Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 76

Văn bản gốc(Tây Tạng)

Trang 2 / 17 (50.000 ký tự/trang)
 །ཞལ་དབུས་
མ་ནི་རྣམ་པར་བསྒྱུར་ཞིང་ཚེམས་གཙིགས་པའོ། །གཡས་པའི་ཕྱག་རྣམས་ཀྱིས་ནི་རལ་གྲི་དང་། ཨུཏྤ་ལ་དང་། མདའ་དང་རྡོ་རྗེ་དང་ལྕགས་ཀྱུ་དང་དབྱུག་ཏོ་དང་གྲི་གུག་དང་མི་འཇིགས་པའི་ཕྱག་རྒྱ། གཡོན་པའི་ཕྱག་རྣམས་ཀྱིས་ནི་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་ཐོད་པ་དང་
གཞུ་དང་། ཁ་ཊྭཱཾ་ག་དང་རྡོ་རྗེ་དང་ཞགས་པ་དང་། ཚངས་པའི་མགོ་བོ་དང་རིན་པོ་ཆེའི་བུམ་པ་བསྣམས་པའོ། །སྣ་ཚོགས་པདྨ་དང་ཟླ་བ་ལ་བཞུགས་ཤིང་ཉི་མའི་འོད་ཟེར་གྱིས་རྣམ་པར་བརྒྱན་པ། གཡོན་པའི་ཞབས་ཀྱིས་ནི་དབང་པོ་སྟེ་ཞབས་གཡས་པས་ནི་ཉེ་བའི་དབང་པོའོ། །ཞབས་
གཉིས་ཀྱི་བར་ན་ནི་དྲག་པོ་དང་ཚངས་པ་ཡང་མནན་ནས་བཞུགས་པའོ། །སྒྲིབ་པ་ཐམས་ཅད་རྣམ་པར་འཇོམས་པར་མཛད་པ་རྣལ་འབྱོར་པས་བསྒོམ་པར་བྱ་སྟེ། སླ་བར་དངོས་གྲུབ་ཐོབ་པར་འགྱུར་རོ། །བཟླས་པའི་སྔགས་ནི། ཨོཾ་པྲ་སཱནྣ་ཏཱ་རེ་ཨ་མྲྀ་ཏ་མུ་ཁི་ཨ་མྲྀ་ཏ་ལོ་ཙ་ནེ་སརྦ་ཨརྠ་སཱ་
དྷ་ནི་སརྦ་སཏྭ་བ་ཤྱཾ་ཀ་ར་ཧཱུཾ་ཕཊ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བའོ། །དོན་རྣམས་ཐམས་ཅད་སྒྲུབ་པར་མཛད་མ་འཕགས་མ་སྒྲོལ་མ་རབ་ཏུ་དང་བའི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།
ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེར་ཁྲོས་པའི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །སྐུ་ཤ་མཐུག་ཅིང་ཚགས་དམ་གདུག་པ་འོད་སྤྲོ་གཏུམ་པའི་སྤྱན་ལྡན་ཞིང་། །པུས་མོ་སྨད་ནས་འཛུགས་མཛད་རལ་གྲི་གཅིག་ནི་གཡས་པའི་ཕྱག་ན་སྟེ། །དེ་
ལས་གཞན་པའི་ཕྱག་ནི་ཁུ་ཚུར་བཅངས་ཤིང་སྡིགས་མཛུབ་ཞགས་པར་ལྡན། །བགེགས་འཇོམས་པ་ཡི་མི་གཡོ་འདིས་ནི་སྲིད་པའི་བགེགས་རྣམས་ཞི་བྱེད་ཤོག །སངས་རྒྱས་དང་ནི་བྱང་ཆུབ་སེམས། །འདྲེན་པ་ཕྱོགས་བཅུར་བཞུགས་དེ་དག །མེ་ཏོག་ལ་སོགས་རྣམ་སྣ་ཚོགས། །

མཆོད་པས་བློ་ཡིས་མཆོད་བྱས་ལ། །ཀུན་སྐྲག་སྡུག་བསྔལ་ཅན་བལྟས་ལ། །བདག་ཉིད་སྐུར་ཡང་གསོལ་བ་གདབ། །སྔགས་པས་དགེ་བ་སྤེལ་དོན་དུ། །སྡིག་པ་རྣམས་ནི་བཤགས་པར་བྱ། །དེ་ནས་རྫོགས་སངས་རྒྱས་དང་ནི། །བྱང་ཆུབ་སེམས་དཔའི་
ཚོགས་དང་ཡང་། །སློབ་མི་སློབ་སོགས་འགྲོ་ཀུན་གྱི། །བསོད་ནམས་དངོས་ལ་རྗེས་ཡི་རང་། །དཀོན་མཆོག་གསུམ་སྐྱབས་བརྩོན་པ་ཡི། །རྫོགས་པའི་བྱང་ཆུབ་ངེས་བརྟན་བྱ། །རིམ་པ་བཞིན་དུ་ཚངས་པ་ཡི། །གནས་བཞི་པོ་ནི་བསྒོམ་པར་བྱ། །དེ་ཡི་མཚན་ཉིད་བྲལ་ཕྱིར་སྟོང་། །
རྒྱུ་མེད་པས་ན་མཚན་མ་མེད། །སྨོན་པ་དང་ནི་རྣམ་བྲལ་ཏེ། །བསྒོམ་པ་དངོས་བྲལ་རྣམ་པར་བསྒོམ། །སྣ་ཚོགས་པད་ཉིའི་དབུས་གནས་པར། །ཧཱུཾ་ཡིག་ལས་བྱུང་བསྒོམ་བྱ་སྟེ། །དཔའ་བོ་སྤྱན་གཉིས་རབ་དམར་བ། །རིན་ཆེན་དབུ་རྒྱན་ཕྱག་གཉིས་པ། །འཕྲལ་དུ་སྡིག་པ་
འཇོམས་མཛད་མགོན། །བསམ་པ་ཇི་བཞིན་རྫོགས་མཛད་པ། །མེ་ཏོག་ཨ་ཏ་སི་མཚུངས་ཤིང་། །དྲི་མེད་སངས་རྒྱས་འོད་ཟེར་སྤྲོ། །མཆེ་བས་མ་མཆུ་གནོན་མཛད་ཅིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་པོ། །གཡོན་གྱིས་སྡིགས་མཛུབ་ཞགས་པ་བསྣམས། །པུས་
མོ་ས་ལ་འཛུགས་མཛད་ཅིང་། །དྲག་པོ་ཕྱག་ན་རལ་བསྣམས་པའི། །དཔལ་ལྡན་ཁྲོ་ཆེན་གཏུམ་པོ་ནི། །སྤྱན་གཡོན་འཇིགས་པ་ཆེར་གྱུར་པའི། །འཇིགས་པ་ལས་ཀྱང་འཇིགས་མཛད་པའོ། །དམ་ཚིག་སེམས་དཔའ་ལྟ་བུ་ཡི། །ཡེ་ཤེས་སེམས་དཔའ་ཆེར་འབར་བསྒོམ། །
སྔགས་པས་དེ་ཉིད་ཐུགས་ཀར་ནི། །མཚན་མ་ས་བོན་ལེགས་ལྡན་བྱ། །བསྒོམ་པས་དུབ་ན་གསང་སྔགས་ནི། །ལྷ་སྐུའི་སྦྱོར་དང་ལྡན་པས་བཟླས། །དེ་ལས་ཆད་འགྱུར་དངོས་གྲུབ་ནི། །འཐོབ་པ་ཉིད་ལ་ཐེ་ཚོམ་མེད། །དེ་ལ་གསང་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨོཾ་ཙཎྜ་
མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བརྗོད་པས་ཀྱང་སྡིག་པ་ཐམས་ཅད་གཏན་ནས་སྲེག་པར་འགྱུར་རོ། །ཐམས་ཅད་ལ་ཡང་སྲུང་བར་ཡང་འགྱུར་རོ། །མོན་སྲན་སྡེའུ་ལ་སོགས་པས་བརྡེགས་པར་གྱུར་ན་འབྱུང་པོ་ལ་སོགས་པའི་འཇིགས་པ་ལས་ཐར་བར་

འགྱུར་རོ། །ཁམ་ཕོར་ལ་ཐོད་ལོ་ཀོར་གྱིས་མངོན་པར་བྲིས་ཏེ། སྒོར་དཔྱངས་པས་ནི་གསར་དུ་མངོན་པར་སྐྱེས་པ་ལས་གྱུར་པའི་བུ་ཆུང་རྣམས་ཀྱི་སྲུང་བར་འགྱུར་རོ། །སོར་བཞི་ཙམ་གྱི་ཚད་དུ་པྲ་ཚིལ་ལ་གཟུགས་བརྙན་བྱས་ཏེ། བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་
གྲོ་ག་ལ་མངོན་པར་བྲིས་ལ་དེའི་སྙིང་གར་གཞུག་པར་བྱ་བའོ། །ཚེར་མས་ཀྱང་དེའི་ཁ་ལ་གཟུགས་པར་བྱ་སྟེ། ཕྱིར་རྒོལ་བའི་ཁ་བཏུལ་བར་འགྱུར་རོ། །སྙིང་ལ་བཙུགས་པས་ནི་ཁྲོ་བ་རེངས་པར་འགྱུར་རོ། །རྐང་པ་ལ་གཙུགས་པས་ནི་འགྲོས་རེངས་པར་འགྱུར་རོ། །མིའི་རྗེ་ངར་
གྱི་རུས་པའི་ཕུར་པའམ་ལྕགས་ཀྱི་ཕུར་པས་མིང་བཟུང་ནས་གང་གི་ལུས་ལ་བཏབ་པར་གྱུར་པ་དེ་དེས་བརླག་པར་འགྱུར་རོ། །དགྲ་བོའི་སྒོར་བརྐོས་པས་ནི་ཕུང་བར་འགྱུར་རོ། །མངོན་པར་བསྔགས་པའི་དུར་ཁྲོད་ཀྱི་ཐལ་བ་སྒོ་འཕར་ལ་བཏབ་པས་ནི་ངེས་པར་སྐྲོད་པར་འགྱུར་རོ། །
རལ་གྲི་ལ་མངོན་པར་བསྔགས་ནས་གཡུལ་དུ་ཞུགས་པར་གྱུར་པས་རྒྱལ་བ་སྒྲུབ་པར་བྱེད་དོ། །གང་གི་ཚེ་དགོས་པ་ཉེ་བར་གནས་པ་ན་གཏོར་མ་བཏང་བས་ནི་དེ་འགྲུབ་པར་འགྱུར་རོ། །དགེ་བའམ་མི་དགེ་བའི་ལས་ཀྱང་རུང་སྟེ་སྔགས་པ་གང་འདོད་པ་དེ་དང་དེ་དག་ཐམས་ཅད་
བཟླས་པ་ཙམ་གྱིས་བྱེད་པར་འགྱུར་རོ། །བདག་གིས་བྲིས་ལས་གང་ཐོབ་པའི། །དགེ་བ་སེམས་ཅན་དོན་གྲུབ་པ། །དེས་ནི་འཇིག་རྟེན་མ་ལུས་འདི། །རྫོགས་པའི་བྱང་ཆུབ་སྣོད་གྱུར་ཅིག །གཏུམ་པོ་ཆེར་ཁྲོས་པ་ཡན་ལག་དང་བཅས་པའི་སྒྲུབ་ཐབས་ལེགས་པར་
རྫོགས་སོ།། །།འདི་ནི་འོད་ཟེར་འབྱུང་གནས་གྲགས་པས་མཛད་པའོ། །པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་
སྒྲུབ་ཐབས། སྔར་བཤད་པའི་ཚུལ་གྱིས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་པདྨ་དཀར་པོའི་སྟེང་དུ་ཉི་མ་ལ་ཡི་གེ་ཧཱུཾ་ནག་པོ་ཡོངས་སུ་གྱུར་པ་ལས་མེ་ཏོག་ཨ་ཏ་སི་དང་མཚུངས་པར་གྱུར་པའི་བཅོམ་ལྡན་འདས་དཔལ་དང་ལྡན་པའི་ཁྲོ་བོ་ཆེན་པོ་གཏུམ་པོའོ། །མཚན་

གཞན་ནི་མི་གཡོ་བ་སྟེ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གཡོ་བར་མཛད་པ་མཆེ་བ་རྣམ་པར་གཙིགས་པའི་ཞལ་ཆེས་འཇིགས་པར་གྱུར་པ། མན་མགལ་བསྡམས་པའི་ཚེམས་གཙིགས་པ་རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། དབུ་ལ་མགོ་བོའི་ཕྲེང་བ་
དང་ལྡན་པ། སྤྱན་གཉིས་ཤིན་ཏུ་དམར་བ། གཡས་པས་ནི་རལ་གྲི་བསྣམས་ཤིང་ཕྱག་གཡོན་པས་སྡིགས་མཛུབ་དང་ཞགས་པ་ཐུགས་ཀར་རོ། །སྦྲུལ་དཀར་པོ་ག་ཤལ་དག་བྱེད་དུ་མཛད་པ། སྟག་གི་པགས་པའི་ཤམ་ཐབས་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་རྣམ་པར་
སྤྲས་པའི་རྒྱན་མངའ་བ། །ཞབས་གཡས་པ་ས་ལ་བཅུགས་ཤིང་གཡོན་པ་ཅུང་ཟད་སྨད་པ། ཉི་མའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པར་བདག་ཉིད་རྣམ་པར་བསམ་པར་བྱ་ཞིང་། དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་བསྒོམ་པ་སྔོན་དུ་འགྲོ་བས་མི་བསྐྱོད་པ་ཅོད་པན་
གྱི་མཚམས་སུ་བསྒོམ་པར་བྱ་བའོ། །དེའི་རྗེས་ལ་བཟླས་པ་ནི། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་གཏུམ་པོའི་སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཻ་ཏྲི་ཡ་སཱ་དྷ་ནཾ། བོད་སྐད་དུ།
བྱམས་པའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་མེཾ་སེར་པོ་ཡོངས་སུ་གྱུར་པ་ལས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་སྣ་ཚོགས་པདྨ་ལ་བཞུགས་པ། ཞལ་གསུམ་མ། སྤྱན་གསུམ་ཕྱག་བཞི་པ་གཡས་པ་དང་གཡོན་པའི་ཞལ་ནི་ནག་པ་དང་
དཀར་བ། སྐུ་གསེར་ལྟར་སེར་བ། ཕྱག་གཉིས་ཀྱིས་ཆོས་བཤད་པའི་ཕྱག་རྒྱ་མཛད་པ། གཡས་པ་དང་གཡོན་པའི་ཕྱག་གཞན་གཉིས་ཀྱིས་ནི་མཆོག་སྦྱིན་པ་དང་། མེ་ཏོག་རྒྱས་པའི་ཀླུ་ཤིང་གི་ཡལ་ག་མཛེས་པ་བསྣམས་པ། སྣ་ཚོགས་པའི་རྒྱན་དང་ལྡན་པའི་བྱམས་
པའི་སྐུར་བདག་ཉིད་དམིགས་ལ་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཀྱི་སོར་མོ་ཁུ་ཚུར་བསྡམས་ལ་མཛུབ་མོ་གཉིས་མཐེ་བོང་དག་གི་དབུས་སུ་མཆོག་ཏུ་གནས་པས་མེ་ཏོག་གི་རྣམ་པ་ལྟར་གཤིབས་པའོ། །དེ་ནས་བཟླས་པ་བྱ་སྟེ། ཨོཾ་མེཾ་མཻ་ཏྲི་ཡ་སྭཱ་ཧཱ། བྱམས་པའི་

སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་ཤནྟ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཻ་ཏྲི་ཡ་སཱ་དྷ་ནཾ། བོད་སྐད་དུ། བྱམས་པའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་མེཾ་སེར་པོ་ཡོངས་
གྱུར་པ་ལས་འཕགས་པ་མགོན་པོ་བྱམས་པ་པདྨ་འདབ་མ་སྣ་ཚོགས་པའི་སྟེང་ན་བཞུགས་པའི་ཞལ་གསུམ་ཕྱག་བཞི་པ་སྟེ། གཡས་པ་དང་གཡོན་གྱི་ཞལ་དག་ནི་ནག་པོ་དང་དཀར་པོའོ། །གསེར་གྱི་མདོག་ལྟར་སེར་བར་གྱུར་པ་ཕྱག་གཉིས་ནི་ཆོས་བཤད་པའི་ཕྱག་རྒྱ་དང་ལྡན་པ།
གཡས་ཀྱི་ཕྱག་གཉིས་པ་ནི་མཆོག་སྦྱིན་པར་མཛད་ཅིང་། གཡོན་གྱི་ཕྱག་གཉིས་པ་ནི་མེ་ཏོག་ཁ་བྱེ་བའི་ཀླུ་ཤིང་གི་རྩེ་མོ་སྡུ་གུ་བསྣམས་པའོ། །ལྷ་རྫས་ཀྱི་རྒྱན་དང་ན་བཟས་རྣམ་པར་མཛེས་པར་གྱུར་པའི་སྐུར་བདག་ཉིད་མངོན་སུམ་དུ་བྱས་ཏེ། ཕྱག་རྒྱ་བཅིང་བར་བྱ་བ་ལས་དེ་ལ་ལག་པ་གཉིས་
ཀྱིས་སོ་སོ་སོ་སོར་ཁུ་ཚུར་བཅངས་ལ་མཛུབ་མོ་གཉིས་མཐེ་བོང་དག་གི་དབུས་སུ་ཉེ་བར་བཞག་པས། མེ་ཏོག་གི་རྣམ་པར་གཤིབས་པར་བྱ་བའོ། །དེ་ནས་བཟླས་པ་ནི། ཨོཾ་མཻ་ཏྲི་ཡ་སྭཱ་ཧཱ། འཕགས་པ་བྱམས་པའི་སྒྲུབ་ཐབས། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་
མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་ཙྪུཥྨ་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛམྦྷ་ལ་ཚོན་པོའི་སྒྲུབ་ཐབས། དཔལ་དང་ལྡན་པའི་ཛམྦྷ་ལ་ཆེན་པོ་ལ་ཕྱག་འཚལ་ལོ། །མིག་གསུམ་རྩ་ལག་གིས་ནི་སྤྱི་གཙུག་བརྒྱན་པ་ཡི། །ནོར་བུས་ཞབས་
དག་ལ་ནི་གཏུགས་པ་གང་ཡིན་པ། །ཕུན་ཚོགས་ཕན་ཆེན་དང་ལྡན་མཆོག་གྱུར་ཐུབ་དབང་སྲས། །ལྷ་དེ་ཐུབ་པ་གཞོན་ནུར་གྱུར་པ་ཉིད་ཡིན་ཏེ། བླ་མེད་ཡོན་ཏན་གཉིས་མེད་པའི། །རིན་ཆེན་ཆར་འབེབས་འདྲེན་པ་པོ། །ཉིད་ཀྱི་ཕུན་ཚོགས་སྐྱེ་དགུ་ལ། །མྱུར་འབྱུང་འདི་ནི་བསྟེན་
བྱ་ཡིན། །དེ་ལ་ཐོག་མར་རེ་ཞིག་བདག་གིས་དཔལ་ཛམྦྷ་ལ་མཉེས་པར་བྱས་ལ་ས་དང་མངོན་པར་རྟོགས་པའི་རིམ་པས་དེའི་བདག་ཉིད་དུ་གྱུར་ཏེ། སྐྱེ་དགུ་རྣམས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཕུན་སུམ་ཚོགས་པ་ལ་རབ་ཏུ་དགོད་པར་བྱ་བའོ་ཞེས་བྱ་བའི་བསམ་པ་དང་

ལྡན་པས་སྙིང་གི་ནང་གི་བུག་པར་དང་བར་འགྱུར་ཞིང་འོད་ཟེར་འཕྲོ་བ་དང་ལྡན་པའི་ཡི་གེ་ཨ་ཀླད་ཀོར་མེད་པ་སྟེ། དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ནི་ཡི་གེ་ཧཱུཾ་མགོ་གྱེན་ལ་བསྟན་པ་སྟེ། ཕྱི་རོལ་གྱི་ཉེ་འཁོར་ན་ཅུང་ཟད་སེར་བའི་འོད་ཟེར་གྱི་
ཚོགས་འཕྲོ་བར་གྱུར་བའོ། །དེས་བསྐྱེད་པ་ནི་རྡོ་རྗེ་སྟེ་དབུས་ཀྱི་རྩེ་མོ་ལ་འབྲེལ་བའི་རྩེ་དགུ་པ་སྟེང་དང་འོག་གཅིག་ཏུ་བྱས་པས་གསུང་རབ་ཡན་ལག་དགུ་རྣམ་པར་དག་པའོ། །ཁ་དོག་ནི་ཡི་གེ་ཧཱུཾ་བཞིན་དུ་བྱ་སྟེ། ལྟེ་བའི་ནང་དུ་ཆུད་པའི་ཟླ་བ་ལ་གནས་པར་དེ་དང་འདྲ་བའི་ཧཱུཾ་དང་ལྡན་པ་བསྒོམ་པར་བྱ་
པའོ། །དེ་ནས་ཡི་གེ་ཧཱུཾ་དང་རྡོ་རྗེ་ལས་འོད་ཟེར་སྤྲོས་པར་གྱུར་པས་ཨོཾ་ཨཿཞེས་བྱ་བའི་སྔགས་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱིས་ཕྱོགས་བཅུར་སེམས་ཅན་རྣམས་ཀྱི་དོན་མཛད་པའི་ཛམྦྷ་ལའི་སྐུ་མཐའ་ཡས་པ་མར་མེ་གཅིག་ནས་གཅིག་ཏུ་མཆེད་པའི་ཚུལ་གྱིས་སྤྱན་དྲངས་ལ་མདུན་དུ་དེའི་སྐུ་གཅིག་པུ་
རྣམ་པར་བསྒོམ་པར་བྱ་བའོ། །འོད་ཟེར་གྱིས་ཉེ་བར་མཁོ་བའི་མཆོད་པ་རྣམ་པ་ལྔ་དང་སྡིག་པ་བཤགས་པ་དང་ཇི་སྲིད་དུ་བཏང་སྙོམས་ཀྱི་བར་དུའོ། །དེའི་རྗེས་ཐོགས་ལ་ཧཱུཾ་དང་རྡོ་རྗེའི་འོད་ཟེར་རྣམས་མཐའ་དག་ལུས་ཀྱི་ནང་དུ་བསྟིམས་ལ་སྤྲོས་པ་ཐམས་ཅད་དང་བྲལ་བ་ཉིད་ཀྱིས་ནང་སྟོང་པ་
ཉིད་ཀྱི་རང་བཞིན་དུ་གྱུར་པ་ཟླ་བ་དང་རྡོ་རྗེ་དང་ས་བོན་དང་འོད་ཟེར་ཏེ། ཨོཾ་ཨཿབྱ་བ་འདི་སྤྲོས་པ་དེས་ལེགས་པར་དྲངས་ལ་བཅོམ་ལྡན་འདས་གཞུག་པར་བྱ་བའོ། །ལེགས་པར་བཅུག་པའི་རྗེས་ལ་སྐད་ཅིག་གིས་ཟླ་བ་ལ་སོགས་པ་ལས་ལེགས་པར་གྲུབ་པའི་བཅོམ་ལྡན་འདས་ཚོན་
པོར་བདག་ཉིད་དེ་ལོ་ལྔ་ལོན་པའི་གཞོན་ནུའི་རྣམ་པ་བོངས་ཐུང་བ། སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་སྟེང་ན་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཅིང་རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ་ཁ་ནས་རིན་པོ་ཆེ་སྐྱུགས་པ་ལུས་ཀྱི་མདོག་སེར་པོ་ཕྱི་བཀན་ལ་ཉལ་བའི་ནོར་སྦྱིན་གྱི་དཔྲལ་
བར་ནི་ཞབས་གཡས་པས་སོ། །རྐང་པ་གཉིས་གཡོན་པས་གནོན་པར་མཛད་པ་ཞབས་གཡས་པ་བསྐུམ་པས་གྱེན་དུ་འཇོག་པ་གཅེར་བུ་རྟགས་གྱེན་ལ་ལངས་པ་གསུས་པ་འཇོལ་བ། ཁྲག་གིས་གང་བའི་ཐོད་པ་ཕྱག་གཡས་པས་ཐུགས་ཀར་བསྣམས་པ་ལ་ཞལ་མངོན་དུ་

ཕྱོགས་ནས་གཟིགས་པ། ཁ་འོག་ཏུ་བསྟན་ནས་རིན་པོ་ཆེའི་ཚོགས་སྐྱུགས་པར་གྱུར་པའི་ནེའུ་ལེ་བརླ་གཡོན་པ་ལ་ལེགས་པར་འཁྲིལ་བར་ཕྱག་གཡོན་པས་བསྣམས་པ། ནང་ཆེ་བའི་རྣ་བ་མ་ཕུག་པ་ཟླ་བ་ཚེས་པ་ལྟ་བུའི་ཞལ་མཆེ་བ་རྣམ་པར་གཙིགས་པ། སྤྱན་གཉིས་དམར་ཞིང་ཟླུམ་
པ་ཁྲོ་གཉེར་དང་ལྡན་པ་དཔྲལ་བར་ཐོད་ལེབ་མས་བཅིངས་པའི་དབུ་སྐྲ་ཁམ་སེར་གྱེན་དུ་འཕྱུར་བ། ས་གནོན་གྱི་ཕྱག་རྒྱ་དང་ལྡན་པའི་ཐུབ་པ་མི་བསྐྱོད་པ་མཐིང་ནག་གིས་དབུ་ལ་རྒྱན་བཏབ་པ། ཏ་མཱ་ལ་སྔོན་པོ་དང་དགའ་བོས་དབུ་སྐྲ་བཅིངས་པ། འཇོག་པོ་དམར་པོས་རྣ་བའི་གདུབ་
ཀོར་དུ་བྱས་པ་པདྨ་དཀར་པོ་དང་པདྨ་ཆེན་པོས་དོ་ཤལ་བྱས་པ་དཱུར་བ་ལྗང་གུ་དང་ཀརྐོ་ཊ་ཀ་ཚངས་པའི་དག་བྱེད་དུ་བྱས་པ་ནོར་རྒྱས་དཀར་པོས་སྨད་ཀར་བྱས་པ་འཁྱིལ་བ་ལེགས་པ་དང་པདྨས་རྐང་རྒྱན་དུ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་ཏུ་བྱས་པ་དུང་མདོག །ཀར་བུ་ར་དང་
རིགས་ལྡན་གྱི་དབུ་རྒྱན་དུ་བྱས་པ། ཁ་དོག་མཐིང་ནག་ལ་ཕྱི་རོལ་གྱི་ཉེ་འཁོར་ཅུང་ཟད་སེར་བའི་འོད་ཟེར་སེར་པོའི་ཚོགས་རྣམས་སྤྲོ་བར་བྱེད་པར་བསྒོམས་ལ། དཔྲལ་བ་དང་ཁ་དང་དཔུང་པ་གཡས་པ་དང་གཡོན་པ་དང་སྙིང་ག་དང་རྡོ་རྗེའི་སྟེང་དང་། བརླ་གཡས་པ་དང་གཡོན་པ་དང་རྐང་
པ་གཡས་གཡོན་རྣམས་ཀྱི་ནང་གི་སྦུབས་ན་གནས་པའི་ཟླ་བ་ཚེས་པའི་དཀྱིལ་འཁོར་རྣམས་ལ་ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭ་ཧཱ་ཞེས་བྱ་བའི་ཡི་གེ་སེར་པོ་འོད་སེར་པོ་དང་ལྡན་པ་བལྟ་བར་བྱ་བའོ། །དེའི་རྗེས་ལ་སྣ་བུག་གི་རླུང་ཕྱིར་འབྱུང་བའི་དུས་སུ་ཨོཾ་ལ་སོགས་པ་རྣམས་ཀྱི་འོད་ཟེར་དང་
སྙིང་གའི་རྡོ་རྗེ་དང་ཧཱུཾ་གི་འོད་ཟེར་གྱིས་ཀྱང་ཕྱོགས་རྣམས་སུ་སྤྲོས་པས་རེག་པ་ཙམ་གྱིས་བཅོམ་ལྡན་འདས་ཀྱི་སྐུར་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སེམས་ལས་བྱུང་བ་དབུགས་འཇུག་པའི་དུས་སུ་ཡི་གེ་ཧཱུཾ་ལ་ལེགས་པར་བཅུག་ལ་སེམས་གནས་པར་བྱ་བའི་དོན་དུ་མནན་པར་
བྱ་བའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་རིན་པོ་ཆེ་སྣ་ཚོགས་པ་རྣམས་ཀྱང་ཀླུ་དང་ནེའུ་ལེ་དང་ནོར་སྦྱིན་རྣམས་ཀྱི་ཁར་ལེགས་པར་གཞུག་པར་བྱ་བའོ། །ཡང་རླུང་ཕྱིར་རྒྱུ་བ་ན་ནི་ཀླུ་ལ་སོགས་པ་རྣམས་ཀྱིས་མིད་པའི་རིན་པོ་ཆེ་རྣམས་མདུན་གྱི་གཡོན་དུ་བསྒོམ་པར་བྱའོ། །

དེ་ལྟར་ཡང་དང་ཡང་དུ་ཀུན་དུ་སྤྲོ་བ་དང་ལེགས་པར་བསྡུ་བ་ལ་སོགས་པ་ཡང་བྱའོ། །སྐྱོ་ན་དེའི་རྗེས་ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་སྟེ། བཀོད་པའི་ཡི་གེ་
བཅུ་པོའི་སྔགས་ཀྱང་རུང་ངོ་། །ཆུ་སྦྱིན་པའི་དུས་སུ་ནི་ལག་པ་གཡས་པའི་ཁ་བཀན་པའི་དབུས་སུ་ཡི་གེ་བཾ་གྱི་འོད་ཟེར་གྱིས་ལག་པ་བུམ་པ་བཟང་པོ་བཞིན་དུ་བྱས་ཤིང་ལག་མགུལ་དུ་ནི་ཡི་གེ་ཨོཾ་གྱི་འོད་ཀྱིས་ལག་གདུབ་ཀྱི་རྣམ་པ་དང་ལྡན་པར་ཏེ། བཾ་གྱི་དབུས་སུ་ནི་ཛཾ་ངོ་། །མཛུབ་
མོ་དང་གུང་མོ་དང་སྲིན་ལག་དང་མཐེའུ་ཆུང་དང་མཐེ་བོང་རྣམས་ཀྱི་རྩེ་མོ་ལ་ནི་ཛམྦྷ་ལ་ཛ་ལེནྡྲའི་ཡི་གེ་རྣམས་རིམ་པ་བཞིན་ནོ། །ཨོཾ་དང་བཾ་གཉིས་ཀྱི་བར་དུ་ནི་ཡའོ། །ཡི་གེ་ཨའི་གཡས་དང་གཡོན་གྱི་གློ་གཉིས་ལ་ནི་ཡི་གེ་སྭཱ་དང་ཧཱའོ། །ཡི་གེ་ལ་སོགས་པ་དེ་དག་རྣམས་ནི་རང་རང་གི་
གནས་ཀྱི་སྦུབས་ན་ཟླ་བ་ལ་གནས་པ་སྟེ། ཁ་དོག་སེར་པོ་དང་འོད་སེར་པོ་ཅན་དུ་བསྒོམས་ལ་ཆུ་དང་བཅས་པ་མེ་ཏོག་གི་སྙིང་པོ་ཅན་གྱི་ལག་པ་ཁ་དང་ཐག་ཉེ་བར་བྱས་ཏེ། ཨོཾ་ཨིནྡྲ་ནི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་བདུན་དུ་མངོན་པར་བསྔགས་སོ། །དེའི་རྗེས་
ཐོགས་ལ་ལག་པ་བརྐྱང་བས་སྦྱིན་པར་གྱུར་པ་ན་ཆུ་རང་གི་ཁ་ནས་ཞུགས་པར་གྱུར་ཏེ་ཡི་གེ་ཛཾ་གྱི་འོད་ཟེར་དང་སྙིང་ག་ན་གནས་པའི་ཛ་དང་རྡོ་རྗེ་དང་ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་ཀྱང་བྱས་པས་རྡོ་རྗེ་ཁ་དོག་སེར་པོའི་ཁ་ནས་ངེས་པར་བྱུང་སྟེ། ལག་པ་ནས་བབ་པས་སྐད་ཅིག་གིས་མདུན་དུ་
བསྒོམས་ནས་མདུན་གྱིས་ཕྱོགས་པ་དེའི་འམ། བཅོམ་ལྡན་འདས་འདིའི་སྐུ་གཟུགས་ཀྱང་རུང་སྟེ། ཞལ་གྱི་སྒོ་ཨོཾ་ཛླུཾ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་ལན་བརྒྱ་རྩ་བརྒྱད་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཞེས་བྱ་བ་ལ་སོགས་པས་ཀྱང་ལན་བདུན་དུ་སྦྱིན་པར་བྱའོ། །ཡང་ན་མོ་
རཏྣ་ཞེས་བྱ་བ་ལ་སོགས་པ་ལན་ཅིག་བརྗོད་པས་བུ་རམ་དང་བསྲེས་པའི་སྐྱ་ཁུར་རམ་འབྲུ་ལ་སོགས་པའི་གཏོར་མ་བཅོམ་ལྡན་འདས་ལ་དབུལ་བར་བྱ་བའོ། །དེ་དག་དེ་ལྟར་ནུས་པ་ཇི་ལྟ་བ་བཞིན་དུ་ཐུན་གསུམ་མམ་ཐུན་གཅིག་ལ་རྗེས་སུ་བསྒྲུབ་པར་བྱ་ཞིང་། བསྟོད་པ་དང་སྨོན་

ལམ་ཡང་གདབ་པར་བྱའོ། །དེའི་རྗེས་ལ་བསྒོམས་པའི་བཅོམ་ལྡན་འདས་ཨོཾ་བཛྲ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལོ། །གཞན་ཡང་སྨིན་དྲུག་དང་རྟ་དང་ས་ག་དང་ཆུ་སྟོད་རྣམས་སམ། ཉ་གཞན་གང་ཡང་རུང་བ་འམ། དགེ་བའི་ཉི་མ་གཞན་དག་ལ་ཡང་རུང་སྟེ། རྡོ་བ་རངས་པར་སྐད་
ཅིག་གིས་བཅོམ་ལྡན་འདས་ཀྱི་སྐུར་བསྐྱེད་པར་བྱ་ཞིང་ལེགས་པར་ཡང་མཆོད་ལ། བཟོ་བོ་བསྙེན་གནས་བླངས་པར་གྱུར་པས་ཉི་མ་གཅིག་གཉིས་ལ་སྐུ་བཞེངས་སུ་གསོལ་བར་བྱ་སྟེ་དཔའ་བོ་ཉོ་བ་ནི་མ་ཡིན་པས་སོ་བྱས་ལ་ཡང་བདག་ཉིད་བཞིན་དུ་བཅོམ་ལྡན་འདས་ཀྱི་སྐུ་རིམ་པ་ཇི་ལྟ་བ་
བཞིན་དུ་ཡི་གེ་དགོད་པ་དང་བཅས་པ་རྣམ་པར་བསྒོམ་ལ། ཆུ་སྦྱིན་པ་ལ་སོགས་པས་མཉེས་པར་བྱ་བའོ་ཞེས་བྱ་བ་འདི་ནི་གདམས་ངག་གོ། །དེའི་ཚེ་ན་ནི་གཤེགས་སུ་གསོལ་བར་མི་བྱ་སྟེ། སྐུ་གཟུགས་ཀྱི་སྐུའི་བཅོམ་ལྡན་འདས་ནི་གང་གི་ཕྱིར་རྟག་ཏུ་གནས་པ་ཡིན་པས་བསྙེན་
བཀུར་བར་བྱ་བ་ཡིན་ནོ་ཞེས་བྱ་བའོ། །པཎྜི་ཏ་ཨ་བྷ་ཡ་ཀ་ར་གུཔྟས་མཛེས་པར་སྦྱར་བའི་ཛམྦྷ་ལ་ཚོན་པོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་མཁས་པ་དེ་ཉིད་དང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛམྦྷ་ལ་
སཱ་དྷ་ནཾ། བོད་སྐད་དུ། ཛམྦྷ་ལའི་སྒྲུབ་ཐབས། ཛམྦྷ་ལ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་བསམས་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཟླ་བ་ལ་ཡི་གེ་ཛཾ་ལས་བྱུང་བའི་བཅོམ་ལྡན་འདས་ཛམྦྷ་ལ་བསྒོམ་པར་བྱ་སྟེ། སྐུ་མདོག་གསེར་
ལྟར་འབར་བ། གསུས་པ་འཇོལ་བ། རྒྱན་རྣམས་ཐམས་ཅད་དང་ལྡན་པ། གཡོན་པ་དང་གཡས་པའི་ཕྱག་དག་ན་ནེའུ་ལེ་དང་ས་བོན་གྱི་ཐུམ་པོ་བསྣམས་པ། རིན་ཆེན་འབྱུང་ལྡན་དབུ་རྒྱན་ལ་བཞུགས་པ། ཨུཏྤ་ལའི་ཕྲེང་བས་བརྒྱན་པའོ། །ཤར་ལ་སོགས་པའི་འདབ་
མ་རྣམས་ལ་ནི་ནོར་བུ་བཟང་པོ་དང་གང་བ་བཟང་པོ་དང་ནོར་སྦྱིན་དང་རྣམ་ཐོས་རྣམས་སོ། །མེ་ལ་སོགས་པའི་འདབ་མ་རྣམས་ལ་ནི་བཞད་གད་ཀྱི་ཕྲེང་བ་ཅན་དང་། རྣམ་པར་བཀྲ་བའི་རྣ་གདུབ་ཅན་དང་ཁའི་དབང་དང་དབང་པོའི་མཆོག་རྣམས་སོ། །དེ་བཞིན་དུ་ཇི་སྐད་བཤད་

པའི་རིམ་པས་དེ་དག་རྣམས་ཉིད་ལ་ནོར་རྒྱུན་མ་དང་ཟླ་བ་དགའ་མ་དང་། སྦྱིན་མ་དང་ལེགས་པར་སྦྱིན་མ་དང་། འཕགས་མ་དང་རབ་ཏུ་བཟང་མོ་དང་སྦེད་མ་དང་ལྷ་མོ་དང་དབྱངས་ཅན་མ་ཞེས་བྱ་བའི་གནོད་སྦྱིན་མ་དེ་དག་རྣམས་བསམ་པར་བྱ་བའོ། །ནོར་རྒྱུན་མ་ནི་ཛམྦྷ་ལ་དང་བཅས་
པ་ཡིན་ལ་གནོད་སྦྱིན་མ་རྣམས་ནི་ནོར་རྒྱུན་མ་བཞིན་ནོ། །གནོད་སྦྱིན་རྣམས་ནི་ཛམྦྷ་ལ་བཞིན་ནོ། །དེ་ལྟར་བསྒོམས་ལ་གསང་སྔགས་བཟླས་པར་བྱ་བའོ། །དེ་ལ་གནོད་སྦྱིན་རྣམས་ཀྱི་སྔགས་ནི་ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཨོཾ་པཱུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་དྷ་ན་དཱ་ཡ་
སྭཱ་ཧཱ། ཨོཾ་བཻ་ཤྲཱ་མ་ཎཱ་ཡ་སྭཱ་ཧཱ། ཨོཾ་ཀི་ལི་མཱ་ལི་ནེ་སྭཱ་ཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནེ་སྭཱ་ཧཱ། ཨོཾ་མུ་ཁེནྡྲཱ་ཡ་སྭཱ་ཧཱ། ཨོཾ་བ་རེནྡྲཱ་ཡ་སྭཱ་ཧཱ། དེ་ནས་གནོད་སྦྱིན་མོ་རྣམས་ཀྱི་སྔགས་ནི། ཨོཾ་བ་སུ་དྷཱ་རི་ཎི་སྭཱ་ཧཱ། ཨོཾ་ཙནྡྲ་ཀཱཾ་ཏྱཻ་སྭཱ་ཧཱ། ཨོཾ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་སུ་དཏྟ་ཡཻ་སྭཱ་ཧཱ། ཨོཾ་ཨཱརྱ་ཡཻ་སྭཱ་ཧཱ།
ཨོཾ་སུ་བྷ་དྲ་ཡཻ་སྭཱ་ཧཱ། ཨོཾ་གུཔྟ་ཡཻ་སྭཱ་ཧཱ། ཨོཾ་དེ་བི་ཡཻ་སྭཱ་ཧཱ། ཨོཾ་ས་ར་སྭཱ་ཏྱཻ་སྭཱ་ཧཱ། དེ་ལྟར་ཐུན་ཚད་གསུམ་དུ་བསྒོམ་ཞིང་བཟླས་པ་བྱ་སྟེ། ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་ལེགས་པར་ཕུལ་པས་ཁམས་གསུམ་གྱི་རྒྱལ་སྲིད་གནང་བར་འགྱུར་རོ། །ནང་པར་སྔ་མོ་བྱ་རོག་མི་གྲག་པའི་
དུས་སུ་ཆུའི་ནང་དུ་བཟླས་པས་ན་ཟད་པ་མེད་པའི་ནོར་རྣམས་ཕུན་སུམ་ཚོགས་པར་འགྱུར་རོ། །དེ་ནས་གསེར་ལ་སོགས་པའི་གཞོང་པར་ནོར་རྒྱུན་མ་གནོད་སྦྱིན་མོ་རྣམས་དང་བཅས་པ་དང་། གཞོང་པ་གཉིས་པར་བཅོམ་ལྡན་འདས་ཛམྦྷ་ལ་དང་གནོད་སྦྱིན་རྣམས་ཀྱིས་ལེགས་པར་བསྐོར་བ་
ཡོངས་སུ་བྲིས་ལ་ཁ་སྦྱོར་དུ་བྱས་ལ་མཉེས་པར་བྱ་སྟེ། དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་བར་འགྱུར་རོ་ཞེས་བྱ་བ་ནི་ཛམྦྷ་ལའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛམྦྷ་ལ་སཱ་དྷ་ནཾ། བོད་
སྐད་དུ། ཛམྦྷ་ལའི་སྒྲུབ་ཐབས། སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་ཟླ་བའི་དཀྱིལ་འཁོར་ཅུང་ཟད་དམར་བ། གྲུ་གསུམ་དང་པདྨ་འདབ་མ་བརྒྱད་པའི་རྫིང་བུའོ། །དེའི་དབུས་སུ་ཡི་གེ་བཾ་ལས་ནོར་རྒྱུན་མ་སྟེ་ཁ་དོག་སེར་མོ་འབྲས་ཀྱི་གྲུངས་པའི་སྙེ་མ་མཛེས་པ་བསྣམས་པ་དང་།

ཕྱག་གིས་མཆོག་སྦྱིན་པར་མཛད་པ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཅིང་གནོད་སྦྱིན་མོ་བརྒྱད་ཀྱིས་ཡོངས་སུ་སྐོར་བ་ལ་འདི་ལྟ་སྟེ། བཟང་མོ་དང་ཤིན་ཏུ་བཟང་མོ་དང་། དགའ་མ་དང་ཤིན་ཏུ་དགའ་མ་དང་། སྦེད་མ་དང་དབྱངས་ཅན་མ་དང་འཕགས་མ་དང་ཟླ་བ་དགའ་མ་རྣམས་སོ། །
དེ་དག་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ་ཡི་གེ་ཛ་ལས་བྱུང་བའི་ཛམྦྷ་ལ་ནོར་རྒྱུན་མ་ལ་འཁྱུད་པས་ལེགས་པར་ཁ་སྦྱོར་བའི་བྱང་ཆུབ་ཀྱི་སེམས་ལས་ངེས་པར་བྱུང་བའི་རིན་པོ་ཆེ་ཕྱག་ནས་ཡང་དག་པར་འབབ་པ་རབ་ཏུ་གསལ་བར་བསྒོམ་པར་བྱ་བའོ། །
འབབ་པའི་དུས་སུ་ནི་བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་སུ་ནི་ནོར་བུ་བཟང་པོ་ཁ་དོག་མཐིང་ནག་གོ། །ལྷོ་ཕྱོགས་སུ་ནི་གང་བ་བཟང་པོ་ཁ་དོག་སེར་པོའོ། །ནུབ་ཕྱོགས་སུ་ནི་རྣམ་ཐོས་དམར་པོའོ། །བྱང་ཕྱོགས་སུ་ནི་ནོར་སྦྱིན་དམར་པོའོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་
མཚམས་རྣམས་ལ་ནི་གང་བ་དང་ལེགས་པར་གང་བ་ནི་མཐིང་ནག་གོ། །གཞད་གད་ཀྱི་ཕྲེང་བ་ཅན་དང་། གཞད་གད་ཀྱི་ཕྲེང་བ་ཅན་ཆེན་པོ་ནི་སེར་པོའོ། །ཁའི་དབང་ཕྱུག་ནི་དམར་བའོ། །དབང་པོའི་མཆོག་ནི་ལྗང་གུའོ། །གསེར་མདོག་ཟངས་ཀྱི་དབུ་རྒྱན་རྩེ་ལྔ་པ་དང་ལྡན་པ་དང་
གཡས་པ་ན་ས་བོན་གྱི་ཐུམ་པོ་སྟེ། ཕྱག་གཡོན་པས་རིན་པོ་ཆེའི་ཆར་འབེབས་པའི་ནེའུ་ལེ་བསྣམས་པ། དེ་བཞིན་གཤེགས་པ་ལྔ་སྤྲོ་བར་མཛད་པ་པདྨ་དང་དུང་ནི་མགོ་བོའི་གཏེར་ཆེན་པོ་ལས་རང་གི་ཁྱིམ་གྱི་རྐང་པའི་ཐེན་ཀོར་དུ་རིན་པོ་ཆེ་ལ་སོགས་པའི་ཆར་འབེབས་པར་བསམ་
པར་བྱ་བའོ། །མགོན་པོ་ཛམྦྷ་ལ་ནི་སྐུ་མདོག་སེར་པོ་ཨུཏྤ་ལ་སྔོན་པོའི་ཕྲེང་བ་དང་ལྡན་པའོ། །དེ་དག་རྣམས་ཐམས་ཅད་ཀྱང་གནོད་སྦྱིན་མོ་བརྒྱད་ཀྱི་བྷ་གའི་དབུས་ན་གནས་པ་དང་། རིན་པོ་ཆེའི་ཆར་འབེབས་པར་མཛད་པ་ཛམྦྷ་ལ་དང་འདྲ་བར་བསྒོམ་པར་བྱ་བའོ། །ཤར་གྱི་
སྒོར་ནི་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ་དག་གོ། །ལྷོའི་སྒོར་ནི་གནོད་སྦྱིན་དང་གནོད་སྦྱིན་ཆེན་པོ་དག་གོ། །ནུབ་ཀྱི་སྒོར་ནི་བཞད་གད་པ་དང་བཞད་གད་ཆེན་པོ་དག་གོ། །བྱང་གི་སྒོར་ནི་གང་བ་དང་ལེགས་པར་གང་བ་དག་གོ། །དེ་དག་རྣམས་ནི་གཅེར་བུ་སྦ་བ་འཕྱང་བ་གསུས་པ་འཇོལ་

བ། རིན་པོ་ཆེའི་ཆར་རབ་ཏུ་འབེབས་པར་བྱེད་པའོ། །དེ་ནས་སྤྱི་བོར་ནི་ནོར་བུ་བཟང་པོ། །མིག་གཉིས་ལ་ནི་རྣམ་ཐོས་སོ། །ཁ་ལ་ནི་ཁའི་དབང་ཕྱུག་གོ། །ནུ་མ་གཉིས་ཀྱི་བར་དུ་ནི་གང་བ་བཟང་པོ། །ལྟེ་བར་ནི་ནོར་སྦྱིན་ནོ། །པུས་མོ་གཉིས་ལ་ནི་བཞད་གད་ཀྱི་
ཕྲེང་བ་ཅན་དག་གོ། །རྣམ་པར་བཀྲ་བའི་རྣ་གདུབ་ཅན་དག་ནི་རྐང་པ་གཉིས་ལ་སྟེ་འདི་ནི་ལྷ་དགོད་པའོ། །ཡི་གེ་དགོད་པ་ཡང་སྤྱི་བོར་ནི་ཨོཾ་མོ། །དཔྲལ་བར་ནི་ཛླུཾ་ངོ་། །རྣ་བ་གཉིས་ལ་ནི་ཙླུཾ་ངོ་། །མགོ་བོའི་སྟེང་དུ་ནི་ཧཱའོ། །ལག་མགུལ་དུ་ནི་ཛླུཾ་ངོ་། །ལག་པའི་མཐིལ་དུ་ནི་པླུཾ་ངོ་། །
སོར་མོ་ཐམས་ཅད་ཀྱི་རྩེ་མོ་དང་། སོར་མོ་རྣམས་ལ་ནི་ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱའོ། །ཨོཾ་ཛླུཾ་ཙླུཾ་སྭཱ་ཧཱ། ཞེས་བྱ་བ་ནི་ཆུའི་སྔགས་སོ། །དེ་བཞིན་དུ་མཛུབ་མོ་ལ་ནི་ནོར་བུ་བཟང་པོའོ། །གུང་མོ་ལ་གང་བ་བཟང་པོའོ། །སྲིན་ལག་ལ་ནི་ནོར་སྦྱིན་ནོ། །མཐེའུ་ཆུང་ལ་ནི་རྣམ་
ཐོས་སོ། །རྣམ་པར་བཀྲ་བའི་རྣ་གདུབ་ཅན་ནི་མཐེ་བོང་ལའོ། །ལག་མགུལ་དུ་ནི་བཞད་གད་ཀྱི་ཕྲེང་བ་ཅན་ནོ། །ཡི་གེའི་བཀོད་པ་དེ་དག་རྣམས་ལག་པ་ལ་བྱས་པ་རྡོ་རྗེའི་ཆུ་ལ་སོགས་པ་བདུད་རྩི་ལྔའམ། དེ་དག་མེད་ན་རྡོ་རྗེའི་ཆུས་ཀྱང་སྟེ། ཆུ་དང་བསྲེས་ལ་ཁྱོར་བས་འཐུངས་
ལ་ལག་པས་སྦྱིན་པར་བྱ་སྟེ། ནང་པར་སྔ་མོར་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པར་བྱ་བའོ། །ཐུན་ཚོད་གསུམ་དུ་བྱས་པས་ནི་དུས་རིང་པོ་མི་ཐོགས་པར་འགྲུབ་པར་འགྱུར་རོ། །ཨོཾ་ཛླུཾ་ཙླུཾ་སླུཾ་སཾ་ཞེས་བརྗོད་ལ་ཆུ་ཁྱོར་བས་དབུལ་བར་བྱ་བའོ། །དེ་ལྟར་བྱས་ཀྱང་གལ་ཏེ་གྲུབ་པར་
མ་གྱུར་ན་དེའི་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུར་བསྒོམས་ལ། ཛམྦྷ་ལའི་སྐུ་གཟུགས་དུག་དང་སྐྱེ་ཚེ་དང་ཚྭ་དང་ཐང་ཕྲོམ་གྱི་འདབ་མའི་ཁུ་བ་དང་དུར་ཁྲོད་ཀྱི་སོལ་བས་བྱུགས་ཏེ་ཁྲོས་པར་གྱུར་པས་དུར་ཁྲོད་ཀྱི་མེ་ལ་འདེ་པར་བྱ་སྟེ། །ངེས་པར་འགྲུབ་པར་བྱའོ། །ཛམྦྷ་
ལའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཛམྦྷ་ལའི་སྒྲུབ་ཐབས། སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་ཉི་མ་ལ་ཛཾ་སེར་པོ་

ལས་བྱུང་བའི་ཛམྦྷ་ལ་སེར་པོ་ཞལ་གསུམ་ཕྱག་དྲུག་པ། མི་བསྐྱོད་པ་དང་རལ་པ་དང་ཅོད་པན་དང་ལྡན་པ་སྟེ། གཡས་པའི་ཕྱག་གསུམ་གྱིས་ནི་ཤིང་ཐོག་མ་དུ་ལུངྒ་དང་། ལྕགས་ཀྱུ་དང་མདའ་བསྣམས་པའོ། །གཡོན་པའི་ཕྱག་དང་པོ་གཅིག་གིས་ནི་གཡོན་ཟུར་ན་གནས་པའི་ཤེས་
རབ་ལ་འཁྱུད་པ། གཡོན་པའི་ཕྱག་གཞན་གཉིས་ཀྱིས་ནི་ཞགས་པ་དང་བཅས་པའི་ནེའུ་ལེ་དང་། གཞུ་བསྣམས་པར་བདག་ཉིད་ངེས་པར་རྫོགས་པར་བྱས་ལ། མདུན་དུ་ཡང་གཟུགས་དེ་བསམ་གཏན་གྱིས་བཞུགས་སུ་གསོལ་ཞིང་། དེའི་མགོ་ལ་ཡང་རྡོ་རྗེ་འཛིན་པ་ཆེན་པོ་བསྒོམས་ཏེ།
དེ་ཞུ་བས་དབང་བསྐུར་བར་གྱུར་པ་དང་། རྡོ་རྗེའི་ཆུ་ལན་བརྒྱ་རྩ་བརྒྱད་ཁྱོར་བས་བླུགས་པར་བྱ་བའོ། །འདི་ནི་མན་ངག་གི་ཁྱད་པར་གཞན་གྱིས་ཛམྦྷ་ལའི་སྒྲུབ་ཐབས་ཡིན་ཏེ། སྔགས་འདི་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཛམྦྷ་ལའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྙིང་གའི་ཟླ་བའི་དབུས་སུ་ས་བོན་གསུམ་པའི་གསུམ་པ་ཁ་དོག་སེར་པོ་སྟོང་པའི་ལྷས་མནན་པར་གྱུར་པ་ཟླ་བ་ཚེས་པས་མགོ་བོ་བརྒྱན་པའོ། །དེ་དག་
ཉིད་ལས་གྲུབ་པའི་ཛམྦྷ་ལ་སྐུ་མདོག་སེར་པོ་ཕྱག་གཉིས་པ། ཕྱག་གཡས་པས་ས་བོན་གྱི་སྙིང་པོ་སྟེ། ཕྱག་གཡོན་པས་ནི་རིན་པོ་ཆེའི་ཆར་རབ་ཏུ་འབེབས་པར་གྱུར་པའི་ནེའུ་ལེ་བསྣམས་པ། དབུ་རྒྱན་ལ་སངས་རྒྱས་ལྔ་དང་ལྡན་པ། ཞབས་གཉིས་ཀྱིས་དུང་གི་ཁ་རྒྱན་དང་ལྡན་པ་དང་། པདྨའི་
ཁ་རྒྱན་དང་ལྡན་པའི་གཏེར་ཆེན་པོ་ཀུན་ནས་མནན་པ། ཨུཏྤལ་སྔོན་པོའི་ཕྲེང་བས་བརྒྱན་པ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པར་གྱུར་པའི་ཛམྦྷ་ལའི་སྐུར་བདག་ཉིད་བསྒོམ་པར་བྱའོ། །རིན་པོ་ཆེ་སྣ་ཚོགས་ལ་སོགས་པའི་ཆར་རབ་ཏུ་འབབ་པར་བྱེད་པས་རང་གི་ཁྱིམ་དུ་ཡང་ལེགས་པར་
འཇུག་པར་བདག་ཉིད་ཀྱིས་བསམ་པར་བྱ་བའོ། །དེ་ནས་ནི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཀྱིས་ཁུ་ཚུར་བཅངས་ལ་གུང་མོའི་ཚིགས་གསུམ་པ་དགུག་པར་བྱ་བའོ། །འདི་ནི་ཛམྦྷ་ལའི་ཕྱག་རྒྱའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། སྔགས་འདིས་རྗེ་བཙུན་ལ་ཆུ་ཁྱོར་བ་བརྒྱ་རྩ་

བརྒྱད་དབུལ་བར་བྱ་བའོ། །ཕྱི་ནས་ནི་མཆོད་པ་བྱས་ལ་སྔགས་བཟླས་པར་བྱ་བའོ། །དེ་ནས་ནི་གྲུབ་ནས་ནོར་གྱི་བདག་པོ་ཆེན་པོར་འགྱུར་བ་ལ་ཐེ་ཚོམ་མེད་དོ།། །།དཔལ་ཛམྦྷ་ལའི་སྒྲུབ་ཐབས་མདོར་བསྡུས་པ་དཱ་ཆེན་པོ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་
གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། མདོར་བསྡུས་པའི་ཛམྦྷ་ལའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྙིང་གའི་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའི་ཡི་གེ་ཛཾ་སེར་པོ་ལས་གྱུར་པར་སྤྲོས་པའི་འོད་ཟེར་གྱིས་སངས་
རྒྱས་ལ་སོགས་པ་རྣམས་ལེགས་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། དུས་ཕྱིས་སྟོང་པ་ཉིད་མངོན་དུ་བྱས་ལ། གནས་དེ་ཉིད་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་ཛཾ་ལས་བྱུང་བའི་ཤིང་ཐོག་ས་བོན་གྱི་ཐུམ་པོ་སྟེ་ས་བོན་གྱི་སྙིང་པོ་དང་ལྡན་པའོ། །དེ་དག་གི་འོད་ཟེར་གྱིས་སེམས་
ཅན་གྱི་དོན་རྣམ་པ་དུ་མ་རྣམས་བྱས་ནས། དེ་དག་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་འཚེར་བའི་གསེར་གྱི་མདོག་ལྟ་བུ་སྟེ། སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་ཅན། །ཞལ་གཅིག་ཕྱག་གཉིས་པ། ལྷ་རྫས་ཀྱི་གོས་དང་རྒྱན་དང་ལྡན་པ། ཕྱག་གཡས་པས་ས་བོན་གྱི་རྡོག་མ་བསྣམས་ཤིང་།
གཡོན་པས་ནི་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུག་པའི་ནེའུ་ལེའོ། །ཨུཏྤ་ལ་སྔོན་པོའི་ཕྲེང་བ་དང་ལྡན་པ། རིན་པོ་ཆེའི་སྙེ་མ་གྲུངས་པ་མཛེས་པ་ཕྱོགས་གཉིས་ཀ་ན་ལེགས་པར་གནས་པ་ལས་ནི་ཕྱོགས་གཉིས་ཀར་ཆར་འབབ་པར་གྱུར་པ། རིན་པོ་ཆེའི་སྙེ་མ་མཛེས་པ་དང་བུམ་པ་དུ་མ་འོད་ཟེར་
ཀུན་ནས་འབར་བས་དཀྲིགས་པ་ཞབས་ཀྱི་འོག་ན་གནས་པར་གྱུར་པར་བདག་ཉིད་ལ་སོ་སོར་རྣམ་པར་བསམ་པར་བྱ་བའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། བྱ་བའི་སྔགས་འདི་བཟླས་པར་བྱ་བ་ཡིན་ནོ། །ལག་པ་གཉིས་ཀྱི་ཁུ་ཚུར་བཅིངས་ལ་གུང་མོ་ཚིགས་གསུམ་པ་བཀུག་པར་གྱུར་
པའི་ཕྱག་རྒྱས་སྙིང་ག་དང་། མགུལ་པ་དང་། སྨིན་མཚམས་དང་། སྤྱི་བོ་རྣམས་སུ་གཏུག་པར་བྱ་བའོ། །ནང་པར་སྔ་མོར་དེ་ལྟར་སྐད་ཅིག་གིས་བསྒོམས་ལ་སྙིམ་པའི་ཚད་ཀྱིས་ཆུ་ལན་བརྒྱ་རྩ་བརྒྱད་དབུལ་བར་བྱ་བའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ནཾ་མེ་དེ་ཧི་སྭཱ་ཧཱ། མདོར་བསྡུས་

པའི་ཛམྦྷ་ལའི་སྒྲུབ་ཐབས་སོ།། །།དཱ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཛམྦྷ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཛམྦྷ་ལའི་སྒྲུབ་ཐབས། ལྷག་མ་མ་ལུས་པའི་ཕུན་སུམ་ཚོགས་པ་སྦྱིན་པར་མཛད་པའི་དཔལ་ཛམྦྷ་
ལ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་དངོས་པོ་རྣམས་ཐམས་ཅད་དང་རང་ཉིད་ཀྱི་ལུས་ཀྱང་སྟོང་པ་ཉིད་དུ་རྣམ་པར་བསྒོམས་ལ། དེའི་རྗེས་ཐོགས་སུ་ཐབས་དང་ཤེས་རབ་ཀྱི་རང་བཞིན་དུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་ཅུང་ཟད་དམར་བ་སྟེ་དེ་ཁོ་ན་ཉིད་གནོད་སྦྱིན་གྱི་ཤིང་རྟ་གྲུ་གསུམ་ཡིན་ཞིང་པདྨ་
འདབ་མ་བརྒྱད་པའི་རྫིང་བུའོ། །དེའི་དབུས་སུ་ཡི་གེ་བཾ་ལས་ནོར་རྒྱུན་མ་སྟེ། ཁ་དོག་སེར་མོ་འབྲས་ཀྱི་སྙེ་མ་མཛེས་པའི་གྲུངས་པ་ཕྱག་ན་བསྣམས་པ་དང་མཆོག་སྦྱིན་པར་མཛད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་གནོད་སྦྱིན་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བ་ལ་འདི་ལྟ་སྟེ། བཟང་མོ་དང་།
ཤིན་ཏུ་བཟང་མོ་དང་། སྦེད་མ་དང་། ལེགས་པར་སྦེད་མ་དང་། ལྷ་མོ་དང་། དབྱངས་ཅན་མ་དང་། འཕགས་མ་དང་། ཟླ་བ་དགའ་མ་རྣམས་ཀྱིས་ཏེ། དེ་དག་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ལྷ་མོ་ཡིན་ནོ། །དེའི་བྷ་གའི་དབུས་སུ་ཡི་གེ་ཛཾ་ལས་བདག་ཉིད་དཔལ་མགོན་པོ་ཛམྦྷ་ལ་སྟེ།
སྐུ་མདོག་སེར་པོ་ཨུཏྤ་ལ་སྔོན་པོའི་ཕྲེང་བས་བརྒྱན་པ། དབུ་རྒྱན་ལ་སངས་རྒྱས་ལྔ་བཞུགས་པ། ཕྱག་གཡས་པས་ས་བོན་གྱི་ཤིང་ཐོག་གཡོན་པས་ནེའུ་ལེ་བསྣམས་པ། དེ་བཞིན་གཤེགས་པ་ལྔས་ཀྱང་རིན་པོ་ཆེ་ལ་སོགས་པའི་ཆར་རབ་ཏུ་འབེབས་པར་མཛད་པ་དང་། ཞབས་གཉིས་
ཀྱིས་དུང་གི་ཁ་རྒྱན་ཅན་དང་པདྨའི་ཁ་རྒྱན་ཅན་གྱི་གཏེར་ཆེན་པོ་ལས་ཀྱང་རིན་པོ་ཆེ་ལ་སོགས་པའི་ཆར་རབ་ཏུ་འབབ་པར་འགྱུར་བར་རང་གི་ཁྱིམ་གྱི་ས་ཕྱོགས་སུ་ལེགས་པར་བསམ་པར་བྱ་བའོ། །ནོར་རྒྱུན་མ་དང་འཁྲིལ་བའི་བྱང་ཆུབ་ཀྱི་སེམས་རྣམ་པར་འཐོར་བ་ལས་ཡང་དག་པར་བྱུང་བའི་རིན་པོ་
ཆེའི་ཕུང་པོས་ནམ་མཁའ་མ་ལུས་པ་ཁྱབ་པར་གྱུར་པར་རྣམ་པར་བསྒོམ་པར་བྱ་བའོ། །མགྲིན་པའི་དུས་ན་ནི་གང་བ་བཟང་པོ་ཁ་དོག་མཐིང་ནག་ཤར་གྱི་ཕྱོགས་སུའོ། །རྣམ་ཐོས་ཁ་དོག་སེར་པོ་ནི་ལྷོ་ཕྱོགས་སུའོ། །ནོར་སྦྱིན་ཁ་དོག་དམར་པོ་ནི་ནུབ་ཕྱོགས་སུའོ། །ནོར་བུ་བཟང་པོ་

ཁ་དོག་སེར་པོ་ནི་བྱང་ཕྱོགས་སུའོ། །མེ་མཚམས་སུ་རྣམ་པར་བཀྲ་བའི་རྣ་གདུབ་ཅན་ཁ་དོག་དམར་པོའོ། །བདེན་བྲལ་དུ་ནི་ཕྲེང་བ་ཅན་མཐིང་ནག་གོ། །རླུང་དུ་ནི་དབང་པོའི་མཆོག་ཁ་དོག་སེར་པོའོ། །དབང་ལྡན་དུ་ནི་ཁའི་དབང་ཕྱུག་སེར་པོའོ། །དེ་དག་རྣམས་ཐམས་ཅད་ཀྱང་
གནོད་སྦྱིན་མོའི་བྷ་ག་ལ་གནས་པ་སྟེ། རིན་པོ་ཆེའི་ཆར་རབ་ཏུ་འབེབས་པར་གྱུར་པས་ཛམྦྷ་ལ་དང་འདྲ་བར་བསྒོམ་པར་བྱ་བ་ཡིན་ནོ། །ཤར་གྱི་སྒོར་ནི་ནོར་སྦྱིན་གཅེར་བུ་སྦ་བ་འཕྱང་བར་གྱུར་པ་རིན་པོ་ཆེའི་ཆར་འབེབས་པར་བྱེད་པའོ། །ལྷོའི་སྒོར་ནི་པདྨ་དང་པདྨ་ཆེན་པོ་གཉིས་སོ། །ནུབ་ཀྱི་སྒོར་ནི་
བཞད་གད་པ་དང་བཞད་གད་ཆེན་པོ་གཉིས་སོ། །བྱང་གི་སྒོར་ནི་གང་བ་དང་ལེགས་པར་གང་བ་གཉིས་ཏེ། དེ་དག་རྣམས་ཀྱང་གཅེར་བུ་སྦ་བ་འཕྱང་བའོ། །མགོན་བོ་ཛམྦྷ་ལ་དང་རྗེས་སུ་མཐུན་པས་སྔགས་ཀྱིས་ཡི་གེ་དགོད་པ་ལ་སོགས་པ་བྱ་སྟེ། ཨོཾ་ནི་མཚོག་མར་རོ། །ཛཾ་ནི་ཁར་རོ། །
བྷ་དང་ལ་ནི་དཔུང་པ་གཉིས་ལའོ། །ཛ་ནི་སྙིང་ལའོ། །ལེན་ནི་ལྟེ་བར་རོ། །དྲཱ་དང་ཡ་ནི་བརླ་གཉིས་ལའོ། །སྭཱ་དང་ཧཱ་ནི་པུས་མོ་གཉིས་ལའོ། །ནོར་བུ་བཟང་པོ་སྤྱི་བོར་གནས། །མིག་གཉིས་ལ་ནི་རྣམ་ཐོས་སོ། །དེ་བཞིན་ཁ་དབང་ཁ་ལེགས་གནས། །ནུ་མའི་བར་དུ་གང་བ་བཟང་། །
གནོད་སྦྱིན་ནོར་སྦྱིན་ལྟེ་བར་རོ། །བཞད་གད་ཕྲེང་ལྡན་བརླ་གཉིས་ལ། །རྣམ་བཀྲ་རྣ་གདུབ་རྐང་གཉིས་ལ། །དབང་མཆོག་ཡན་ལག་ཀུན་ལ་དགོད། །མགོན་པོ་ཛམྦྷ་ལ་རང་གི་བདག་ཉིད་ཁོ་ན་བསྒོམ་པའི་ཡི་གེ་བཟང་པོ་རྣམས་དགོད་པ་ནི་ཨོཾ་ནི་སྤྱི་བོར་རོ། །ཛླུཾ་ནི་དཔྲལ་བར་རོ། །ཙླུཾ་རྣ་བ་
གཉིས་ལའོ། །ས་མགོ་བོའི་ལྟག་པར་དགོད་པར་བྱ་བའོ། །ལྷ་དང་ཡི་གེ་རྣམས་ཀྱི་ལག་པའི་ཡང་དབང་པོ་རྣམས་ལ་བཤད་པར་བྱ་སྟེ། །ཨོཾ་ནི་ལག་མགུལ་དུའོ། །ཛླུཾ་ནི་ལག་པའི་མཐིལ་དུའོ། །ཙླུཾ་ནི་སོར་མོ་ཐམས་ཅད་ཀྱི་རྩེ་མོ་ལའོ། །སཾ་ནི་སོར་མོ་ཐམས་ཅད་ཀྱི་རྩ་བ་
ལའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སྭཱ་ཧཱ། ཞེས་བྱ་བ་འདི་རབ་ཏུ་གནས་པར་བྱ་བའོ། །མཛུབ་མོ་ལ་ནི་ནོར་བུ་བཟང་པོའོ། །གང་བ་བཟང་པོ་ནི་གུང་མོ་ལའོ། །སྲིན་ལག་ལ་ནི་ནོར་སྦྱིན་ནོ། །མཐེའུ་ཆུང་ལ་ནི་རྣམ་ཐོས་ཏེ། དེ་བཞིན་དུ་ཁའི་དབང་ཕྱུག་ནི་ལག་པའི་མཁུར་བ་ལའོ། །

མཁྲིག་མགུལ་དུ་བཞད་གད་ཀྱི་ཕྲེང་བ་ཅན་ནོ། །མཐེ་བོང་ལ་ནི་རྣམ་པར་བཀྲ་བའི་རྣ་གདུབ་ཅན་ནོ། །མཐེ་བོང་དང་མཛུབ་མོ་གཉིས་ཀྱི་བར་དུ་ནི་དབང་པོའི་མཆོག་གོ། །ལག་པའི་མཐིལ་དུ་ནི་ཛམྦྷ་ལ་ཛ་ལེནྡྲའོ། །རྡོ་རྗེའི་ཆུ་ལ་སོགས་པའི་བདུད་རྩི་ལྔ་འམ། །དེ་དག་མེད་པར་གྱུར་ན་རྡོ་རྗེའི་ཆུས་
ཀྱང་སྟེ། ཆུ་དང་བསྲེས་ལ་ཁྱོར་བས་འཐུངས་ཏེ། ཐུན་ཚོད་གསུམ་དུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །དུས་མི་རིང་བ་ཉིད་ལ་འདི་ཛམྦྷ་ལ་དང་འདྲ་བར་འགྱུར་ཏེ། ནོར་དང་གསེར་ཕུན་སུམ་ཚོགས་པར་འགྱུར་བ་དང་། ས་གཞི་རྫས་ཀྱི་གང་བར་བྱེད་པར་འགྱུར་རོ། །ཨོཾ་ཛླུཾ་ཙླུཾ་སཿཞེས་
བརྗོད་ལ་ཁྱོར་བས་དབུལ་བར་བྱ་བའོ། །གྲུབ་པར་མ་གྱུར་ན་ནི་བདག་ཉིད་དཔལ་རྡོ་རྗེ་ཧཱུཾ་མཛད་དུ་བསྒོམས་ཏེ། ཛམྦྷ་ལའི་སྐུ་གཟུགས་དུག་དང་སྐྱེ་ཚེ་དང་ཤིང་ནིམ་པའི་འདབ་མ་དང་ཐང་ཕྲོམ་དང་དུར་ཁྲོད་ཀྱི་སོལ་བས་ལེགས་པར་བྱུགས་ལ་བསྲོ་ཞིང་བསྐམ་པར་བྱའོ། །ཕྱི་ནས་ནི་ཁྲོས་པར་གྱུར་
པས་དུར་ཁྲོད་ཀྱི་མེ་ལ་འདེ་བར་བྱ་སྟེ་ངེས་པར་འགྲུབ་པར་འགྱུར་རོ། །དཔལ་ཛམྦྷ་ལའི་སྒྲུབ་ཐབས་རྫོགས་སོ།། །།མཁས་པ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ད་རཱ་ཨུ་པ་དེ་ཤཿ། བོད་སྐད་དུ།
རྒྱུན་གྱི་གདམས་ངག །སྲིན་ལག་གི་རྩེ་མོ་ལ་ཡི་གེ་ཛཾ་སེར་པོ་བསྒོམ་པར་བྱ་ཞིང་རྫའི་གཞོང་བུ་ལ་སོགས་པར་ཛམྦྷ་ལ་བསྒོམས་ལ། ལག་པ་གཞན་གྱིས་ཆུ་རྒྱུན་སྲིན་ལག་གི་རྩ་བར་འབབ་པར་བྱས་པས་དེའི་དབུ་ཉིད་ལ་འབབ་པར་འགྱུར་བར་ཡི་གེ་ཛཾ་བརྒྱ་རྩ་བརྒྱད་བཟླས་པ་དང་ལྡན་པས་
ལེགས་པར་བསམ་པར་བྱ་བའོ། །ཛམྦྷ་ལའི་རྒྱུན་འབབ་པའི་གདམས་ངག་གོ། །ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛམྦྷ་ལ་སྱ་ཨུ་པ་དེ་ཤཿ། བོད་སྐད་དུ། ཛམྦྷ་ལའི་གདམས་ངག །ལག་པ་གཡས་
བར་ཟླ་བ་ལ་གནས་པའི་ས་བོན་ཙླུཾ་ལ་སོགས་པ་ལྔ་ཡོངས་སུ་གྱུར་པ་ལས་དེ་བཞིན་གཤེགས་པ་ལྔ་བསྒོམས་ལ། དེ་དག་རྣམས་ཀྱང་ཟླ་བ་དང་ལྷན་ཅིག་ཁུ་བར་བྱས་ཏེ། ཛཾ་ལས་བྱུང་བའི་ཛམྦྷ་ལ་རབ་ཏུ་གྲགས་པ་མདུན་དུ་བསྐྱེད་ལ། སྔར་བརྗོད་པའི་ཁུ་བ་དང་ཆུ་ལྷན་ཅིག་ཏུ་སྲིན་ལག་

བརྐྱང་བའི་ལག་པ་ཁུ་ཚུར་ཕྱེད་དུ་བྱས་པའི་ཁྱོར་བས་དེའི་དབུ་ལ་བརྒྱ་རྩ་བརྒྱད་བླུགས་པར་བྱའོ། །ཕུན་སུམ་ཚོགས་པ་ལྷག་མ་མ་ལུས་པར་འབྱུང་བར་འགྱུར་རོ། །འདི་ནི་ཛམྦྷ་ལའི་གདམས་ངག་གོ། །དཱ་དང་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་
བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ་བི་ཤེ་ཥཿ། བོད་སྐད་དུ། གདམས་ངག་གི་ཁྱད་པར། རྒྱལ་བ་རྣམ་སྣང་ཞེས་གྲགས་དང་། །རིན་ཆེན་འབྱུང་ལྡན་ཉིད་དང་ཡང་། །སྣང་མཛད་དང་ནི་དོན་ཡོད་གྲུབ། །མི་བསྐྱོད་པར་ཡང་རབ་ཏུ་བསྒྲགས། །འདི་
དག་མདོག་ནི་དཀར་དང་སེར། །དམར་དང་ལྗང་གུ་མཐིང་ནག་ཡིན། །བྱང་མཆོག་མཆོག་སྦྱིན་མཉམ་བཞག་དང་། །མི་འཇིགས་ས་གནོན་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ས་བོན་བྷྲཱུཾ་ཨཾ་ཛྲཱྀཾ་ཁཾ་ཧཱུཾ་ངོ་། །དེ་བཞིན་གཤེགས་པ་ལྔའི་གདམས་ངག་གི་ཁྱད་པར་ཨ་བྷ་ཡ་ལས་ཚུལ་ཁྲིམས་
རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བི་ཥེ་ཤ་ཨ་མ་ན་ཡ། བོད་སྐད་དུ། ཁྱད་པར་གདམས་ངག །ལག་གཡས་ཟླ་བ་ལ་གནས་པའི། །ཡི་གེ་ལྔ་ལས་ལེགས་བྱུང་བར། །དེ་བཞིན་གཤེགས་ལྔ་བསྒོམ་བྱས་ལ། །ཁུ་བའི་གཟུགས་སུ་རྣམ་པར་
བསྒོམ། །ཛཾ་ལས་རྨད་བྱུང་ཛ་མྦྷ་ལ། །བསྒོམས་ལ་ཁྱོར་བས་རབ་གུས་པས། །དེ་སྔགས་བཟླས་པས་བརྒྱ་རྩ་བརྒྱད། །ཆུ་ནི་སྦྱིན་པར་བྱ་བ་ཡིན། །ཛམྦྷ་ལའི་ཁྱད་པར་གྱི་གདམས་ངག །དཱ་དང་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་
སྐད་དུ། ཧ་ཡ་གྲཱི་བ་སཱ་དྷ་ནཾ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྣ་ཚོགས་པདྨ་དང་། ཉི་མ་ལ་ཡི་གེ་ཧཾ་དམར་པོའི་ཡེ་ཤེས་ཡོངས་སུ་རྫོགས་པ་ལས་འཕགས་པ་རྟ་མགྲིན་ཏེ། སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་དྲུག་པ། གཡས་པ་དང་ཅིག་ཤོས་
ཀྱི་ཞལ་ནི་མཐིང་ནག་དང་དཀར་པོ་སྟེ། ཞལ་སོ་སོ་ཞིང་སྤྱན་གསུམ་པའོ། །སྦྲུལ་གྱི་རྒྱན་དང་ལྡན་པ། ཞབས་བརྐྱང་བསྐུམ་གྱིས་བཞུགས་པ། ཁྲོ་བོའི་ལྟ་སྟངས་ཀྱིས་རྣམ་པར་གཟིགས་པ། ཞལ་དང་པོ་ནི་འཛུམ་པ་དང་ལྡན་པའོ། །ཞལ་གཡས་པ་ནི་ལྗགས་འདྲིལ་བར་མཛད་

པའོ། །ཞལ་གཡོན་པ་ནི་མཆེ་བས་ཨོམ་གཙིགས་མཛད་པའོ། །སྟག་གི་པགས་པའི་ཤམ་ཐབས་མནམས་པ། གཡས་པའི་ཕྱག་བཞིན་རྡོ་རྗེ་དང་། དབྱུག་ཏོ་དང་། བ་དན་རྩེ་གསུམ་པའི་ཕྱག་རྒྱ་དང་མདའ་གདེང་བའོ། །གཡོན་པའི་ཕྱག་བཞི་ནི་སྡིགས་མཛུབ་དང་ཉིད་ཀྱི་དཀུར་
བརྟེན་པ་དང་། པདྨ་དང་གཞུ་བསྐོར་བའོ། །མི་བསྐྱོད་པ་ཅོད་པན་ལ་བསྒོམ་པར་བྱ་སྟེ། རྟ་མཆོག་གི་ཡེ་ཤེས་ཀྱི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །བཟླས་པའི་སྔགས་ནི་ཨོཾ་ཧཾ་ཧ་ཡ་གྲཱི་བ་སྭཱ་ཧཱ། རྟ་མགྲིན་གྱི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་
བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བི་ཛ་ཡ་སཱ་དྷ་ནཾ། བོད་སྐད་དུ། ཁམས་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་ཉི་མ་ལ་ཡི་གེ་ཧཱུཾ་མཐིང་ནག་ལས་བྱུང་བའི་རྗེ་བཙུན་ཁམས་གསུམ་རྣམ་པར་རྒྱལ་བ་སྟེ། སྐུ་མདོག་མཐིང་ནག་ཞལ་
བཞི་པ། ཕྱག་བརྒྱད་པའོ། །ཞལ་དང་པོ་ཁྲོ་བོ་སྒེག་པ་དང་ལྡན་པའོ། །གཡས་པ་ནི་དྲག་རྐན་དང་ལྡན་པའོ། །གཡོན་པ་ནི་ཤིན་ཏུ་འཇིགས་སུ་རུང་བའོ། །རྒྱབ་མ་ནི་དཔའ་བོའི་ཉམས་དང་ལྡན་པའོ། །རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་ནི་ཐུགས་ཀར་རྡོ་རྗེ་ཧཱུཾ་མཛད་
ཀྱི་ཕྱག་རྒྱ་འཛིན་པ། གཡས་པའི་ཕྱག་གསུམ་གྱིས་ནི་རལ་གྲི་དང་ལྕགས་ཀྱུ་དང་མདའ་བསྣམས་པའོ། །གཡོན་པའི་ཕྱག་གསུམ་གྱིས་ནི་གཞུ་དང་། ཞགས་པ་དང་། རྡོ་རྗེ་བསྣམས་པའོ། །ཞབས་གཡོན་པ་བརྐྱང་བསྐུམ་གྱིས་དབང་ཕྱུག་ཆེན་པོའི་མགོ་བོ་མནན་པ། ཞབས་
གཡས་པ་གཽ་རཱིའི་ནུ་མ་གཉིས་ཀུན་ནས་མནན་པ། སངས་རྒྱས་ཀྱི་ཕྲེང་བ་དང་ཕྲེང་བ་ལ་སོགས་པ་རྣམ་པར་བཀྲ་བའི་ན་བཟའ་དང་རྒྱན་དང་ལྡན་པར་བདག་ཉིད་རྣམ་པར་བསམས་ལ་ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལ་ཁུ་ཚུར་གཉིས་ཀྱི་རྒྱབ་སྦྱར་ལ་མཐེའུ་ཆུང་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པར་སྦྱར་
བར་བྱས་པའོ། །སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀ་ཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བི་དྱཱ་རཱ་ཛ་ཧཱུཾ་ཕཊ། ཁམས་གསུམ་རྣམ་པར་རྒྱལ་བའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།

༄༅༅། །རྒྱ་གར་སྐད་དུ། བཛྲ་ཛྭཱ་ལ་ཨ་ན་ལཱརྐ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་མེ་འབར་བའི་གཟི་བརྗིད་ཀྱི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་ཀྱི་རྗེས་ཐོགས་ལ་ཉི་མ་ལ་ཡི་གེ་ཧཱུཾ་མཐིང་ནག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མེ་འབར་བའི་གཟི་བརྗིད་སྐུ་མདོག་མཐིང་ནག། འབར་བའི་ཕྲེང་
བས་ཀུན་ནས་དཀྲིགས་པའི་འོད་ཟེར་ཅན། ཞལ་བཞི་པ་ཕྱག་བརྒྱད་པ་སྟེ། སྒེག་པ་དང་། དཔའ་བ་དང་། འཇིགས་སུ་རུང་བ་དང་། ཐུགས་རྗེའི་རོ་དང་ལྡན་པའི་ཞལ་བཞིའོ། །གཡས་པའི་ཕྱག་བཞིས་ནི་རྡོ་རྗེ་དང་རལ་གྲི་དང་འཁོར་ལོ་དང་མདའ་བསྣམས་པའོ། །གཡོན་པའི་ཕྱག་བཞི་
ན་ནི་དྲིལ་བུ་དང་། གཞུ་དང་། ཞགས་པ་དང་། ཁ་ཊྭཱཾ་ག་དང་། བསྒྲིལ་ནས་རྣམ་པར་བཀྲ་བའི་བ་དན་བསྣམས་པའོ། །དབུ་སྐྲ་སེར་པོའི་ཐོར་ཚུགས་ཀྱི་མེ་དཔུང་འབར་བར་གྱུར་པ། ཤིན་ཏུ་འཇིགས་པ་ཆེན་པོ་དང་ལྡན་པར་གྱུར་པའི་དཔུང་རྒྱན་དང་། ལག་གདུབ་དང་། སྨད་ཀ་དང་། དོ་ཤལ་
དང་། རྐང་གདུབ་དང་། མགུལ་རྒྱན་དང་། རྣ་གདུབ་དང་། དབུ་རྒྱན་རྣམས་ཀྱིས་བརྒྱན་པ། སྒྱུ་མ་ཆེན་པོ་དང་། འཁོར་ལོ་མ་དང་། ར་ཙ་ན་དང་། ཙ་ཏུ་རཾ་ཁྱིམ་ཐབ་དང་བཅས་པའི་ཁྱབ་འཇུག་གཡོན་བསྐུམ་པའི་ཞབས་ཀྱིས་མནན་ནས་ལེགས་པར་གནས་པར་བསྒོམ་པར་བྱ་བ་ཡིན་ནོ། །
དེ་ནས་ནི་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་མཐིལ་རྡོ་རྗེ་བཅིངས་ལ་སོར་མོ་རྣམས་འབར་བའི་སྙིང་པོར་དབུས་སུ་མཐེ་བོང་གཉིས་མཐོར་བྱས་ཏེ། སྔགས་བཟླ་བར་བྱ་བའོ། །ཨོཾ་བཛྲ་ཛྭཱ་ལཱ་ན་ལཱརྐ་ཧཱུཾ་བྱ་བའོ། །རྡོ་རྗེ་འབར་བའི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་
ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པར་མཱ་ཤྭ་སཱ་དྷ་ནཾ། བོད་སྐད་དུ། རྟ་མཆོག་གི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་ཉི་མ་དང་ཡི་གེ་ཧཱུཾ་མཐིང་ནག་ལས་བྱུང་བའི་རྟ་མཆོག་དམར་པོ་ཞལ་བཞི་ཕྱག་བརྒྱད་པ། ཞབས་བཞི་པ་སྟེ། ཞལ་དང་པོ་
ནི་ཁྲོ་བོའི་སྒེག་བག་དང་ལྡན་པའི་སྤྱན་གསུམ་པའོ། །གཡས་པ་ནི་དྲག་དང་ལྡན་པའོ། །གཡོན་པ་ནི་ཚངས་པའི་ཞལ་ལོ། །སྤྱི་བོ་ན་ནི་འགྱིང་བག་དང་ལྡན་ཞིང་སོ་ཚིགས་ཀྱི་མ་ཀོ་བསྡམས་པའི་རྟའི་ཞལ་ལྗང་གུའོ། །གཡས་པའི་ཕྱག་གཅིག་གིས་ནི་སྣ་ཚོགས་རྡོ་རྗེ་དང་བཅས་པས་

བ་དན་རྩེ་གསུམ་པ་བསྣམས་ནས་བསླང་བའི་སྟང་སྟབས་མཛད་པའོ། །གཡོན་པའི་ཕྱག་བསྙལ་བ་གཅིག་གིས་ནི་སྣ་ཚོགས་པདྨ་བསྣམས་པར་མཛད་པའོ། །ཡང་གཡས་པས་བ་དན་རྩེ་གསུམ་པའི་རྣམ་པར་བསླང་བའི་སྟང་སྟབས་མཛད་པའོ། །ཡང་ཕྱག་གཡོན་པས་འཁོར་ལོ་བསྣམས་པའོ། །
ཡང་ཕྱག་གཡས་པ་གཉིས་ཀྱིས་ནི་རལ་གྲི་དང་མདའོ། །གཡོན་པའི་ཕྱག་ལྷག་མ་གཉིས་ཀྱིས་ནི་དབྱུག་ཏོ་དང་གཞུ་བསྣམས་པའོ། །ཞབས་གཡས་པ་བརྐྱང་བསྐུམ་དུ་མཛད་པ་གཅིག་གིས་ནི་དབང་མོ་དང་དཔལ་མོ་མནན་ནས་གནས་པའོ། །གཡས་ཀྱི་ཞབས་གཉིས་པས་ནི་དགའ་མ་དང་
སྡུག་མའོ། །གཡོན་པའི་ཞབས་དང་པོ་གཅིག་གིས་ནི་དབང་པོ་དང་མངར་བྱེད་ཀྱང་ངོ་། །གཡོན་པའི་ཞབས་གཉིས་པས་ནི་རྒྱལ་བྱེད་དང་གནས་ལྡན་ཡང་ངོ་། །དེ་ལྟར་བདག་ཉིད་བསྒོམ་པར་བྱ་བ་ཡིན་ནོ། །ཕྱག་རྒྱ་ནི་སྣ་ཚོགས་རྡོ་རྗེ་དང་། བ་དན་རྩེ་གསུམ་པ་སློང་བ་ནི་རྟ་མཆོག་གི་ཕྱག་རྒྱའོ། །
སྔགས་ནི། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། ཞེས་བྱ་བའོ། །རྟ་མཆོག་གི་སྒྲུབ་ཐབས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་རཀྟ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་གཤིན་རྗེ་གཤེད་དམར་
པོའི་སྒྲུབ་ཐབས། གཤིན་རྗེའི་མགོར་བཞུགས་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། སྒྲུབ་པ་པོས་རང་གི་སྙིང་གར་ཡི་གེ་ཨཾ་དམར་པོ་ལས་ངེས་པར་གྲུབ་པའི་ཉི་མའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་སྟེང་དུ་
ཡི་གེ་ཧཱུཾ་དམར་པོ་རྣམ་པར་བཀོད་པས་གཤིན་རྗེ་གཤེད་དམར་པོ་དང་། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་དམིགས་ལ། མེ་ཏོག་ལ་སོགས་པས་ལེགས་པར་མཆོད་ཅིང་ཕྱག་ཀྱང་འཚལ་ཞིང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ལ་སྟོང་པ་ཉིད་
བསྒོམ་པར་བྱ་སྟེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་བར་རོ། །དེའི་རྗེས་ལ་ཡི་གེ་ཨཾ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ངོ་། །དེ་ཡོངས་སུ་གྱུར་པ་ལས་འཛག་པ་དང་ལྡན་པའི་མགོ་བོས་མཚན་པའི་

དབྱུག་ཏོ་དཀར་པོ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་རྣམ་པར་བསྒོམ་པར་བྱ་བའོ། །དེ་དག་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་གཤིན་རྗེ་གཤེད་དུ་རྣམ་པར་བསམ་པར་བྱ་སྟེ། སྐུ་མདོག་དམར་པོ་གཡས་བསྐུམ་པའི་ཞབས་ཀྱིས་གནས་པ། ཞལ་གཅིག་པ་ཕྱག་
གཉིས་པའོ། །ཕྱག་གཡོན་པ་ན་ཁྲག་གིས་ཡོངས་སུ་གང་བར་གྱུར་པའི་ཐོད་པ་སྟེ། ཕྱག་གཡས་པས་ནི་མགོ་བོས་མཚན་པའི་དབྱུག་ཏོ་བསྣམས་པའོ། །སྦྲུལ་གྱི་རྒྱན་གྱིས་བརྒྱན་པ་འཇིགས་སུ་རུང་བ། དབུ་སྐྲ་ཁམ་སེར་གྱེན་དུ་འཁྱིལ་བ་འཛག་པར་གྱུར་པའི་སྟག་གི་པགས་པའི་
ཤམ་ཐབས་དང་ལྡན་པ། རང་ལྟར་སྣང་བའི་ཤེས་རབ་མ་རྣམ་པ་སྣ་ཚོགས་པའི་རྒྱན་དང་ལྡན་པ། བརྐྱང་བསྐུམ་གྱི་ཞབས་ཀྱིས་གནས་པ་ལ་འཁྱུད་པའི་བདག་ཉིད་དུ་བསྒོམ་པར་བྱ་བའོ། །ཕྱི་ནས་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་གིས་བྱིན་གྱིས་
བརླབས་པ་སྟེ། དེ་ཡོངས་སུ་གྱུར་པ་ལས་འཛག་པར་གྱུར་པའི་མགོ་བོས་མཚན་པའི་དབྱུག་ཏོ་དཀར་པོས་མི་གཡོ་བར་རྣམ་པར་བསྒོམས་ལ། དེའི་དབུས་སུ་ཉི་མའི་དཀྱིལ་འཁོར་དམར་པོ་ལ་གནས་པའི་ཡི་གེ་ཧཱུཾ་ཁ་དོག་དམར་པོ་རྣམ་པར་བསྒོམ་པར་བྱ་བའོ། །དེ་ནས་གསང་བར་
རྡོ་རྗེ་དང་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་གསང་བར་པདྨ་འདབ་མ་བརྒྱད་པ་ལ་ཡི་གེ་ཨཱཿདམར་པོའོ། །དེའི་རྗེས་ལ་སྔགས་བརྗོད་པར་བྱ་སྟེ། ཨོཾ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་རྗེས་སུ་ཆགས་པའི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །དེའི་རྗེས་
ལ་ལྟེ་བའི་ལྐོག་ཏུ་ཅུང་ཟད་དམར་བའི་པདྨ་འདབ་མ་བརྒྱད་པའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་འབར་བར་གྱུར་པར་བསམ་པར་བྱ་བའོ། །ཤེས་རབ་མ་ནི་རྒྱགས་པས་མྱོས་པ་འོད་འཛག་པ་དང་ལྡན་པ་ཞལ་གཅིག་ཕྱག་གཉིས་མ་བཅོམ་ལྡན་འདས་དང་ལྷན་ཅིག་མཉམ་པར་སྦྱར་བའི་སྦྱོར་བས་
ཀུན་ནས་གནས་པའོ། །དེ་ལྟ་བུར་གྱུར་པའི་གཤིན་རྗེ་གཤེད་དམར་པོ་མ་ཧི་ཪྵའི་སྟེང་ན་སྣ་ཚོགས་པདྨ་ལ་བཞུགས་པར་བསྒོམ་པར་བྱ་བའོ། །དེ་ལྟར་དམ་ཚིག་ལ་སོགས་པ་རྣམས་ཆོ་ག་བཞིན་དུ་འགྲོ་བས་ཐུན་ཚོད་གཉིས་སམ་གསུམ་མམ་བཞིར་བསྒོམ་པར་བྱ་བའོ། །ཨོཾ་ཨཱཾ་དྲཱིཾ་ཁཾ་ཧཱུཾ་ནི་

དམ་ཚིག་བྱིན་གྱིས་རློབ་པའི་སྔགས་སོ། །ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་ཡ་མཱནྟ་ཀ་ཧཱུཾ། སྙིང་པོའི་སྔགས་སོ། །འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་
ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། དང་པོ་རེ་ཞིག་བདེ་བའི་སྟན་ལ་ཉེ་བར་གནས་པར་གྱུར་པའི་སྒྲུབ་པ་པོས་ཡི་གེ་ཨཾ་དམར་པོ་ལས་ངེས་པར་གྲུབ་པའི་ཉི་མའི་དཀྱིལ་
འཁོར་རང་གི་སྙིང་ལ་རྣམ་པར་བསྒོམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ནག་རྣམ་པར་བཀོད་དེ། ཧཱུཾ་གི་འོད་ཟེར་གྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ཅིང་
ཕྱག་ཀྱང་འཚལ་ལ། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྣམས་བྱས་ཏེ་སྟོང་པ་ཉིད་བསྒོམ་པར་བྱ་བས་ན། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ཀྱི་རང་བཞིན་ནི་ང་ཡིན་ནོ་བར་རོ། །དེའི་རྗེས་ལ་ཡི་གེ་ཨཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་
ཧཱུཾ་ངོ་། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེས་མཚན་པའི་དབྱུག་ཏོ་སྔོན་པོ་ཡི་གེ་ཧཱུཾ་ལེགས་པར་གནས་པ་རྣམ་པར་བསྒོམ་པར་བྱས་ལ། ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་སྔོན་དུ་འགྲོ་བ་ཅན་གྱིས་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་
བརྐྱང་བསྐུམ་གྱིས་གྱུར་པའི་གཤིན་རྗེ་གཤེད་སྤྲོ་བ་དང་བསྡུ་བའི་གཟུགས་ཀྱིས་པདྨ་འདབ་མ་བརྒྱད་སྣ་ཚོགས་པའི་སྟེང་ན་ཉི་མ་ལ་བཞུགས་ནས་མ་ཧི་ཪྵ་ལ་བཅིབས་པ་བསྒོམ་པར་བྱ་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་
ལས་ཧཱུཾ་གིས་བྱིན་གྱིས་བརླབས་པའི་དབྱུག་ཏོ་སྔོན་པོ་སྟེ། ཡི་གེ་ཧཱུཾ་ལས་ཀུན་ནས་བྱུང་བའི་འོད་ཟེར་གྱིས་སྐྱེ་དགུ་རྣམས་ཀུན་དུ་སྣང་བར་བྱས་ནས་སླར་ཡང་དེ་ཉིད་ལ་ལེགས་པར་གཞུག་གོ། །རིམ་པ་དེ་ལྟ་བུ་དག་གིས་ཇི་སྲིད་འདོད་ཀྱི་བར་དུ་སྤྲོ་བ་དང་བསྡུ་བར་ཡང་བྱ་བའོ། །དམ་

ཚིག་ལ་སོགས་པ་ཆོ་ག་བཞིན་དུ་བྱས་པ་སྔོན་དུ་འགྲོ་བས་ཐུན་ཚོད་གཉིས་སམ་གསུམ་མམ་བཞིར་དེ་ལྟར་བསྒོམ་པར་བྱ་བའོ། །ཨོཾ་ཧྲཱིཿཥྚྲྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླ་བར་བྱ་བའོ། །གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་སོ།། །།
ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། གང་གི་ཐུགས་རྡོ་རྗེའི་དབང་གིས་ནང་ན་དགྱེས་པ་ཉིད་ཡིན་ཡང་། །མ་རུངས་གདུལ་
བྱའི་སྐྱེ་བོ་རྣམས་ལ་དྲག་པོར་ཡང་དག་སྟོན། །སྣ་ཚོགས་ཉེར་ཕན་ཚུན་གྱིས་གཤིན་རྗེ་གཤེད་ཡོད་ཀྱང་། །གར་མཛད་པ་ཡི་སྐུ་དེ་བདག་གིས་རབ་ཏུ་དགོད་པར་བྱ། །དང་པོར་སྒྲུབ་པ་པོ་ཡི་མཆོག་དེས་བདེ་འབྱུང་སྟན་གནས་ལ། །བསམ་གཏན་གནས་ཁང་དྲི་ཞིམ་དྲི་ཡིས་ཡིད་
ནི་དགར་གྱུར་པར། །བསྒོམ་པར་བྱ་སྟེ་མཉམ་གཞག་ཡིད་ཀྱིས་རང་གི་སྙིང་གར་ནི། །འོད་ཟེར་གཏུམ་པོའི་གཟུགས་ཀྱི་དཀྱིལ་འཁོར་དམར་པོ་གཟི་ལྡན་པའོ། །དེ་སྟེང་གནས་པའི་ཧཱུཾ་ཡིག་མདོག་སྔོན་འོད་ཟེར་དང་ལྡན་པའི། །འོད་ཟེར་བརྒྱ་བྱུང་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ལ་
ནི། །ཡིད་ཀྱིས་སྤྲུལ་པའི་མེ་ཏོག་བདུག་པ་མར་མེ་ལ་སོགས་པ། །རྣམ་པ་མང་པོས་ལེགས་པར་མཆོད་བྱ་གུས་པས་ཕྱག་ཀྱང་བཙལ། །སྔོན་བྱས་པ་ཡི་སྡིག་པ་བཤགས་པ་ལ་སོགས་བྱས་པས་ནི། །སྟོང་པར་འཇིག་རྟེན་མ་ལུས་རབ་ཏུ་བརྩོན་པར་སྔོན་བྱ་བ། །ཨོཾ། སྟོང་པ་ཉིད་ལ་
སོགས་པའི་གསང་སྔགས་ཚིག་མཆོག་རྣམས་ཀྱིས་བྱ། །བདག་ཉིད་ངོ་བོ་གུས་པ་ཉིད་ཀྱིས་ཡོངས་སུ་བསྒོམ་བྱ་བ། །བདུག་པའི་འོད་ཟེར་གཟི་བརྗིད་དང་ལྡན་དཀྱིལ་འཁོར་དམར་གནས་པའི། །ཧཱུཾ་ཡིག་སྔོན་པོའི་གཟུགས་ལས་རྡོ་རྗེས་མཚན་པའི་དབྱུག་སྔོན་ཏེ། །དབྱུག་པ་ལ་གནས་
ཧཱུཾ་གཟུགས་མཆོག་ལས་འོད་ཟེར་དྲ་བ་རྣམས། །འཕྲོས་པས་ལེགས་བསྐུལ་མ་ལུས་རྒྱལ་བ་སྤྱན་དྲངས་རབ་བཅུག་པར། །བལྟས་ལ་དེ་དག་ཉིད་ནི་མ་ལུས་ཡོངས་སུ་གྱུར་པ་ལས་ནི་ཕྱིས། །བདག་ཉིད་མྱུར་བར་གཤིན་རྗེ་གཤེད་སྐུར་ཡོངས་སུ་བསྒོམ་བྱ་བ། །མཐིང་ནག་སྐུ་སྟེ་ཁྲོ་བ་

དང་ལྡན་ཞལ་གཅིག་ཕྱག་གཉིས་པ། །ཕྱག་གཡས་ན་ནི་རྡོ་རྗེས་མཚན་པའི་དབྱུག་ཏོ་སྔོན་པོ་སྟེ། །སྡིགས་མཛུབ་ཞགས་པ་དང་ལྡན་གཡོན་པའི་ཕྱག་ནི་ཐུགས་ཀར་རོ། །སྨ་ར་སྨིན་སེར་འབར་བར་གྱུར་པའི་ཞལ་གྱི་པདྨའོ། །སྟག་དང་ཛི་ནའི་པགས་པ་གསང་བའི་ཕྱོགས་སུ་ལེགས་པར་བསྣམས། །
ཁ་ནང་རྣམ་པར་འགྱུར་བའི་རོ་དང་ལྡན་པར་གྱུར་པའི་སྤྲུལ། །འདབ་སྣ་ཚོགས་པའི་པདྨ་དམ་པའི་སྟེང་ན་ཉི་མ་ཡི། །གདན་ལ་ལེགས་གནས་མ་ཧི་ཪྵ་གཏུམ་རབ་ཏུ་བརྩོན་གནོན་པའི། །གྲོད་འཇོལ་ཞལ་སྒྱུར་མཆེ་བ་རྣམ་པར་གཙིགས་པའི་བོང་ཐུང་ངོ་། །ཉི་མའི་དཀྱིལ་འཁོར་གདན་བཞུགས་
སྒྱུར་བར་མཛད་པའི་སྤྱན་གཉིས་པ། །ཁྲོས་པའི་ཀླུ་བརྒྱད་དག་གིས་སྤྲས་པའི་རྒྱན་ལྡན་ཐོད་ཕྲེང་གིས། །སེར་ཞིང་སྡུག་པའི་དབུ་སྐྲ་སྤྲོ་བའི་འཁོར་ལོ་ལེགས་པར་བཅིངས། །མི་མགོ་ལས་བྱས་དམ་པའི་ཚད་ལྡན་དོ་ཤལ་འཆང་བ་ཅན། །ཧ་ཧ་ཆེར་དགོད་ཉམས་ཀྱིས་བདུད་དཔུང་ཀུན་ནས་སྐྲག་
པར་མཛད། །ཕྱི་ནས་བཅོམ་ལྡན་ཐུགས་ཀར་གནས་པའི་ཉི་མ་ལ་གནས་པར། །ཧཱུཾ་དབྱིབས་འོད་ཀྱིས་སྣ་ཚོགས་ཀུན་ནས་གསལ་བྱས་རྣམ་པར་བསམ། །དེ་ལ་ལེགས་གཞུག་དུས་མི་རིང་བར་ཡང་ནི་སྤྲོ་བར་བྱ། །རིམ་འདིས་སྤྲོ་དང་བསྡུ་བ་ཇི་སྲིད་འདོད་ཀྱི་བར་བྱས་ལ། །ཡང་ན་དམ་
ཚིག་སྔོན་དུ་འགྲོ་བ་ཉིད་ཀྱིས་ཐམས་ཅད་ཀྱང་། །ཐུན་ཚོད་བཞི་ནི་འདི་དག་མ་ལུས་རྣམ་པར་བསྒོམ་པར་བྱ། །ངལ་ན་ཇི་ལྟར་བརྗོད་པའི་སྔགས་ནི་རབ་ཏུ་བཟླས་པར་བྱ། །བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་ཡང་མོ་བྱམས་པའི་དཔལ། །བདག་གིས་བྱས་པའི་བསོད་ནམས་གྲངས་མེད་
འདིར་ནི་གང་སྐྱེས་པ། །དེས་ནི་འཇིག་རྟེན་མ་ལུས་བཅོམ་ལྡན་གཤིན་རྗེ་གཤེད་སྐུར་ཤོག །བདག་ཀྱང་རིང་མིན་ཉིད་ནས་གཤིན་རྗེ་གཤེད་དུ་འགྱུར་བར་ཤོག །དེ་ལ་གསང་སྔགས་རྒྱལ་པོ་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྟྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཤིན་རྗེ་གཤེད་ནག་པོའི་
སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལ་སོགས་པའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས། དཔའ་བོ་ཐོད་པའི་ཕྲེང་ལྡན་ཞིང་། །ཀླུ་

སོགས་ཀྱིས་བརྒྱན་བཞིན་སྒྱུར་བའི། །གཤིན་རྗེ་མཐར་མཛད་མགོན་བཏུད་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བདེ་བའི་སྟན་ལ་ལེགས་གནས་ལ། །སྙིང་གའི་ཉི་མར་ཧཱུཾ་གཟུགས་དགོད། །དེ་བྱུང་མཆོད་པའི་ཁྱད་པར་གྱིས། །རྗེ་བོ་གུས་པས་ཡང་དག་མཆོད། །
མདུན་ཕྱོགས་སུ་ནི་སྡིག་ལ་སོགས། །བཤགས་པ་ལ་སོགས་དེ་ལ་བྱ། །དེ་ཉིད་དུ་ནི་འཇིག་རྟེན་ཀུན། །རང་བཞིན་མེད་པར་སྐད་ཅིག་བལྟ། །སྙིང་ས་བོན་བསྐྱེད་ཕྱག་མཚན་ལས། །བཞེངས་པར་པདྨར་བརྐྱང་བསྐུམ་ཞབས། །ཁྲོ་གཉེར་སྡུད་པ་འཇིགས་པའི་ཞལ། །སྨིན་མ་སྨ་ར་སེར་
བ་གྱེན། །ཞལ་གསུམ་ལྗགས་ནི་འདྲིལ་བར་མཛད། །འཇིགས་པའི་མཆེ་བ་གཅུམ་པར་གཙིགས། །སྤྱན་མིག་དམར་ཞིང་གསུས་པ་ཆེ། །མཐིང་ནག་གཞོན་ནུ་སྡུག་པོའི་འོད། །ཉི་མའི་དཀྱིལ་འཁོར་དབུས་གནས་པ། །མགོ་བོའི་རུས་པས་བརྒྱན་པ་སྟེ། །བོང་ཐུང་སྟག་ལྤགས་ཤམ་
ཐབས་ཅན། །དྲེགས་པ་ཐམས་ཅད་འཇོམས་པར་མཛད། །ཉི་མའི་འོད་ལྡན་གཟི་བརྗིད་ཆེ། །ས་འོག་མ་ལུས་རྣམས་ཀྱིས་མཆོད། །འབར་བས་འབར་བའི་ཕྲེང་གདུག་པ། །དུས་མཐའི་མེ་དང་མཚུངས་པ་ཡིན། །རྡོ་རྗེ་རལ་གྲི་དབྱུག་གདུག་པའི། །ཆུ་གྲི་མདུང་དང་ཞགས་པ་བསྣམས། །
གཡས་དང་གཡོན་གྱི་ཕྱག་གིས་ནི། །རྣམ་གསལ་བསྣམས་པ་ལྷ་རྫས་དྲུག །ཁྲོ་ལྡན་འཇིགས་པ་ཤིན་ཏུ་དྲག །གཤིན་རྗེ་གཤེད་པོ་བདུད་རྣམས་འཇོམས། །ཧཱུཾ་སྒྲས་མགྲིན་པ་གང་བར་ནི། །བསྒོམ་པར་བྱ་བའི་ང་རྒྱལ་དེས། །སྟོང་ཉིད་སྙིང་རྗེའི་སྙིང་འོད་ཀྱིས། །མཁའ་ལ་
སྤྱན་དྲངས་གཤིན་རྗེ་གཤེད། །མདུན་ཡུལ་བཞུགས་ལ་ལེགས་མཆོད་དེ། །རང་རྣམས་གཅིག་ཏུ་བརྗོད་བྱ་བ། །ཛཿཧཱུཾ་བོ་ཧོཿས་བོན་བཞིས། ལེགས་པར་སྤྱན་འདྲེན་རབ་ཞུགས་དང་། །བཅིང་དང་མཉེས་བྱ་བདག་ཉིད་ལ། །བསམ་གཏན་མཆོད་པས་མཆོད་བྱ་བ། །ལེགས་བསྟོད་
དེ་ནས་བསྔགས་བཟླས་ལ། །དགེ་བ་ཡོངས་སུ་བསྔོ་བྱས་ཏེ། །ལྷ་ཡི་རྣལ་འབྱོར་གྱིས་ལངས་ལ། །གཅིག་ཏུ་སྙིང་རྗེའི་ཡིད་ཀྱིས་རྒྱུ། །དེ་ལྟར་ཉི་མ་རེ་བྱས་པས། །དངོས་གྲུབ་ཐོབ་པའི་རྒྱུ་མཚན་ཅན། །བརྗོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །ལས་མཆོག་ཁ་ཚར་པ་ཡིས་ཀྱང་། །

ལས་དང་རྗེས་མཐུན་སྐུ་ཡིན་ཏེ། །ཤིན་ཏུ་རྒྱས་འདིར་མ་བརྗོད་པ། །དེ་ཡང་བླ་མའི་གདམས་ངག་དང་། །རྒྱུད་ལས་འདོད་པ་གྲུབ་པར་འགྱུར། །བརྩོན་པས་ཤེས་བྱ་བློ་ལྡན་གྱིས། །འཁོར་ལོ་དང་གཞན་ཡང་ཀུན་འགྲོ། །གཏོར་མ་གཏང་བའི་སྦྱོར་བ་ནི། །ཐུན་བཞི་ལ་ནི་མཆོག་
ཏུ་བྱ། །བཟླས་པའི་སྔགས་ནི། ཨོཾ་ཧྲཱིཿཥྚཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བླ་མའི་བཞེད་པའི་ཆོ་ག་བཞིན་དུ་ལེགས་རྟོགས་ནས། །སྒྲུབ་ཐབས་བདག་གིས་བཀོད་ལས་བྱུང་བའི་བསོད་ནམས་ཀྱིས། །མྱུར་དུ་མངོན་པར་འདོད་པའི་འབྲས་བུ་འཐོབ་བྱེད་པའི། །ས་ཡི་ཕུན་ཚོགས་ཐམས་ཅད་
འཇིག་རྟེན་ལ་འདིར་ཤོག །གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཡ་མཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་མཐར་མཛད་ཀྱི་སྒྲུབ་
ཐབས། གཤིན་རྗེ་མཐར་མཛད་ལ་ཕྱག་འཚལ་ལོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །ཀླུ་སོགས་ཀྱིས་བརྒྱན་བཞིན་བསྒྱུར་བའི། །གཤིན་རྗེ་མཐར་མཛད་མགོན་བཏུད་ནས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བདེ་བའི་སྟན་ལ་ལེགས་གནས་ལ། །སྙིང་གར་ཧཱུཾ་དབྱིབས་མཐིང་
ནག་དགོད། །དེ་བྱུང་མཆོད་པའི་ཁྱད་པར་གྱིས། །རྗེ་བོ་མདུན་དུ་ལེགས་པར་མཆོད། །དེ་ཡི་སྔོན་ཕྱོགས་ཡུལ་དུ་ནི། །སྡིག་བཤགས་ལ་སོགས་རྣམས་བྱས་ལ། །འགྲོ་ཀུན་རང་བཞིན་མེད་པར་ནི། །ཐམས་ཅད་ནས་བལྟ་སྐད་ཅིག་གིས། །ས་བོན་སྙིང་བསྐྱེད་ཕྱག་མཚན་ལས། །
བྱུང་བ་པདྨར་བརྐྱང་བསྐུམ་ཞབས། །ཁྲོ་གཉེར་བསྙེར་བའི་འཇིགས་པའི་ཞལ། །སྨར་སྨིན་སེར་པོ་གྱེན་ལ་སྐྱེས། །ཞལ་གསུམ་ལྗགས་ནི་འདྲིལ་བར་མཛད། །འཇིགས་པའི་མཆེ་བ་རྣམ་པར་གཙིགས། །སྤྱན་མིག་དམར་ཞིང་གསུས་པ་ཆེ། །མཐིང་ནག་གཞོན་ནུའི་སྟུག་པོའི་འོད། །
ཉི་མའི་དཀྱིལ་འཁོར་ལ་བཞུགས་ཤིང་། །མགོ་རུས་ཀྱིས་ནི་རྣམ་པར་བརྒྱན། །བོང་ཐུང་སྟག་ལྤགས་ཤམ་ཐབས་ཅན། །དྲེགས་པ་ཐམས་ཅད་འཇོམས་པར་མཛད། །གཟི་བརྗིད་ཆེན་པོ་ཉི་འོད་ཅན། །ཕྱོགས་རྣམས་མ་ལུས་རྒྱས་པར་མཛད། །འབར་ཞིང་འབར་བའི་ཕྲེང་གདུག་པ། །

དུས་མཐའི་མེ་དང་མཚུངས་པར་འབར། །འཁོར་ལོ་རལ་གྲི་དབྱུག་ཏོ་འབར། །ཆུ་གྲི་མདུང་དང་ཞགས་པ་དང་། །རྣམ་གསལ་བསྐོར་བའི་ལྷ་རྫས་དྲུག །གཡས་དང་གཡོན་གྱི་ཕྱག་ན་བསྣམས། །འཇིགས་པའི་གཟུགས་ལྡན་ཤིན་ཏུ་དྲག །བདུད་རྣམས་འཇོམས་
མཛད་གཤིན་རྗེ་གཤེད། །ཧཱུཾ་སྒྲས་གྲེ་བ་རྒྱས་པར་ནི། །འཇིགས་རྣམས་སྤངས་ལ་བསྒོམ་པར་བྱ། །ཉི་ཤུ་ཕྱེད་དང་སྟོང་ཕྲག་གིས། །སྔགས་རྣམས་རྟག་པར་སྔགས་རིག་པས། །སེམས་མ་ཡེངས་པར་བཟླས་ན་ནི། །འདིར་བརྗོད་དངོས་གྲུབ་འཐོབ་པར་འགྱུར། །སྔོན་འགྲོ་
ཆོ་གས་ཀྱང་འདིར་ནི། །སྔགས་པ་རྣམས་ཀྱིས་སྔགས་འགྲུབ་འགྱུར། །ལས་རྗེས་མཐུན་པར་མདོག་བརྗོད་དེ། །ཤིན་ཏུ་རྒྱས་པར་འདིར་མ་བརྗོད། །བསམ་པའི་འདོད་པ་དེ་ཡང་ནི། །བླ་མའི་གདམས་ངག་ལས་གྲུབ་འགྱུར། །མཁས་པས་བརྩོན་པར་ཤེས་བྱ་བ། །བཙོང་བྱ་དང་
གཞན་བསྟེན་པར་བྱ། །གཏོར་མ་བྱ་བའི་སྦྱོར་ལྡན་པས། །ཐུན་ཚོད་བཞིར་ནི་འབད་དེ་བྱ། །བཟླས་པའི་སྔགས་ནི། ཨོཾ་ཧྲཱིཿཥྚྲྀཿ་བི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཤིན་རྗེ་མཐར་མཛད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་
མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཡ་མཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས། དང་པོ་གདོང་པའི་གཙང་སྦྲ་ལ་སོགས་པ་བྱས་པའི་སྒོམ་པ་པོས་རང་གི་སྙིང་གར་ཡི་གེ་ཨ་ལས་སྐྱེས་པའི་ཟླ་བ་ལ་ཡི་གེ་ཡི་ནག་པོ་རྣམ་
པར་བསྒོམས་ལ། །དེ་ལས་འོད་སྤྲོས་པས་བླ་མ་དང་སངས་རྒྱས་དག་སྤྱན་དྲངས་ཏེ། ལེགས་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱ་བའོ། །དེ་ནས་ཡི་གེ་ཡ་ཙམ་གྱི་བདག་ཉིད་ཀྱི་རྣལ་འབྱོར་པས་སྟོང་པ་ཉིད་མངོན་དུ་བྱས་ལ་བྱིན་གྱིས་ཀྱང་བརླབས་ཏེ། སྨོན་
ལམ་རྗེས་སུ་དྲན་པར་བྱ་བའོ། །དེའི་རྗེས་ལ་ཡི་གེ་རཾ་ལས་ངེས་པར་བྱུང་བའི་ཉི་མ་ལ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་དབྱུག་ཏོ་རང་གི་ས་བོན་འཕྲོ་བ་དང་ལྡན་པ་རྣམ་པར་བསྒོམས་ཏེ། དེས་བསྐྱེད་པའི་རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་བསྒོམ་པར་བྱ་བའོ། །དེའི་དབུས་སུ་

དབྱངས་ཀྱི་ཡི་གེ་ཉིས་འགྱུར་གྱི་རང་བཞིན་ཟླ་བའི་དཀྱིལ་འཁོར་ཏེ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡང་དག་པར་འབྱུང་བ་ཤེས་རབ་ཀྱི་ངོ་བོ་ལེགས་པར་བལྟ་བར་བྱ་བའོ། །དེའི་སྟེང་དུ་དཔེ་བྱད་བཟང་པོ་བརྒྱད་ཅུའི་རྣམ་པར་དག་པ་ཌ་ཌྷ་ད་དྷ་ཡ་ལ་རྣམས་ཉིས་འགྱུར་དང་
བཅས་པའི་ཀ་ལ་སོགས་པའི་གསལ་བྱེད་རྣམས་ཉིས་འགྱུར་དུ་བྱས་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གཞན་ཡིན་ཏེ། ཐབས་ཀྱི་རང་བཞིན་དུ་གྱུར་པ་འོད་མཐའ་ཡས་པ་འཕྲོ་བ་དང་ལྡན་པར་བསྒོམ་པར་བྱ་བའོ། །དེ་ནས་དེ་གཉིས་ཀ་ཡོངས་སུ་རྫོགས་པ་ལས་ཉི་མ་ལ་ཧཱུཾ་
དང་ཡཾ་མཐིང་ནག་ལས་ཡང་དག་པར་བྱུང་བའི་ཆར་སྤྲིན་གཞོན་ནུ་དང་མཚུངས་པའི་སྐུ་མདོག་མཐིང་ནག་སྟེ། གསུས་པ་ཆེ་བ། སྨིན་མ་དང་སྨ་ར་དང་། སྐྲ་ཤིན་ཏུ་སེར་བར་གྱུར་པ། གྱེན་ལ་འཕྱུར་བ། མཆེ་བ་གཙིགས་པ། བོང་ཐུང་བ། པདྨ་དང་མ་ཧིཪྵ་ལ་བཞུགས་པ་དང་། སྟག་
དང་འཛི་ནའི་པགས་པ་བསྣམས་པ། །རི་དགས་ཀྱི་བདག་པོའི་པགས་པ་སྟོད་དུ་མནབས་པ། ཤིན་ཏུ་འཇིགས་པར་མཛད་པ། ཉིད་ཀྱི་སྐུའི་འོད་ཟེར་གྱིས་སྤྲུལ་པའི་ཁྲོ་བོ་ལྔ་འཕྲོ་བར་མཛད་པ་དང་། གདེངས་ཀ་ཅན་གྱི་རྒྱལ་པོ་རྒྱན་དུ་མཛད་པ། རྣམ་པར་འཛག་པའི་མིའི་
མགོ་བོ་བརྒྱ་ཕྲག་ཕྱེད་ཀྱི་ཕྲེང་བས་བརྒྱན་པ་དང་། ཕྱག་གི་གཡས་པའི་ཕྱག་རྣམས་ཀྱིས་ཐོ་བ་དང་། འཁོར་ལོ་དང་རྡོ་རྗེ་བསྣམས་པ་སྟེ། གཡོན་པའི་གསུམ་གྱིས་ནི་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། དབྱུག་ཏོ་དང་དྲིལ་བུ་བསྣམས་པ། ཞལ་དྲུག་གི་དང་པོ་ནི་གནམ་
ཞལ་ཏེ། མཐིང་ནག་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་རྣམས་ནི་གཡས་པ་དང་། ཅིག་ཤོས་དག་གི་ཞལ་གྱི་རིམ་པ་ཡིན་ལ། ཞལ་རྣམས་ཐམས་ཅད་ཀྱང་དམར་ཞིང་ཟླུམ་པའི་སྤྱན་གསུམ་པ་དང་། ཞབས་དྲུག་ཀྱང་ཞབས་གཉིས་ནི་བརྐྱང་བརྐུམ་མོ། །གཉིས་ནི་
རྣམ་པར་མཛེས་པའི་གར་རོ། །གཞན་གཉིས་ནི་སེམས་དཔའི་སྐྱིལ་ཀྲུང་མཛད་པ་སྟེ། འབར་བའི་ཉི་མའི་དབུས་ན་ལེགས་པར་བཞུགས་ནས་བགེགས་རྣམས་ཀུན་ནས་འདུལ་བར་མཛད་པ་དང་། ཐོད་པ་ཆུང་ངུ་བརྒྱད་ལས་ལེགས་པར་བསྡེབས་པའི་ཤིན་ཏུ་འཇིགས་སུ་རུང་བའི་

མགོ་བོའི་ཕྲེང་བ་དང་། དེའི་རྗེས་ཐོགས་ལ་ཀྵཾ་ཛྲཾ་ཁཾ་ལཾ་ཥྐཾ་སཾ་གི་ས་བོན་རྣམས་ལས་ལེགས་པར་བྱུང་བའི་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་རྣམ་སེལ་དང་། ཀུན་དུ་བཟང་པོ་ཞེས་བྱ་བ་རྣམས་མིག་གཉིས་
དང་། རྣ་བ་གཉིས་དང་། སྣ་དང་། ལྕེ་དང་། ནུ་མ་གཉིས་དང་། ལྟེ་བ་ལ་བཀོད་དེ། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། མདའ་དང་། རྡོ་རྗེ་རྣམས་ནི་གཡས་པའི་ཕྱག་གིས་བསྣམས་ཤིང་། གཡོན་པའི་ཕྱག་གིས་ནི་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་ཅིང་དཀར་པོ་དང་། ནག་
པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྐྱ་བོ་ཟླ་བ་ལ་བཞུགས་པ་དང་། དེའི་རྗེས་ལ་མགོ་བོ་དང་། མགུལ་པ་དང་། སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པའི་སྐུ་དང་། གསུང་དང་། ཐུགས་གནས་པ་སྟེ། ཨོཾ་དང་། ཨཱཿདང་། ཧཱུཾ་ལས་ལེགས་པར་བྱུང་བའི་ཁ་དོག་
དཀར་པོ་དང་དམར་པོ་དང་ནག་པོའི་འཁོར་ལོ་དང་། པདྨ་དང་རྡོ་རྗེ་རྣམས་གཡས་པས་བསྣམས་ནས་ཕྱག་གཡོན་པས་སྡིགས་མཛུབ་ཀྱི་ཕྱག་རྒྱ་མཛད་པར་བསྒོམ་པར་བྱ་བ་དང་། དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་རོ་གཅིག་ཏུ་གྱུར་པར་བསམ་པར་བསྒོམས་
ཏེ། མི་བསྐྱོད་པ་ཅོད་པན་ལ་བཞུགས་པར་བདག་ཉིད་ཡུན་རིང་དུ་བསྒོམ་པར་བྱ་བའོ། །ངལ་བར་གྱུར་ན་སྔགས་བཟླས་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿཥྚྲྀཿབི་ཊི་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ནི་གཤེགས་སུ་གསོལ་ལ་ལངས་པར་བྱ་བའོ་ཞེས་བྱ་བ་ནི་གཤིན་རྗེ་
མཐར་བྱེད་ཀྱི་སྒྲུབ་ཐབས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བིགྷྣཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས། དང་པོར་རེ་ཞིག་བདེ་བའི་སྟན་ལ་ཉེ་བར་
གནས་པའི་སྒྲུབ་པ་པོས་ཡི་གེ་ཨཾ་དམར་པོ་ལས་དེས་གྲུབ་པའི་ཉི་མའི་དཀྱིལ་འཁོར་རང་གི་སྙིང་གར་རྣམ་པར་བསྒོམས་ལ། དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ནག་རྣམ་པར་བཀོད་དོ། །ཡི་གེ་ཧཱུཾ་གི་འོད་ཟེར་ལས་བྱུང་བའི་བགེགས་ཀྱི་གཤེད་དང་། བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་

སེམས་དཔའ་རྣམས་ལེགས་པར་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ཅིང་། ཕྱག་བཙལ་ཏེ། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱ་སྟེ། སྟོང་པ་ཉིད་བསྒོམ་པར་བྱ་བའོ། །ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ཀྱི་རང་བཞིན་ནི་ང་ཡིན་ནོ། །
དེའི་རྗེས་ལ་ཡི་གེ་ཨཾ་དམར་པོ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་ངོ་། །དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པ་རྣམ་པར་བསྒོམ་པར་བྱ་བའོ། །ཡི་གེ་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལེགས་པར་
བཞུགས་པ་སྔོན་དུ་འགྲོ་བའི་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བགེགས་མཐར་བྱེད་དུ་བདག་ཉིད་རྣམ་པར་བསམ་པར་བྱ་སྟེ། སྐུ་མདོག་མཐིང་ནག་གཡས་བསྐུམ་པའི་ཞབས་ཀྱིས་གནས་པའི་ཞལ་གཅིག་ཕྱག་གཉིས་པ། གཡོན་པའི་ཕྱག་ནི་སྡིགས་མཛུབ་དང་བཅས་པའི་ཞགས་
པ་གཡས་པའི་ཕྱག་ནི་རྡོ་རྗེ་གདེང་བ་དང་། འཇིགས་སུ་རུང་བ་དང་སྐྲ་ཁམ་སེར་གྱེན་དུ་ཕྱོགས་པར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུཾ་གིས་བྱིན་གྱིས་བརླབས་པའི་རྡོ་རྗེའོ། །དེ་ལྟ་བུར་གྱུར་པའི་བགེགས་
རྣམས་ཀྱི་གཤེད་པོ་སྐུ་སྤྲོ་བ་དང་བསྡུ་བ་དང་ལྡན་པ་པདྨ་འདབ་མ་སྣ་ཚོགས་པའི་སྟེང་ན་ཉི་མ་ལ་བཞུགས་པ། དམ་ཚིག་ལ་སོགས་པ་ཆོ་ག་བཞིན་དུ་སྔོན་དུ་འགྲོ་བས་བསྒོམ་པར་བྱ་བའོ། །དེ་དག་རྣམས་ཐུན་ཚོད་གཉིས་དང་། གསུམ་དུ་བསྒོམ་པར་བྱ་བ་ཡིན་ནོ། །ཨོཾ་ཨཱཿབིགྷྣཱནྟ་
ཀྲྀཏ་ཧཱུཾ། བགེགས་མཐར་བྱེད་ཀྱི་སྒྲུབ་ཐབས་སོ། །པཎྜི་ཏ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བ་ལིཾ་བི་དྷིཿ། བོད་སྐད་དུ། གཏོར་མའི་ཆོ་ག །དབང་པོ་ལ་ཧྲཱིཿགཤིན་རྗེ་ལ་ཥྚྲྀཿཆུ་ལྷ་ལ་བི། ཀུ་བེ་ར་ལ་ཀྲྀ།
དབང་ལྡན་ལ་ཏ། མེ་ལྷ་ལ་ཨ། བདེན་བྲལ་ལ་ན། རླུང་ལྷ་ལ་ན། ཟླ་བ་ལ་ཧཱུཾ། ཉི་མ་ལ་ཧཱུཾ། ཚངས་པ་ལ་ཕཊ། ནོར་བདག་ལ་ཕཊ། སྣ་ཚོགས་བཤེས་གཉེན་ལ་སྭཱ། འབྱུང་པོ་རྣམས་ལ་ཧཱ། ཧི་ཧཱི་ཧཱུཾ་ཧཱུཾ་ཕེཾ་ཕེཾ་སྭཱ་ཧཱ། གཏོར་མའི་སྔགས་སོ། །གང་བཟའ་བ་དེ་དག་ཐམས་ཅད་

གཤིན་རྗེ་གཤེད་ལ་དབུལ་བར་བྱ་བའོ། །གཏོར་མའི་ཆོ་ག་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཧཱུཾ་ཀཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་
པས་ནམ་མཁའི་དབྱིངས་སུ་ཡི་གེ་ར་ལས་བྱུང་བའི་ཉི་མ་ལ། ཡི་གེ་ཧཱུཾ་འབར་བའི་འོད་དཔུང་བསྐལ་པའི་མེ་ལྟར་ཤིན་ཏུ་འབར་བ་ཁ་དོག་ནག་པོ་གཟི་བརྗིད་ཆེན་པོས་འཁྲིགས་པའོ། །དེ་བྱུང་དྲག་པོ་ཆེན་པོ་ནི། རྡོ་རྗེ་ཧཱུཾ་མཛད་ཅེས་བྱ་བ། གདུག་ཆེན་འཇིགས་པའི་གད་རྒྱངས་ཅན། །ཁམས་
གསུམ་པ་ནི་བསྐྱོད་པར་མཛད། །རྡོ་རྗེ་དྲིལ་བུའི་སྦྱོར་བ་ཡིས། །ཕྱག་གཉིས་ཕྱག་རྒྱ་འཆང་བར་མཛད། །གཡས་བསྐུམས་པ་ཡི་ཞབས་གཉིས་ཀྱིས། །འཇིགས་བྱེད་གནོན་མཛད་འཇིགས་མཛད་པོ། །སྙིང་མགུལ་མགོ་ལ་དགོད་བྱ་བ། །ཨོཾ་ཨཱཿཧཱུཾ་གི་ཡི་གེ་གསུམ། །དབང་
བསྐུར་བ་ཡི་ཆོ་