ཚེ་ཡང་དབུས་ཀྱི་དཀྱིལ་འཁོར་ཁྲུ་བཞི་པ་དང་དེའི་ཉིས་འགྱུར་གཉིས་པ་དང་། དེའི་ཉིས་འགྱུར་གསུམ་པ་ཡིན་པ་དེའི་ཚེ་ཁྲུ་བཅུ་དྲུག་གི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་གསུང་གི་དཀྱིལ་འཁོར་དང་། དེའི་ཉིས་འགྱུར་གྱི་ཐིག་སྐུད་ཁྲུ་སུམ་ཅུ་སོ་གཉིས་ ནི་སའི་ཁོར་ཡུག་གི་དང་པོ་ཇི་སྲིད་དུའོ་ཞེས་པ་ཕྱོགས་གསུམ་པའོ། །གང་གི་ཚེ་དང་པོར་བརྗོད་པའི་ཐུགས་ཀྱི་དཀྱིལ་འཁོར་གྱི་སྒོའི་ཚད་དང་པོར་བརྗོད་པའི་སྐུའི་དཀྱིལ་འཁོར་གྱི་སྒོའི་ཚད་བསྡོམས་ནས་སྒོ་ཆ་ཆུང་སུམ་ཅུར་ཡོངས་སུ་བརྟགས་ཏེ་དེའི་དྲུག་ཆ་ལ་ཆ་ཆུང་དུ་ཐ་སྙད་བྱེད་པ་དེའི་ཚེ་ ཆ་ཆུང་དེས་གཙོ་བོའི་པདྨའི་ལྟེ་བ་ལ་སོགས་པ་ནས་འོད་ཀྱི་ཁོར་ཡུག་གི་མཐར་ཐུག་པར་ཆ་ཆུང་གི་གྲངས་བྱ་ཞིང་། བཅོམ་ལྡན་འདས་ཐུགས་རྡོ་རྗེ་ཡང་སྐུ་རྡོ་རྗེའི་གནས་སུ་བྱའོ། །སྐུ་རྡོ་རྗེ་ནི་གཙོ་བོ་སྟེ་དེ་ལས་གཞན་པའི་ལྷ་ལ་སོགས་པ་དགོད་པ་ནི་ཕྱོགས་དང་པོ་བཞིན་ནོ། །དེའི་ཚེ་སྐུ་ རྡོ་རྗེ་ནི་གཙོ་བོའི་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཀྱི་དཀྱིལ་འཁོར་ལ་ཁྲུ་ཉི་ཤུ་དང་དེའི་ཉིས་འགྱུར་གྱི་ཐིག་སྐུད་ཁྲུ་བཞི་བཅུ་ནི་སའི་ཁོར་ཡུག་གི་དང་པོ་ཇི་སྲིད་དུའོ་ཞེས་པ་ཕྱོགས་བཞི་པའོ། །དེ་ལྟར་ཡང་དྲི་མ་མེད་པའི་འོད་ལས་ཐིག་སྐུད་ཁྲུ་བརྒྱད་པ་ཞེས་པ་ནི་རྩ་བ་ལ་ཁྲུ་བརྒྱད་ཅེས་བྱ་ བ་སྟེ། དཀྱིལ་འཁོར་གྱི་ནི་ཉིས་འགྱུར་རོ། །ཞེས་རྣམ་པར་བཀྲལ་ནས་དེ་ལ་དང་པོའི་སངས་རྒྱས་སུ་ཐུགས་ཀྱི་དཀྱིལ་འཁོར་ལ་ཁྲུ་བཅུ་གཉིས་བྱ་ཞིང་། དེ་ཉིས་འགྱུར་གྱི་ཐིག་སྐུད་ནི་ཁྲུ་ཉི་ཤུ་རྩ་བཞིའོ། །དེ་བཞིན་དུ་གསུང་གི་དཀྱིལ་འཁོར་ལ་ཁྲུ་བཅུ་དྲུག་གོ། །སྐུའི་དཀྱིལ་འཁོར་ལ་ ཁྲུ་ཉི་ཤུའོ་ཞེས་པ་ནི་ངེས་པ་སྟེ་ཐིག་སྐུད་ནི་དེའི་ཉིས་འགྱུར་རོ་ཞེས་གསུངས་སོ། །དབང་གི་དོན་དུ་ནི་དབུས་ཀྱི་དཀྱིལ་འཁོར་ཙམ་ཡང་བསྐོར་བར་རྗེས་སུ་གནང་སྟེ། ཇི་སྐད་དུ། དབང་གི་དོན་དུ་དཀྱིལ་འཁོར་རམ་ནི་རིགས་ཀྱི་དབང་གིས་ཕྱི་ཡི་འཁོར་ལོས་རབ་ཏུ་དམན་པར་འགྱུར། །ཞེས་གསུངས་ སོ། །གང་ཡང་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས། སྒོ་འཁོར་ལོའི་དགུ་ཆ་དང་། དཀྱིལ་འཁོར་ཆེན་པོ་བཀོད་པའི་རྒྱུད་ལས། སྒོ་འཁོར་ལོའི་བཅུ་ཆར་གསུངས་པ་དེ་དག་ནི། སློབ་དཔོན་རྣམས་ད་ལྟ་ཐ་སྙད་མི་མཛད་མོད། བདག་གིས་ནི་ཡོངས་སུ་བྱས་སོ། །དཀྱིལ་ འཁོར་གྱི་ཆད་རྣམས་ཀྱང་རབ་ཏུ་གྲགས་པ་བརྗོད་ཀྱི་འདི་ཙམ་ཁོ་ན་ནི་མ་ཡིན་ནོ། །དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། འཛམ་བུའི་གླིང་གི་དབང་ཕྱུག་གམ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིས། །ཕྱི་རོལ་དཀྱིལ་འཁོར་བྲི་བྱ་སྟེ། །ཀུན་ནས་དཔག་ཚད་རབ་ཏུའོ། །གདུལ་ བྱའི་སྐྱེ་བོའི་བསམ་པ་ལ། །མཁས་པས་མཉམ་པར་བལྟས་ནས་ནི། །འདོད་པས་ཚད་ནི་བྱས་པ་ལ། །ཉེས་པ་ཅུང་ཟད་ཡོད་མ་ཡིན། །རང་གི་འདོད་པས་དཀྱིལ་འཁོར་ཀུན། །ལག་པའི་མཐིལ་དུ་བྲིས་བྱས་ནས། །བསྟན་བཅོས་ལས་གསུངས་དོན་བྱེད་དེ། །ས་སྟེངས་སོགས་སུ་ སྨོས་ཅི་དགོས། །ཞེས་གསུངས་སོ། །དཔག་ཏུ་མེད་པའི་དབྱེ་བས་ཐ་དད་པའི་དཀྱིལ་འཁོར་རྣམས་ཇི་ཙམ་ཞིག་མངོན་པར་བརྗོད་པར་བྱ་བར་ནུས། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་ཇི་ལྟ་དེ་བཞིན་དུ། །རབ་ཏུ་བརྟགས་པ་སུ་ཡིས་ནུས། །རང་གི་ ལྷ་ཡི་རྣལ་འབྱོར་གྱིས། །དཀྱིལ་འཁོར་བརྟག་པ་འགྲུབ་པ་ཡིན། །ཞེས་པ་དཀྱིལ་འཁོར་ལ་ཐིག་གདབ་པའི་ཆོ་གའོ།། །།དེ་ནས་གཏོར་མ་བྱིན་ལ། བཾ་ལཾ་རཾ་ཡཾ་ཧཾ་རྣམས་ཀྱི་ས་བོན་ལས་གྲུབ་པའི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོའི་ཚོན་རྣམས་རིམ་པ་ཇི་ ལྟ་བ་བཞིན་དུ་ཟླ་བ་ཆུ་ཤེལ་དང་། ཀརྐེ་ཊ་ཎ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་ལས་བྱུང་བ་རྣམས་སམ་ཡང་ན་མུ་ཏིག་དང་གསེར་དང་བྱི་རུ་དང་བསྲེས་པ་མུ་མེན་ལས་བྱུང་བ་རྣམས་སམ། བསྲེས་པ་ནི་འདིར་མུ་ཏིག་ལ་སོགས་པ་བཞི་པོ་རྣམས་སོ། །ཡང་ན་ཁམས་ལས་བྱུང་བ་འམ། འབྲས་ ལས་བྱུང་བ་འམ། མེ་ཏོག་ལས་བྱུང་བ་འམ། ཇི་ལྟར་རིགས་པར་སོལ་བ་དང་སོ་ཕག་དང་རུས་པའི་ཕྱེ་མ་ལ་སོགས་པས་ཀྱང་རུང་། ལེགས་པར་འདུས་བྱས་པའི་བཟང་པོ་རྣམས་བྷྲཱུཾ་ཨཾ་ཧྲཱིཾ་ཁཾ་ཧཱུཾ་རྣམས་ལས་གྲུབ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ངོ་བོར་བསམས་ནས། ནམ་མཁའ་ལ་བཀོད་ པའི་དེ་བཞིན་གཤེགས་པ་ཐམས་ཅད་ཐུགས་ཀར་བྷྲཱུཾ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཚོན་རྣམས་ཐིག་སྐུད་འདུ་བྱ་བར་བརྗོད་པའི་འབར་བའི་ལྟ་སྟངས་ཀྱིས་བཀུག་སྟེ་བཅུགས་པས་ཡེ་ཤེས་ཀྱི་ཚོན་དང་ལྷན་ཅིག་རོ་གཅིག་ཏུ་གྱུར་པ་རྣམས་ལ་བྷྲཱུཾ་ཞེས་པ་ལ་སོགས་པས་ མངོན་པར་བསྔགས་ཤིང་། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔགས་སོ། །དེ་བཞིན་དུ་འབར་བའི་ལྟ་བས་ཡང་དག་པར་གཟི་བརྗིད་བསྐྱེད་ཅིང་། རེ་རེ་ལ་ཧཱིཿཡིག་བཀོད་ནས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་ཚོན་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་ རྣམས་ནི་སེམས་ཅན་རྣམས་ལ་ཆགས་པས་རྗེས་སུ་ཆགས་པར་གྱུར་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་བར་གྱུར་ཅིག །ཅེས་བདེན་པའི་བྱིན་གྱི་རླབས་ཀྱིས་སྦར་བར་བྱ་སྟེ། ལྷ་སྒོམ་པ་ཕུལ་དུ་བྱུང་བ་ལས་ནི་འབར་བར་འགྱུར་རོ། །དྲི་དང་མེ་ཏོག་ལ་སོགས་པས་མཆོད་ནས་ སྣོད་གསར་པར་གཞག་པར་བྱའོ་ཞེས་པ་རྡུལ་ཚོན་གྱི་བཟླས་པའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་གྱི་ལྟེ་བར་གནས་པའི་ཕུར་བུ་དཀྱིལ་འཁོར་ཇི་ལྟ་བར་འཆད་པར་འགྱུར་པའི་ལས་ཐམས་ཅད་པའི་སྔགས་ཀྱིས་བཏོན་ནས་རང་གི་ལག་པའི་རྡོ་རྗེ་ལ་བསྟིམ་སྟེ་ཕུར་བུའི་ཁུང་བུ་རིན་པོ་ཆེ་ལྔ་ དང་ཚོན་སྣ་ལྔས་བཀང་བས་མཉམ་པོར་བྱས་ལ། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་མཚན་མ་ངན་པ་བསལ་བར་བྱའོ། །ཆོས་དབྱིངས་འདི་ནི་དག་པ་སྟེ། །སེམས་ཅན་ཁམས་ནི་རབ་གྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ ཀུན་ལས་རྣམ་གྲོལ་བའི། །འཁོར་ལོའི་ནང་དུ་ཡང་དག་ཞུགས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དཀྱིལ་འཁོར་བདག་གིས་བྲི་བར་བྱ། །ཞེས་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པར་མོས་ལ། ལག་པ་གཡས་པ་རྡོ་རྗེས་མཚན་ཞིང་གཡོན་པའི་ཁུ་ཚུར་གྱིས་ཨོཾ་བཛྲ་རཾ་ག་ས་མ་ཡ། ཨོཾ་ཨཱཿཧཱུཾ་ཞེས་པའམ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ནང་དུ་ཤར་དུ་ཕྱོགས་པར་འདུག་པས་དབང་ལྡན་གྱི་མཚམས་ནས་བརྩམས་ཏེ་གཡས་སྐོར་དུ་ཚོན་དགྱེ་བར་བྱའོ། །ཕྱི་ནས་ཇི་ལྟ་བ་བཞིན་དུ་སྒོའི་སློབ་དཔོན་ལ་སོགས་པ་གཞན་གྱིས་ཀྱང་ངོ་། །སྦོམས་ སུ་སྒོ་ཡི་ཉི་ཤུ་ཆའི། །རེ་ཁཱ་ཡང་དག་དྲང་བྱ་སྟེ། །མཉམ་ཞིང་དྲང་པོ་མ་ཆད་པ། །ཇི་ལྟར་རིགས་པའོ་ཕན་ཚུན་གྱི། །བར་གྱི་ཚད་ནི་ནས་ཙམ་ལ། །འོག་དང་སྟེང་ནི་ཅི་མཛེས་བྱ། །སྦོམ་པོར་བཀྱེ་ན་ནད་འབྱུང་སྟེ། །ཕྲ་མོ་ཡི་ནི་ནོར་རྣམས་ཉམས། །ཡོན་པོ་ཡིས་ནི་རྣམ་པར་སྡང་། ། ཆད་ན་བླ་མ་སློབ་མ་འཆི། །གཡས་སྐོར་མིན་པར་བཀྱེ་ན་ནི། །ཚོན་རྣམས་ཕུར་བུས་བཏབ་པར་འགྱུར། །ཕུར་བུས་བཏབ་པ་ནི་དངོས་གྲུབ་ཀྱི་རྒྱུ་མ་ཡིན་པ་སྟེ། ཕན་ཚུན་འདྲེས་པས་ནི་རིགས་འཆད་པར་འགྱུར་རོ། །ཉེས་པ་ཞི་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ ཀྱིས་གསུངས་པ། དེ་ཉིད་མེད་པའི་བསམ་སྦྱོར་ལས། །གང་ཞིག་ཚོན་བཀྱེའི་ཉེས་པ་སྟེ། །བཟང་པོ་དེ་ཉིད་བསམ་སྦྱོར་ལས། །སུས་ཀྱང་བར་ཆད་བྱ་མི་ནུས། །དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན། །ཇི་སྲིད་དུ་ནི་དེ་ཉིད་བརྟག །ཅེས་སོ། །ཚོན་གྱི་རེ་ཁཱ་རྣམས་ཀྱང་རིན་པོ་ཆེ་དཀར་པོ་ལ་ སོགས་པའི་རང་བཞིན་གྱི་ཐུར་མ་ལ་སོགས་པའི་ངོ་བོར་ལྷག་པར་མོས་པར་བྱའོ། །འཇུག་པ་དང་འབྱུང་བ་ལ་ཐིག་དང་ཚོན་ལ་འགོམས་པའི་སྡིག་པས་འཇིགས་པའི་ཕྱིར་རྡོ་རྗེ་ཤུགས་ཀྱི་ཡེ་ཤེས་ཀྱི་ཚོན་གྱི་རེ་ཁཱ་ཡིད་ཀྱིས་ནམ་མཁའ་ལ་བཏེག་ལ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ་ཞེས་བཟླ་ཞིང་། རྩ་བའི་ ཐིག་གི་ནང་དུ་དཀྱིལ་འཁོར་བྲི་བའི་ཕྱིར་འཇུག་པ་དང་འབྱུང་བར་བྱའོ། །དེ་ལ་དང་པོར་ལྷ་ཐམས་ཅད་ཀྱི་དཀྱིལ་འཁོར་ལ་ཕྱི་དང་ནང་གི་དཀྱིལ་འཁོར་གྱི་སྤྱིའི་ཁ་དོག་གི་རིམ་པ་བརྗོད་པར་བྱའོ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་དང་དབུས་ཀྱི་གཙོ་བོའི་ ཁ་དོག་གི་རིམ་པ་ཇི་ལྟ་བ་བཞིན་དུ་ཕྱིའི་རེ་ཁཱ་ནས་བརྩམས་ཏེ། ནང་གི་རེ་ཁཱའི་བར་དུ་ཚོན་སྣ་ལྔའི་རྩིག་པའི་རེ་ཁཱ་རྣམས་ཀྱི་ཁ་དོག་གོ། །ཕྱོགས་དང་དབུས་སུ་ལྷ་གཞན་འགོད་པ་ན་རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གི་རིམ་པའོ། །བསྒོམ་བྱའི་དཀྱིལ་འཁོར་ལ་ རྩིག་པ་ལྔ་པོ་འདི་དག་རིན་པོ་ཆེ་ཁ་དོག་ལྔ་ལས་གྲུབ་ཅིང་བར་ནི་ནས་ཙམ་མོ་ཞེས་པ་ཁ་ཅིག་གོ། །རྩིག་པ་འདི་ནི་གཅིག་ཉིད་རིམ་གྱིས་སྟེང་ནས་སྟེང་དུ་ཁ་དོག་ལྔའི་རིན་པོ་ཆེ་ལས་བྱས་པའོ་ཞེས་པ་ནི་གཞན་དག་གོ། །འདིར་འདོད་པ་དང་པོ་ལ་རིན་པོ་ཆེའི་སྣམ་བུའི་ས་གཞི་དམར་ པོ་དང་དྲ་བ་དང་དྲ་བ་ཕྱེད་པའི་ས་གཞི་ནག་པོའོ། །འདོད་པ་གཉིས་པ་ལ་ནི་དང་པོའི་ཁ་དོག་གི་རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་རྣམ་པར་བཀྲ་བའི་རིན་པོ་ཆེའི་སྣམ་བུ་སྟེ། ཡང་ན་དེ་ལ་ཁ་དོག་གཞན་གྱིས་རིན་པོ་ཆེ་ལས་གྲུབ་པ་བཀོད་པ་ནི་རིན་པོ་ཆེའི་སྣམ་བུའོ། །ལྔ་པའི་ཁ་དོག་གི་ རིན་པོ་ཆེའི་རང་བཞིན་གྱི་ཆ་ཉིད་སྣ་ཚོགས་པའི་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའམ་ཡང་ན་དེ་ལ་ཁ་དོག་གཞན་གྱི་རིན་པོ་ཆེ་ལས་གྲུབ་པ་བཀོད་པ་ནི་དྲ་བ་དང་དྲ་བ་ཕྱེད་པའི་སྣམ་བུའོ། །ཕྱོགས་གཞན་བརྗོད་པ་ནི་དེའི་སྟེང་དུ་རིན་པོ་ཆེའི་སྣམ་བུ་དོ་ཤལ་གྱི་སྣམ་བུའོ། །འདོད་པ་གཉིས་ཀ་ལ་ཡང་སྟེགས་ བུ་ནི་ཤེལ་ལམ་གསེར་གྱི་རང་བཞིན་ནམ་པདྨ་རཱ་གཱའི་རང་བཞིན་ནམ། རིན་པོ་ཆེ་གཞན་ཡང་རུང་སྟེ་ཇི་ལྟར་མཛེས་པའོ། །རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་རྣམས་ནི་དཀར་པོའོ། །རིན་པོ་ཆེའི་ཤར་བུ་དང་མདའ་ཡབ་དང་དར་དཔྱངས་ཀྱི་བར་གྱི་ས་གཞི་ནི་སྔོན་པོ་སྟེ། ནམ་མཁའི་ངོ་བོ་ཡིན་ པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་བར་གྱི་སྣམ་བུ་ལ་མུན་པའི་སྣམ་བུ་ཞེས་བརྗོད་དོ། །གདུང་ནི་ཇི་ལྟར་མཛེས་པའི་རིན་པོ་ཆེ་ལས་བྱས་པ་སྟེ། རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་པ་ཏྲ་འཕྲོ་བ་ལ་སོགས་པས་བརྒྱན་པའོ། །རྟ་བབས་ཀྱི་ཀ་བ་རྣམས་ནི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་ པའི་ཁ་དོག་གོ། །ཀྱོག་པོའི་ནང་གི་བླ་རེའི་འོག་གི་ཡང་དེ་རང་གི་དེ་བཞིན་གཤེགས་པའི་ཁ་དོག་གི་འོད་ཀྱིས་སྤྲས་པའི་ནམ་མཁའི་རང་བཞིན་ནོ། །རྟ་རྨིག་དང་བ་རན་གྱི་ཁ་དོག་ནི་ཇི་ལྟར་མཛེས་པ་སྟེ་ཆུ་སྲིན་གྱི་སྣམ་བུ་ཡང་ངོ་། །འཁོར་ལོ་རྣམས་ནི་གསེར་གྱི་ཁ་དོག་སྟེ་རིན་པོ་ཆེ་གཞན་ ལས་ཀྱང་བྱས་པའོ་ཞེས་ཁ་ཅིག་གོ། །རི་དགས་དང་རི་དགས་མོ་ནི་གསེར་གྱི་རང་བཞིན་ལ་རིན་པོ་ཆེ་གཞན་གྱིས་སྤྲས་པའོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་ནག་པོ་སྟེ་ཁ་ཅིག་ཏུ་ནི་གཙོ་བོའི་དེ་བཞིན་གཤེགས་པའི་མདོག་གོ། །ར་དབུས་མ་རྣམས་ནི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་ པའི་ཁ་དོག་སྟེ་དེ་ལས་གཞན་པ་རྣམས་ནི་དེ་དག་གི་ངོས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ། །ར་ལྔ་པ་ལས་ནི་དེ་ལས་གཞན་པའི་ཕྱོགས་དང་དབུས་ཀྱི་དེ་བཞིན་གཤེགས་པའི་མདོག་སྟེ་ཇི་ལྟར་རིགས་པར་རོ། །ཕྱོགས་གཅིག་གི་ར་ཐམས་ཅད་ཀྱང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ མདོག་གོ་ཞེས་པ་ཁ་ཅིག་སྟེ། འཁོར་ལོའི་དབང་པོ་ཞལ་བཞི་པ་ཉིད་ལ་རང་རང་གི་ཕྱོགས་ཀྱི་ཞལ་གྱི་མདོག་གོ་ཞེས་པ་ནི་ཕྱོགས་གཞན་ནོ། །བུམ་པ་བཟང་པོ་རྣམས་ནི་གསེར་ལས་བྱས་པའོ། །དཔག་བསམ་གྱི་ཤིང་རྣམས་ནི་དེ་ལས་གཞན་པའི་ཤིང་ལྟ་བུའོ། །པདྨའི་ལྟེ་བ་ནི་ལྗང་གུ་ སྟེ་གེ་སར་ནི་སེར་པོ་ཡིན་ལ་འདབ་མ་རྣམས་ནི་སྣ་ཚོགས་པའི་མདོག་གོ། །དེའི་ས་གཞི་ནི་དམར་པོ་ཤས་ཆེ་བའི་དཀར་པོ་སྟེ་ཆོས་འབྱུང་གི་ཆའི་རེ་ཁཱ་ནི་དཀར་པོའོ། །ཁོར་ཡུག་གི་ཕྱོགས་ལ་ཡང་ཤེལ་ཉིད་ཡིན་ན་རེ་ཁཱ་དཀར་པོའམ་གསེར་གྱི་མདོག་ཡིན་ན་སེར་པོའོ། །རྡོ་རྗེ་རྣམས་ དང་དེའི་རེ་ཁཱ་ཡང་ནག་པོ་སྟེ་གཞན་དུ་དཀར་པོའམ་སེར་པོ་ཞེས་གསུངས་སོ། །རྡོ་རྗེའི་ས་གཞིའི་མདོག་ནི་ཇི་ལྟར་མཛེས་པ་སྟེ། བསྒོམ་བྱའི་དཀྱིལ་འཁོར་ལ་འོག་རླུང་གི་དཀྱིལ་འཁོར་གྱི་མཐའ་ནས་སྟེང་དུ་ཡང་འོག་མིན་གྱི་མཐའ་ཇི་སྲིད་པར་རྡོ་རྗེའི་ར་བ་གནས་པའི་ཕྱིར་དང་། རླུང་ལ་སོགས་པ་རྣམས་ཀྱང་ ཇི་ལྟར་རིགས་པར་ཁ་དོག་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །འོད་ཟེར་རྣམས་ནི་ཁ་དོག་ལྔ་པ་སྟེ་འཕྲོ་བའི་ཚུལ་ལོ། །འཇམ་པའི་རྡོ་རྗེའི་ནི། རྫོགས་སངས་ཡེ་ཤེས་སྐུ་ཡིན་ཕྱིར། །ངག་དབང་རྡོ་རྗེའི་རིགས་སུ་བརྗོད། །ཆོས་སྐུའི་བདག་ཉིད་ལེགས་དག་པ། །འདི་ནི་ཐུགས་ཀྱི་དཀྱིལ་འཁོར་ རོ། །ཞེས་བྱ་བའི་རིགས་པས། དཀར་པོ་སེར་པོ་དེ་བཞིན་དམར། །ལྗང་གུ་དང་ནི་ནག་པོ་ཉིད། །རྩིག་པ་ཡི་ནི་ཚོན་ཡིན་ནོ། །ཞེས་གསུངས་སོ། །གང་གི་ཚེ། ཆོས་རྣམས་རང་བཞིན་གྱིས་ནི་དཀར། །དེས་ན་ངག་དབང་འདི་དཀར་ཉིད། །ཅེས་གསུངས་པས། གསུང་རྡོ་རྗེ་དཀར་པོ་གཙོ་ བོར་གྱུར་པ་དེའི་ཚེ་ནི། དཀར་པོ་དང་སེར་པོ་དང་ནག་པོ་དང་ལྗང་གུ་དང་དཀར་པོའི་ཚོན་གྱི་རེ་ཁཱའོ། །ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའ་དཀར་པོ་ཡིན་ནའང་མི་བསྐྱོད་པ་དང་ལྷན་ཅིག་རོ་གཅིག་པ་ཉིད་དུ་བསྟན་པའི་ཕྱིར་ནང་གི་རྩིག་པ་ནག་པོ་ཉིད་དོ། །གཞན་དུ་ནི་དཀར་པོ་ཁོ་ ན་ཡིན་ཏེ། ཇི་ལྟར་གསུང་རྡོ་རྗེ་གཙོ་བོར་གྱུར་པས་ཁ་ཅིག་ཏུ་དཀར་པོ་ཉིད་དུ་འགྱུར་རོ་ཞེས་སོ། །རྩ་བའི་ཐིག་གི་ནང་གི་དཀྱིལ་འཁོར་དུ་ཡང་ཟུར་ཐིག་གཉིས་གཉིས་ཀྱིས་ཡོངས་སུ་བཅད་པའི་ཕྱོགས་བཞིའི་ས་གཞི་རྣམས་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ། ། བསྒོམ་བྱའི་དཀྱིལ་འཁོར་གྱི་ཕྱོགས་བཞིའི་ཐོག་རྣམས་ཀྱང་དེ་བཞིན་ནོ། །ཀ་བ་རྣམས་ཀྱང་དེ་བཞིན་ཏེ་རང་རང་གི་རེ་མིག་ནི་དེ་བཞིན་གཤེགས་པའི་མཚན་མའི་ཕྲེང་བས་མཚན་པའོ། །གཙོ་བོའི་ས་གཞི་ནི་གཙོ་བོའི་མདོག་གོ། །སྣ་ཚོགས་པདྨའི་འདབ་མ་ནི། །བདེན་བྲལ་ལྗང་ གུ་དབང་ལྡན་གནག །མེ་དང་རླུང་ནི་སེར་པོ་སྟེ། །ཕྱོགས་རྣམས་ཀྱི་ནི་དམར་པོའོ། །གཙོ་བོའི་སྣམ་བུ་ལ་ནི་གཙོ་བོའི་མཚན་མའི་ཕྲེང་བ་སྟེ་རེ་ཁཱ་གཞན་གྱི་ལེགས་པའི་ཡོན་ཏན་དང་ཁ་དོག་ནི་ཇི་ལྟར་མཛེས་པའོ། །དཔལ་ལྡན་བདེ་མཆོག་གི་དཀྱིལ་འཁོར་ལ་ནི་ཐུགས་ཀྱི་འཁོར་ལོ་ནག་ པོའོ། །དེའི་རྩིབས་ཀྱི་བར་རྣམས་ནི་དམར་པོ་སྟེ་གསུང་གི་འཁོར་ལོའི་ལྟེ་བ་ཡིན་པའི་ཕྱིར་རོ། །གསུང་གི་འཁོར་ལོ་ནི་དམར་པོའོ། །དེའི་རྩིབས་ཀྱི་བར་རྣམས་ནི་དཀར་པོ་སྟེ། སྐུའི་འཁོར་ལོའི་ལྟེ་བ་ཡིན་པའི་ཕྱིར་རོ། །སྐུའི་འཁོར་ལོ་ནི་དཀར་པོའོ། །དེའི་རྩིབས་ཀྱི་བར་རྣམས་ནི་ཤར་ ལ་སོགས་པའི་ཕྱོགས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པའི་ཁ་དོག་གོ། །མུ་ཁྱུད་གསུམ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ནག་པོ་དང་། པདྨ་དམར་པོ་དང་འཁོར་ལོ་དཀར་པོའི་ཕྲེང་བ་རྣམས་ཀྱིས་བསྐོར་བའོ། །དེའི་ཕྱི་རོལ་ནས་བརྩམས་ཏེ་ནང་གི་བར་དུ་ལྗང་གུ་དང་ དཀར་པོ་དང་དམར་པོ་དང་སེར་པོ་དང་ནག་པོའི་ཁ་དོག་གི་རེ་ཁཱ་ལྔའོ། །ཤར་དང་བྱང་དང་ནུབ་དང་ལྷོ་དང་དབུས་ཀྱི་ས་གཞི་དང་ཐོག་རྣམས་ཀྱང་དཀར་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་དང་ནག་པོའི་ཁ་དོག་གོ། །གཞན་དག་ནི་རེ་ཁཱ་ལྔ་དང་ས་གཞི་དང་ཐོག་རྣམས་ནག་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་ དང་དཀར་པོ་དང་བསྲེས་པའི་སྔོན་པོའི་མདོག་གོ་ཞེས་ཟེར་རོ། །དེ་ལྟར་སྔ་མ་དང་ཕྱི་མར་ཁ་དོག་གི་རིམ་པ་ཡོངས་སུ་བསམས་ནས་རྡུལ་ཚོན་དགྱེ་བར་བྱའོ། །དེ་ལ་སྐལ་བར་མི་ལྡན་པ་འདུས་པ་ན་མཚན་མ་དང་ཕྱག་རྒྱ་ཉིད་ཇི་ལྟར་རིགས་པར་བྲི་བར་བྱའོ། །སྐལ་བ་དང་ལྡན་པ་འདུས་པ་ན་ནི་ལྷའི་སྐུ་ བྲི་བར་བྱ་ཞིང་། བྲིས་སྐུའམ་ལུགས་མའམ་འབུར་དུ་བཏོད་པའམ་ལེགས་པར་འདུས་པ་བྱས་པ་གཞག་པར་བྱའོ། །ད་ལྟར་ཡང་ཀླུའི་བློའི་ཞབས་ཀྱིས། ཇི་ལྟར་ནུས་པས་དཀྱིལ་འཁོར་དུ། །ས་བོན་དགོད་བྱ་ཡང་ན་ནི། །མཚན་མའམ་ལྷ་ཡི་གཟུགས་ཉིད་དེ། །ལུགས་མའམ་ འབུར་མ་བཞག་པར་བྱ། །ཞེས་གསུངས་སོ། །ཕྱག་རྒྱ་བྲི་བར་ནི་མངོན་པར་བརྗོད་པ་བླ་མའི་རྒྱུད་ལས་གསུངས་སོ། །མི་ནུས་ན་ནི་བྲིས་པའི་ཕྱག་རྒྱ་འམ་མཚན་མ་གཞག་པར་བྱ་སྟེ། ཚོན་ནམ་ཡང་ན་པིར་རྣམས་ཀྱིས། །བྲིས་པ་རྣམས་ཀྱིས་རྣམ་པར་སྤྲས། །ཞེས་སོ། །དེའི་ ཕྱིར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ནི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེའི་རལ་གྲི་སྔོ་བསངས་སོ། །ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །ལྷོར་ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེ་ལྗང་གུ་ཆ་དགུ་པའོ། །ནུབ་ ཏུ་ཉི་མ་ལ་འོད་དཔག་མེད་ཀྱི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །བྱང་དུ་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲི་ལྗང་གུའོ། །མེར་ཟླ་བ་ལ་སྤྱན་མའི་མིག་འབྲས་ནག་པོ་ཅན་གྱི་མིག་དཀར་པོ་གཉིས་སྤྲིན་ལ་གནས་པའོ། །བདེན་བྲལ་དུ་ཟླ་བ་ལ་མཱ་མ་ཀཱིའི་རྡོ་རྗེ་ནག་པོ་རྩེ་ལྔ་པ་སྟེ་རྒྱུད་དུ་དེ་ལྟར་ གསུངས་པའི་ཕྱིར་རོ། །རླུང་དུ་ཟླ་བ་ལ་གོས་དཀར་མོའི་པདྨ་དམར་པོ་ཁ་བྱེ་ཞིང་ཡུ་བ་རྩ་བ་དང་བཅས་པའོ། །དབང་ལྡན་དུ་ཟླ་བ་ལ་སྒྲོལ་མའི་ཨུཏྤ་ལ་ཁ་དོག་སྔོ་སེར་རོ། །མེ་ལ་སོགས་པའི་ཟུར་བཞི་དང་ཤར་སྒོའི་གཡོན་དང་གཡས་སུ་ཆ་ཆུང་གཉིས་སྤངས་པའི་འགྲམ་དག་ཏུ་ཟླ་བ་རྣམས་ ལ་རིམ་པ་ཇི་ལྟ་བ་བཞིན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མེ་ལོང་དཀར་པོ་དང་དྲི་ཟའི་པི་ཝང་སྔོན་པོ་དང་། དྲི་སེར་པོའི་དུང་དང་རོའི་སྣོད་དམར་པོ་དང་། སྣ་ཚོགས་པའི་གོས་དང་ཆོས་འབྱུང་དཀར་པོ་རྣམས་སོ། །ཤར་ལ་སོགས་པའི་སྒོར་ཉི་མ་ རྣམས་ལ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེའི་ཐོ་བ་ནག་པོ་དང་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་པདྨ་དམར་པོ་དང་རྡོ་རྗེ་ཁ་གྱེས་པ་སྔོན་པོའོ། །འདིར་ཟླ་བ་དང་ཉི་མ་བཅུ་ དགུ་ནི་སྣ་ཚོགས་པདྨ་ལ་གནས་པའོ། །མཚན་མ་ཐམས་ཅད་ནི་འོད་ཟེར་དང་བཅས་པ་རང་རང་གི་ཕྱོགས་སུ་མགོ་བསྟན་ནས་གནས་ཏེ། འཁོར་ལོའི་དབང་ཕྱུག་གི་ནི་ནུབ་ཏུ་མགོ་བསྟན་པའོ། །དེ་ལྟར་ཕྱི་མ་རྣམས་སུ་ཡང་ངོ་། །རྡོ་རྗེ་སེམས་དཔའ་འཁོར་ལོའི་དབང་ཕྱུག་ཉིད་ལ་ནི། དབུས་ སུ་ཆུ་སྐྱེས་དང་ཟླ་བ་ལ་ཞི་བའི་རྡོ་རྗེ་སྔོན་པོའོ། །ཁ་ཅིག་ནི་སྣ་ཚོགས་རྡོ་རྗེའོ་ཞེས་སོ། །དབུས་ཀྱི་འོད་ཟེར་གྱི་ཐིག་ཟླུམ་པོ་ལ་ཚོན་གྱི་རེ་ཁཱ་མི་བྱའོ་ཞེས་པ་མན་ངག་གོ། །ཟླུམ་པོའི་ཐིག་གི་ཕྱི་རོལ་དུ་ཚངས་ཐིག་གི་ངོས་སོ་སོར་ཆ་ཆུང་བཞི་སྤངས་ནས་བུམ་པ་ཆ་ཆུང་བཞི་པ་སྟེ་བདུད་རྩིས་གང་བའི་ གསེར་གྱི་བུམ་པ་བརྒྱད་དོ་ཞེས་ཕྱོགས་གཅིག་གི་སྟེ། གཞན་དག་ནི་རིན་པོ་ཆེའི་རང་བཞིན་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པའི་ཁ་དོག་གོ་ཞེས་པའོ། །འདི་དང་ཕྱི་མ་རྣམས་ལ་ཡང་དབུས་སུ་དེ་བཞིན་གཤེགས་པ་གཞན་གྱི་མཚན་མ་འགོད་ནས་དེའི་གནས་སུ་དབུས་ཀྱི་མཚན་མ་བྲི་བར་ བྱའོ། །བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་དབུས་སུ་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་རྩེ་ལྔ་པ་ཁ་གྱེས་པ་ཨིནྡྲ་ནཱི་ལ་ལྟ་བུ་དང་། རེག་བྱ་རྡོ་རྗེ་མའི་སྣ་ཚོགས་པའི་གོས་སོ། །རྣམ་པར་སྣང་མཛད་ལ་སོགས་པའི་རིམ་པ་དང་གཉིས་པར་གནས་པ་བཅུ་གཉིས་པོ་རྣམས་ཀྱི་མཚན་མ་ རྣམས་ནི་སྔ་མ་བཞིན་ནོ། །རིམ་པ་གསུམ་པར་སྒོའི་འགྲམ་གྱི་སྣམ་བུ་ལ་ཚངས་པའི་ཐིག་ལས་ཆ་ཆུང་བཞི་སྤངས་པར་གཡོན་དུ་བྱམས་པའི་ཀླུ་ཤིང་མེ་ཏོག་འཁོར་ལོ་དང་བཅས་པ་དང་། གཡས་སུ་སའི་སྙིང་པོའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའོ། །ལྷོར་དེ་བཞིན་དུ་ཕྱག་ན་རྡོ་རྗེ་དང་ ནམ་མཁའི་སྙིང་པོའི་རྡོ་རྗེ་དང་ཆ་དགུ་པའི་རིན་པོ་ཆེ་མ་ར་ཀ་ཏའོ། །ནུབ་ཏུ་འཇིག་རྟེན་དབང་ཕྱུག་དང་འཇམ་པའི་དབྱངས་ཀྱི་པདྨ་དམར་པོ་དང་རལ་གྲིའོ། །བྱང་དུ་དེ་བཞིན་དུ་སྒྲིབ་པ་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོའི་རལ་གྲི་དང་རྡོ་རྗེའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རིམ་པ་ཇི་ལྟ་བ་ བཞིན་དུ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱི་རྡོ་རྗེ་ཐོ་བ་དང་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེའོ། །མེ་ལ་སོགས་པའི་ཟུར་རྣམས་སུ་མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང་དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་རྡོ་རྗེ་དང་རྡོ་རྗེས་ མཚན་པའི་དབྱུག་པ་སྔོན་པོ་དང་རྡོ་རྗེས་མཚན་པའི་དབྱུག་པ་ནག་པོའོ། །གཙུག་ཏོར་འཁོར་ལོས་སྒྱུར་བའི་རྡོ་རྗེ་སྔོན་པོ་ནི་གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་ངོས་སུ་སྟེ། གཞན་དག་ནི་འཁོར་ལོ་སེར་པོའོ་ཞེས་སོ། །གནོད་མཛེས་ཀྱི་རྡོ་རྗེ་ནི་པདྨ་མཐར་བྱེད་ཀྱི་མཚན་མའི་ཕྱི་ ངོས་སུའོ། །བྱམས་པ་ལ་སོགས་པ་བརྒྱད་ཀྱི་མཚན་མ་ནི་ཟླ་བ་ལ་གནས་པ་སྟེ། གཤིན་རྗེ་གཤེད་ལ་སོགས་པ་བཅུའི་མཚན་མ་ནི་ཉི་མ་ལ་གནས་པའོ། །འདིར་ཉི་མ་དང་ཟླ་བ་སུམ་ཅུ་རྩ་གཅིག་ནི་སྣ་ཚོགས་པདྨ་ལ་གནས་པ་སྟེ་བུམ་པ་བྲི་བ་ནི་སྔ་མ་བཞིན་ནོ། །ཁ་སྦྱོར་དུ་ གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་དབུས་སུ་ཟླ་བ་སེམས་དཔའི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཟླ་བ་ལ་རྣམ་པར་སྣང་མཛད་ཀྱི་འཁོར་ལོ་དང་། ལྷོར་ཉི་མ་ལ་རིན་ཆེན་དབང་པོའི་རིན་པོ་ཆེ་དང་། ནུབ་ཏུ་ཉི་མ་ལ་སྣང་བ་མཐའ་ཡས་ཀྱི་མདའ་དང་། བྱང་དུ་ ཉི་མ་ལ་དོན་ཡོད་གྲུབ་པའི་སྣ་ཚོགས་རྡོ་རྗེའོ། །སྤྱན་མའི་སྤྲིན་ལ་གནས་པའི་མིག་དང་། མཱ་མ་ཀཱིའི་མདའ་དང་གོས་དཀར་མོའི་མདའ་དང་སྒྲོལ་མའི་ཨུཏྤ་ལ་དམར་པོའོ། །རིམ་པ་གཉིས་པ་ལ་ཤར་ཕྱོགས་སུ་དྲག་མོའི་མདའ་དང་། བདེན་བྲལ་དུ་སྒྲ་རྡོ་རྗེ་མའི་ཤཀྟི་དང་། རླུང་དུ་ས་ རྡོ་རྗེ་མའི་བུམ་པ་དཀར་ལྗང་ངོ་། །རིམ་པ་གསུམ་པ་ལ་ཤར་ཕྱོགས་སུ་བཞད་མའི་རྡོ་རྗེ་དང་། ལྷོར་སྒེག་མོའི་རྡོ་རྗེ་དང་། ནུབ་ཏུ་གླུ་མའི་འཁར་རྔ་དང་། བྱང་དུ་གར་མའི་རྡོ་རྗེ་རྩེ་གསུམ་པ་ལྗང་གུ་དང་། དབང་ལྡན་དུ་གླིང་བུ་མའི་གླིང་བུ་དང་། མེར་པི་ཝང་མའི་པི་ཝང་དང་། བདེན་ བྲལ་དུ་རྔ་ཟླུམ་མའི་རྔ་ཟླུམ་དང་། རླུང་དུ་རྫ་རྔ་མའི་རྫ་རྔའོ། །ཕྱིའི་སྣམ་བུ་ལ་མེར་མེ་ཏོག་མའི་མེ་ཏོག་གི་ཕྲེང་བ་དང་། བདེན་བྲལ་དུ་བདུག་སྤོས་མའི་སྤོས་མེ་དང་། རླུང་དུ་མར་མེ་མའི་མར་མེའི་མཆོད་སྡོང་དང་། དབང་ལྡན་དུ་དྲི་མའི་དྲིའི་དུང་ཆོས་དང་། ཤར་དུ་མེ་ལོང་མའི་མེ་ལོང་དང་། ལྷོར་རོ་མའི་རོའི་སྣོད་དང་། ནུབ་ཏུ་རེག་བྱ་མའི་གོས་སྣ་ཚོགས་དང་། བྱང་དུ་ཆོས་མའི་ཆོས་འབྱུང་དཀར་པོའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་རྡོ་རྗེ་ ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ཕྲེང་བའི་བདག་ཉིད་ཀྱི་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་ཏེ་ཉི་མ་ལ་གནས་པའོ། །འདིར་བརྗོད་པའི་ཉི་མའི་གདན་ལ་གནས་པའི་མཚན་མ་བདུན་ལས་གཞན་པའི་མཚན་མ་རྣམས་ནི་ཟླ་བའི་གདན་ལ་གནས་པ་སྟེ། ཉི་མ་དང་ ཟླ་བ་སུམ་ཅུ་རྩ་བདུན་པོ་འདི་རྣམས་ནི་སྣ་ཚོགས་པདྨའི་སྟེང་དུ་ཐོད་པ་རྣམས་ལ་གནས་པའོ། །བུམ་པ་བྲི་བ་ནི་སྔ་མ་བཞིན་ཏེ་ཐིག་ཟླུམ་པོ་དྲུག་པ་ལས་ཕྱི་རོལ་དུའོ་ཞེས་པ་ནི་ཁྱད་པར་རོ། །ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་ལ་དབུས་དང་ཤར་དང་བྱང་དང་ནུབ་དང་ལྷོ་རྣམས་སུ་ རིམ་པ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ་དང་མི་བཟད་མཁའ་འགྲོ་མ་དང་རོ་ལངས་མ་དང་གཏུམ་མོ་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་རྣམས་སོ། །དབང་ལྡན་དང་མེ་དང་བདེན་བྲལ་དང་རླུང་རྣམས་སུ་སེང་གེ་མོ་དང་སྟག་མོ་དང་ཅེ་སྤྱང་མོ་དང་འུག་པ་མོ་རྣམས་ཀྱི་རྡོ་རྗེ་ ལྕགས་ཀྱུ་རྣམས་སོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་སུ། རྒྱལ་དབང་མོ་དང་གསལ་བྱེད་མོ་དང་འཇིབ་བྱེད་མོ་དང་འདར་བྱེད་མོ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ། ལག་པ་གཉིས་སྙིམ་པ་ཕྱེ་བ་དང་སྙིམ་པ་ཁྲག་གིས་བཀང་བ་དང་རྡོ་རྗེ་ཐལ་མོ་ལས་མཐེ་བོའི་རྩེ་མོ་གཉིས་ དང་མཛུབ་མོའི་རྩེ་མོ་གཉིས་སྦྱར་བའོ། །འདིར་མཚན་མ་དང་ཕྱག་རྒྱ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །བསྒོམ་བྱའི་དཀྱིལ་འཁོར་ལ་ཡེ་ཤེས་མཁའ་འགྲོ་མ་ལ་སོགས་པའི་སྣ་ཚོགས་པདྨ་རྣམས་ནི་གོ་རིམས་ཇི་ལྟ་བ་བཞིན་དུ། སེང་གེ་ལྔ་དང་སོ་ལྡན་དཀར་པོ་དང་རིན་པོ་ཆེ་སྣ་ བདུན་གྱི་ཕུང་པོ་དང་མ་ཧེ་དང་གདེངས་ཅན་གྱི་དབང་པོ་བརྒྱད་ཀྱི་མཇུག་མ་དང་རོ་བཞི་ལ་གནས་པ་སྟེ། སོ་སོའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ནི་སྐལ་བ་དང་མི་ལྡན་པ་འདུས་པ་ན་བྲི་བར་མི་བྱའོ། །གཞན་དུ་ནི་ངལ་བས་འཇིགས་པའི་ཕྱིར་དང་སྦྱིན་བདག་བསྡུས་པ་ལ་དགའ་བས་སོ། །སྐལ་བ་ ལྡན་པ་རབ་ཏུ་དང་བར་བྱ་བའི་དོན་དང་སྦྱིན་བདག་གི་དབང་ལས་ནི་བྲི་བར་བྱའོ། །དེ་བཞིན་དུ་ཕྱི་མ་རྣམས་ལ་ཡང་ཇི་ལྟར་འབྱུང་བར་བྲི་བ་དང་མི་བྲི་བར་རིག་པར་བྱའོ། །ཕྱི་ངོས་ཀྱི་ཐིག་ཟླུམ་པོའི་ཕྱི་རོལ་དུ་བུམ་པ་བྲིའོ། །བཅུ་བདུན་གྱི་བདག་ཉིད་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཁྲོ་བོའི་རྡོ་རྗེ་སྔོན་པོའོ། །ཤར་དང་ལྷོ་ལ་སོགས་པ་དང་བྱང་དང་མེ་ལ་སོགས་པའི་འདབ་མ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་དྲག་མོ་དང་རྡོ་རྗེ་གཟུགས་མ་དང་རྡོ་རྗེ་འདོད་ཆགས་མ་དང་རྡོ་རྗེ་ཞི་བ་མོ་དང་རྡོ་རྗེ་གནོད་སྦྱིན་མོ་དང་རྡོ་རྗེ་མཁའ་འགྲོ་མ་དང་སྒྲ་རྡོ་རྗེ་མ་དང་ ས་རྡོ་རྗེ་མ་རྣམས་ཀྱི། གླིང་བུ་དང་པི་ཝང་དང་རྔ་ཟླུམ་དང་རྫ་རྔ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་སོ། ། མཚན་མ་བཅུ་བདུན་པོ་འདི་རྣམས་ནི་ཐོད་པ་དང་ཉི་མ་ལ་གནས་པ་སྟེ། གླིང་བུ་མ་ལ་སོགས་པ་བརྒྱད་ཀྱི་ནི་ཐོད་པའི་འོག་ཏུ་སྣ་ཚོགས་པདྨའོ། །ཕྱག་གཉིས་པ་དང་ཕྱག་བཞི་པ་ལ་ནི་ཐོད་པ་མེད་དོ། །ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བར་ཁྲོ་བོའི་རྡོ་རྗེ་ སྔོན་པོའོ། །ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཽ་རཱི་དང་ཙཽ་རཱི་དང་རོ་ལངས་མ་དང་གྷསྨ་རཱི་དང་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་རབ་ཏུ་རྨོངས་བྱེད་མ་རྣམས་ཀྱི་མདའ་དང་རྡོ་རྗེ་དང་ཐོད་པ་ཁྲག་དང་བཅས་པ་ལ་གནས་པའི་རུས་སྦལ་དང་། ཚིལ་གྱིས་གང་བའི་ཐོད་པ་ལ་གནས་པའི་སྦྲུལ་དང་ཤས་གང་བའི་ཐོད་པ་ལ་གནས་པའི་སེང་གེ་དང་ཁུ་བ་དང་བཅས་པའི་ཐོད་པ་ལ་གནས་པའི་དགེ་སློང་དང་ཁྲག་དང་བཅས་པའི་ཐོད་པ་ལ་གནས་པའི་སྟག་དང་ཆང་གི་སྣོད་རྣམས་སོ། །རིམ་པ་གཉིས་པའི་ཟུར་རྣམས་སུ་གླིང་བུ་མ་ལ་སོགས་པའི་ མཚན་མ་རྣམས་ནི་སྔ་མ་བཞིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རྟ་གདོང་མ་དང་ཕག་གདོང་མ་དང་ཁྱི་གདོང་མ་དང་སེང་གེ་མོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་སོ། །མཚན་མ་བཅུ་བདུན་པོ་འདི་རྣམས་ནི་ཉི་མ་ལ་གནས་པ་སྟེ། གླིང་ བུ་མ་ལ་སོགས་པ་བརྒྱད་ཀྱི་ནི་ཉི་མའི་འོག་ཏུ་སྣ་ཚོགས་པདྨ་རྣམས་སོ། །དབུས་ཀྱི་འོད་ཟེར་གྱི་ཕྱི་རོལ་དུ་བུམ་པ་རྣམས་ནི་སྔ་མ་བཞིན་ནོ། །བདག་མེད་མའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བ་དང་ཤར་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་བདག་མེད་མ་དང་རྡོ་རྗེ་མ་དང་ དཀར་མོ་དང་ཆུ་མ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་། རིམ་པ་གཉིས་པར་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་དུ་བརྗོད་པའི་དཀར་མོ་ལ་སོགས་པ་རྣམས་ཀྱི་རྡོ་རྗེའོ། །གླིང་བུ་མ་ལ་སོགས་པའི་མཚན་མ་ནི་སྔ་མ་བཞིན་ཏེ། རྟ་གདོང་མ་ལ་སོགས་པའི་གྲི་གུག་རྣམས་སོ། །རྟ་གདོང་མའི་ཕྱི་ངོས་ སུ་མཁའ་སྤྱོད་མའི་རྡོ་རྗེ་སྟེ་ཁྱི་གདོང་མ་ལ་སོགས་པའི་ཕྱི་ངོས་སུ་ས་སྤྱོད་མའི་རྡོ་རྗེའོ། །འདིར་གྲི་གུག་བཞི་ནི་ཉི་མ་ལ་གནས་པ་སྟེ་མཚན་མ་གཞན་ནི་ཟླ་བ་དང་ཉི་མ་ནི་སྣ་ཚོགས་པདྨ་ལ་གནས་པའོ། །གླིང་བུ་མ་ལ་སོགས་པ་བརྒྱད་མེད་པ་ན་ལྷག་མ་ལྷ་མོ་བཅོ་ལྔ་པོ་རྣམས་ཀྱི་ནི་ཟླ་བ་ལ་གྲི་གུག་ རྣམས་སོ། །དཀར་མོའི་ཕྱི་ངོས་སུ་མཁའ་སྤྱོད་མའི་མཚན་མ་སྟེ་རོ་ལངས་མའི་ཕྱི་ངོས་སུ་ས་སྤྱོད་མའི་འོ། །དེ་བཞིན་དུ་ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་ཡང་ཡིན་ཏེ། ཁྱད་པར་ནི་ཟླ་བ་ལ་ཡུ་བ་དང་བཅས་པའི་ཨུཏྤ་ལ་དམར་པོ་ཁ་འབུས་པ་ཡོད་པའི་མདའོ། །འདིར་ལྷ་མོ་བཅོ་ལྔ་པོ་རྣམས་ཀྱང་ཀུ་རུ་ ཀུལླེའི་བཞིན་དུ་ཁ་དོག་དམར་པོའོ། །རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་དང་པོ་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བ་དང་ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་བདུད་རྩི་དང་ཞི་བ་མོ་དང་། ཞི་བ་གདོང་མ་དང་ཟླ་ལྡན་མ་དང་རི་བོང་ཅན་མ་དང་ཟླ་བའི་དཀྱིལ་ འཁོར་མ་དང་ཟླ་ཚེས་མ་དང་ཡིད་འོང་མ་དང་ཡིད་ཚིམ་པར་བྱེད་པ་རྣམས་ཀྱི་རྡོ་རྗེའོ། །ཁྱད་པར་ནི་ཟླ་ཚེས་མའི་ཟླ་བ་ཆ་གཅིག་གོ། །རིམ་པ་གཉིས་པ་ལ་དབང་ལྡན་ལ་སོགས་པ་རྣམས་སུ་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་ཟ་མ་ཏོག་དང་སྤོས་ཕོར་དང་མར་མེའི་ མཆོད་སྡོང་དང་དྲིའི་དུང་ཆོས་རྣམས་སོ། །ཤར་ལ་སོགས་པའི་སྣམ་བུ་ལ་གླིང་བུ་མ་ལ་སོགས་པ་རྣམས་ཀྱི་གླིང་བུ་ལ་སོགས་པ་བཞིའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་ཁྲོ་གཉེར་རིམ་པར་ལྡན་དང་འཇིགས་བསྡིགས་དང་རྟ་གཟུགས་དང་ཚོགས་ཀྱི་གཙོ་བོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་སོ། །མཚན་མ་ཉི་ཤུ་རྩ་གཅིག་པོ་འདི་རྣམས་ནི་ཟླ་བ་ལ་གནས་པ་སྟེ། མེ་ཏོག་མ་ལ་སོགས་པ་བཅུ་གཉིས་ཀྱི་ཟླ་བའི་འོག་ཏུ་སྣ་ཚོགས་འདམ་སྐྱེས་རྣམས་སོ། །ཡང་ན་དཀྱིལ་འཁོར་པ་ཐམས་ཅད་ལ་ཆོས་འབྱུང་བྲི་བར་བྱའོ། །འདི་ ཉིད་ཁོ་ན་བྲི་བར་བྱའོ་ཞེས་པ་ནི་གཞན་དག་གོ། །རྡོ་རྗེ་བདུད་རྩི་གཞན་གསུམ་གྱི་དཀྱིལ་འཁོར་གྱི་མཚན་མ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་དུ་རིག་པར་བྱའོ། །དགུའི་བདག་ཉིད་ཀྱི་ཀྱེའི་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཉི་མ་ལ་རྡོ་རྗེ་སྔོན་པོ་ཁ་གྱེས་པའོ། །ཤར་ལ་སོགས་ པ་དང་དབང་ལྡན་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཽ་རཱི་དང་ཆོམ་རྐུན་མ་དང་རོ་ལངས་མ་དང་གྷསྨ་རཱི་དང་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་གཡུང་མོ་རྣམས་ཀྱི་གྲི་གུག་དང་ཅང་ཏེའུ་དང་རུས་སྦལ་དང་སྦྲུལ་དང་སེང་གེ་དང་དགེ་སློང་དང་འཁོར་ལོ་དང་རྡོ་རྗེ་ རྣམས་སོ། །ཕྱག་བཅུ་དྲུག་པའི་ཉི་མ་ལ་སྣ་ཚོགས་རྡོ་རྗེས་མཚན་པའི་ཐོད་པ་དཀར་པོའོ་ཞེས་པ་ནི་ཁྱད་པར་རོ། །དེའི་ཟླུམ་པོ་ལས་ཕྱི་རོལ་དུ་བུམ་པ་རྣམས་སོ། །སྒྱུ་མ་ཆེན་མོའི་དཀྱིལ་འཁོར་ལ་པདྨ་དམར་པོའི་ལྟེ་བར་ཉི་མ་ལ་བཅོམ་ལྡན་འདས་སྒྱུ་མ་ཆེན་མོའི་ ངོ་བོ་པདྨའི་སྣོད་དོ། །ཤར་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་གཡས་སྐོར་དུ་རྡོ་རྗེ་མཁའ་འགྲོ་མ་དང་རིན་ཆེན་མཁའ་འགྲོ་མ་དང་པདྨ་མཁའ་འགྲོ་མ་དང་སྣ་ཚོགས་མཁའ་འགྲོ་མ་རྣམས་ཀྱི་རྡོ་རྗེ་དང་རིན་པོ་ཆེའི་སྙེ་མ་དང་སྣ་ཚོགས་ཆུ་སྐྱེས་དང་རལ་གྲིའོ། །སངས་རྒྱས་མཁའ་འགྲོ་མ་ནི་རྡོ་རྗེ་ སེམས་དཔའ་ལ་འཁྱུད་ནས་གནས་པའི་ཕྱིར་དེའི་མཚན་མ་ཐ་དད་དུ་མི་དགོད་དོ། །དགུའི་བདག་ཉིད་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཉི་མ་ལ་ཅང་ཏེའུ་འོ། །ཤར་དང་བྱང་དང་ནུབ་དང་དབང་ལྡན་དང་མེ་དང་བདེན་བྲལ་དང་རླུང་གི་འདབ་མར་ཉི་མ་རྣམས་ལ། སྣ་ ཚོགས་སྡེ་མ་དང་འདོད་མ་དང་ས་འོག་གནས་མ་དང་ལེགས་བཟང་མ་དང་ཆང་འཚོང་མ་དང་འབྱུང་མོ་དང་ཕྱག་བཞི་མ་དང་ནམ་མཁའ་ལ་གནས་མ་རྣམས་ཀྱི་གྲི་གུག་གོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་དབུས་སུ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེའོ། །ཤར་ལ་སོགས་པར་གཡས་སྐོར་དུ་རྡོ་རྗེ་དབྱུག་པ་ དང་རྡོ་རྗེ་མེ་དང་རྡོ་རྗེ་གཙུག་ཏོར་དང་རྡོ་རྗེ་འཁྱིལ་པ་རྣམས་དང་མེ་ལ་སོགས་པར་གཡས་སྐོར་དུ་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་དུས་དང་ནག་པོ་ཆེན་པོ་དང་རྡོ་རྗེ་བསྡིགས་པ་དང་གཙུག་ཏོར་དང་རྡོ་རྗེ་ས་འོག་རྣམས་ཀྱི་རྡོ་རྗེ་ཐོ་བ་དང་རྡོ་རྗེ་དབྱུག་པ་དང་ཆུ་སྐྱེས་དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་ལྕགས་ཀྱུ་དང་དགྲ་སྟ་ དང་རྩེ་གསུམ་དང་རལ་གྲི་དང་འཁོར་ལོ་དང་རྡོ་རྗེ་གཏུན་ཤིང་རྣམས་ཏེ། མཚན་མ་ཐམས་ཅད་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའོ། །ཡང་ན་ཤར་ལ་སོགས་པའི་ཕྱོགས་སུ་གཡས་སྐོར་དུ་གཤིན་རྗེ་མཐར་བྱེད་དང་། ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་ རྣམས་ཀྱི་རྡོ་རྗེ་ཐོ་བ་དང་རྡོ་རྗེས་མཚན་པའི་དབྱུག་པ་དང་པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་སྟེ། མེ་ལ་སོགས་པའི་མཚམས་སུ་མི་གཡོ་བ་དང་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རྡོ་རྗེས་མཚན་པའི་དབྱུག་པའོ། ། གཤིན་རྗེ་གཤེད་ཀྱི་མཚན་མ་ལས་ཕྱི་ངོས་སུ་གཙུག་ཏོར་འཁོར་ལོ་ཅན་གྱི་རྡོ་རྗེ་སྟེ། པདྨ་མཐར་བྱེད་ཀྱི་མཚན་མ་ལས་ཕྱི་ངོས་སུ་གནོད་མཛེས་ཀྱི་རྡོ་རྗེའོ། །མཚན་མ་བཅུ་གཅིག་པོ་འདི་རྣམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའོ། །ཡང་ན་བགེགས་དགྲའི་རྡོ་རྗེ་ཁ་གྱེས་པའོ། ། མེ་ལ་སོགས་པ་རྣམས་སུ་འདོད་པའི་རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་ཀྱི་ལྕགས་ཀྱུ་དང་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རྩེ་གསུམ་དང་རལ་གྲིའོ། །གཙུག་ཏོར་ཅན་གྱི་འཁོར་ལོ་ནི་སེར་པོ་སྟེ་གཞན་རྣམས་ནི་བཤད་མ་ཐག་པ་སྔ་མ་བཞིན་ནོ། །ཡང་ན་གཤིན་ རྗེ་གཤེད་ལ་སོགས་པ་བཞི་པོ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་ཏེ་གཞན་ནི་བཤད་མ་ཐག་པ་སྔ་མ་བཞིན་ནོ།། །།དཔལ་བདེ་མཆོག་གི་དཀྱིལ་འཁོར་ལ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཉི་མ་ལ་གནས་པའི་དཔལ་བདེ་མཆོག་གི་རྡོ་རྗེ་རྩེ་ལྔ་པ་ སྔོན་པོ་ཁ་གྱེས་པའོ། །ཕྱོགས་བཞིའི་འདབ་མ་ལ་མཁའ་འགྲོ་མ་དང་ལཱ་མ་དང་དུ་མ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ཀྱི་གྲི་གུག་གོ། །མཚམས་ཀྱི་འདབ་མ་རྣམས་ལ་པདྨའི་སྣོད་རྣམས་སོ། །བུམ་པའི་སྟེང་དུའོ་ཞེས་པ་ནི་ཁ་ཅིག་གོ། །ཐུགས་ཀྱི་འཁོར་ལོ་ལ་སོགས་པའི་ རྩིབས་ཉི་ཤུ་བཞི་ལ་རབ་གཏུམ་མ་དང་གཏུམ་མིག་མ་དང་འོད་ལྡན་མ་དང་། སྣ་ཆེན་མ་དང་། དཔའ་བོའི་བློ་ཅན་མ་དང་། མིའུ་ཐུང་མ་དང་། ལངྐའི་དབང་ཕྱུག་མ་དང་། ཤིང་གྲིབ་མ་དང་། ས་སྲུང་མ་དང་། འཇིགས་བྱེད་ཆེན་མོ་དང་། རླུང་ཤུགས་མ་དང་། ཆང་འཐུང་མ་དང་། སྔོ་བསངས་ ལྷ་མོ་དང་། ཤིན་ཏུ་བཟང་མོ་དང་། རྟ་རྣམ་དང་། བྱ་གདོང་མ་དང་། འཁོར་ལོའི་ཤུགས་ཅན་མ་དང་། དུམ་སྐྱེས་མ་དང་། ཆང་འཚོང་མ་དང་། འཁོར་ལོའི་གོ་ཆ་མ་དང་། ཤིན་ཏུ་དཔའ་མོ་དང་། སྟོབས་ཆེན་མ་དང་། འཁོར་ལོས་སྒྱུར་མ་དང་། བརྩོན་འགྲུས་ཆེན་མོ་རྣམས་ཀྱི་གྲི་གུག་གོ། ། དཔའ་བོ་རྣམས་ཀྱི་མཚན་མ་ནི་གཙོ་བོ་མ་ཡིན་པ་ཉིད་ཀྱི་ཕྱིར་བྲི་བར་མི་བྱའོ། །སྒོ་རྣམས་སུ་ཁྭ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་རྣམས་དང་། མཚམས་རྣམས་སུ་གཤིན་རྗེ་བརྟན་མ་དང་གཤིན་རྗེ་ཕོ་ཉ་མོ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་པ་མོ་ རྣམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གྲི་གུག་གོ། །འདིར་ཤར་ལ་སོགས་པའི་ཕྱོགས་སུ་གཡོན་སྐོར་དང་། མེ་ལ་སོགས་པའི་མཚམས་སུ་གཡས་སྐོར་གྱི་མཚན་མ་དགོད་པར་བྱའོ། །ཕྱི་ངོས་ཀྱི་ཟླུམ་པོའི་ཐིག་ལས་ཕྱི་རོལ་གྱི་མཚམས་ཀྱི་ཆར་བུམ་པ་རྣམས་བྲིའོ། །དེ་ལས་ གཞན་པའི་འཁོར་ལོ་སྡོམ་པ་དང་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་གྱི་མཚན་མ་རྣམས་ནི་འཆད་པར་འགྱུར་བའི་ལྷ་བསྒོམ་པའི་སྐབས་སུ་རིག་པར་བྱའོ། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་པདྨར་ཉི་མ་ལ་ཌ་མ་རུའོ། །ལྷ་མོ་ཉི་ཤུ་རྩ་བཞིའི་ གྲི་གུག་རྣམས་ཏེ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་གཡོན་སྐོར་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་སྐོར་གྱིས་སོ། །དེ་ལ་འཁོར་ལོ་ནག་པོའི་རྩིབས་ཀྱི་སྟེང་དུ་ཕྱོགས་ཀྱི་འདབ་མ་རྣམས་ལ་ལེགས་ཕྲེང་ཅན་མ་དང་ཐོད་པ་ཅན་མ་དང་འཇིགས་མ་དང་མི་ཐུབ་མ་རྣམས་ཀྱིའོ། ། མཚམས་ཀྱི་འདབ་མ་ལ་ཐོད་པ་རྣམས་སོ། །རྡོ་རྗེ་སྔོན་པོའི་ཕྲེང་བའོ། །རིམ་པ་གཉིས་པར་རྩིབས་བརྒྱད་དམར་པོ་ལ་གནས་པའི་ཆུ་སྐྱེས་ཀྱི་འདབ་མ་བརྒྱད་ལ་ཕྱོགས་རྣམས་སུ་མཛེས་པའི་སྐ་རགས་ཅན་མ་དང་གཟུགས་ཅན་མ་དང་རྣམ་པར་རྒྱལ་མ་དང་འདོད་ཅན་མ་རྣམས་ཀྱིའོ། །མཚམས་ རྣམས་སུ་དུས་ཅན་མ་དང་མཚོ་ཅན་མོ་དང་བྱེད་མ་དང་གསོད་མ་རྣམས་ཀྱིའོ། །དེ་ནས་རྡོ་རྗེ་དམར་པོའི་ཕྲེང་བའོ། །རིམ་པ་གསུམ་པར་རྩིབས་བརྒྱད་དཀར་པོ་ལ་གནས་པའི་པདྨའི་འདབ་མ་བརྒྱད་ལ་ཕྱོགས་རྣམས་སུ་སྒྲོལ་མ་དང་འཇིགས་མཐོང་མ་དང་ལེགས་མཐོང་མ་དང་ཐུབ་དཀའ་མ་ རྣམས་ཀྱིའོ། །མཚམས་རྣམས་སུ་དགེ་མ་དང་གྲིབ་གནོན་མ་དང་མཚན་མོ་དང་གྲགས་ཆེན་མོ་རྣམས་ཀྱིའོ། །དེ་ནས་རྡོ་རྗེ་དཀར་པོའི་ཕྲེང་བའོ། །སྒོའི་པདྨ་རྣམས་ལ་མཛེས་མ་དང་ནོར་འཛིན་མ་དང་སྐལ་བཟང་མ་དང་མཐོང་དགའ་མ་རྣམས་ཀྱིའོ། །པདྨ་ཉི་ཤུའི་སྟེང་དུ་ཉི་མ་ལ་གྲི་གུག་ རྣམས་སོ་ཞེས་གདམས་སོ། །དཔལ་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ལ་གཙོ་བོའི་སྣ་ཚོགས་པདྨ་དང་ཟླ་བར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་རེ་མིག་རྣམས་སུ་པདྨ་དང་ཉི་མ་ལ་གནས་པའི་ཁ་ཊྭཱཾ་ག་རྣམས་སོ། །དབང་ལྡན་དང་མེ་ལ་སོགས་པའི་རེ་མིག་ རྣམས་སུ་ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དང་དགྲ་སྟ་དང་དབྱུག་པའོ། །ཤར་ལ་སོགས་པའི་རེ་མིག་གི་ཁ་ཊྭཱཾ་ག་རྣམས་ཀྱི་ཕྱི་རོལ་དུ་རིམ་པ་ཇི་ལྟ་བ་བཞིན་དུ་ཁར་བསྡུས་པའི་ལག་པ་གཉིས་དང་ཐལ་མོ་སྦྱར་བ་དང་ཁྲག་གི་སྙིམ་པ་དང་། གཏུན་ཤིང་སྟེ་ཁ་ཊྭཱཾ་ག་ལ་སོགས་པའི་མཚན་མ་རྣམས་ནི་པདྨ་དང་ཉི་མ་ལ་གནས་ པའོ། །འོད་ཟེར་གྱི་ཁོར་ཡུག་གི་ཕྱི་རོལ་དུ་ཤར་ཕྱོགས་སུ་བདུད་རྩིའི་ཐོད་པ་གསུམ་དང་བྱང་དུ་སྒྲོལ་མའི་ཐོད་པ་གསུམ་དང་ནུབ་ཏུ་གཏོར་མའི་ཐོད་པ་གསུམ་དང་ལྷོར་བཏུང་བའི་ཐོད་པ་གསུམ་མོ། །དབང་ལྡན་དུ་བསྙེམས་པའི་ལག་པ་དང་དྲིའི་སྣོད་དོ། །མེར་པི་ཝང་དང་མེ་ཏོག་གི་ཟ་མ་ཏོག་གོ། །བདེན་བྲལ་ བྲལ་དུ་སྡིགས་མཛུབ་ཀྱི་ལག་པ་དང་སྤོས་ཀྱི་སྣོད་དོ། །རླུང་དུ་ཐལ་མོ་དང་མར་མེའོ། །དེ་ནས་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ་ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སོ་སོར་བཞི་བཞི་དང་སྒོ་དང་མཚམས་རྣམས་སུ་བརྒྱད་དེ་ཁ་ཊྭཱཾ་ག་ཉི་ཤུ་རྩ་བཞིའོ། །བདུད་རྩིའི་ཐོད་པ་ལ་སོགས་པ་རྣམས་ནི་མཚོ་སྐྱེས་དང་ཉི་ མ་ལ་གནས་པའོ། །གཤིན་རྗེ་བཤེད་ཀྱི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་དབུས་སུ་བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ། །ཤར་དང་ལྷོ་ལ་སོགས་པའི་རའི་རྩ་བ་རྣམས་སུ་རྟག་པ་དང་རིན་ཆེན་དབང་པོ་དང་སྣང་བ་མཐའ་ལས་དང་དོན་ཡོད་གྲུབ་པ་ རྣམས་ཀྱི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་དང་རིན་པོ་ཆེ་ཆ་དགུ་པ་དང་པདྨ་དམར་པོ་འདབ་མ་བརྒྱད་པ་དང་རལ་གྲི་ལྗང་གུ་རྣམས་སོ། །སྣ་ཚོགས་རྡོ་རྗེའི་མེ་དང་བདེན་བྲལ་ལ་སོགས་པའི་ཟུར་རྣམས་སུ་རྡོ་རྗེ་ཙ་རྩི་ཀ་དང་རྡོ་རྗེ་ཕག་མོ་དང་དབྱངས་ཅན་མ་དང་གཽ་རཱི་རྣམས་ཀྱི་འཁོར་ལོ་དང་རྡོ་རྗེ་ དང་པདྨ་དང་རལ་གྲིའོ། །དེ་ནས་རྡོ་རྗེའི་ཕྲེང་བ་སྟེ་དེ་ནས་སྣ་ཚོགས་རྡོ་རྗེའི་ཕྱོགས་སོ་སོར་ར་ལྔའོ། །ཤར་དང་ལྷོ་ལ་སོགས་པའི་སྒོ་རྣམས་སུ་ཐོ་བ་གཤིན་རྗེ་གཤེད་དང་དབྱུག་པ་གཤིན་རྗེ་གཤེད་དང་པདྨ་གཤིན་རྗེ་གཤེད་དང་རལ་གྲི་གཤིན་རྗེ་གཤེད་རྣམས་ཀྱི་རྡོ་རྗེ་རྩེ་མོ་ཉི་ཤུས་མཚན་པའི་ཐོ་བ་ དང་དབྱུག་པ་དཀར་པོ་དང་པདྨ་དང་རལ་གྲིའོ། །འདིར་རྟག་པ་དང་ལྷ་མོ་རྣམས་ཀྱི་མཚན་མ་ནི་ཟླ་བ་ལ་གནས་པ་སྟེ་གཞན་རྣམས་ནི་ཉི་མ་ལ་གནས་པའོ། །ཉི་མ་དང་ཟླ་བ་རྣམས་ཀྱི་འོག་ཏུ་སྣ་ཚོགས་པདྨའོ། །དཀྱིལ་འཁོར་གྱི་མཚམས་རྣམས་སུ་པདྨ་ལ་གནས་པའི་ཐོད་པ་བཞི་སྟེ་ངོས་ གཞན་དུ་ནི་བུམ་པ་རྣམས་སོ། །རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་རྡོ་རྗེ་རྩེ་དགུ་པ་གསེར་གྱི་མདོག་ཅན་ནོ། །ཤར་དང་ལྷོ་ལ་སོགས་པའི་འདབ་མར་ཟླ་བ་རྣམས་ལ་མེ་ཏོག་སྒྲོལ་མ་དང་བདུག་སྤོས་སྒྲོལ་མ་དང་སྣང་གསལ་སྒྲོལ་མ་དང་དྲིའི་སྒྲོལ་མ་ རྣམས་ཀྱི་མེ་ཏོག་གི་ཕྲེང་བ་དང་སྤོས་ཕོར་དང་སྣང་གསལ་གྱི་ཀོང་བུ་དང་དྲིའི་སྣོད་རྣམས་སོ། །མེ་ལ་སོགས་པའི་འདབ་མ་རྣམས་སུ་རྟག་པ་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམ་པར་དག་པའི་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲི་རྣམས་སོ། །ཤར་དང་ལྷོ་ལ་སོགས་པའི་སྒོ་ རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་རྡོ་རྗེ་ཞགས་པ་མ་དང་རྡོ་རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་ལྕགས་ཀྱུ་ལ་སོགས་པ་སྔ་མ་བཞིན་ཏེ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའོ། །རྡོ་རྗེ་ལྕགས་ཀྱུ་མའི་ཕྱི་ངོས་སུ་གཙུག་ཏོར་མའི་འཁོར་ལོ་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་སྟེ། །རྡོ་རྗེ་ ལྕགས་སྒྲོག་མའི་ཕྱི་ངོས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནོད་མཛེས་མའི་སྦྲུལ་ཞགས་ནི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལའོ། །མེ་ལ་སོགས་པའི་ཟུར་རྣམས་སུ་ཆུ་སྐྱེས་ལ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མའི་རྣམ་པར་དག་པའི་བྱང་སེམས་ཀྱི་བུམ་པ་དང་རི་རབ་དང་མེ་ ཐབ་དང་རྒྱལ་མཚན་ཆེན་མོའོ། །པདྨའི་ཕྱི་རོལ་དུ་བུམ་པ་རྣམས་སོ། །འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་པདྨར་ཟླ་བ་འམ་ཉི་མ་ལ་མདའ་སྟེ་མཚན་མོ་ཟླ་བ་ལ་གནས་ཤིང་ཉིན་པར་ཉི་མ་ལ་གནས་པས་ལྷ་མོ་རྣམ་པར་རྒྱུ་བའི་ཕྱིར། ཤར་དང་ལྷོ་ལ་སོགས་པའི་ ཕྱོགས་རྣམས་སུ་ཨརྒ་མ་སི་དང་མརྒ་མ་སི་དང་ཨནྡྷརྡྷཱ་མ་སི་དང་ཏེ་ཛོ་མ་སིའི་ལྷ་མོ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་ཁབ་དང་སྐུད་པ་དང་བཅས་པའི་ཁབ་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག་དང་མདའ་རྣམས་སོ། །མེ་དང་སྲིན་པོ་ལ་སོགས་པའི་མཚམས་རྣམས་སུ་ཨུ་ད་ཡ་མ་སི་དང་གུ་ལ་ མ་སི་དང་ན་བ་མ་སི་དང་ཙི་བ་ར་མ་སི་རྣམས་ཀྱི་གོ་རིམས་བཞིན་དུ་ཨརྒ་མ་སི་ལ་སོགས་པའི་མཚན་མ་བཞིན་ནོ། །ཕྱིའི་ཕོ་བྲང་གི་སྣམ་བུའི་ཤར་དུ་མ་ཧཱ་ཙི་ཝ་ར་མ་སི་དང་བ་རཱ་ཧཱ་མུ་ཁའི་ལྷ་མོ་དག་གི་རྡོ་རྗེ་དང་ལྕགས་ཀྱུ་དག་གོ། །ལྷོར་པ་དཱ་ཀྲ་མ་སི་དང་ཝ་ར་ལིའི་ལྷ་མོ་དག་གི་མྱ་ངན་མེད་པའི་ འདབ་མ་དག་གོ། །ནུབ་ཏུ་བ་ར་ཀྲ་མ་སི་དང་བ་ད་ལའི་ལྷ་མོ་དག་གི་མདའ་དག་གོ། །བྱང་དུ་ཨུརྨ་སི་དང་བ་ར་ལིའི་ལྷ་མོ་དག་གི་ཁབ་དག་གོ། །མེ་ལ་སོགས་པའི་ཟུར་རྣམས་སུ་བཏྟཱ་ལི་དང་བ་དཱ་ལི་དང་བ་རཱ་ལི་དང་བ་རཱ་ཧཱ་མུ་ཁི་རྣམས་ཀྱི་ཁབ་དང་སྐུད་པ་དང་བཅས་པའི་ཁབ་དང་མྱ་ངན་མེད་པའི་ལོ་མ་ དང་མདའ་རྣམས་སོ། །ཤར་སྒོར་ཨཱ་ལོའི་ལྷ་མོའི་ལྕགས་ཀྱུ་དང་། ལྷོ་སྒོར་ཏཱ་ལོའི་ལྷ་མོའི་རྡོ་རྗེ་ཞགས་པ་དང་། ནུབ་ཏུ་ཀཱ་ལོའི་ལྷ་མོའི་རྡོ་རྗེ་ལྕགས་སྒྲོག་དང་། བྱང་དུ་སད་ས་ལོའི་ས་མ་མུརྟ་རིའི་ལྷ་མོའི་རྡོ་རྗེ་དྲིལ་བུའོ། །འདིར་སྒོ་སྐྱོང་མ་རྣམས་ཀྱི་མཚན་མ་ནི་པདྨ་དང་ཉི་མ་ལ་སྟེ་གཞན་རྣམས་ནི་པདྨ་ དང་ཟླ་བ་ལའོ། །སྲུང་བ་ལྔའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་ཆུ་སྐྱེས་ཀྱི་ལྟེ་བར་ཟླ་བ་ལ་སོ་སོར་འབྲང་མ་ཆེན་མོའི་རིན་པོ་ཆེའི་ཆུན་པོའོ། །ཤར་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་འཁོར་ལོའོ། །ལྷོར་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གསང་སྔགས་ རྗེས་སུ་འཛིན་མའི་རྡོ་རྗེའོ། །ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་བསིལ་བའི་ཚལ་ཆེན་མོའི་པདྨའོ། །བྱང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་རྨ་བྱ་ཆེན་མོའི་རྨ་བྱའི་མཇུག་སྒྲོའོ། །རིམ་པ་གཉིས་པར་མེ་ལ་སོགས་པའི་མཚམས་སུ་ནག་མོ་དང་དུས་མ་དང་ནག་མོའི་རྣ་བ་མོ་དང་དཀར་མོ་ རྣམས་ཀྱི་དུང་དང་རྡོ་རྗེས་མཚན་པའི་རྒྱལ་མཚན་དང་དགྲ་སྟ་དང་རྩེ་གསུམ་རྣམས་སོ། །སྣམ་བུ་རྣམས་ལ་བུམ་པའོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་བཞིའོ། །རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ལ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་འདས་རྡོ་རྗེ་དབྱིངས་ཀྱི་རྡོ་རྗེ་རྩེ་ལྔ་པ་དཀར་པོའོ། །ལྟེ་བའི་ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་ཟླ་བ་རྣམས་ལ་གོ་རིམས་ཇི་ལྟ་བ་བཞིན་དུ་གཡས་སྐོར་གྱིས་སེམས་མ་རྡོ་རྗེ་མ་དང་རིན་ཆེན་རྡོ་རྗེ་མ་དང་ཆོས་ཀྱི་རྡོ་རྗེ་མ་དང་ལས་ ཀྱི་རྡོ་རྗེ་མ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ཅན་གྱི་རིན་པོ་ཆེ་དང་རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཆུ་སྐྱེས་འདབ་བརྒྱད་དཀར་ཞིང་དམར་བ་དང་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཅན་གྱི་སྣ་ཚོགས་རྡོ་རྗེའོ། །ཤར་ལ་སོགས་པའི་པདྨའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་དང་རྡོ་རྗེ་རིན་པོ་ཆེ་དང་རྡོ་རྗེ་པདྨ་དང་སྣ་ཚོགས་རྡོ་རྗེ་རྣམས་སོ། །མི་བསྐྱོད་པའི་པདྨའི་ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་ཟླ་བ་རྣམས་ ལ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ལེགས་པ་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རྩེ་ལྔ་པ་དང་རྡོ་རྗེ་ལྕགས་ཀྱུ་དང་མདའ་དང་རྡོ་རྗེའོ། །རིན་ཆེན་འབྱུང་ལྡན་གྱི་ཆུ་སྐྱེས་ལ་རྡོ་རྗེ་རིན་པོ་ཆེ་དང་རྡོ་རྗེ་གཟི་བརྗིད་དང་རྡོ་རྗེ་རྒྱལ་མཚན་དང་རྡོ་རྗེ་བཞད་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་ པ་སྔོན་པོ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་ཉི་མ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེའོ། །འོད་དཔག་མེད་ཀྱི་ཆུ་སྐྱེས་ཀྱི་འདབ་མར་རྡོ་རྗེ་ཆོས་དང་རྡོ་རྗེ་ཆེན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྨྲ་བ་རྣམས་ཀྱི་པདྨ་དམར་པོ་དང་རལ་གྲི་དང་འཁོར་ལོ་རྩིབས་བརྒྱད་ པ་དང་རྡོ་རྗེ་རྩེ་གཅིག་པས་མཚན་པའི་ལྕེའོ། །དོན་ཡོད་པའི་ཆུ་སྐྱེས་ལ་རྡོ་རྗེ་ལས་དང་རྡོ་རྗེ་སྲུང་བ་དང་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱི་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེའི་གོ་ཆ་དང་རྡོ་རྗེས་མཚན་པའི་མཆེ་བ་དང་རྡོ་རྗེ་རྩེ་ལྔ་པའོ། །མི་བསྐྱོད་པ་ལ་སོགས་པ་སོ་སོའི་བྱང་ཆུབ་སེམས་དཔའ་གསུམ་ པའི་མཚན་མ་ནི་བྱང་གི་འདབ་མ་དང་བཞི་པའི་མཚན་མ་ནི་ནུབ་ཀྱི་འདབ་མར་བྲི་བར་བྱའོ། །མེ་ལ་སོགས་པའི་པདྨའི་ལྟེ་བར་ཟླ་བ་རྣམས་ལ་རྡོ་རྗེ་སྒེག་མོ་དང་རྡོ་རྗེ་ཕྲེང་བ་མ་དང་རྡོ་རྗེ་གླུ་མ་དང་རྡོ་རྗེ་གར་མ་རྣམས་ཀྱི་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་པི་ཝང་དང་རྡོ་རྗེའོ། །སྙིང་པོའི་གཞལ་ཡས་ཁང་ ལས་ཕྱི་རོལ་གྱི་སྣམ་བུ་རྣམས་ལ་ཤར་དུ་བྱམས་པ་དང་མཐོང་བ་དོན་ཡོད་དང་ངན་སོང་ཀུན་འདྲེན་དང་མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་རྣམས་ཀྱི་པདྨ་དང་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ་རྣམས་སོ། །ལྷོར་སྤོས་ཀྱི་གླང་པོ་དང་དཔའ་བར་འགྲོ་བ་དང་ནམ་མཁའི་མཛོད་དང་ ཡེ་ཤེས་ཏོག་རྣམས་ཀྱི་ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་རིན་པོ་ཆེ་རྣམས་སོ། །ནུབ་ཏུ་འོད་དཔག་མེད་དང་ཟླ་འོད་དང་བཟང་སྐྱོང་དང་དྲ་བ་ཅན་གྱི་འོད་རྣམས་ཀྱི་ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་པདྨ་རྣམས་སོ། །བྱང་དུ་རྡོ་རྗེ་སྙིང་པོ་དང་བློ་གྲོས་མི་ཟད་པ་དང་སྤོབས་པ་བརྩེགས་པ་དང་ཀུན་དུ་བཟང་པོ་རྣམས་ ཀྱི་ཆུ་སྐྱེས་དང་ཟླ་བ་ལ་སྣ་ཚོགས་ཆུ་སྐྱེས་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མེ་ལ་སོགས་པའི་ཟུར་རྣམས་སུ་ཆུ་སྐྱེས་དང་ཟླ་བ་ལ་རྡོ་རྗེ་བདུག་སྤོས་མ་དང་རྡོ་རྗེ་མེ་ཏོག་མ་དང་རྡོ་རྗེ་མར་མེ་མ་དང་རྡོ་རྗེ་དྲི་ཆབ་མ་རྣམས་ཀྱི་མཚན་མ་ནི་སྔ་མ་བཞིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་པདྨ་དང་ཟླ་བ་ལ་རྡོ་རྗེ་ ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་རྡོ་རྗེ་དྲིལ་བུ་རྣམས་ཀྱི་མཚན་མའོ། །སྣམ་བུ་ལ་ནི་བུམ་པ་རྣམས་སོ། །བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ཕྱིའི་དཀྱིལ་འཁོར་གྱི་རྩིག་པ་ལྔ་ནི་སྔོན་པོ་དང་དམར་པོ་དང་དཀར་པོ་དང་ལྗང་གུ་ དང་སེར་པོ་སྟེ་ཤར་ལ་སོགས་པའི་ཕྱོགས་རྣམས་དང་དབུས་ཀྱི་ས་གཞི་ཐམས་ཅད་ཀྱང་ངོ་། །དཀྱིལ་འཁོར་གཉིས་པ་ལ་སྔོན་པོ་དང་དཀར་པོ་དང་སེར་པོའི་རྩིག་པ་གསུམ་སྟེ། འཁོར་ལོ་གསུམ་ལ་ནི་དཀར་པོའི་རྩིག་པ་གཅིག་གོ། །དེ་ལ་དབུས་ཀྱི་ས་གཞི་སེར་པོར་སྣ་ཚོགས་པདྨ་ དང་ཟླ་བ་ལ་འཇམ་དཔལ་གྱི་རལ་གྲི་ཡུ་བ་སེར་པོ་ཅན་ནོ། །ཤར་ལ་སོགས་པའི་རེའུ་མིག་ཏུ་ཉི་མ་རྣམས་ལ་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཀྱི་རྡོ་རྗེ་སྔོན་པོ་དང་རིན་པོ་ཆེ་དང་པདྨ་དཀར་པོ་དང་རལ་གྲིའོ། །དབང་ལྡན་ལ་སོགས་པའི་ རེའུ་མིག་ཏུ་ཟླ་བ་རྣམས་ལ་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་རྡོ་རྗེ་སེར་པོ་དང་རྡོ་རྗེ་སྔོན་པོ་དང་རྡོ་རྗེ་དཀར་པོ་དང་རྡོ་རྗེ་ལྗང་གུའོ། །རིམ་པ་གཉིས་པའི་དཀྱིལ་འཁོར་ལ་ཤར་ལ་སོགས་པའི་ཕྱོགས་སུ་ཟླ་བ་རྣམས་ལ་སེམས་མ་རྡོ་རྗེ་མ་དང་རིན་ཆེན་རྡོ་རྗེ་མ་དང་ཆོས་ ཀྱི་རྡོ་རྗེ་མ་དང་ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མཚན་མ་ནི་མི་བསྐྱོད་པ་ལ་སོགས་པའི་བཞིན་ནོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ཟླ་བ་རྣམས་ལ་བྱམས་པ་དང་འཇམ་དཔལ་དང་སྤོས་ཀྱི་གླང་པོ་དང་ཡེ་ཤེས་ཏོག་རྣམས་ཀྱི་མེ་ཏོག་དང་བཅས་པའི་ཀླུ་ཤིང་གི་ཡལ་ག་དང་རལ་གྲི་དང་ བུམ་པ་ལ་གནས་པའི་ལག་ལྡན་དང་ཡིད་བཞིན་གྱི་ནོར་བུ་སེར་པོའོ། །ལྷོར་ཟླ་བ་རྣམས་ལ་བཟང་སྐྱོང་དང་བློ་གྲོས་རྒྱ་མཚོ་དང་བློ་གྲོས་མི་ཟད་པ་དང་སྤོབས་པ་བརྩེགས་པ་རྣམས་ཀྱི་མདའ་དམར་པོ་དང་དཀར་པོ་དང་སེར་པོ་དང་ལྗང་གུའོ། །ནུབ་ཏུ་ཟླ་བ་རྣམས་ལ་མཐུ་ཆེན་ཐོབ་དང་ངན་ སོང་ཀུན་འདྲེན་དང་མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་དྲ་བ་ཅན་གྱི་འོད་རྣམས་ཀྱི་པདྨ་དཀར་པོ་དང་མདའ་དཀར་པོ་དང་མདའ་སེར་པོ་དང་ཨུཏྤ་ལ་ལ་གནས་པའི་ཉི་མའོ། །བྱང་དུ་ཟླ་བ་རྣམས་ལ་ཟླ་འོད་དང་འོད་དཔག་མེད་དང་ནམ་མཁའི་མཛོད་དང་སྒྲིབ་པ་ ཐམས་ཅད་རྣམ་པར་སེལ་བ་རྣམས་ཀྱི་ཨུཏྤ་ལ་ལ་གནས་པའི་ཟླ་བ་ལ་བུམ་པ་དམར་པོ་དང་མདའ་སེར་པོ་དང་མདའ་སྔོན་པོའོ། །འདིར་གོ་རིམས་ཇི་ལྟ་བ་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་ཀྱི་ངོས་གཉིས་ཀྱི་སྣམ་བུ་རྣམས་ལ་མཚན་མ་གཉིས་གཉིས་སོ། །ཤར་ལ་སོགས་པའི་སྒོར་ཉི་མ་ རྣམས་ལ་གཤིན་རྗེ་མཐར་བྱེད་དང་གཞན་གྱིས་མི་ཐུབ་པ་དང་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་རྣམས་ཀྱི་རལ་གྲི་ཡུ་བ་ནག་པོ་ཅན་དང་རྡོ་རྗེ་སེར་པོ་དང་རྡོ་རྗེ་དབྱུག་པ་དམར་པོ་དང་རལ་གྲི་ཡུ་བ་ནག་པོ་ཅན་ནོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ཉི་མ་རྣམས་ལ་མི་གཡོ་བ་དང་འདོད་པའི་ རྒྱལ་པོ་དང་དབྱུག་སྔོན་ཅན་དང་སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་དང་རྡོ་རྗེ་སྔོན་པོ་དང་རྡོ་རྗེའི་དབྱུག་པ་སྔོན་པོའོ། །གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་གནོད་མཛེས་ཀྱི་རལ་གྲི་སྟེ། རྟ་མགྲིན་གྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་རྡོ་རྗེ་ས་འོག་གི་རྡོ་རྗེ་ལྕགས་ཀྱུའོ། །ཟླ་བ་དང་ཉི་མ་ ཐམས་ཅད་ཀྱི་འོག་ཏུ་སྣ་ཚོགས་འདམ་སྐྱེས་ཏེ་སྣམ་བུ་རྣམས་ལ་ནི་བུམ་པའོ། །ཁ་ཅིག་ཏུ་ནི་གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་དང་། དེའི་ཕྱི་ངོས་སུ་གནོད་མཛེས་ཀྱི་རལ་གྲིའོ་ཞེས་གསུངས་སོ། །ཆོས་ཀྱི་དབྱིངས་གསུང་ གི་དབང་ཕྱུག་གི་དཀྱིལ་འཁོར་ལ་ནང་གི་འཁོར་ལོ་རྡུལ་ཚོན་དཀར་པོས་དགང་བར་བྱ་སྟེ། གཞན་རྣམས་ནི་སྔ་མ་བཞིན་ནོ། །ནང་གི་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་འཇམ་པའི་དབྱངས་ཀྱི་རལ་གྲི་ཡུ་བ་སེར་པོ་ཅན་ནོ། །ཤར་ལ་སོགས་པ་དང་དབང་ལྡན་ལ་སོགས་པའི་ འདབ་མར་ཟླ་བ་རྣམས་ལ་རིམ་པ་ཇི་ལྟ་བ་བཞིན་དུ་གཡས་སྐོར་གྱིས་གཙུག་ཏོར་ཆེན་པོ་དང་གདུགས་དཀར་པོ་དང་གཟི་བརྗིད་ཕུང་པོ་དང་རྣམ་པར་རྒྱལ་བའི་གཙུག་ཏོར་དང་འོད་ཟེར་རྣམ་པར་འཕྲོ་བ་དང་འཕགས་པ་དང་ཆེར་འཕགས་དང་རྒྱལ་བ་རྣམས་ཀྱི་འཁོར་ལོ་སེར་པོ་རྣམས་སོ། །ཤར་ གྱི་རེའུ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་སྔོན་པོ་སྟེ་དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་སེམས་དཔའ་དང་རྡོ་རྗེ་རྒྱལ་པོ་དང་རྡོ་རྗེ་ཆགས་པ་དང་རྡོ་རྗེ་ལེགས་པ་རྣམས་ཀྱི་རྡོ་རྗེ་དང་རྡོ་རྗེ་ལྕགས་ཀྱུ་དང་མདའ་དང་རྡོ་རྗེའོ། །ལྷོའི་ རེའུ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་ཡིད་བཞིན་གྱི་ནོར་བུ་སེར་པོ་འམ་རྒྱལ་མཚན་ཏེ། དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་ཉི་མ་དང་རྡོ་རྗེ་རྒྱལ་མཚན་དང་རྡོ་རྗེ་བཞད་པ་རྣམས་ཀྱི་རྡོ་ རྗེ་རྩེ་ལྔ་པ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་ཉི་མའི་དཀྱིལ་འཁོར་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེའོ། །ནུབ་ཀྱི་རེའུ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་སྣང་བ་མཐའ་ཡས་ཀྱི་པདྨ་དམར་པོ་སྟེ་དབང་ལྡན་ལ་སོགས་པའི་མཚམས་ སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་ཆོས་དང་རྡོ་རྗེ་རྣོན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྨྲ་བ་རྣམས་ཀྱི་པདྨ་དང་རལ་གྲི་དང་ཆོས་ཀྱི་འཁོར་ལོ་དང་རྡོ་རྗེ་རྩེ་གཅིག་པས་མཚན་པའི་ལྕེའོ། །བྱང་གི་རེའུ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲི་སྟེ་དབང་ལྡན་ལ་སོགས་པའི་ མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་ལས་དང་རྡོ་རྗེ་སྲུང་བ་དང་རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱི་རྡོ་རྗེ་གསུམ་དང་རྡོ་རྗེ་གོ་ཆ་དང་རྡོ་རྗེས་མཚན་པའི་མཆེ་བ་དང་རྡོ་རྗེ་རྩེ་ལྔ་པའོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་རེའུ་མིག་རྣམས་སུ་ཆུ་སྐྱེས་དང་ཟླ་བ་རྣམས་ལ་སྤྱན་མ་དང་མཱ་མ་ ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་མཚན་མ་རྣམས་ནི་འཇམ་དབྱངས་དང་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པའི་མཚན་མ་བཞིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་ རྡོ་རྗེ་འབེབས་པ་རྣམས་ཀྱི་རྡོ་རྗེའི་ལྕགས་ཀྱུ་ལ་སོགས་པའོ། །སྙིང་པོའི་དཀྱིལ་འཁོར་འདི་ལས་དཀྱིལ་འཁོར་གཉིས་པར་ཤར་དུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལས་བཅུ་གཉིས་པོ་མོས་པས་སྤྱོད་པ་དང་རབ་ཏུ་དགའ་བ་དང་དྲི་མ་མེད་པ་དང་འོད་བྱེད་པ་དང་འོད་འཕྲོ་བ་དང་སྦྱང་དཀའ་བ་དང་མངོན་དུ་ གྱུར་པ་དང་རིང་དུ་སོང་བ་དང་མི་གཡོ་བ་དང་ལེགས་པའི་བློ་གྲོས་དང་ཆོས་ཀྱི་སྤྲིན་དང་ཀུན་དུ་འོད་རྣམས་ཀྱི་རིམ་པ་ཇི་ལྟ་བ་བཞིན་དུ་གཡས་སྐོར་གྱིས་པདྨ་དམར་པོ་དང་ཡིད་བཞིན་གྱི་ནོར་བུ་དང་པདྨ་དཀར་པོ་དང་སྣ་ཚོགས་ཆུ་སྐྱེས་ལ་གནས་པའི་ཉི་མ་དང་ཨུཏྤ་ལ་དང་ནོར་བུ་མ་ར་ཀ་ཏ་དང་ པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང་སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་ཡུ་བ་དང་བཅས་པའི་པདྨ་དང་ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་ཨུཏྤ་ལའི་སྟེང་དུ་རལ་གྲི་དང་ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་པདྨ་ལ་ བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུའོ། །ལྷོར་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་པ་རིན་པོ་ཆེ་པདྨ་དང་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང་ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་རྡོ་རྗེ་ལས་ ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་འབྲུ་སྣ་ཚོགས་པའི་རིན་པོ་ཆེའི་སྙེ་མ་དང་ལོ་མ་དང་བཅས་པའི་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ་དང་པདྨ་དཀར་པོ་དང་ཨུཏྤ་ལ་སྔོན་པོ་དང་པདྨ་དཀར་པོ་དང་པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་ཆུ་སྐྱེས་ སེར་པོ་ལ་གནས་པའི་རྡོ་རྗེ་དང་ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་རིན་པོ་ཆེ་སྣ་ཚོགས་པའི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་དང་ཨུཏྤ་ལ་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་བཅུ་གཉིས་ པོ་ཚེ་དང་སེམས་དང་ཡོ་བྱད་དང་ལས་དང་སྐྱེ་བ་དང་རྫུ་འཕྲུལ་དང་མོས་པ་དང་སྨོན་ལམ་དང་ཡེ་ཤེས་དང་ཆོས་དང་དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་བྱང་ཆུབ་ལ་དབང་བ་རྣམས་ཀྱི་ནོར་བུ་པདྨ་རཱ་ག་ལ་གནས་ཤིང་ཏིང་ངེ་འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པའི་སྐུ་གཟུགས་ དང་རྡོ་རྗེ་དམར་པོ་རྩེ་ལྔ་པ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་སྣ་ཚོགས་རྡོ་རྗེ་དང་སྣ་ཚོགས་པའི་མདོག་ཅན་གྱི་ཛཱ་ཏིའི་འཁྲི་ཤིང་དང་པདྨ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་དང་པྲི་ཡང་ཀུའི་མེ་ཏོག་གི་སྙེ་མ་དང་ཨུཏྤ་ལ་སྔོན་པོ་དང་ཨུཏྤལ་ལ་གནས་པའི་རལ་གྲི་དང་པདྨ་ལ་གནས་པའི་བུམ་པ་ བཟང་པོ་དང་འདམ་སྐྱེས་དཀར་པོ་དང་ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །བྱང་དུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་གཟུངས་བཅུ་གཉིས་པོ་དབྱིག་གི་བློ་གྲོས་མ་དང་རིན་ཆེན་སྐར་མདའ་མ་དང་གཙུག་ཏོར་རྣམ་པར་རྒྱལ་མ་དང་འོད་ཟེར་ཅན་དང་རི་ཁྲོད་ལོ་མ་ཅན་དང་དུག་སེལ་མ་དང་སྒོ་མཐའ་ཡས་མ་ དང་། ཙུནྡ་དང་ཤེས་རབ་འཕེལ་མ་དང་ལས་ཀྱི་སྒྲིབ་པ་རྣམ་པར་སེལ་མ་དང་ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་དང་སངས་རྒྱས་ཐམས་ཅད་ཀྱི་མཛོད་ལྡན་མ་རྣམས་ཀྱི་འབྲས་ཀྱི་སྙེ་མ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་དང་སྐུད་པ་དང་བཅས་པའི་ཁབ་དང་རྨ་བྱའི་མཇུག་ སྒྲོ་དང་དུག་གི་མེ་ཏོག་གི་ཆུན་པོ་དང་པདྨ་དམར་པོ་ལ་གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་དང་རིལ་བ་སྤྱི་བླུགས་ཕྲེང་བ་དཔྱངས་པ་དང་ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང་རྡོ་རྗེ་རྩེ་གསུམ་པས་མཚན་པའི་པདྨ་དཀར་ཞིང་དམར་བ་དང་རིན་པོ་ཆེའི་ཟ་མ་ཏོག་དང་པདྨ་ལ་གནས་པའི་རིན་པོ་ཆེ་ སྣ་ཚོགས་པའི་དཔེ་སྒྲོམ་མོ། །ཤར་ལ་སོགས་པའི་སྒོར་ཆུ་སྐྱེས་དང་ཉི་མ་རྣམས་ལ་ཆོས་སོ་སོ་ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རྡོ་རྗེའི་ལྕགས་ཀྱུ་དང་རིན་པོ་ཆེའི་ཞགས་ པ་དང་མཐའ་གཉིས་སུ་པདྨས་མཚན་པའི་ལྕགས་སྒྲོག་དང་རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་སྒེག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་རྣམས་ཀྱི་རྡོ་རྗེ་རིན་པོ་ཆེའི་ཕྲེང་བ་དང་པི་ཝང་དང་རྡོ་རྗེའོ། །དཀྱིལ་འཁོར་གསུམ་པར་ཤར་ཕྱོགས་སུ་ པདྨ་དང་ཟླ་བ་རྣམས་ལ་ཀུན་དུ་བཟང་པོའི་ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་སའི་སྙིང་པོའི་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་དང་ནམ་མཁའི་སྙིང་པོའི་རིན་པོ་ཆེའོ། །ལྷོར་ནམ་མཁའ་མཛོད་ཀྱི་ཡིད་བཞིན་གྱི་ནོར་བུ་དང་ཕྱག་ན་རིན་ཆེན་གྱི་རིན་པོ་ཆེ་དང་བློ་གྲོས་རྒྱ་མཚོའི་དུང་དང་ རྡོ་རྗེ་སྙིང་པོའི་རྡོ་རྗེའོ། །ནུབ་ཏུ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དང་མཐུ་ཆེན་ཐོབ་ཀྱི་རལ་གྲི་དང་ཟླ་བའི་འོད་ཀྱི་རྡོ་རྗེ་དང་བཅས་པའི་འཁོར་ལོ་དང་དྲ་བ་ཅན་གྱི་རལ་གྲིའོ། །བྱང་དུ་པདྨ་དང་ཟླ་བ་རྣམས་ལ་འོད་དཔག་མེད་དང་སྤོབས་པ་བརྩེགས་པ་དང་མྱ་ངན་དང་མུན་པ་ཐམས་ཅད་ངེས་ པར་འཇོམས་པའི་བློ་གྲོས་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་ཀྱི་སྣ་ཚོགས་པདྨ་དང་པདྨ་ལ་གནས་པའི་རལ་གྲི་དང་རྡོ་རྗེ་རྩེ་ལྔ་པ་དང་རལ་གྲིའོ། །ཤར་ལ་སོགས་པའི་སྒོར་ཆུ་སྐྱེས་དང་ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་ དང་བགེགས་མཐར་བྱེད་རྣམས་ཀྱི་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་དྲིལ་བུ་རྣམས་སོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་ཧེ་རུ་ཀ་རྡོ་རྗེ་དང་རྟ་མཆོག་རྣམས་ཀྱི་རལ་གྲི་ དང་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེའོ། །གཤིན་རྗེ་མཐར་བྱེད་ཀྱི་མཚན་མའི་ཕྱི་རོལ་དུ་གཙུག་ཏོར་འཁོར་ལོ་ཅན་གྱི་འཁོར་ལོ་སེར་པོ་སྟེ་པདྨ་མཐར་བྱེད་ཀྱི་མཚན་མའི་ཕྱི་རོལ་དུ་གནོད་མཛེས་ཀྱི་རྡོ་རྗེའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་མཚན་མ་བཞིའི་ཕྱི་ངོས་དཀྱིལ་འཁོར་ གསུམ་པ་ཁོ་ནའི་ཟུར་གྱི་ནང་དུ་རེ་ཁཱ་སྦྱིན་པར་བྱའོ། །དེའི་ཕྱི་རོལ་གྱི་གནས་ཀྱི་མེ་ལ་སོགས་པའི་ཟུར་ཐིག་རྣམས་ཀྱི་གཡས་ལོགས་སུ་གནས་པའི་པདྨ་དང་ཟླ་བ་རྣམས་ལ་མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་སྤོས་ཕོར་དང་མར་མེའི་མཆོད་སྡོང་དང་དུང་ཆོས་ སོ། །གཡོན་ལོགས་སུ་གནས་པའི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་གཟུགས་མ་དང་རྡོ་རྗེ་སྒྲ་མ་དང་རྡོ་རྗེ་རོ་མ་དང་རྡོ་རྗེ་རེག་བྱ་མ་རྣམས་ཀྱི་མེ་ལོང་དང་པི་ཝང་དང་རོའི་སྣོད་དང་སྣ་ཚོགས་པའི་གོས་སོ། །ཕྱི་རོལ་རྡོ་རྗེ་རིགས་ཀྱི་དཀྱིལ་འཁོར་དུ་པདྨ་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་རྣམས་ སུ་དབང་པོ་དང་གཤིན་རྗེ་དང་ཆུ་བདག་དང་ལུས་ངན་པོ་རྣམས་ཀྱི་རྡོ་རྗེ་དང་དབྱུག་པ་ནག་པོ་དང་ཞགས་པ་དང་ལྕགས་ཀྱུའོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་དབང་ལྡན་དང་མེ་ལྷ་དང་བདེན་བྲལ་དང་རླུང་རྣམས་ཀྱི་རྩེ་གསུམ་དང་བླུགས་གཟར་དང་རལ་གྲི་དང་རླུང་རས་སོ། །དེ་ནས་ དབང་ལྡན་གྱི་ཕྱི་ངོས་སུ་ཉེ་བར་དབང་ལྡན་གྱི་མཚམས་ནས་བརྩམས་ནས་མཚན་མ་རྣམས་རིམ་གྱིས་བྲི་བར་བྱའོ། །དེ་ལ་ཚངས་པའི་བགྲང་ཕྲེང་དང་ཁྱབ་འཇུག་གི་འཁོར་ལོ་དང་དབང་ཕྱུག་ཆེན་པོའི་རྩེ་གསུམ་དང་གདོང་དྲུག་པའི་ཤཀྟི་དང་ཚངས་མའི་ཕྲེང་བ་དང་དྲག་མོའི་རྩེ་གསུམ་དང་ཁྱབ་ འཇུག་མའི་འཁོར་ལོ་དང་གཞོན་ནུ་མའི་ཤཀྟི་དང་དབང་མོའི་རྡོ་རྗེ་དང་ཕག་མོའི་ཉ་རོ་ཧི་ཏ་དང་། ཙ་མུཎྜཱིའི་གྲི་གུག་དང་བྷྲྀངྒི་ནིའི་ཕྲེང་བ་དང་ཚོགས་བདག་གི་དགྲ་སྟ་དང་ནག་པོ་ཆེན་པོའི་རྩེ་གསུམ་དང་དགའ་བྱེད་དབང་ཕྱུག་གི་རྫ་རྔ་དང་ཉི་མའི་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་དང་ཟླ་བའི་ཀུ་མུ་ད་ལ་གནས་ པའི་ཟླ་བའི་དཀྱིལ་འཁོར་དང་མིག་དམར་གྱི་གྲི་གུག་དང་གཟའ་ལྷག་གི་མདའ་དང་ཕུར་བུའི་བགྲང་ཕྲེང་དང་པ་སངས་ཀྱི་ཕྲེང་བ་དང་སྤེན་པའི་དབྱུག་པ་ནག་པོ་དང་སྒྲ་གཅན་གྱི་ཟླ་བ་དང་མཇུག་རིངས་ཀྱི་ཀླུའི་ཞགས་པ་དང་སྟོབས་བཟངས་ཀྱི་གཤོལ་དང་རྒྱལ་བར་བྱེད་པའི་མེ་ཏོག་གི་ཕྲེང་བ་དང་སྦྲང་རྩིར་ བྱེད་པའི་ཆུ་སྲིན་གྱི་རྒྱལ་མཚན་དང་དཔྱིད་ཀྱི་ལྷའི་མདའ་དང་མཐའ་ཡས་དང་ནོར་རྒྱས་དང་འཇོག་པོ་དང་སྟོབས་ཀྱི་རྒྱུ་དང་པདྨ་དང་པདྨ་ཆེན་པོ་དང་དུང་སྐྱོང་དང་རིགས་ལྡན་རྣམས་ཀྱི་ཐལ་མོ་སྦྱར་བ་སྟེ་ཡང་ན་རང་གི་ཕའི་མཚན་མ་དང་འདྲ་བའི་མཚན་མའོ། །དེ་ལ་མཐའ་ཡས་དང་རིགས་ལྡན་གྱི་རིགས་ ནི་བྲམ་ཟེ་སྟེ་མེ་ལྷའི་བུའོ། །ནོར་རྒྱས་དང་དུང་སྐྱོང་ནི་རྒྱལ་རིགས་ཏེ་དབང་པོའི་འོ། །འཇོག་པོ་དང་པདྨ་ཆེན་པོ་ནི་རྗེའུ་རིགས་ཏེ་རླུང་ལྷའིའོ། །སྟོབས་ཀྱི་རྒྱུ་དང་པདྨ་ནི་དམངས་རིགས་ཏེ་ཆུ་ལྷའིའོ། །ཐགས་བཟངས་རིས་དང་སྟོབས་ལྡན་དང་རབ་ཏུ་ཚིམ་བྱེད་དང་རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་ གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་ནི་རལ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པའོ། །ནམ་མཁའ་ལྡིང་གི་དབང་པོའི་ཐལ་མོ་སྦྱར་བ་དང་མི་འམ་ཅིའི་དབང་པོ་ལྗོན་པའི་པི་ཝང་དང་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་པི་ཝང་དང་རིག་པ་འཛིན་པའི་རྒྱལ་པོ་དོན་ཐམས་ཅད་གྲུབ་པའི་མེ་ཏོག་གི་ཕྲེང་བའོ། ། གང་བ་བཟང་པོ་དང་ནོར་བུ་བཟང་པོ་དང་ནོར་སྦྱིན་དང་རྣམ་ཐོས་ཀྱི་བུ་དང་ཙི་བི་ཀུཎྜ་ལི་དང་ཀི་ལི་མཱ་ལི་དང་སྒོའི་དབང་པོ་དང་སྤྱོད་པའི་དབང་པོ་སྟེ་གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་ཤིང་ཏོག་བཱི་ཛ་པཱུ་ར་ཀ་རྣམས་སོ། །འཕྲོག་མའི་ནི་ཆང་བུ་གཉིས་སོ། །ཐ་སྐར་དང་བྲ་ཉེ་དང་སྨིན་དྲུག་དང་སྣར་མ་དང་མགོ་དང་ལག་དང་ནབ་ སོ་དང་རྒྱལ་དང་སྐག་དང་མཆུ་དང་གྲེ་དང་དབོ་དང་མེ་བཞི་དང་ནག་པ་དང་ས་རི་དང་ས་ག་དང་ལྷ་མཚམས་དང་སྣྲོན་དང་སྣྲུམས་དང་ཆུ་སྟོད་དང་ཆུ་སྨད་དང་གྲོ་བཞིན་དང་མོན་གྲེ་དང་མོན་གྲུ་དང་ཁྲུམས་སྟོད་དང་ཁྲུམས་སྨད་དང་ནམ་གྲུ་དང་བྱི་བཞིན་རྣམས་ཀྱི་ལག་པ་ཐལ་མོ་སྦྱར་བའི་ཕྱག་རྒྱ་རྣམས་སོ། ། འདིར་ཡང་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྟེ་དཀྱིལ་འཁོར་བཞི་པ་ལ་བུམ་པ་རྣམས་སོ། །ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་རྡོ་རྗེའི་ཕྲེང་བ་སྔོན་པོའི་ནང་དུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པའི་ལྟེ་བར་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་སེར་པོའོ། །ཤར་ལ་སོགས་ པའི་རྩིབས་རྣམས་སུ་གནོད་སྦྱིན་གྱི་ཕྱག་རྒྱ་དཀར་པོ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་སྔོན་པོ་དང་བསམ་གཏན་གྱི་ཕྱག་རྒྱ་དམར་པོ་དང་མི་འཇིགས་པའི་ཕྱག་རྒྱ་ལྗང་གུ་རྣམས་སོ། །མེ་ལ་སོགས་པའི་རྩིབས་རྣམས་སུ་ཉི་མ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་རལ་གྲི་དང་གདུགས་རྣམས་ སོ། །རྡོ་རྗེ་ཕྲེང་བའི་ཕྱི་རོལ་གྱི་མེ་ལ་སོགས་པའི་མཚམས་རྣམས་སུ་སྒེག་མོ་ལ་སོགས་པའི་མཚན་མའོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སྒོའི་གཡོན་དུ་མཚན་མ་གཉིས་ཏེ་གཡས་སུ་ཡང་ངོ་། །དེ་ལ་ཀླུ་ཤིང་གི་མེ་ཏོག་དང་སྤྱན་དང་བཅས་པའི་ཆུ་སྐྱེས་དང་ལྕགས་ཀྱུ་དང་ དབྱུག་པ་དང་རལ་གྲི་དང་པདྨ་ལ་གནས་པའི་ཆོས་ཀྱི་སྒྲོམ་དང་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་བདུད་རྩིའི་བུམ་པ་དང་པདྨ་ལ་གནས་པའི་ཟླ་བའི་གཟུགས་དང་རིན་པོ་ཆེ་དང་རྡོ་རྗེའི་གུར་དང་རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་དང་བདུད་རྩིའི་བུམ་པ་དང་ཆུ་སྐྱེས་ལ་གནས་པའི་རིན་པོ་ཆེ་དང་རིན་ པོ་ཆེའི་སྙེ་མའོ། །མེ་ལ་སོགས་པའི་མཚམས་སུ་མེ་ཏོག་མ་ལ་སོགས་པའི་མཚན་མ་སྟེ་སྒོ་རྣམས་སུ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །མཚན་མ་སུམ་ཅུ་རྩ་བདུན་པོ་རྣམས་ཀྱང་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་གནས་པ་སྟེ། མགྲིན་པ་སྔོན་པོ་ལ་སོགས་པའི་མཚན་མ་ནི་མི་བྲི་ བ་ཡང་ངོ་། །འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་ལ་རྩིག་པ་ལྔ་དང་ཤར་ལ་སོགས་པའི་ས་གཞི་ནི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོའོ། །ཐིག་གི་རེ་ཁཱ་གསུམ་ནི་དཀར་པོ་དང་དམར་པོ་དང་ནག་པོའི་ཁ་དོག་སྟེ་ཐིག་གི་རེ་ཁཱ་གཅིག་དང་རྡོ་རྗེ་ཕྲེང་བའི་རེ་ཁཱ་ནི་ནག་པོའོ། ། སྙིང་པོའི་ཕོ་བྲང་གི་དབུས་ཀྱི་རེའུ་མིག་ཏུ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཉི་མ་ལ་དབང་ཕྱུག་ཆེན་པོའི་རྩེ་གསུམ་དང་ལྷོར་ཉི་མ་ལ་ཁྱབ་འཇུག་གི་འཁོར་ལོ་དང་ནུབ་ཏུ་ཟླ་བ་ལ་ཚངས་པའི་བགྲང་ཕྲེང་དང་བྱང་དུ་ ཉི་མ་ལ་སྨིན་དྲུག་གི་བུའི་ཤཀྟི་དང་དབང་ལྡན་དུ་ཟླ་བ་ལ་ཚོགས་བདག་གི་དགྲ་སྟ་དང་མེར་ཉི་མ་ལ་ཉི་མའི་པདྨ་ལ་གནས་པའི་དཀྱིལ་འཁོར་དང་བདེན་བྲལ་དུ་ཉི་མ་ལ་སྒྲ་གཅན་གྱི་ཟླ་བའི་དཀྱིལ་འཁོར་དང་རླུང་དུ་ཟླ་བ་ལ་དགའ་བྱེད་དབང་ཕྱུག་གི་ཌ་མ་རུའོ། །རིམ་པ་གཉིས་པར་ཤར་ལ་ སོགས་པའི་ཕྱོགས་རྣམས་སུ་དཔལ་མོ་དང་ཐིག་ལེ་མཆོག་མ་དང་ཟླ་བ་མོ་དང་དཀའ་ཟློག་མ་རྣམས་ཀྱི་ཟླ་བ་ལ་པདྨ་དཀར་པོ་དང་སྤོས་ཕོར་དང་མར་མེའི་མཆོད་སྡོང་དང་གདེངས་ཀའི་རྣམ་པའི་ལག་པའོ། །མེ་ལ་སོགས་པ་རྣམས་སུ་རིན་ཆེན་དཔལ་མོ་དང་དབྱངས་ཅན་མ་དང་ལྷའི་མཛེས་མ་ དང་ཀུན་དུ་འབྱོར་མ་རྣམས་ཀྱི་ཟླ་བ་ལ་རིམ་པ་ཇི་ལྟ་བ་བཞིན་དུ་དྲིའི་དུང་ཆོས་དང་པི་ཝང་དང་རིན་པོ་ཆེའི་ཕྲེང་བ་དང་རྡོ་རྗེ་རྩེ་གསུམ་པའོ། །རིམ་པ་གསུམ་པར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་དབང་པོ་དང་གཤིན་རྗེ་དང་ཆུ་ལྷ་དང་ལུས་ངན་པོ་རྣམས་ཀྱི་ཟླ་བ་ལ་གནས་པའི་རྡོ་རྗེ་དང་ཉི་མ་ལ་ གནས་པའི་ཐོད་པས་མཚན་པའི་དབྱུག་པ་དང་ཟླ་བ་ལ་གནས་པའི་ཀླུའི་ཞགས་པ་དང་ཟླ་བ་ལ་གནས་པའི་དབྱུག་ཏོའོ། །མེ་ལ་སོགས་པའི་མཚམས་སུ་མེ་ལྷ་དང་བདེན་བྲལ་དང་རླུང་ལྷ་དང་ཟླ་བ་རྣམས་ཀྱི་ཉི་མ་ལ་གནས་པའི་ཕྲེང་བ་དང་ཉི་མ་ལ་གནས་པའི་རལ་གྲི་དང་ཟླ་བ་ལ་གནས་པའི་ རླུང་རས་དང་ཀུ་མུ་ད་ལ་གནས་པའི་ཟླ་བའོ། །ཟླ་པའི་མཚན་མ་དང་ཉེ་བར་དབང་ལྡན་གྱི་ཉི་མ་ལ་རྩེ་གསུམ་མོ། །རིམ་པ་བཞི་པར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་སེང་གེའི་རྒྱལ་མཚན་འཛིན་མ་དང་རྣམ་པར་འབྱོར་མ་དང་བད་ཆེན་ལྡན་མ་དང་ཆང་འཕྲོག་མ་རྣམས་ཀྱི་ཟླ་བ་ལ་སེང་ གེའི་རྒྱལ་མཚན་དང་ལྕགས་ཀྱུ་དང་མདའ་དང་ཡིད་བཞིན་གྱི་ནོར་བུའོ། །དབང་ལྡན་ལ་སོགས་པ་རྣམས་སུ་མཆོག་འཕྲོག་མ་དང་རིན་ཆེན་དབང་ཕྱུག་མ་དང་རྒྱན་མ་དང་འགྲོ་སྐྱོང་མ་རྣམས་ཀྱི་ཟླ་བ་རྣམས་ལ་མེ་ཏོག་གི་སྣོད་དང་སྤོས་ཕོར་དང་དྲིའི་དུང་ཆོས་དང་མར་མེའི་མཆོད་སྡོང་ངོ་། །འདིར་ཉི་མ་ དང་ཟླ་བ་ཐམས་ཅད་སྣ་ཚོགས་པདྨ་ལ་གནས་པ་སྟེ་རིམ་པ་བཞི་པར་ནི་བུམ་པ་རྣམས་སོ། །མཁའ་འགྲོ་ལྔའི་དཀྱིལ་འཁོར་ལ་དབུས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཤེས་རབ་དང་བཅས་པའི་ཀྱེའི་རྡོ་རྗེའི་གྲི་གུག་དང་ཐོད་པའོ། །ཤར་ལ་སོགས་པའི་སྒོར་དཀར་མོ་དང་ཆོམ་རྐུན་མ་ དང་རོ་ལངས་མ་དང་གྷསྨ་རཱི་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་ཞག