Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 76

Văn bản gốc(Tây Tạng)

Trang 8 / 17 (50.000 ký tự/trang)
ས་པ་དང་ལྕགས་སྒྲོག་དང་དྲིལ་བུའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་པུཀྐ་སཱི་དང་རི་ཁྲོད་མ་དང་གཏུམ་མོ་དང་གཡུང་མོ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་བུམ་པ་དང་རི་རབ་དང་མེ་ཐབ་དང་རྒྱལ་མཚན་ཆེན་
པོའི་བ་དན་ནོ། །དེ་ལས་ཤར་གྱི་གཞལ་ཡས་ཁང་གི་དབུས་སུ་རྟག་པའི་ཐོད་པ་ལ་གནས་པའི་རྨ་བྱ་སྟེ་ཤར་ལ་སོགས་པའི་སྒོར་སྐམ་པ་མ་དང་ཞགས་པ་མ་དང་དོལ་ཟླུམ་མ་དང་ལྕགས་ཀྱུ་འཛིན་མ་རྣམས་ཀྱི་སྐམ་པ་དང་ཞགས་པ་དང་དོལ་ཟླུམ་དང་ལྕགས་ཀྱུའོ། །དབང་ལྡན་ལ་སོགས་པར་
མེ་ཏོག་མ་དང་བདུག་སྤོས་མ་དང་མར་མེ་མ་དང་དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་སྤོས་ཕོར་དང་མར་མེའི་མཆོད་སྡོང་དང་དྲི་སེར་པོས་གང་བའི་དུང་ཆོས་སོ། །ལྷོའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་ཉི་མའི་ཐོད་པ་ལ་གནས་པའི་བྱ་ཀ་རཎྜ་པ་སྟེ་ཤར་ལ་སོགས་པའི་སྒོར་ཉི་ལག་མ་
དང་མར་མེ་དང་རིན་ཆེན་སྐར་མདའ་མ་དང་ཕྱག་ན་གློག་ཐོགས་མ་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་དང་མར་མེའི་མཆོད་སྡོང་དང་རིན་པོ་ཆེ་དང་གློག་གི་ཕྲེང་བའོ། །དབང་ལྡན་ལ་སོགས་པར་སྒེག་མོ་དང་ཕྲེང་བ་མ་དང་གླུ་མ་དང་གར་མ་རྣམས་ཀྱི་རྡོ་རྗེ་དང་རིན་པོ་ཆེའི་ཕྲེང་བ་དང་འཁར་རྔ་དང་རྡོ་རྗེའོ། །
ནུབ་ཀྱི་གཞལ་ཡས་ཁང་གི་དབུས་སུ་པདྨ་གར་གྱི་དབང་ཕྱུག་གི་ཐོད་པ་ལ་གནས་པའི་དོམ་སྟེ་ཤར་ལ་སོགས་པའི་སྒོར་པདྨ་དང་ཆོས་འབྱུང་མ་དང་ལྕགས་སྒྲོག་མ་དང་རང་འཁྱུད་མ་རྣམས་ཀྱི་པདྨ་དང་ཆོས་འབྱུང་དང་ལྕགས་སྒྲོག་དང་རྡོ་རྗེའོ། །དབང་ལྡན་ལ་སོགས་པར་གླིང་བུ་མ་དང་
པི་ཝང་མ་དང་རྔ་ཟླུམ་མ་དང་རྫ་རྔ་མ་རྣམས་ཀྱི་རང་རང་གི་རོལ་མོ་རྣམས་སོ། །བྱང་གི་གཞལ་ཡས་ཁང་གི་དབུས་སུ་རྟ་མཆོག་གི་ཐོད་པ་ལ་གནས་པའི་གཟའ་ལྷག་སྟེ་ཤར་ལ་སོགས་པའི་སྒོར་སྒོ་ལྕགས་མ་དང་ལྡེ་ཀྱོག་མ་དང་སྒོ་གླེགས་མ་དང་ཡོལ་བ་འཛིན་མ་རྣམས་ཀྱི་སྒོ་ལྕགས་དང་ལྡེ་ཀྱོག་
དང་སྒོ་གླེགས་དང་ཡོལ་བ་དང་། དབང་ལྡན་ལ་སོགས་པར་སྤྱན་མ་དང་མཱ་མ་ཀཱི་དང་གོས་དཀར་མོ་དང་སྒྲོལ་མ་རྣམས་ཀྱི་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་ཨུཏྤ་ལའོ། །ཕྱིའི་དཀྱིལ་འཁོར་ཆེན་པོའི་སྒོ་རྣམས་སུ་དཀར་མོ་ལ་སོགས་པའི་མཚན་མ་རྣམས་ཏེ་དབང་ལྡན་ལ་སོགས་པའི་མཚམས་

སུ་པུཀྐ་སཱི་ལ་སོགས་པའི་མཚན་མ་རྣམས་སོ། །མཚན་མ་འདི་རྣམས་ཐམས་ཅད་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་སྟེ་རྟག་པ་ཁོ་ནའི་ཟླ་བའི་གདན་ལ་གནས་པའོ། །དཀྱིལ་འཁོར་སོ་སོ་ལ་བདུད་རྩིའི་བུམ་པ་རྣམས་ཏེ་ཁ་ཅིག་ནི་དཀྱིལ་འཁོར་ཆེན་པོ་ཁོ་ན་ལའོ་ཞེས་སོ། །འཁོར་ལོས་
སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ་མཚན་མ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་སྟེ་སངས་རྒྱས་མཁའ་འགྲོ་ཁོ་ནའི་ཟླ་བ་ལ་གནས་པའོ། །གཞལ་ཡས་ཁང་དྲུག་པོ་རྣམས་ཀྱི་ཟུར་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཐོད་པ་རྣམས་སོ། །དེ་ལ་སྙིང་པོའི་དཀྱིལ་འཁོར་གྱི་
དབུས་ཀྱི་པདྨ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་སྟེ། མཚམས་ཀྱི་འདབ་མ་རྣམས་ལ་མཁའ་འགྲོ་མ་དང་ལཱ་མ་དང་དུམ་སྐྱེས་མ་དང་གཟུགས་ཅན་མ་རྣམས་ཀྱི་ཅང་ཏེའུ་རྣམས་སོ། །འདིར་དགོད་པའི་རིམ་པ་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་སྐོར་དང་མེ་ལ་སོགས་པའི་མཚམས་རྣམས་
སུ་གཡས་སྐོར་གྱིས་སོ། །སྒོའི་ཆུ་སྐྱེས་རྣམས་ལ་ཐོད་པའི་དུམ་བུ་མ་དང་རབ་གཏུམ་མོ་དང་ཀེང་རུས་ཆེན་མོ་དང་གཏུམ་པའི་མིག་ཅན་མ་དག་དང་ཀེང་རུས་དང་འོད་ལྡན་མ་དང་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མ་དག་གི་རྡོ་རྗེ་བཞི་སྟེ་ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ། །སངས་རྒྱས་མཁའ་
འགྲོའི་དཀྱིལ་འཁོར་ལ་དབུས་སུ་འཁོར་ལོ་དང་སྒོའི་ཆུ་སྐྱེས་རྣམས་ལ་ཆང་དགྲ་དང་དཔའ་བོའི་བློ་ཅན་མ་དག་དང་འོད་དཔག་མེད་དང་མིའུ་ཐུང་མ་དང་རྡོ་རྗེའི་འོད་དང་ལངྐའི་དབང་ཕྱུག་མ་དང་རྡོ་རྗེའི་སྐུ་དང་ཤིང་གྲིབ་མ་དག་གི་འཁོར་ལོ་རྣམས་ཏེ་ཁོར་ཡུག་གི་དབུས་སུ་འཁོར་ལོའི་ཕྲེང་བའོ། །རིན་ཆེན་མཁའ་འགྲོའི་
དཀྱིལ་འཁོར་ལ་དབུས་སུ་རིན་པོ་ཆེ་དང་སྒོའི་ཆུ་སྐྱེས་རྣམས་ལ་མྱུ་གུ་ཅན་དང་ས་སྲུང་མ་དང་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་དག་དང་དཔའ་བོ་ཆེན་པོ་དང་རླུང་ཤུགས་མ་དག་དང་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མ་དག་གི་རིན་པོ་ཆེ་རྣམས་ཏེ་ཁོར་ཡུག་གི་དབུས་སུ་རིན་པོ་ཆེའི་ཕྲེང་བའོ། །
པདྨ་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་པདྨ་དང་སྒོའི་ཆུ་སྐྱེས་རྣམས་ལ་ཤིན་ཏུ་བཟང་པོ་དང་སྔོ་བསངས་ལྷ་མོ་དག་དང་རྡོ་རྗེ་བཟང་པོ་དག་དང་ཤིན་ཏུ་བཟང་མོ་དག་དང་འཇིགས་བྱེད་ཆེན་པོ་དང་རྟ་རྣམ་དག་དང་མིག་མི་བཟང་དང་བྱ་གདོང་མ་དག་གི་པདྨ་རྣམས་ཏེ་ཁོར་ཡུག་གི་དབུས་སུ་

པདྨའི་ཕྲེང་བའོ། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་རྡོ་རྗེ་དང་། སྒོའི་ཆུ་སྐྱེས་རྣམས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་དག་དང་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མ་དག་དང་རྟ་མགྲིན་དང་ཆང་འཚོང་མ་དག་དང་ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་མ་དག་གི་རྡོ་རྗེ་
རྣམས་ཏེ་ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ། །སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་རྡོ་རྗེ་དང་སྒོའི་ཆུ་སྐྱེས་རྣམས་ལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་དག་དང་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མོ་དག་དང་རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་མ་དག་དང་རྡོ་རྗེ་
སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་དག་གི་སྣ་ཚོགས་རྡོ་རྗེ་སྟེ་ཁོར་ཡུག་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ཕྲེང་བའོ། །གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་སུ་ཁྭ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་རྡོ་རྗེ་ཞགས་པ་དང་རྡོ་རྗེ་ལྕགས་སྒྲོག་དང་
རྡོ་རྗེ་དྲིལ་བུ་རྣམས་ཏེ། མཚམས་རྣམས་སུ་ནི་གཤིན་རྗེ་བརྟན་མ་དང་གཤིན་རྗེ་ཕོ་ཉ་མ་དང་གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་མ་རྣམས་ཀྱི་མེ་ལོང་དང་པི་ཝང་དང་དྲིའི་དུང་ཆོས་དང་རོའི་སྣོད་རྣམས་སོ། །བུམ་པ་རྣམས་ནི་ཇི་ལྟར་རིགས་པར་རོ། །དེ་ལྟར་བརྗོད་པའི་རྗེས་སུ་འབྲངས་ནས་
དཀྱིལ་འཁོར་གཞན་རྣམས་ལ་ཡང་རྡུལ་ཚོན་དགྱེ་བ་ཤེས་པར་བྱ་སྟེ། འདིར་ནི་གཞུང་མངས་པས་འཇིགས་ནས་མ་བྲིས་སོ། །དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལ་ནི་ཚོན་གྱི་ཁ་དོག་གི་རིམ་པ་བཤད་པ་རྣམས་དང་ཕལ་ཆེར་མི་མཐུན་པས་རྡུལ་ཚོན་གྱི་ཁ་དོག་གི་རིམ་པ་བརྗོད་
པར་བྱའོ། །ཐུགས་ཀྱི་འཁོར་ལོའི་རྡོ་རྗེ་ཕྲེང་བ་གཉིས་པའི་མཐར་ཐུག་པའི་ནང་གི་ས་གཞི་ཐམས་ཅད་ནི་ནག་གོ། །ཐུགས་དང་གསུང་དང་སྐུའི་དཀྱིལ་འཁོར་གྱི་ཤར་གྱི་ས་གཞི་ཐམས་ཅད་ནག་པོ་དང་། ལྷོའི་དམར་པོ་དང་། ནུབ་ཀྱི་སེར་པོ་དང་། བྱང་གི་དཀར་པོའོ། །སྟེགས་བུ་
རྣམས་ནི་དཀར་པོའོ། །རིན་པོ་ཆེའི་སྣམ་བུ་ནི་དམར་པོ་སྟེ་དེ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའོ། །དྲ་བ་དང་དྲ་བ་ཕྱེད་པའི་ས་གཞི་ནི་ནག་པོ་སྟེ་དེར་དྲ་བ་དང་དྲ་བ་ཕྱེད་པ་རྣམས་ནི་དཀར་པོའོ། །ས་གཞི་ནག་པོ་ལ་རིན་པོ་ཆེའི་ཤར་བུ་རྣམས་ནི་དཀར་པོ་དང་ས་གཞི་ནག་པོ་ལ་མདའ་ཡབ་

རྣམས་ཀྱང་དཀར་པོའོ། །རྟ་བབས་ཀྱི་ཀ་བ་རྣམས་ནི་སེར་པོའོ། །ཐུགས་ཀྱི་འཁོར་ལོ་ལ་གཙོ་བོའི་གདན་པདྨ་ལྗང་གུ་སྟེ་ཞི་བ་ལ་སོགས་པ་ལ་ནི་དཀར་པོ་ལ་སོགས་པའི་ཁ་དོག་ཏུ་འགྱུར་རོ། །རྡོ་རྗེའི་ཕྲེང་བ་དང་ཀ་བ་བཅུ་དྲུག་ནི་ནག་པོ་སྟེ་ཤར་དུ་རལ་གྲི་ནག་པོ་དང་ལྷོར་རིན་ཆེན་དམར་པོ་དང་ནུབ་ཏུ་འཁོར་ལོ་
སེར་པོ་དང་བྱང་དུ་པདྨ་དཀར་པོ་རྣམས་དང་ལྡན་པའོ། །བུམ་པ་བརྒྱད་ནི་དཀར་པོ་སྟེ་པདྨ་ལ་གནས་ཤིང་པདྨས་ཁ་བརྒྱན་པའོ། །ཐམས་ཅད་དུ་པདྨའི་གདན་རྣམས་ཀྱི་སུམ་ཆ་ནི་ལྟེ་བའོ། །རྡོ་རྗེའི་ཕྲེང་བ་གཉིས་པ་ནི་ལྗང་གུ་སྟེ་ལྷ་སྣམ་ནི་དཀར་པོའོ། །རྩིག་པའི་རེ་ཁཱ་གསུམ་ནི་ནང་ནས་
བརྩམས་ཏེ་དཀར་པོ་དང་དམར་པོ་དང་ནག་པོའི་ཁ་དོག་གོ། །དེ་རྣམས་ཀྱི་ས་ནི་ཆ་དགུར་བྱ་སྟེ་དེ་ལ་ཆ་གཅིག་དོར་ནས་ཆ་གཉིས་ལ་རེ་ཁཱ་རེ་རེའོ། །སྒོ་དང་སྒོ་ཁྱུད་ཀྱི་མཚམས་རྣམས་སུ་རྡོ་རྗེ་དང་རིན་པོ་ཆེས་སྤྲས་པའོ། །རྟ་བབས་བཅུ་གཉིས་ནི་སྣ་ཚོགས་པའི་ཁ་དོག་གོ། །གསུང་གི་དཀྱིལ་
འཁོར་གྱི་ལྷ་སྣམ་ནི་དཀར་པོ་སྟེ་དེའི་པདྨ་བརྒྱད་ནི་ཟླ་བ་དང་ཉི་མ་དང་བྲལ་བ་ཕྱོགས་སུ་དམར་པོ་དང་མཚམས་སུ་དཀར་པོའོ། །རེ་ཁཱ་ནི་ནང་ནས་བརྩམས་ཏེ་ལྗང་གུ་དང་ནག་པོ་དང་དམར་པོ་དང་དཀར་པོ་དང་སེར་པོའི་མདོག་ཅན་རྣམས་སོ། །དེ་རྣམས་ཀྱི་ས་གཞི་ཆ་བཅོ་ལྔར་བྱ་ལ་དེར་སྔ་མ་
བཞིན་དུ་རེ་ཁཱ་བྱའོ། །སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ནི་དཀར་པོ་སྟེ་དེའི་པདྨ་རྣམས་ནི་ཟླ་བ་དང་ཉི་མ་དང་བྲལ་བའོ། །རེ་ཁཱ་ལྔ་ནི་གསུང་གི་དཀྱིལ་འཁོར་བཞིན་ནོ། །རྟ་བབས་ཀྱི་ཀ་བའི་འོག་གི་སྟགས་བུའི་ཀླུའི་གདན་རྣམས་ཏེ་རེ་རེ་ཞིང་ཆ་ཆུང་བཅུ་གཉིས་པའོ། །དེ་ལ་ཤར་ཕྱོགས་
སུ་ཟླུམ་པོ་ནག་པོ་གཉིས་ཀྱི་སྟེང་དུ་རྒྱལ་མཚན་དག་དང་། ལྷོར་གྲུ་གསུམ་དམར་པོ་གཉིས་ལ་བཀྲ་ཤིས་ཀྱིས་མཚན་པ་དང་། ནུབ་ཏུ་གྲུ་བཞི་སེར་པོ་གཉིས་ལ་རྡོ་རྗེས་མཚན་པ་དང་། བྱང་དུ་ཟླ་བ་ཕྱེད་པའི་རྣམ་པ་དཀར་པོ་གཉིས་ལ་པདྨས་མཚན་པའོ། །ཤར་གྱི་གཡས་
ཀྱི་ཟླུམ་པོའི་གཡས་སུ་ཀླུའི་རྒྱལ་པོ་རྒྱལ་བ་ཞེས་བྱ་བའི་བདུད་རྩིའི་བུམ་པ་སྟེ་ནུབ་ཀྱི་གཡོན་གྱི་གྲུ་བཞིའི་གཡོན་དུ་རྣམ་པར་རྒྱལ་བ་ཞེས་བྱ་བའི་བདུད་རྩིའི་བུམ་པའོ། །རྟ་བབས་རྣམས་ཀྱི་རིམ་པ་དང་པོའི་མྱོས་པ་བསྲུང་བའི་སྟེང་གི་དབུས་ཀྱི་གྲུ་བཞི་ལས་ཤར་དུ་ཆོས་ཀྱི་

འཁོར་ལོ་ནག་པོ་སྟེ་དེའི་གཡས་དང་གཡོན་དུ་རི་དགས་དང་རི་དགས་མོ་ནག་པོའོ། །ལྷོར་བུམ་པ་བཟང་པོ་དམར་པོའི་མདོག་ཅན་ཏེ་དེའི་གཡས་དང་གཡོན་དུ་དུང་དང་པདྨ་དམར་པོའོ། །ནུབ་ཏུ་བྱང་ཆུབ་ཀྱི་ཤིང་སེར་པོ་སྟེ་དེའི་གཡས་དང་གཡོན་དུ་མིའམ་ཅི་དང་མིའམ་ཅི་སེར་
པོའོ། །བྱང་དུ་རྔ་བོ་ཆེ་དཀར་པོ་སྟེ་དེའི་གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ་དཀར་པོའོ། །མདའ་ཡབ་དང་ཁོར་ཡུག་གི་བར་གྱི་ས་ནི་ནག་པོ་སྟེ་དེ་ལ་ཇི་ལྟར་རིགས་པར་མཆོད་པའི་ཡོ་བྱད་རྣམས་བྲི་བར་བྱའོ། །སའི་ཁོར་ཡུག་ནི་སེར་པོ་སྟེ་དེ་ལ་དབང་ལྡན་གྱི་མཚམས་ནས་འཆར་
བཞིན་པའི་ཟླ་བ་ཉ་བའི་ཆ་ཆུང་བཅུ་གཉིས་པ་དང་བདེན་བྲལ་དུ་ནུབ་བཞིན་པའི་ཉི་མའི་དཀྱིལ་འཁོར་ཆ་ཆུང་བཅུ་གཉིས་པའོ། །ཆུའི་ཁོར་ཡུག་དཀར་པོ་དང་མེའི་ཁོར་ཡུག་དམར་པོ་དང་རླུང་གི་ཁོར་ཡུག་ནག་པོའོ། །མེ་དང་རླུང་གི་ཁོར་ཡུག་དེ་དག་གི་དབུས་སུ་སོ་སོར་ཆ་ཆུང་བཅུ་གཉིས་
པ་རྩིབས་བརྒྱད་པའི་དུར་ཁྲོད་ཀྱི་འཁོར་ལོ་བརྒྱད་དེ། ཕྱོགས་རྣམས་སུ་དམར་པོ་དང་མཚམས་སུ་དཀར་པོའོ། །ཤར་གྱི་འཁོར་ལོའི་ཕྱི་ངོས་སུ་སྟོང་པའི་དཀྱིལ་འཁོར་ཏེ་ནུབ་ཀྱི་འཁོར་ལོའི་ཕྱི་ངོས་སུ་ཡང་སྟོང་པའི་དཀྱིལ་འཁོར་རོ། །སྟོང་པའི་དཀྱིལ་འཁོར་གཉིས་པོ་བྲི་བ་ནི་
སྒྲུབ་ཐབས་ཀྱི་ལེའུར་གསུངས་པའི་ཚུལ་གྱིས་ཏེ་བཅུ་ཆར་ལ་ཡང་མཚན་མ་ནི་གྲི་གུག་གོ། །རླུང་གི་ཁོར་ཡུག་ལ་ནི་སྣ་ཚོགས་པའི་མཚན་མ་བྲི་བར་བྱ་སྟེ་འདིར་འདོད་པས་སྤྱོད་པ་ནི་མ་ཡིན་ནོ། །ནམ་མཁའི་ཁོར་ཡུག་ནི་ནག་པོའོ། །དེའི་ལོགས་གཉིས་སུ་ཆ་ཆུང་གསུམ་
གསུམ་བྱས་པར་རེ་ཁཱའི་ཟླུམ་སྐོར་གཉིས་ཏེ་དབུས་ཀྱི་ཆ་ཆུང་དྲུག་ལ་རྡོ་རྗེའི་ཕྲེང་བ་ལྗང་གུ་བྱའོ། །འོད་ཟེར་འབར་བ་རྣམས་ནི་ཁ་དོག་ལྔ་པའོ། །ཡང་སྙིང་པོའི་དཀྱིལ་འཁོར་ལ་ཤར་ཕྱོགས་ཀྱི་རྡུལ་ཚོན་ནག་པོའི་དཔངས་ནི་ནས་ཀྱི་རྐང་པ་གཅིག་སྟེ་ལྷོའི་དམར་པོ་ནི་གཉིས་དང་ནུབ་ཀྱི་
སེར་པོ་ནི་བཞི་དང་བྱང་གི་དཀར་པོ་ནི་གསུམ་མོ། །རྩིག་པའི་རེ་ཁཱ་རྣམས་ཀྱི་དཔངས་ནི་རྡུལ་ཚོན་སེར་པོའི་སུམ་འགྱུར་ཏེ་རྡོ་རྗེ་ཕྲེང་བ་རྣམས་ཀྱང་ངོ་། །རེ་ཁཱ་གཞན་རྣམས་ནི་རྡུལ་ཚོན་སེར་པོ་ལས་ཉིས་འགྱུར་ཏེ་པདྨ་རྣམས་སྣམ་བུ་ལས་ཉིས་འགྱུར་ཉིད་དོ། །ཟླ་བ་དང་ཉི་མ་དག་གི་

ཆུ་སྐྱེས་ཀྱི་རེ་ཁཱ་ལས་སོ། །དེ་ལྟར་བརྗོད་པའི་དཔངས་ལས་ཉིས་འགྱུར་ནི་གསུང་གི་དཀྱིལ་འཁོར་གྱི་དཔངས་ཏེ་དེ་རྣམས་ལས་ཉིས་འགྱུར་ནི་སྐུའི་དཀྱིལ་འཁོར་ལའོ། །མདའ་ཡབ་ལས་ཕྱི་རོལ་གྱི་མཆོད་པའི་ས་གཞི་ལ་ནི་ནས་གཅིག་སྟེ་ས་ལ་སོགས་པའི་ཁོར་ཡུག་དང་རེ་ཁཱ་ཟླུམ་
པོ་གཉིས་ཀྱི་དཔངས་ནི་སྐུའི་དཀྱིལ་འཁོར་གྱི་རྩིག་པའི་རེ་ཁཱའི་ཚད་དུའོ། །གཞན་རྡུལ་ཚོན་དགྱེ་བ་ནི་ཐམས་ཅད་དུ་ཉིས་འགྱུར་གྱི་དབྱེ་བ་མཚུངས་པ་སྟེ་ས་གཞི་ཐམས་ཅད་ལའོ། །དེ་ལ་གཙོ་བོའི་ལྟེ་བར་ལྟེ་བ་དང་མཉམ་པའི་དཀར་པོ་དང་དམར་པོ་དང་ནག་པོ་དང་དམར་པོའི་ཟླ་བ་དང་ཉི་མ་དང་སྒྲ་
གཅན་དང་དུས་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྡོ་རྗེ་སྔོན་པོ་རྩེ་གསུམ་པའོ། །ཤར་གྱི་འདབ་མ་ལ་སྤོས་ཕོར་ནག་པོ་དང་ལྷོར་མར་མེ་དམར་པོ་དང་ནུབ་ཏུ་དུང་སེར་པོ་དང་བྱང་དུ་བཤོས་དཀར་པོ་དང་། མེ་ལ་སོགས་པ་རྣམས་སུ་ནག་པོ་དང་དམར་པོ་དང་སེར་
པོ་དང་དཀར་པོའི་རྔ་ཡབ་རྣམས་སོ། །དེའི་ཕྱི་རོལ་གྱི་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོ་དང་། མེར་ཡིད་བཞིན་གྱི་ནོར་བུ་ནག་པོ་དང་བདེན་བྲལ་དུ་ཆོས་ཀྱི་གཎྜཱི་དམར་པོ་དང་རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ། །རིམ་པ་གཉིས་པར་ཤར་དུ་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་རལ་གྲི་ནག་པོ་
དང་། མེར་ཆུ་སྐྱེས་དམར་པོ་དང་ཟླ་བ་ལ་ཨུཏྤ་ལ་སྔོན་པོ་དང་། ལྷོར་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་རིན་པོ་ཆེ་ཆ་དགུ་པ་དམར་པོ་དང་། བདེན་བྲལ་དུ་ཆུ་སྐྱེས་དམར་པོ་དང་ཟླ་བ་ལ་པདྨ་དམར་པོ་དང་། ནུབ་ཏུ་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་འཁོར་ལོ་སེར་པོ་དང་རླུང་དུ་ཆུ་སྐྱེས་དམར་པོ་དང་ཟླ་བ་
ལ་འཁོར་ལོ་སེར་པོ་དང་། བྱང་དུ་ཆུ་སྐྱེས་དཀར་པོ་དང་ཉི་མ་ལ་པདྨ་དཀར་པོ་དང་། དབང་ལྡན་དུ་ཆུ་སྐྱེས་དམར་པོ་དང་ཟླ་བ་ལ་ཨུཏྤ་ལ་དཀར་པོའོ། །རིམ་པ་གསུམ་པའི་སྣམ་བུ་ལ་སྒོ་སོ་སོའི་ངོས་དག་ཏུ་གཉིས་ཞེས་པས་པདྨ་བརྒྱད་དེ། དེའི་དྲུག་ལ་ནི་ཉི་མ་དང་ནུབ་དང་བྱང་གི་སྒོའི་
གཡོན་དག་ཏུ་ཟླ་བའོ། །མཚམས་རྣམས་སུ་པདྨ་དང་ཟླ་བ་བཞིའོ། །དེ་རྣམས་སུ་དབང་ལྡན་ནས་བརྩམས་ནས་མེ་ལོང་དང་རྡོ་རྗེ་དང་རལ་གྲི་དང་གོས་དང་རྡོ་རྗེ་དང་རིན་པོ་ཆེ་དང་རོའི་སྣོད་དང་ཆོས་འབྱུང་བ་དང་འཁོར་ལོ་དང་དྲིའི་དུང་དང་པི་ཝང་དང་པདྨ་རྣམས་ཏེ། དཀར་པོ་དང་སྔོན་པོ་དང་ནག་

པོ་དང་ལྗང་གུ་དང་དམར་པོ་དང་དམར་པོ་དང་ལྗང་གུ་དང་སེར་པོ་དང་སེར་པོ་དང་སྔོན་པོ་དང་དཀར་པོའོ། །ཤར་གྱི་སྒོར་པདྨ་དང་ཉི་མ་ལ་རལ་གྲི་ནག་པོ་དང་ལྷོར་དབྱུག་པ་དམར་པོ་དང་ནུབ་ཏུ་པདྨ་སེར་པོ་དང་བྱང་དུ་ཐོ་བ་དཀར་པོའོ། །འདིར་ཉི་མའི་དཀྱིལ་འཁོར་རྣམས་ནི་ཆུ་
སྐྱེས་དཀར་པོ་ལ་གནས་ཤིང་ཟླ་བའི་དཀྱིལ་འཁོར་རྣམས་ནི་ཆུ་སྐྱེས་དམར་པོ་ལ་གནས་པའོ། །སྟེགས་བུ་ལ་རྟ་བབས་ཀྱི་རྩ་བར་ཤར་གྱི་གཡོན་དུ་དུང་ཆོས་ནག་པོ་དང་གཡས་སུ་མེ་ཏོག་གི་ཕྲེང་བ་སྔོན་པོ་སྟེ། ལྷོར་སྤོས་ཕོར་དམར་པོ་དང་མར་མེའི་མཆོད་སྡོང་དང་ནུབ་ཏུ་ཅོད་པན་སེར་པོ་དང་དོ་ཤལ་
སེར་པོའོ། །བྱང་དུ་འབྲས་བུ་དཀར་པོ་དང་བདུད་རྩིས་གང་བའི་སྣོད་དཀར་པོའོ། །སྟེགས་བུ་ཐམས་ཅད་དུ་ནི་མཆོད་པ་རྣམ་པ་སྣ་ཚོགས་པ་འཛིན་པའི་ལྷ་མོ་རྣམས་སོ། །རྟ་བབས་ཀྱི་མཆོད་པའི་ལྷ་མོའི་གནས་ལ་ཤར་གྱི་དབུས་སུ་གོས་དང་ལྷོར་པདྨ་དང་ནུབ་ཏུ་རྔ་པ་ཊ་ཧ་དང་བྱང་དུ་རྡོ་རྗེའོ། །
གསུང་གི་དཀྱིལ་འཁོར་དུ་ནི་པདྨའི་ལྟེ་བ་དང་འདབ་མ་རྣམས་ལ་ཤར་དུ་གྲི་གུག་ནག་པོ་རྣམས་དང་མེར་འཁོར་ལོ་ནག་པོ་རྣམས་དང་གཤིན་རྗེར་དབྱུག་པ་དམར་པོ་རྣམས་དང་བདེན་བྲལ་དུ་ཤཀྟི་དམར་པོ་རྣམས་དང་ནུབ་ཏུ་རྡོ་རྗེ་སེར་པོ་རྣམས་དང་རླུང་དུ་ཚངས་པའི་དབྱུ་གུ་རྩེ་མོ་སེར་པོ་ཅན་རྣམས་
དང་བྱང་དུ་རྩེ་གསུམ་དཀར་པོ་རྣམས་དང་དབང་ལྡན་དུ་པདྨ་དཀར་པོ་རྣམས་སོ། །སྐུའི་དཀྱིལ་འཁོར་གྱི་སྣམ་བུ་ལ་ཡང་པདྨའི་ལྟེ་བ་དང་འདབ་མ་རྣམས་ལ་མཚན་མ་རྣམས་ཏེ་དེ་ལ་ཤར་སྒོའི་གཡས་སུ་རལ་གྲི་རྣམས་དང་མེར་དཔག་བསམ་གྱི་ཤིང་རྣམས་དང་ལྷོ་སྒོའི་གཡོན་དུ་རྡོ་རྗེས་
མཚན་པའི་དབྱུག་པ་རྣམས་དང་གཡས་སུ་ཤཀྟི་རྣམས་དང་བདེན་བྲལ་དུ་ཤཀྟི་འམ་ཡང་ན་མདུང་རྣམས་དང་། ནུབ་སྒོའི་གཡོན་དུ་རིན་པོ་ཆེའི་དབྱུག་ཏོ་རྣམས་དང་གཡས་སུ་རྡོ་རྗེ་རྣམས་དང་རླུང་དུ་ཁབ་རྣམས་དང་བྱང་སྒོའི་གཡོན་དུ་མདུང་རྩེ་གསུམ་པ་རྣམས་དང་གཡས་སུ་ཞགས་
པ་རྣམས་དང་དབང་ལྡན་དུ་དགྲ་སྟ་རྣམས་དང་། ཤར་སྒོའི་གཡོན་དུ་འཁོར་ལོ་རྣམས་སོ། །ཤར་སྒོར་དབྱུག་པ་དང་དེའི་ཕྱི་རོལ་དུ་རྡོ་རྗེ་ལྗང་གུ་དང་། ལྷོ་སྒོར་མདའ་དམར་པོ་དང་། ནུབ་སྒོར་དབྱུག་ཏོ་སེར་པོ་དང་། དེའི་ཕྱི་རོལ་དུ་རྩེ་གསུམ་སྔོན་པོ་དང་། བྱང་སྒོར་གཏུན་ཤིང་དཀར་

པོ་སྟེ་དབྱུག་པ་ལ་སོགས་པའི་མཚན་མ་འདི་རྣམས་ནི་པདྨ་དང་ཉི་མ་ལ་གནས་པའོ། །གསུང་དང་སྐུའི་དཀྱིལ་འཁོར་དག་གི་ཕྱོགས་ཀྱི་པདྨ་རྣམས་ནི་དམར་པོ་སྟེ་མཚམས་ཀྱི་པདྨ་རྣམས་ནི་དཀར་པོའོ། །འདིར་གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ལ་ཤར་སྒོའི་གཡས་སུ་ཨུཏྤ་ལ་དང་གོས་
དང་གྲི་གུག་དང་འཁོར་ལོ་དང་ཁ་ཊྭཱཾ་ག་ནག་པོ་རྣམས་ཏེ་གཡོན་དུ་གྲི་གུག་དང་རལ་གྲི་དང་གྲི་གུག་དང་གྲི་གུག་ནག་པོའོ། །ལྷོ་སྒོའི་གཡས་སུ་པདྨ་དང་རོའི་སྣོད་དང་དབྱུག་པ་དང་ཤཀྟི་དང་པདྨ་རྣམས་དམར་པོ་སྟེ། གཡོན་དུ་མདའ་དང་དགྲ་སྟ་དང་གྲི་གུག་དང་གྲི་གུག་དམར་པོའོ། །ནུབ་སྒོའི་གཡས་སུ་འཁོར་ལོ་
དང་དྲིའི་དུང་ཆོས་དང་རྡོ་རྗེ་དང་ཁབ་དང་འཁོར་ལོ་རྣམས་སེར་པོ་སྟེ་གཡོན་དུ་ཆོས་འབྱུང་ལྗང་གུ་དང་གྲི་གུག་དང་གྲི་གུག་རྣམས་སེར་པོའོ། །བྱང་སྒོའི་གཡས་སུ་ཨུཏྤ་ལ་དང་མེ་ལོང་དང་རྩེ་གསུམ་དང་པདྨ་དང་ཨུཏྤ་ལ་རྣམས་དཀར་པོ་སྟེ་གཡོན་དུ་པི་ཝང་སྔོན་པོ་དང་ཐོ་བ་དང་གྲི་གུག་དང་གྲི་
གུག་རྣམས་དཀར་པོའོ། །དེ་ལྟར་མཚན་མ་སུམ་ཅུ་རྩ་དྲུག་པོ་རྣམས་ནི་སྐུའི་དཀྱིལ་འཁོར་གྱི་སྟེགས་བུ་རྣམས་ལ་ཡང་ངོ་། །དེ་ནས་འཇམ་པའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་བྲིས་པ་རྣམ་པ་ཐམས་ཅད་དུ་གསལ་བར་གྱུར་པར་ཤེས་ནས་ཧཱུཾ་ཡིག་དང་འཁྱིལ་པ་བཟླས་པའི་
བདུད་རྩི་དང་བཅས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་བྱུགས་ལ་ཚད་དེས་འཁོར་ལོ་བསང་ཞིང་། རྡུལ་ཚོན་ལྷག་མ་རྣམས་ལ་ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ་སྣོད་ན་གནས་པའི་ཚོན་རྣམས་དབེན་པར་གཞག་པར་བྱའོ་ཞེས་པ་ཚོན་དགྱེ་བའི་ཆོ་
གའོ།། །།དེའི་རྗེས་སུ་སྔར་ལྷག་པར་གནས་པ་བྱས་པའི་བུམ་པ་རྣམས་གཡས་སྐོར་དུ་དགོད་པར་བྱའོ། །དེ་ལ་འཁོར་ལོའི་དབང་པོའི་རྣམ་པར་རྒྱལ་བའི་བུམ་པ་ནི་དཀྱིལ་འཁོར་གྱི་འཁོར་ལོའི་གཡས་ཕྱོགས་ནས་བསྐོར་ཏེ་རྡོ་རྗེ་ར་བའི་བདག་ཉིད་ཀྱི་ཁོར་ཡུག་དང་འབར་བའི་ཕྲེང་
བའི་ས་གཞིའི་ཕྱི་རོལ་དུ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་གཡས་སུ་གཞག་པར་བྱའོ། །གཡོན་ལོགས་སུ་ནི་གོ་རིམས་ཇི་ལྟ་བ་བཞིན་དུ་གཡས་སྐོར་གྱིས་རྣམ་པར་སྣང་མཛད་དང་སྤྱན་མ་དང་ལས་ཐམས་ཅད་པའི་བུམ་པ་སྟེ་གཡས་སུ་གཟུགས་རྡོ་རྗེ་དང་ཆོས་

དབྱིངས་རྡོ་རྗེ་མ་དང་གཤིན་རྗེ་མཐར་བྱེད་རྣམས་ཀྱིའོ། །ལྷོའི་གཡོན་དུ་རིན་ཆེན་འབྱུང་ལྡན་དང་མཱ་མ་ཀཱི་དང་གཡས་སུ་སྒྲ་རྡོ་རྗེ་མ་དང་ཤེས་རབ་མཐར་བྱེད་དག་གིའོ། །ནུབ་ཀྱི་གཡོན་དུ་སྣང་བ་མཐའ་ཡས་དང་གོས་དཀར་མོ་དག་དང་གཡས་སུ་དྲི་རྡོ་རྗེ་མ་དང་། པདྨ་མཐར་བྱེད་དག་
གིའོ། །བྱང་གི་གཡོན་དུ་དོན་ཡོད་གྲུབ་པ་དང་། སྒྲོལ་མ་དག་དང་། གཡས་སུ་རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་དང་། བགེགས་མཐར་བྱེད་དག་གིའོ། །གཤིན་རྗེ་མཐར་བྱེད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་ནི་མེ་ལ་སོགས་པའི་མཚམས་རྣམས་སུའོ་ཞེས་པ་ཁ་ཅིག་གིས་ཏེ་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་མ་ཐག་ཏུ་ཁྲོ་བོ་རྣམས་ཀྱི་དང་རིགས་ཀྱི་ཡུམ་རྣམས་ཀྱི་ནི་སྒོའི་གཡས་རྣམས་སུའོ་ཞེས་པ་གཞན་དག་གིས་སོ། །འདིའི་རྗེས་སུ་འབྲངས་ནས་ཕྱོགས་གཞན་རྣམས་སུ་ཡང་དགོད་པར་ཤེས་པར་བྱའོ། །འདོད་པ་གཞན་ཡང་ཡོད་མོད་དེས་ཅི་ཞིག་
བྱ། དེ་ལྟར་འདི་ནི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་བུམ་པ་དགོད་པའོ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ་གཡོན་དུ་རིགས་ཀྱི་ཡུམ་གྱི་དེ་མ་ཐག་ཏུ་ཡང་གཡས་སུ་དང་པོར་བྱང་ཆུབ་སེམས་དཔའ་བརྒྱད་པོ་རྣམས་ཀྱིའོ། །ཟུར་གྱི་ཁྲོ་བོ་རྣམས་ཀྱི་ཟུར་རྣམས་སུ་དང་
གཤིན་རྗེ་མཐར་བྱེད་ཀྱི་རྗེས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་དང་། པདྨ་མཐར་བྱེད་ཀྱི་རྗེས་ལ་གནོད་མཛེས་ཀྱི་སྟེ་ཁྱད་པར་རོ། །འདི་དག་གི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གཞན་རྣམས་ལ་བུམ་པ་དགོད་པ་ནི་རྟོགས་སླ་བས་འདིར་མ་བཀོད་དོ། །ཟུར་བཞིའི་བུམ་པ་རྣམས་
ལ་ནི་སྒྲོ་དང་བཅས་པའི་མདའ་བཞི་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་དགོད་པར་བྱའོ། །དུས་ཀྱི་འཁོར་ལོ་ལ་ནི་རྡུལ་ཚོན་གྱི་དཀྱིལ་འཁོར་ལས་ཕྱི་རོལ་དུ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་བུམ་པ་བརྒྱད་དང་། ནུབ་ཀྱི་བུམ་པ་ལས་ཕྱི་རོལ་དུ་སོར་གཉིས་སྤངས་
པར་རྣམ་པར་རྒྱལ་བའི་བུམ་པ་དང་། ཤར་གྱི་བུམ་པ་ལས་ཕྱི་རོལ་དུ་སོར་གཉིས་སྤངས་པར་རྒྱལ་བའི་བུམ་པ་སྟེ། དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པ་དུང་ཆོས་ནི་བཅུ་གཅིག་པའོ། །ཤར་དུ་རྒྱལ་བའི་བུམ་པ་ཡང་སྟེ་ལྔ་པའོ། །དེའི་སྟེང་དུ་རྣམ་པར་རྒྱལ་བའི་

བུམ་པ་ནི་དུང་ཆོས་ཏེ་དྲུག་པའོ་ཞེས་པ་བུམ་པ་ལྔ་པའི་ཕྱོགས་ལའོ། །བུམ་པ་བཅུའི་ཕྱོགས་ལ་ནི་ཕྱོགས་བརྒྱད་དུ་བུམ་པ་བརྒྱད་དང་། ནུབ་ཀྱི་བུམ་པ་ལས་ཕྱི་རོལ་དུ་སོར་གཉིས་སྤངས་པར་རྣམ་པར་རྒྱལ་བའི་བུམ་པ་དང་། ཤར་གྱི་བུམ་པ་ལས་ཕྱི་རོལ་དུ་སོར་གཉིས་སྤངས་
པར་རྒྱལ་བའི་བུམ་པ་སྟེ་དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་དུང་ཆོས་ནི་བཅུ་གཅིག་པའོ། །དེ་བཞིན་དུ་བརྒྱ་ཕྲག་སྟོང་གི་བུམ་པ་རྣམས་ལ་ཡང་རྣམ་པར་རྒྱལ་བ་ཆེན་པོ་ནི་དུང་ཆོས་ཏེ་ཞི་བ་དང་རྒྱས་པ་དང་ལས་ཐམས་ཅད་པ་ལ་ཡང་ངོ་ཞེས་པ་བུམ་པ་དགོད་པའི་ཆོ་གའོ།། །།དེ་ནས་དཀྱིལ་
འཁོར་གྱི་ཕྱི་རོལ་དུ་ཕྱོགས་བཞིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དམ་པའི་ཆོས་བཞི་བཀླག་པར་བྱའོ། །ག་བུར་དང་ཨ་ཀ་རུ་དང་ཏུ་རུཥྐ་ལ་སོགས་པའི་སྤོས་ཕོར་བརྒྱད་གཞག་པར་བྱའོ། །རྣམ་པ་སྣ་ཚོགས་པའི་ན་བཟའ་སྟོང་ལ་སོགས་པ་འམ་ལྷ་སོ་སོ་རེ་རེ་ལ་སོགས་པ་ཇི་
ལྟར་ནུས་པ་ཡང་རུང་སློབ་མ་ལ་སོགས་པར་གཞག་པ་དང་གདུགས་དང་རྒྱལ་མཚན་དང་བ་དན་རྣམས་ཧཱུཾ་ཡིག་དང་བདག་པོའི་སྔགས་ཀྱིས་བཟླས་པ་ཨོཾ་སྥ་ར་ཎ་ཁཾ་ཞེས་པས་ཕུལ་ནས་གནས་ཇི་ལྟ་བར་གཞག་པར་བྱ་སྟེ། རྟ་བབས་དང་གོས་བཟང་པོ་དང་དྲིལ་བུ་དང་བཅས་པའི་རྔ་ཡབ་དང་བུམ་པ་
གང་བ་དང་ལོ་མ་དང་བཅས་པའི་ཆུ་ཤིང་གི་སྡོང་བུའི་ཀ་བ་རྣམས་ཀྱང་ངོ་། །དེ་ནས་ཁྲུས་བྱས་ཤིང་དྲི་ཞིམ་པོའི་ལུས་སྟོད་གཡོགས་དང་གཙུག་ཏོར་དང་རྒྱན་དང་བཅས་པས་འཁྱིལ་པ་བཟླས་པའི་ཆུས་དཀྱིལ་འཁོར་བསངས་ཏེ་ཡི་གེ་གསུམ་དང་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་
རྡོ་རྗེ་དང་དྲིལ་བུ་བཟུང་སྟེ་ཤར་གྱི་སྒོ་དང་ཉེ་བར་ནུབ་ཏུ་གདོང་ཕྱོགས་པས་འདུག་ལ་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་སུ་སྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་གདབ་པ་ལ་སོགས་པའི་ཆོ་ག་འཁོར་དང་བཅས་
པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བརྟགས་ནས། བཙུན་མོ་མཛེས་ཤིང་ལྟས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། །དྲི་དང་མེ་ཏོག་གིས་བརྒྱན་ཏེ། །དེ་ཡི་དབུས་སུ་འདོད་པ་བྱ། །ཡོན་ཏན་སྐ་རགས་མཱ་མ་ཀཱིར། །ཤེས་རབ་ཅན་

གྱིས་དེ་བྱིན་བརླབ། །ཞི་བ་སྤྲོ་བྱ་སངས་རྒྱས་གནས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་གསུངས་པས་རབ་ཏུ་བསྒྲུབ་པའི་ཕྱིར་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པའམ། དེ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཡང་དག་པར་བསྐྱོད་
པའི་དགའ་བའི་སྒྲས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་རང་གི་གནས་སུ་བཅུག་ནས་འདོད་ཆགས་ཆེན་པོ་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་པདྨར་ཕྱུང་བའི་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ།
དམ་ཚིག་གི་འཁོར་ལོ་ལ་ཇི་ལྟ་བ་བཞིན་དུ་ཞུགས་པར་བསམས་ནས། མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་ཤིང་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པར་རྒྱས་གདབ་སྟེ་
རིགས་མི་ཤེས་པ་རྣམས་ནི་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔས་སོ། །དེ་ནས་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད་ཅིང་། བསིལ་བའི་རས་དང་རས་ཟུང་བླ་རེ་ལ་དཔྱངས་པ་དང་གོས་དང་། ཡི་གེ་གསུམ་གྱིས་བསྔགས་པའི་བཟའ་བ་དང་བཅའ་བ་དང་བལྡག་
བ་དང་བཏུང་བའི་ཉེ་བར་སྤྱད་པ་ལ་སོགས་པ་དང་། གསེར་དང་བུ་མོ་དང་གླང་པོ་ཆེ་དང་རྟ་དང་བ་ལང་ལ་སོགས་པ་ཕུལ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོ་ཕྱི་རོལ་གྱི་རྣལ་འབྱོར་མ་བཅུ་དྲུག་གམ་བརྒྱད་དམ་བཞིས་རང་རང་གི་མཆོད་པས་མཆོད་ནས་དྲིལ་བུ་དཀྲོལ་ཞིང་མི་བསྐྱོད་རྡོ་རྗེ་
ཞེས་པ་ལ་སོགས་པས་བསྟོད་དེ། རང་དང་ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཅུག་པ་བདུད་རྩི་དང་བཅས་པ་ཕུལ་བས། དེ་རྣམས་བདུད་རྩི་མྱངས་པས་ཚིམ་པར་གྱུར་ཅིང་བདེ་བ་ཆེན་པོའི་རང་བཞིན་དུ་མོས་པར་བྱས་ལ་འཁོར་ལོའི་དབང་པོའི་སྔགས་
བརྒྱ་རྩ་བརྒྱད་དང་། དེ་ལས་གཞན་དཀྱིལ་འཁོར་བའི་སྔགས་ཉི་ཤུ་རྩ་གཅིག་དང་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །འཆད་པར་འགྱུར་བའི་ཆོ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མ་གཏང་བར་བྱ་སྟེ། ཡོད་ན་སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་བཞག་ནས་ཕྱི་རོལ་དུ་ཕྱུང་ལ་ཤར་ལ་

སོགས་པའི་ཕྱོགས་སུ་འཆད་པར་འགྱུར་བའི་ཆོ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་དབུལ་བར་བྱའོ། །དེ་ནས་ལག་པ་གཡས་པ་གན་རྐྱལ་དུ་བྱས་ལ་གུང་མོ་དང་མིང་མེད་ཅུང་ཟད་བཀུག་པ་ཁ་ལ་མངོན་དུ་ཕྱོགས་
པར་གཟུང་བར་བྱའོ། །དེའི་རྩེ་མོས་ལག་པ་གཉིས་པུས་མོའི་ནང་དུ་བྱས་ནས་ཙོག་ཙོག་པོར་འདུག་སྟེ་མི་སྨྲ་བར་དེའི་རྩེ་མོས་ལག་པའི་ཟེའུ་འབྲུའི་ཆས་ཁ་ལ་ལན་མང་དུ་བྱབ་ཅིང་། ལན་གཉིས་སམ་གསུམ་དུ་རྣ་བའི་བུག་པ་གཉིས་དང་མིག་དག་དང་ཁ་དང་ལག་པ་དག་དང་ལྟེ་བ་དང་མགོ་བོ་
རྣམས་ལ་རེག་པར་བྱའོ་ཞེས་པ་ཉེ་རེག་གི་ཆོ་ག་བྱའོ། །དེ་ནས་གྲུབ་ན་ལྷག་པ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཞི་བ་དང་། དཀྱིལ་འཁོར་ཚིམ་པར་བྱ་བའི་ཕྱིར་ཞི་བ་དང་རྒྱས་པའི་སྦྱིན་སྲེག་འཆད་པར་འགྱུར་བ་བྱས་ནས་ཁམས་གསུམ་རྣམ་པར་རྒྱལ་བའི་རྣལ་འབྱོར་
དང་ལྡན་པས་མེ་ཏོག་གི་ཕྲེང་བ་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་དཔལ་ཁ་སྦྱོར་དུ་གསུངས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཟློས་ཤིང་རྡོ་རྗེ་ཤུགས་
ཀྱིས་དཀྱིལ་འཁོར་དུ་ཞུགས་པ་ལ་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ་རྡོ་རྗེའི་རྐང་པས་དེ་ཁོ་ན་བཞིན་དུ་ཨོཾ་ཨཱཿཧཱུཾ་ཕཊ་ཅེས་པ་དང་། ཨོཾ་ཧཱུཾ་ཨཱཿཕཊ་ཅེས་པ་དང་། ཨོཾ་ཧཱུཾ་ཨཱཿཨཱཿཕཊ་ཅེས་པ་དང་། ཨོཾ་ཧཱུཾ་ཧ་ན་མཱ་ར་ཡ་དུཥྚཱན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཱཿཨཱཿཧཱུཾ་ཧྲཱིཿཕཊ་ཅེས་པའི་སྔགས་རིམ་པ་ཇི་ལྟ་བ་
བཞིན་དུ་ཟློས་པའི་ཤར་དང་ལྷོ་ལ་སོགས་པའི་སྒོའི་སློབ་དཔོན་རྣམས་དང་ལྷན་ཅིག་ཏུ་གཡས་སྐོར་བྱས་ནས་ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར་འཁོར་ལོ་ལ་བལྟས་ཏེ་ཕྲེང་བ་བཅོམ་ལྡན་འདས་ལ་དབུལ་ཞིང་བསྐོར་བའི་གྲངས་ཇི་ལྟ་བ་བཞིན་དུ་ནུབ་སྒོ་ལ་སོགས་པ་
བཞིར་གནས་པས་ཤར་སྒོ་ལ་སོགས་པ་བཞི་ཨོཾ་བཛྲོདྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཕྱེ་བར་བསམས་ཏེ། ཨོཾ་ས་མ་ཡཾ་པྲ་བེ་ཤཱ་མི་ཞེས་བརྗོད་ནས་གར་བྱེད་ཅིང་ཕྲེང་བ་བླངས་ལ་རང་གི་མགོ་ལ་བཅིངས་ཏེ་འཁོར་ལོ་ལ་ཕྱག་འཚལ་ནས་སེམས་ཅན་ཐམས་ཅད་

ལ་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་སྩོལ་ཅིག་ཅེས་གསོལ་བ་གདབ་ཅིང་བསྒོམ་པ་དང་བཟླས་པ་བྱའོ། །འདིར་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་རོལ་དུ་རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་བ་དན་ནི་མེར་དགོད་པར་བྱའོ། །རིན་ཆེན་དབང་པོ་དང་དེའི་རིགས་
ཀྱི་ལྷ་རྣམས་ནི་བདེན་བྲལ་དུའོ། །སྣང་བ་མཐའ་ཡས་དང་དེའི་རིགས་ལས་བྱུང་བ་རྣམས་ཀྱི་རླུང་དུའོ། །དོན་ཡོད་གྲུབ་པ་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་དབང་ལྡན་དུའོ། །འཁོར་ལོའི་དབང་པོའི་ཤར་ཕྱོགས་སུ་སྟེ་དེའི་རིགས་ཀྱི་ལྷ་རྣམས་ཀྱི་ནི་རང་རང་གི་ཕྱོགས་སུའོ་ཞེས་པ་ཁ་ཅིག་གོ། །དབང་པོར་ནི་ཁྱབ་
འཇུག་གི་ནག་པོ་དང་ཟླ་བའི་དཀར་པོ་དང་ཉི་མའི་དམར་པོ་དང་མེའི་སེར་པོ་སྟེ་ནུབ་ཏུ་སའི་ལྷ་མོའི་སེར་པོ་དང་ཐགས་བཟངས་རིས་ཀྱི་ནག་པོའོ། །དབང་ལྡན་དུ་ནི་ཚོགས་ཀྱི་བདག་པོའི་དཀར་པོ་སྟེ་མ་འབྱོར་ན་ཇི་ལྟར་ནུས་པའི་བ་དན་དབུལ་བར་བྱའོ་ཞེས་པ་དཀྱིལ་འཁོར་བསྒྲུབ་པ་འཁོར་དང་བཅས་
པའི་ཆོ་གའོ།། །།འདིར་བརྗོད་པའི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཁ་དོག་ལ་སོགས་པ་བསྒོམ་པའི་རིམ་པ་ཤེས་པར་བྱ་བའི་ཕྱིར་ཡང་དག་པར་བསྡུས་ནས་མཆོག་ཏུ་གྱུར་པའི་སེམས་ཅན་རྣམས་ལ་བཤད་པར་བྱའོ། །འདིར་གང་གི་ཕྱིར་ཆུང་ངུ་དང་འབྲིང་པོའི་རིམ་པ་དག་གི་ཏིང་ངེ་
འཛིན་ལེགས་པར་བསྒོམ་པ་ལས་ཤེས་རབ་མཆོག་ཏུ་གྱུར་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་ཞིང་སྡུད་པའི་བྱེད་པ་པོ། །སྐད་ཅིག་གིས་ནི་ཡེ་ཤེས་རྫོགས། །རྣལ་འབྱོར་རྫོགས་པར་བཤད་པར་བྱ། །ཞེས་གསུངས་པ་དེའི་ཕྱིར་རང་དང་སེམས་
ཅན་ཐམས་ཅད་རྡོ་རྗེ་འཆང་ཉིད་ཐོབ་པར་འདོད་པའི་མངོན་པར་སྤྲོ་བ་དང་ལྡན་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཟུགས་ཅན་གྱི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ངེས་པར་བྱས་ནས་འོད་གསལ་བར་ཞུགས་པ་ལས་སྐད་ཅིག་གིས་ཡན་ལག་དང་བཅས་པའི་གཞལ་
ཡས་ཁང་གི་དབུས་སུ་དཀྱིལ་འཁོར་པས་ཡོངས་སུ་བསྐོར་ཞིང་རིགས་ཀྱི་བདག་པོའི་དབུ་རྒྱན་དང་ཐུགས་ཀའི་ས་བོན་དང་ལྡན་པ་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་བདེན་པ་ཆེན་པོའི་རང་བཞིན་ཅན་དཔལ་རྡོ་རྗེ་སེམས་དཔའ་དང་འཇམ་པའི་རྡོ་རྗེ་ལ་སོགས་པའི་སྐུ་དཔག་ཏུ་མེད་པའི་དེ་བཞིན་

གཤེགས་པ་དང་ལྷ་མོ་དང་བྱང་ཆུབ་སེམས་དཔའ་དང་ཁྲོ་བོ་ལ་སོགས་པ་སྤྲོས་ཏེ་ཆོས་སྟོན་པ་ལ་སོགས་པས་སྐལ་བ་ཇི་ལྟ་བ་བཞིན་དུ་གཞན་ལ་ཕན་པ་མཛད་ནས་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་འཇོག་ཅིང་སྡུད་པ་བསམ་གྱིས་མི་ཁྱབ་པའི་སྐུར་འཆར་བར་བྱའོ། །དེ་ལ་ཡན་ལག་ལ་སོགས་པ་
ནི་འདི་ཡིན་ཏེ། ས་འོག་གི་མཐར་ཐུག་པར་ཇི་ལྟར་མངོན་པར་འདོད་པའི་རྒྱར་གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་ས་གཞི་བསྐལ་པའི་མཐའི་མེ་ལྟར་འབར་བ་འོད་ཟེར་འབར་བའི་ཕྲེང་བས་མཚམས་བཅིངས་པ་དང་ས་འོག་ནས་སྟེང་གི་བར་དུ་ཤིན་ཏུ་མཐོ་བ་མཐུག་ཅིང་མཁྲེགས་ལ་སྲ་ཞིང་འབར་བའི་རྡོ་རྗེའི་ར་བ་
དང་རྡོ་རྗེའི་ར་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་པའི་སྟེང་རྡོ་རྗེའི་དྲ་བ་དང་འོག་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའོ། །དེའི་ནང་དུ་གནས་པར་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་སེར་པོ་གཡས་སྐོར་དུ་འཁོར་བའོ། །དེའི་རྩིབས་ལ་
ཤར་དུ་གཤིན་རྗེ་མཐར་བྱེད་ནག་པོ་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་ཐོ་བ་ནག་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །ལྷོར་ཤེས་རབ་མཐར་བྱེད་དཀར་པོ་ནག་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །ནུབ་ཏུ་པདྨ་མཐར་
བྱེད་དམར་པོ་སྔོན་པོ་དང་དཀར་པོའི་ཞལ་ཅན། པདྨ་དམར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །བྱང་དུ་བགེགས་མཐར་བྱེད་ནག་པོ་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་ཁ་གྱེས་པ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །མེར་འདོད་པའི་རྒྱལ་པོ་སྔོན་པོ་དཀར་པོ་དང་དམར་
པོའི་ཞལ་ཅན། ལྕགས་ཀྱུ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །བདེན་བྲལ་དུ་དབྱུག་སྔོན་ཅན་ནག་པོ་དཀར་པོ་དང་དམར་པོའི་ཞལ་ཅན་དབྱུག་པ་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །རླུང་དུ་སྟོབས་པོ་ཆེ་ནག་པོ་དཀར་པོ་དང་དམར་པོའི་ཞལ་ཅན། རྩེ་གསུམ་དང་
རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །དབང་ལྡན་དུ་མི་གཡོ་བ་སྔོན་པོ་དཀར་པོ་དང་དམར་པོའི་ཞལ་ཅན་རལ་གྲི་དང་རྡོ་རྗེ་དང་ནོར་བུ་དང་པདྨ་འཛིན་པའོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་སྔོན་པོ་དང་དམར་པོའི་ཞལ་ཅན་འཁོར་ལོ་སེར་པོ་དང་རལ་གྲི་དང་ནོར་བུ་དང་

པདྨ་འཛིན་པའོ། །འོག་ཏུ་གནོད་མཛེས་རྒྱལ་པོ་སྔོན་པོ་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །དེ་ལ་གཙུག་ཏོར་དང་འདོད་པའི་རྒྱལ་པོ་དང་མི་གཡོ་བ་དང་གནོད་མཛེས་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན། རྣམ་པ་སྣ་
ཚོགས་པའི་རིན་པོ་ཆེས་བརྒྱན་ཅིང་འགྱིང་བར་གྱུར་པ་མཆེ་བ་ཅུང་ཟད་གཙིགས་པར་སྟོན་ཅིང་ཁྲོས་པའི་སྨ་ར་དང་ལྡན་པའོ། །དེ་ལས་གཞན་པ་རྣམས་ནི་རྣམ་པར་འགྱུར་བའི་གཟུགས་ཅན་སྨིན་མ་འཁྱོག་པ་དང་བཅས་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་སྨིན་མ་དང་སྨ་ར་སེར་བ་མཆེ་བ་གཙིགས་
ཤིང་ཞལ་གདངས་པ་ལྗགས་འགྱུར་བ་གད་རྒྱངས་དང་ལྡན་པ་དྲག་པོའི་ཀླུ་བརྒྱད་ཀྱིས་བརྒྱན་པ་སྐུ་བོང་ཐུང་ཞིང་རགས་པ་ལྟོ་བ་འཕྱང་བའོ། །བཅུ་པོ་འདི་དག་ནི་གཡོན་བརྐྱང་ཞིང་གཡས་བསྐུམ་པ་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་སྣ་ཚོགས་ཆུ་སྐྱེས་ཉི་མ་དང་བཅས་པའི་གདན་ལ་བརྟན་པར་
གནས་པ། ཉི་མའི་འོད་ཅན་རབ་ཏུ་ཁྲོ་བ་དང་འབར་བས་ཤིན་ཏུ་འཇིགས་པ་དུས་མཐའི་མེ་ལྟ་བུའི་འོད་དང་ལྡན་པའི་རང་གི་སྤྲུལ་པ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀྱང་ཁམས་གསུམ་མཐའ་ཡས་པ་ན་གནས་པའི་བགེགས་ཀྱི་ཚོགས་མ་ལུས་པ་ཡང་དང་ཡང་དུ་རླག་པར་བྱེད་པ་ཕྱག་དྲུག་པ་རྩ་བའི་
ཕྱག་དག་གིས་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། ཞལ་གསུམ་པ་རྩ་བའི་ཞལ་སྐུ་མདོག་ལྟ་བུ་གཡས་པ་དང་གཡོན་པ་ནི་བརྗོད་ཟིན་པ་ཇི་ལྟ་བ་བཞིན་ཏེ། ཞལ་རེ་རེ་ལ་ཡང་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་མོ། །འཁོར་ལོ་ཡང་རྒྱུན་མི་འཆད་པར་དྲག་ཏུ་འཁོར་བས་བརྟན་པར་གནས་པ་ལྟ་བུ་
སྟེ་འབར་བའི་ཚོགས་དཔག་ཏུ་མེད་པ་འཕྲོ་བའོ། །དེའི་ལྟེ་བའི་ནང་འོག་གི་རྩིབས་ཀྱི་སྟེང་དུ་ཆོས་འབྱུང་གྲུ་གསུམ་པ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ་འོག་གི་ཟུར་ལ་གནས་པའི་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་བཅས་པའོ། །རྡོ་རྗེ་དེའི་ཕྱོགས་ཀྱི་ར་རྣམས་དང་ལྟེ་བ་ནི་ཇི་ལྟར་རིགས་
པར་རྣམ་པར་སྣང་མཛད་ལ་སོགས་པའི་སྐུ་མདོག་དང་འདྲ་བའོ། །དེར་རིན་པོ་ཆེ་ཁ་དོག་ལྔ་ལས་ཡོངས་སུ་རྫོགས་ཤིང་འོད་གསལ་བའི་ཐུབ་པའི་དབང་པོའི་དཀྱིལ་འཁོར་སྣ་ཚོགས་པའི་འོད་ཀྱིས་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་ཁྱབ་པའི་གཞལ་ཡས་ཁང་ངོ་། །དེའི་དབུས་སུ་

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་འཇམ་པའི་རྡོ་རྗེའི་སྐུ་གུར་ཀུམ་གྱི་མདོག་ལྟ་བུ་གཡས་དང་གཡོན་གྱི་ཞལ་ནག་པོ་དང་དཀར་པོ་རྩ་བའི་ཕྱག་དག་གིས་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། རལ་གྲི་དང་མདའ་དང་ཨུཏྤ་ལ་དང་གཞུ་འཛིན་པ། རིན་པོ་ཆེའི་ཅོད་པན་ཅན་སྣ་ཚོགས་པའི་རིན་པོ་ཆེ་ལ་
སོགས་པས་བརྒྱན་ཅིང་འོད་ཟེར་མཐའ་ཡས་པའོ། །དེའི་ཤར་ཕྱོགས་སུ་རྣམ་པར་སྣང་མཛད་དཀར་པོ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དམར་པོ། ཕྱག་རྣམས་ན་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་རིན་
པོ་ཆེ་ཆ་དགུ་པའི་མ་ར་ཀ་ཏ་དང་རལ་གྲི་དང་འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དམར་པོ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་འཛིན་པའོ། །འདི་གསུམ་གྱི་གཡས་པ་དང་
ཅིག་ཤོས་ཀྱི་ཞལ་ནི་ནག་པོ་དང་དཀར་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་རིན་པོ་ཆེའི་ཅོད་པན་དང་ལྡན་ཞིང་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེས་བརྒྱན་པའོ། །མེར་སྤྱན་མ་རྣམ་པར་སྣང་མཛད་དང་མཚུངས་པའོ། །བདེན་བྲལ་དུ་མཱ་མ་ཀཱི་མི་བསྐྱོད་པ་ལྟ་བུ་ཨུཏྤ་ལ་དམར་པོ་དང་རལ་གྲི་དང་
ནོར་བུ་དང་ཆུ་སྐྱེས་འཛིན་པ་སྟེ་སྒྲུབ་ཐབས་ཐམས་ཅད་ལས་དེ་ལྟར་བཤད་པའི་ཕྱིར་རོ། །རླུང་དུ་གོས་དཀར་མོ་སྣང་བ་མཐའ་ཡས་དང་མཚུངས་པའོ། །དབང་ལྡན་དུ་སྒྲོལ་མ་རིན་ཆེན་འབྱུང་ལྡན་ལྟ་བུ་ཨུཏྤ་ལ་སེར་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །དེ་ནས་དབུས་ཀྱི་རིམ་པ་
ལས་ཕྱི་རོལ་དུ་མེའི་མཚམས་སུ་གཟུགས་རྡོ་རྗེ་མ་རྣམ་པར་སྣང་མཛད་ལྟ་བུ་མེ་ལོང་དམར་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་མི་བསྐྱོད་པ་ལྟ་བུ་པི་ཝང་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །རླུང་དུ་དྲི་རྡོ་རྗེ་མ་རིན་ཆེན་འབྱུང་ལྡན་ལྟ་བུ་དྲིའི་
དུང་ཆོས་སེར་པོ་དང་རལ་གྲི་དང་འཁོར་ལོ་དང་ཆུ་སྐྱེས་འཛིན་པའོ། །དབང་ལྡན་དུ་རོ་རྡོ་རྗེ་མ་སྣང་བ་མཐའ་ཡས་ལྟ་བུ་རོའི་སྣོད་དམར་པོ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པའོ། །ཤར་སྒོའི་གཡོན་ལོགས་སུ་རེག་བྱ་རྡོ་རྗེ་མ་དོན་ཡོད་གྲུབ་པ་ལྟ་བུ་གོས་སྣ་ཚོགས་པ་དང་། རལ་གྲི་

དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །ཤར་སྒོའི་གཡས་ལོགས་སུ་ཆོས་དབྱིངས་རྡོ་རྗེ་མ་རྡོ་རྗེ་སེམས་དཔའ་ལྟ་བུ་ཆོས་འབྱུང་དཀར་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་ལྷ་འདི་རྣམས་ནི་ཞལ་གསུམ་ཕྱག་དྲུག་པ་ཕྱག་མཚན་དང་པོ་
གཉིས་གཡས་པ་དག་གིས་དང་གཞན་པ་གཉིས་གཡོན་པ་དག་གིས་འཛིན་པ་སྟེ་ཐམས་ཅད་ཀྱི་རྩ་བའི་ཞལ་ནི་སྐུ་མདོག་བཞིན་ནོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བདུད་རྩི་འཁྱིལ་པ་རྣམས་སོ། །འདིར་འཇམ་པའི་
རྡོ་རྗེ་དང་རྣམ་པར་སྣང་མཛད་དང་ལྷ་མོ་བཅུ་དྲུག་པོ་རྣམས་ནི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་སྟེ། གཞན་རྣམས་ནི་ཉི་མ་ལའོ། །ཟླ་བ་དང་ཉི་མ་རྣམས་ཀྱི་འོག་ཏུ་སྣ་ཚོགས་འདམ་སྐྱེས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱི་རྩ་བའི་ཕྱག་དག་གིས་རང་འོད་ཀྱི་ཤེས་
རབ་ལ་འཁྱུད་པ་སྟེ་ལྷ་མོ་རྣམས་ཀྱང་རང་འོད་ཀྱི་ཐབས་ལའོ། །དབུ་ལ་རིགས་ཀྱི་བདག་པོ་སྟེ་འཇམ་པའི་རྡོ་རྗེ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་སྲུང་བའི་འཁོར་ལོ་ལ་གནས་པའི་ཁྲོ་བོ་བརྒྱད་ལ་མི་བསྐྱོད་པའོ། །སྤྱན་མ་དང་གཟུགས་རྡོ་རྗེ་མ་
དང་གཤིན་རྗེ་མཐར་བྱེད་རྣམས་ལ་རྣམ་པར་སྣང་མཛད་དེ། དྲི་རྡོ་རྗེ་མ་ལ་ནི་རིན་ཆེན་དབང་པོའོ། །གོས་དཀར་མོ་དང་རོ་རྡོ་རྗེ་མ་དང་པདྨ་མཐར་བྱེད་རྣམས་ལ་འོད་དཔག་མེད་དེ་སྒྲོལ་མ་དང་རེག་བྱ་རྡོ་རྗེ་མ་ལ་ནི་དོན་ཡོད་གྲུབ་པའོ། །ཆོས་དབྱིངས་རྡོ་རྗེ་མ་ལ་རྡོ་རྗེ་འཛིན་པ་སྟེ་གཞན་
རྣམས་ལ་ནི་མི་བསྐྱོད་པའོ། །འདིར་རྡོ་རྗེ་སེམས་དཔའ་ནི་སྐུ་མདོག་དཀར་པོ་ལ་ཅུང་ཟད་དམར་བའི་མདངས་དང་ལྡན་པ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་སྔོན་པོ་དང་དམར་པོ། །རྩ་བའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་ལ་འཁྱུད་པ། རྡོ་རྗེ་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ་
སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཟླ་བའི་འོད་ཅན་རིན་པོ་ཆེའི་ཅོད་པན་དང་རིན་པོ་ཆེའི་རྒྱན་དང་ལྡན་པ་མི་བསྐྱོད་པས་རྒྱས་བཏབ་པའོ། །འདིར་འཇམ་པའི་རྡོ་རྗེའི་ཐུགས་ཀར་དམ་ཚིག་སེམས་དཔའ་ལྟ་བུའི་ཡེ་ཤེས་སེམས་དཔའ་སྟེ་དེའི་ཐུགས་

ཀའི་ཟླ་བར་རལ་གྲིའི་ཡུ་བར་གནས་པའི་ཟླ་བ་ལ་ས་བོན་མཾ་མོ། །རྟག་པ་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་རྣམས་ཀྱི་ཐུགས་ཀར་ཕྱག་མཚན་ལ་ཇི་ལྟར་རིགས་པར་ཟླ་བར་ཉི་མ་ལ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ངོ་། །སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ་ལཱཾ་མཱཾ་པཱཾ་ཏཱཾ་ཛཿཧཱུཾ་
བཾ་ཧོཿཁཾ་རཾ་མོ། །ཁྲོ་བོ་རྣམས་ལ་ནི་ཧཱུཾ་ངོ་ཞེས་པ་ས་བོན་ཏེ་འཁོར་ལོའི་དབང་པོ་ལ་སོགས་པའི་ཐུགས་ཀར་སྔགས་རྣམས་དགོད་པར་བྱའོ། །ཨོཾ་ཨཱཿམཾ་ཧཱུཾ་འཁོར་ལོའི་དབང་པོ་མི་བསྐྱོད་པ་དང་ལྷན་ཅིག་དབྱེར་མེད་པའིའོ། །ཨོཾ་ཨཱཿཛི་ན་ཛིཀ་ཧཱུཾ་རྣམ་པར་སྣང་མཛད་ཀྱིའོ། །ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུཾ་རིན་
ཆེན་འབྱུང་ལྡན་གྱིའོ། །ཨོཾ་ཨཱཿཨཱ་རོ་ལྀཀ་ཧཱུཾ་འོད་དཔག་མེད་ཀྱིའོ། །ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱུཾ་དོན་ཡོད་གྲུབ་པའིའོ། །ཨོཾ་ཨཱཿམོ་ཧ་ར་ཏི་ཧཱུཾ་སྤྱན་མའི་འོ། །ཨོཾ་ཨཱཿདྭེ་ཥ་ར་ཏི་ཧཱུཾ་མཱ་མ་ཀཱིའི་འོ། །ཨོཾ་ཨཱཿརཱ་ག་ར་ཏི་ཧཱུཾ་གོས་དཀར་མོའིའོ། །ཨོཾ་ཨཱཿབཛྲ་ར་ཏི་ཧཱུཾ་སྒྲོལ་མའི་འོ། །ཨོཾ་ཨཱཿརཱུ་པ་
བཛྲི་ཛཿཧཱུཾ་གཟུགས་རྡོ་རྗེ་མའོ། །ཨོཾ་ཨཱཿཤབྟ་བཛྲེ་ཧཱུཾ་ཧཱུཾ་སྒྲ་རྡོ་རྗེ་མའིའོ། །ཨོཾ་ཨཱཿགནྡྷ་བཛྲེ་བཾ་ཧཱུཾ་དྲི་རྡོ་རྗེ་མའི་འོ། །ཨོཾ་ཨཱཿར་ས་བཛྲེ་ཧོཿཧཱུཾ་རོ་རྡོ་རྗེ་མའི་འོ། །ཨོཾ་ཨཱཿསྤཪྴེ་བཛྲེ་ཁཾ་ཧཱུཾ་རེག་བྱ་རྡོ་རྗེ་མའི་འོ། །ཨོཾ་ཨཱཿདྷརྨ་དྷཱ་ཏུ་བཛྲེ་རཾ་ཧཱུཾ་ཆོས་དབྱིངས་རྡོ་རྗེ་མའི་འོ། །ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ་
གཤིན་རྗེ་མཐར་བྱེད་ཀྱིའོ། །ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏ་ཧཱུཾ་ཤེས་རབ་མཐར་བྱེད་ཀྱིའོ། །ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་ཧཱུཾ་པདྨ་མཐར་བྱེད་ཀྱིའོ། །ཨོཾ་ཨཱཿབིགྷཱནྟ་ཀྲྀཏ་ཧཱུཾ་ཕཊ་བགེགས་མཐར་བྱེད་ཀྱིའོ། །གང་གི་ཚེ་འཇམ་པའི་རྡོ་རྗེ་དང་དབྱེར་མེད་པའི་མི་བསྐྱོད་པ་འཁོར་ལོའི་དབང་པོར་གྱུར་པ་དེའི་ཚེ་
ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ། ཞེས་པ་འདིའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་ལ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་། ཡེ་ཤེས་སེམས་དཔའ་བཞུགས་པ་ལ་སོགས་པ་ནི་མ་བཤད་དོ། །དེའི་རྗེས་ལ་མིག་གི་མངོན་པར་ཤེས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དཔག་ཏུ་
མེད་ཅིང་བསམ་གྱིས་མི་ཁྱབ་པས་མཛེས་པར་བྱས་པའི་ཡི་དམ་གྱི་ལྷའི་སྐུ་ལེགས་པར་ཡོངས་སུ་དག་ཅིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་རྒྱུན་མི་འཆད་པར་ཡང་དང་ཡང་དུ་ལྷག་པར་མོས་པ་བརྟན་པར་བྱའོ། །སྙིང་པོའི་སྔགས་ལ་སོགས་པ་བསྟན་པ་ནི་བུམ་པ་ལྷག་

པར་གནས་པ་ལ་སོགས་པ་ལ་ཉེ་བར་སྦྱར་བའི་དོན་དུའོ། །གང་གི་ཚེ་དབུས་སུ་དེ་བཞིན་གཤེགས་པ་གཞན་གཙོ་བོར་གྱུར་པ་དེའི་ཚེ་དབུས་སུ་གནས་པ་དེ་གཞན་དེའི་གནས་སུ་དགོད་དོ། །འོད་དཔག་ཏུ་མེད་པ་དཀར་པོར་ཡང་འགྱུར་རོ། །ཆོས་རྣམས་དཀར་པོའི་རང་བཞིན་
གྱིས། །འདིར་ནི་གསུང་གི་དབང་ཕྱུག་དཀར། །ཞེས་གསུངས་པའི་ཕྱིར་རོ། །འདི་དང་འཆད་པར་འགྱུར་བའི་དཀྱིལ་འཁོར་རྣམས་སུ་གང་གི་དཀྱིལ་འཁོར་པའི་ལྷའི་གཙོ་བོའི་གནས་དག་གོང་དུ་བཤད་པ་དེའི་ཚེ་གཙོ་བོ་དེ་ཉིད་དཀྱིལ་འཁོར་གྱི་དབང་པོ་ལ་མངོན་པར་ཕྱོགས་ཤིང་། དེ་དང་
འཁྱུད་པ་ནི་དེ་ལ་མངོན་པར་ཕྱོགས་པ་ཉིད་དེ་གཞན་གྱི་གནས་སུ་ཕྱིན་པའི་ཕྱིར་རོ། །འདིར་གཞལ་ཡས་ཁང་གི་ཡན་ལག་ནི་རྣམ་པ་གསུམ་སྟེ། རྡོ་རྗེའི་ས་གཞི་ལ་སོགས་པས་ཡོངས་སུ་བསྐོར་བའི་རྡོ་རྗེའི་གུར་དང་སྲུང་བའི་འཁོར་ལོ་དང་ཆོས་ཀྱི་འབྱུང་གནས་སོ། །དེ་ལ་རྡོ་རྗེའི་གུར་ནི་འཆད་
པར་འགྱུར་བའི་གཞལ་ཡས་ཁང་ཐམས་ཅད་ལ་སྟེ། སྲུང་བའི་འཁོར་ལོ་དང་ཆོས་ཀྱི་འབྱུང་གནས་ནི་འགའ་ཞིག་ཁོ་ན་ལ་འཆད་པར་འགྱུར་རོ། །བྲི་བར་བྱ་བའི་གཞལ་ཡས་ཁང་རྣམས་ལ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཆོས་འབྱུང་ངམ་ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་ཆུད་པ་མཚོན་པའི་ཆེད་དུ་
རྡོ་རྗེའི་ཕྲེང་བ་བྲི་བར་བཤད་དོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་པས་རྫོགས་པའི་རིམ་པའི་དཀྱིལ་འཁོར་རྟོགས་པར་བྱ་བའི་ཕྱིར་དུ་འཇིག་རྟེན་གྱི་ཁམས་ཀྱི་ཁོར་ཡུག་མཚོན་པའི་རྡོ་རྗེའི་ཕྲེང་བ་བྲི་བ་ནི་ངེས་པར་རོ། །འདིར་སྲུང་བའི་འཁོར་ལོ་ནི་དེ་ལྟ་མ་ཡིན་པས་བྲི་མི་དགོས་ཏེ།
བགེགས་ཟློག་པ་ནི་གཞན་གྱིས་ཀྱང་བྱེད་པའི་ཕྱིར་རོ། །གཞན་ཡང་སྟོང་པ་ཉིད་ཁོ་ན་བཅོམ་ལྡན་འདས་མ་སྟེ་བགེགས་ཀྱི་ཚོགས་མ་ལུས་པ་རྩ་བ་དང་བཅས་པ་རླག་པར་བྱེད་པའི་ནུས་པ་རབ་ཏུ་གྱུར་པས་དེ་ལ་ལྷག་པར་མོས་པ་བརྟན་པ་ཉིད་བསྐྱེད་པའི་ཆེད་དུ་བྲི་བར་བྱ་བའི་དཀྱིལ་
འཁོར་ལ་སྲུང་བའི་འཁོར་ལོ་བྲི་བར་མ་བསྟན་ཏོ། །བསྒོམ་པར་བྱ་བའི་དཀྱིལ་འཁོར་ལ་ཡང་ཁ་ཅིག་ཏུ་བསྒོམ་པར་གསུངས་ཀྱི་ཐམས་ཅད་ལ་ནི་མ་ཡིན་ནོ། །བགེགས་བསལ་བའི་རྗེས་ལ་སྟོང་པ་ཉིད་དུ་རབ་ཏུ་ཞུགས་པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་ལ་སྲུང་བའི་འཁོར་

ལོ་མེད་དེ། དེའི་ཕྱིར་མི་བྲིའོ་ཞེ་ན་དེ་ལྟ་ན་ཁོར་ཡུག་མཚོན་པའི་རྡོ་རྗེའི་ར་བ་ཡང་མི་བྲི་བར་འགྱུར་རོ། །ཡང་གཞལ་ཡས་ཁང་བསྐྱེད་པའི་དུས་སུ་དེ་ཡང་བསྐྱེད་དོ་ཞེ་ན་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེའི་ར་བ་ལན་གཉིས་བསྐྱེད་པར་གང་ནས་ཀྱང་མ་གསུངས་པས་ལན་གཉིས་
བསྐྱེད་པས་ཅི་ཞིག་བྱ། །ཅིག་ཅར་རྫོགས་པ་ཉིད་ཀྱི་རྡོ་རྗེའི་ས་གཞི་དང་མཚམས་བཅིང་བ་དང་རྡོ་རྗེའི་ར་བ་ལ་སོགས་པ་མ་ལུས་པ་ཀུན་བརྟགས་པ་སྟོང་པ་ཉིད་ཀྱི་རང་བཞིན་སྒྱུ་མའི་ངོ་བོར་གནས་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟར་སྲུང་བའི་འཁོར་ལོ་ཡོད་ཀྱང་དཀྱིལ་འཁོར་དུ་མི་བྲི་བ་ཉིད་ཀྱི་འཐད་
པ་བརྗོད་པ་ཉིད་དོ། །ཁ་ཅིག་ནི་སྲུང་བའི་འཁོར་ལོ་བྲི་བར་བྱའོ་ཞེས་ཀྱང་འདོད་དོ་ཞེས་པ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་རོ། །བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ཡང་གཞལ་ཡས་ཁང་གི་མཐར་ཐུག་པ་ནི་སྔ་མ་བཞིན་ཏེ། ཁྲོ་བོ་རྣམས་ཀྱི་ཁྱད་པར་ནི་འཆད་པར་
འགྱུར་རོ། །གཞལ་ཡས་ཁང་གི་དབུས་སུ་མི་བསྐྱོད་པ་ནག་པོ་དྲག་པོ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་དཀར་པོ་དང་དམར་པོ་ཕྱག་གཡས་པ་རྣམས་ཀྱིས་ཁྲོ་བོའི་རྡོ་རྗེ་དང་འཁོར་ལོ་དང་པདྨ་རྣམས་དང་གཡོན་པ་རྣམས་ཀྱིས་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཛིན་པ་དང་འདྲ་བའི་རེག་བྱ་རྡོ་རྗེ་
མས་འཁྱུད་པའོ། །དེའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པ་སྟེ། མེ་ལ་སོགས་པའི་མཚམས་སུ་སྤྱན་མ་ལ་སོགས་པའོ། །དེ་ལ་རྣམ་པར་སྣང་མཛད་ནི་དཀར་པོ་ཞི་བ། དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ཅན་འཁོར་ལོ་དང་རྡོ་རྗེ་དང་པདྨ་
དཀར་པོ་དང་དྲིལ་བུ་དང་ནོར་བུ་དང་རལ་གྲི་འཛིན་པའོ། །བཤད་ཟིན་པ་དང་འཆད་པར་འགྱུར་བའི་ཕྱག་མཚན་རྣམས་ནི་རིམ་པ་བཞིན་དུ་ཕྱག་གཡས་པར་དང་པོར་སྟེང་ནས་འོག་ཏུ་དང་གཡོན་པར་འོག་ནས་སྟེང་དུ་རིག་པར་བྱའོ། །རྩ་བ་དང་གཡས་པ་དང་གཡོན་པའི་རིམ་པས་ཞལ་གྱི་
ཁ་དོག་གསུམ་ཡང་རིག་པར་བྱའོ། །རིན་ཆེན་འབྱུང་ལྡན་ནི་སེར་པོ་སྟེ་སེར་པོ་དང་ནག་པོ་དང་དམར་པོའི་ཞལ་ཅན་ནོར་བུ་དང་རྡོ་རྗེ་དང་འཁོར་ལོ་དང་དྲིལ་བུ་དང་པདྨ་སེར་པོ་དང་རལ་གྲི་འཛིན་པའོ། །སྣང་བ་མཐའ་ཡས་ནི་དམར་པོ་དང་ནག་པོ་དང་དཀར་བའི་ཞལ་ཅན་ཕྱག་གཡོན་

པས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་ཡུ་བ་ཐུགས་ཀར་བཟུང་བ་ཕྱག་གཡས་པས་ཁ་འབྱེད་པ་སྟེ་གཞན་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །དོན་ཡོད་གྲུབ་པ་ནི་ལྗང་གུ་སྟེ་ལྗང་གུ་དང་ནག་པོ་དང་དཀར་པོའི་ཞལ་ཅན་རལ་གྲི་དང་སྣ་ཚོགས་རྡོ་རྗེ་
དང་འཁོར་ལོ་དང་དྲིལ་བུ་དང་པདྨ་ལྗང་གུ་དང་ནོར་བུ་འཛིན་པའོ། །དེ་བཞིན་གཤེགས་པ་ལྔ་པོ་འདི་དག་དང་འཆད་པར་འགྱུར་བའི་ཀུན་དུ་བཟང་པོའི་བར་ནི་རལ་པའི་ཐོར་ཅོག་དང་རིན་པོ་ཆེའི་ཅོད་པན་ཅན་རྣམ་པ་སྣ་ཚོགས་པའི་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའོ། །སྤྱན་མ་ནི་རྣམ་པར་སྣང་མཛད་དང་
མཚུངས་པ་སྟེ། འོན་ཀྱང་པདྨ་དཀར་པོའི་གནས་སུ་ཨུཏྤ་ལ་དཀར་པོའོ། །མཱ་མ་ཀཱི་ནི་མི་བསྐྱོད་པ་དང་མཚུངས་པ་སྟེ་འོན་ཀྱང་པདྨའི་གནས་སུ་ཨུཏྤ་ལ་སྔོ་དམར་རོ། །གོས་དཀར་མོ་ནི་སྣང་བ་མཐའ་ཡས་དང་མཚུངས་པའོ། །སྒྲོལ་མ་ནི་དོན་ཡོད་གྲུབ་པ་དང་མཚུངས་པ་སྟེ། སྣ་ཚོགས་རྡོ་རྗེ་
དང་འཁོར་ལོ་དང་ཨུཏྤ་ལ་སྔོ་སེར་དང་དྲིལ་བུ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །རིམ་པ་གཉིས་པ་ལ་མེའི་མཚམས་སུ་གཟུགས་རྡོ་རྗེ་མ་སྤྱན་མ་ལྟ་བུ་སྟེ་འོན་ཀྱང་ཕྱག་དང་པོ་དག་གིས་མེ་ལོང་དམར་པོ་འཛིན་པའོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སེར་མོ་སེར་པོ་དང་ནག་པོ་དང་དཀར་པོའི་ཞལ་ཅན་
རྩ་བའི་ཕྱག་གཉིས་ཀྱིས་པི་ཝང་སྔོན་པོ་བསྒྲེང་བ་སྟེ་ཕྱག་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་ཨུཏྤལ་སྔོན་པོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །རླུང་དུ་དྲི་རྡོ་རྗེ་མ་གོས་དཀར་མོ་ལྟ་བུ་རྩ་བའི་ཕྱག་དག་གིས་དྲིའི་དུང་ཆོས་སེར་པོའོ། །དབང་ལྡན་དུ་རོ་རྡོ་རྗེ་མ་ལྗང་གུ་ལྗང་གུ་དང་ནག་པོ་དང་དཀར་
བའི་ཞལ་ཅན་ཕྱག་དང་པོ་དག་གིས་རོའི་སྣོད་དམར་པོ་འཛིན་པ་སྟེ་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །རིམ་པ་གསུམ་པའི་ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོའོ། །ལྷོར་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའོ། །ནུབ་ཏུ་འཇིག་རྟེན་
དབང་ཕྱུག་དང་འཇམ་པའི་དབྱངས་སོ། །བྱང་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོའོ། །བརྒྱད་པོ་འདི་རྣམས་ནི་རྩ་བའི་རིགས་ཀྱི་བདག་པོ་དང་མཚུངས་པ་སྟེ་འོན་ཀྱང་བྱམས་པ་ནི་རྩ་བའི་ཕྱག་གིས་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་འཛིན་པའོ། །ཤར་

ལ་སོགས་པའི་སྒོ་དང་མེ་ལ་སོགས་པའི་མཚམས་དང་སྟེང་དང་འོག་ཏུ་ཡང་རིམ་པ་ཇི་ལྟ་བ་བཞིན་དུ་ཁྲོ་བོ་བཅུའོ། །དེ་ལ་གཤིན་རྗེ་གཤེད་ནག་པོ་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་ཐོ་བ་དང་འཁོར་ལོ་དང་རྡོ་རྗེ་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་
འཛིན་པའོ། །ཤེས་རབ་མཐར་བྱེད་དཀར་པོ་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་རལ་གྲི་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །པདྨ་མཐར་བྱེད་དམར་པོ་དམར་པོ་དང་ནག་པོ་དང་དཀར་
པོའི་ཞལ་ཅན་པདྨ་དམར་པོ་དང་རལ་གྲི་དང་གཏུན་ཤིང་དང་དྲིལ་བུ་དང་དགྲ་སྟ་དང་ཞགས་པ་འཛིན་པའོ། །བགེགས་མཐར་བྱེད་སྔོན་པོ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་གཏུན་ཤིང་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་
འཛིན་པའོ། །མི་གཡོ་བ་སྔོན་པོ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་སྡིགས་མཛུབ་དང་དགྲ་སྟ་དང་ཞགས་པ་འཛིན་པའོ། །འདོད་པའི་རྒྱལ་པོ་སྔོན་པོ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་རྩ་བའི་ཕྱག་གིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་མཛད་ཅིང་གཞན་
རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་འཛིན་པའོ། །དབྱུག་སྔོན་ཅན་ནག་པོ་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རལ་གྲི་དང་འཁོར་ལོ་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་པདྨ་དང་དགྲ་སྟ་འཛིན་
པའོ། །སྟོབས་པོ་ཆེ་ནག་པོ་ནག་པོ་དང་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེས་མཚན་པའི་དབྱུག་པ་དང་རལ་གྲི་དང་འཁོར་ལོ་དང་ཐུགས་ཀར་སྡིགས་མཛུབ་ཞགས་པ་དང་བཅས་པ་དང་པདྨ་དང་དགྲ་སྟ་འཛིན་པའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་ནག་པོ་ནག་པོ་དང་དཀར་པོ་
དང་དམར་པོའི་ཞལ་ཅན་རྩ་བའི་ཕྱག་དག་གིས་གཙུག་ཏོར་གྱི་ཕྱག་རྒྱ་སྤྱི་བོར་འཛིན་པ་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་པདྨ་དང་སྡིགས་མཛུབ་དང་རལ་གྲི་འཛིན་པ་སྟེ། ཕྱག་གཉིས་ཐལ་མོ་གན་རྐྱལ་དུ་མཉམ་པར་བརྐྱང་བའི་སྲིན་ལག་གཉིས་ཀྱི་སེན་མོའི་སྟེང་དུ་མཐེ་བོང་གཉིས་ཀྱི་སེན་

མོས་མནན་ཏེ་མཐེ་ཆུང་གཉིས་བརྐྱང་བའོ། །དེ་བཞིན་དུ་གུང་མོ་གཉིས་ཀྱི་སེན་མོ་ཡང་དག་པར་རྩེ་སྤྲད་ལ་མཛུབ་མོ་དབུས་སུ་གཉིས་ཀའི་རྣམ་པ་ནི་ཀུན་དུ་སྣང་བ་ཞེས་བྱ་བ་གཙུག་ཏོར་གྱི་ཕྱག་རྒྱའོ་ཞེས་ཁ་ཅིག་གི་སྟེ་འགའ་ཞིག་ནི་གཞན་ནོ། །གནོད་མཛེས་ནག་པོ་ནག་པོ་
དང་དཀར་པོ་དང་དམར་པོའི་ཞལ་ཅན་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་པདྨ་དང་རལ་གྲི་འཛིན་པའོ། །མི་བསྐྱོད་པ་ལ་སོགས་པ་འདི་རྣམས་ནི་སྣ་ཚོགས་པདྨའི་སྟེང་དུ་གོ་རིམས་ཇི་ལྟ་བ་བཞིན་དུ་རྡོ་རྗེ་རྩེ་ལྔ་པ་དང་འཁོར་ལོ་དང་ཆ་དགུ་
པའི་རིན་པོ་ཆེ་མ་ར་ཀ་ཏ་དང་པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་དང་ཀླུ་ཤིང་གི་མེ་ཏོག་དང་འཁོར་ལོ་དང་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་དང་རྡོ་རྗེ་ཐོ་བ་དང་རྡོ་རྗེ་དང་ཆུ་སྐྱེས་
དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་རལ་གྲི་དང་རྡོ་རྗེ་ཁུ་ཚུར་དང་དབྱུག་པ་སྔོན་པོ་དང་དབྱུག་པ་ནག་པོ་དང་རྡོ་རྗེ་དང་རྡོ་རྗེ་ལ་གནས་པའི་དབྱུག་པ་དང་ཉི་མ་དང་ཟླ་བ་ལ་བཞུགས་པའི་ཞལ་གསུམ་ཕྱག་དྲུག་པའོ། །ཡང་གཞན་ལས་ནི་ལྷ་རྣམས་ཀྱི་རང་རང་གི་མདོག་ལྟ་བུའི་རིན་པོ་ཆེ་ལས་བྱས་པའོ། །དེ་ལ་
རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ནི་ཟླ་བ་ལ་གནས་པ་སྟེ་གཞན་རྣམས་ནི་ཉི་མ་ལ་གནས་པའོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ནི་རྡོ་རྗེ་སྐྱིལ་ཀྲུང་ཅན་ནོ། །ཁྲོ་བོ་རྣམས་ནི་ཞབས་གཡས་བརྐྱང་བ་གཡོན་བསྐུམ་པ་ཞལ་སོ་སོ་ལ་དམར་ལ་ཟླུམ་པའི་
སྤྱན་གསུམ་གསུམ་དང་ལྡན་པ་འབར་ཞིང་སྒྲ་སྒྲོགས་པ་ཤིན་ཏུ་འཇིགས་སུ་རུང་བ་སྲུང་བའི་འཁོར་ལོར་བཤད་པའི་རྣམ་པར་འགྱུར་བའི་གཟུགས་ལ་སོགས་པའི་ཁྱད་པར་དང་ལྡན་པའོ། །འདིར་ནི་འཁོར་ལོའི་དབང་ཕྱུག་ཁོ་ན་ཡུམ་དང་བཅས་པ་སྟེ་གནོད་མཛེས་ཀྱི་མཐར་ཐུག་པའི་ལྷ་
གཞན་རྣམས་ནི་ཡུམ་མེད་པའོ། །སྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་གཤེད་ལ་སོགས་པ་ནི་རང་འོད་ཀྱི་ཤེས་རབ་དང་བཅས་པ་སྟེ། དེ་ཡང་གོ་རིམས་བཞིན་དུ་རྡོ་རྗེ་རོ་ལངས་མ་དང་གཞན་གྱིས་མི་ཐུབ་མ་དང་ཁྲོ་གཉེར་ཅན་མ་དང་རལ་གཅིག་མ་དང་སྣ་ཚོགས་རྡོ་རྗེ་མ་དང་

སྣ་ཚོགས་རིན་ཆེན་མ་དང་སྣ་ཚོགས་པདྨ་མ་དང་སྣ་ཚོགས་ལས་མ་དང་ནམ་མཁའི་རྡོ་རྗེ་མ་དང་ས་འཛིན་མ་རྣམས་སོ། །མི་བསྐྱོད་པ་ལ་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་པ་དམར་པོ་ཤེས་རབ་དང་བཅས་པ་དེའི་ཐུགས་ཀར་ཧཱུཾ་ནག་པོའོ། །རྣམ་པར་སྣང་མཛད་ཀྱི་
ཐུགས་ཀར་ཨོཾ་དང་རིན་ཆེན་དབང་པོ་ལ་སྭཱ་དང་སྣང་བ་མཐའ་ཡས་ལ་ཨཱཿདང་དོན་ཡོད་གྲུབ་པ་ལ་ཧཱ་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ་ལཱཾ་མཱཾ་པཱཾ་ཏཱཾ་ཛཿཧཱུཾ་བཾ་ཧོཿདང་རེག་བྱ་རྡོ་རྗེ་མ་ལ་ཁཾ་དང་བྱམས་པ་ལ་སོགས་པ་བརྒྱད་པོ་རྣམས་ལ་མཻཾ་ཐླིཾ་ཨོཾ་ཨོཾ་ཨོཾ་ཧཱུཾ་ཨོཾ་སཾ་དང་ཁྲོ་བོ་བཅུ་
པོ་རྣམས་ལ་ཧཱུཾ་ངོ་། །མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་སྙིང་པོའི་སྔགས་ནི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་གསུངས་པ་ཉིད་དེ་བྱམས་པ་ལ་སོགས་པ་རྣམས་ཀྱི་ནི་ཨོཾ་ཨཱཿམཻ་ཏྲེ་ཡ་མཻཾ་ཧཱུཾ། ཨོཾ་ཨཱཿཀྵི་ཏི་གརྦྷ་ཐླིཾ་ཧཱུཾ། ཨོཾ་ཨཱཿབཛྲ་པཱ་ཎི་ཨོཾ་ཧཱུཾ། ཨོཾ་ཨཱཿཁ་གརྦྷ་ཨོཾ་ཧཱུཾ། ཨོཾ་ཨཱཿ
ལོ་ཀི་ཤྭ་ར་ཨོཾ་ཧཱུཾ། ཨོཾ་ཨཱཿམཉྫུ་གྷོ་ཥ་ཧཱུཾ་ཧཱུཾ། ཨོཾ་ཨཱཿསརྦ་ནི་བ་ར་ཎ་བིསྐམྦྷི་ནི་ཨོཾ་ཧཱུཾ། ཨོཾ་ཨཱཿས་མནྟ་བྷ་དྲ་སཾ་ཧཱུཾ། ཨོཾ་ཨཱཿཨ་ཙ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཊཀྐི་རཱ་ཛ་ཧཱུཾ་ཧཱུཾ། ཨོཾ་ཨཱཿནཱི་ལ་དཎྜ་ཧཱུཾ་ཧཱུཾ། ཨོཾ་ཨཱཿམ་ཧཱ་བ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཨུཥྞཱི་ཥ་ཧཱུཾ་ཧཱུཾ། ཨོཾ་ཨཱཿསུམྦྷ་རཱ་ཛ་ཧཱུཾ་ཧཱུཾ། གང་གི་ཚེ་
མི་བསྐྱོད་པ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་འཁོར་ལོའི་དབང་པོར་གྱུར་པ་དེའི་ཚེ་འདིའོ། །ཨོཾ་ཨཱཿཧཱུཾ་ཧཱུཾ་ཞེས་པའི་སྔགས་སོ། །རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་དང་ཀུན་དུ་བཟང་པོ་དག་གི་གོང་དུ་བརྗོད་པའི་རྡོ་རྗེ་སེམས་དཔའ་སྟེ་འོན་ཀྱང་རྡོ་རྗེ་དང་འཁོར་ལོ་དང་པདྨ་དང་དྲིལ་བུ་
དང་ནོར་བུ་དང་རལ་གྲི་འཛིན་པ་རང་དང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཡང་དག་པར་འཁྱུད་པའོ། །དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་ཕྱག་ན་རྡོ་རྗེ་དང་འཇམ་པའི་དབྱངས་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་གནོད་མཛེས་རྒྱལ་པོ་རྣམས་ཀྱི་མི་བསྐྱོད་པའོ། །སྤྱན་མ་
དང་གཟུགས་རྡོ་རྗེ་མ་དང་བྱམས་པ་དང་སའི་སྙིང་པོ་དང་གཤིན་རྗེ་མཐར་བྱེད་དང་མི་གཡོ་བ་རྣམས་ཀྱི་རྣམ་པར་སྣང་མཛད་དོ། །སྒྲ་རྡོ་རྗེ་མ་དང་ནམ་མཁའི་སྙིང་པོ་དང་ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་རྣམས་ཀྱི་རིན་ཆེན་དབང་པོའོ། །གོས་དཀར་མོ་དང་དྲི་རྡོ་རྗེ་མ་དང་

འཇིག་རྟེན་དབང་ཕྱུག་མ་དང་པདྨ་མཐར་བྱེད་དང་དབྱུག་སྔོན་ཅན་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །སྒྲོལ་མ་དང་རོ་རྡོ་རྗེ་དང་རེག་བྱ་རྡོ་རྗེ་མ་དང་རྣམ་པར་སེལ་བ་དང་བགེགས་མཐར་བྱེད་དང་སྟོབས་པོ་ཆེ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་
ཐམས་ཅད་ནི་རང་འོད་ཀྱི་ཡུམ་དང་བཅས་པ་འཁོར་ལོས་སྒྱུར་བའི་གཟུགས་ཅན་ནོ། །དཔལ་ཀུན་དུ་ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་སྲུང་བའི་འཁོར་ལོའི་ལྟེ་བར་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་དང་རི་རབ་ཀྱི་སྟེང་དུ་ཆོས་འབྱུང་གི་
དབུས་སུ་གཞལ་ཡས་ཁང་ངོ་། །སྲུང་བའི་འཁོར་ལོ་ལ་གཤིན་རྗེ་གཤེད་ནི་ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་ལྕགས་ཀྱུ་དང་འཁོར་ལོ་དང་རྡོ་རྗེ་དང་གཡོན་པ་གསུམ་གྱིས་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །ཤེས་རབ་མཐར་བྱེད་
ནི་རྡོ་རྗེ་ཞགས་པ་དང་རྡོ་རྗེ་དང་རལ་གྲི་དང་ཐུགས་ཀར་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟའོ། །པདྨ་མཐར་བྱེད་ནི་ལྕགས་སྒྲོག་དང་པདྨ་དང་རལ་གྲི་དང་དྲིལ་བུ་དང་དགྲ་སྟ་དང་ཞགས་པའོ། །བགེགས་དགྲ་ནི་རྡོ་རྗེ་དྲིལ་བུ་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་སྡིགས་མཛུབ་དང་བཅས་པའི་ཞགས་
པ་དང་གཏུན་ཤིང་དང་དགྲ་སྟའོ། །མི་གཡོ་བ་ནི་རལ་གྲི་དང་འཁོར་ལོ་དང་རྡོ་རྗེ་དང་སྡིགས་མཛུབ་དང་དགྲ་སྟ་དང་ཞགས་པའོ། །འདོད་པའི་རྒྱལ་པོ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྕགས་ཀྱུ་དང་རལ་གྲི་དང་རྡོ་རྗེ་ཞགས་པའོ། །དབྱུག་སྔོན་ཅན་ནི་
རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་རལ་གྲི་དང་འཁོར་ལོ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་དགྲ་སྟའོ། །སྟོབས་པོ་ཆེ་ནི་རྩེ་གསུམ་དང་རལ་གྲི་དང་འཁོར་ལོ་དང་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་དགྲ་སྟའོ། །གཙུག་ཏོར་འཁོར་ལོས་
སྒྱུར་བ་ནི་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་གཙུག་ཏོར་གྱི་ཕྱག་རྒྱ་དང་འཁོར་ལོ་དང་པདྨ་དང་སྡིགས་མཛུབ་དང་རལ་གྲིའོ། །གནོད་མཛེས་ནི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་རལ་གྲིའོ། །བཅུ་པོ་འདི་རྣམས་

ནི་དབུ་ལ་ཐོད་པ་ལྔས་བརྒྱན་པ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པ་མི་མགོའི་ཕྲེང་བ་མགུལ་ལ་འཕྱང་བ་གོ་རིམས་ཇི་ལྟ་བ་བཞིན་དུ་རྣམ་པར་སྣང་མཛད་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་རྟག་པ་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་དང་དོན་
ཡོད་གྲུབ་པ་དང་མི་བསྐྱོད་པ་དང་མི་བསྐྱོད་པས་རྒྱས་བཏབ་པའོ། །གཞལ་ཡས་ཁང་གི་སྙིང་པོར་རྡོ་རྗེ་འཛུམ་པ་དང་བཅས་པ་ཅུང་ཟད་དམར་བའི་མདངས་དང་ལྡན་པའི་སྐུ་མདོག་དཀར་པོ་རལ་པའི་ཐོར་ཅོག་ནག་པོ་ལ་གནས་པའི་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་དེའི་འོག་ཏུ་གཡོན་ངོས་སུ་
གནས་པའི་ཟླ་བ་ཕྱེད་པ་དྲི་མ་མེད་པ་དང་སངས་རྒྱས་ལྔའི་ཅོད་པན་ཅན། དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང་འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་དང་སྐ་རགས་དང་ཐལ་ཆེན་རྣམས་ཀྱིས་བརྒྱན་པ་ཞལ་གསུམ་པ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་སྔོན་པོ་དང་དམར་པོ་ཞལ་རེ་རེ་
ལ་སྤྱན་གསུམ་གསུམ་དང་ལྡན་པ་ཕྱག་དྲུག་པ་རྡོ་རྗེ་དང་དྲིལ་བུས་རྣམ་པར་མཛེས་པའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་ཆུ་སྐྱེས་ལ་མཉམ་པར་སྦྱོར་བའི་དགའ་བ་དང་ལྡན་པ་ཕྱག་གཡས་པ་དག་གིས་རལ་གྲི་དང་ལྕགས་ཀྱུ་དག་དང་གཡོན་པ་དག་གིས་ཐོད་པ་དང་
ཞགས་པ་འཛིན་པ། ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན་སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་ཐུགས་ཀར་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་དམར་སེམས་དཔའི་
སྐྱིལ་ཀྲུང་ཅན་སངས་རྒྱས་ལྔས་སྤྲས་པའི་རིན་པོ་ཆེའི་ཅོད་པན་དང་རིན་པོ་ཆེས་བརྒྱན་པ་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ་སྟེ་དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་ཧཱུཾ་ཡིག་ནག་པོའོ། །འདིར་སེམས་དཔའ་གསུམ་
གྱི་བདག་ཉིད་རྡོ་རྗེ་འཆང་གི་ཤར་དུ་རྣམ་པར་སྣང་མཛད་དཀར་པོ་ཞི་བ། ཕྱག་བཞི་པ་གཡས་པ་དག་གིས་འཁོར་ལོ་དང་དྲིལ་བུ་གཡོན་པ་དག་གིས་ཐོད་པ་དང་ཞགས་པ་འཛིན་པའོ། །ལྷོར་རིན་ཆེན་དབང་པོ་སེར་པོ་ཕྱག་བཞི་པ་གཡས་པ་དག་གིས་རིན་པོ་ཆེ་དང་ལྕགས་ཀྱུ་གཡོན་

དག་གིས་ཐོད་པ་དང་ཞགས་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཕྱག་བཞི་པ་གཡས་པ་དག་གིས་མདའ་དང་པདྨ། གཡོན་པ་དག་གིས་གཞུ་དང་ཞགས་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་ཕྱག་བཞི་པ་གཡས་པ་དག་གིས་རྡོ་རྗེ་དང་ལྕགས་ཀྱུ་
གཡོན་པ་དག་གིས་དྲིལ་བུ་དང་ཐོད་པའོ། །དབང་ལྡན་དུ་སྤྱན་མ་དཀར་མོ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་འཁོར་ལོ་དང་རྡོ་རྗེ་དང་རལ་གྲི་དང་མདའ་དང་། གཡོན་པ་རྣམས་ཀྱིས་ཐོད་པ་དང་དྲིལ་བུ་དང་ཞགས་པ་དང་གཞུའོ། །མེར་མཱ་མ་ཀཱི་སྔོན་མོ་ཕྱག་བཅུ་གཉིས་པ་གཡས་
པ་རྣམས་ཀྱིས་མདའ་དང་རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་། གཡོན་པ་རྣམས་ཀྱིས་གཞུ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊྭཱཾ་གའོ། །བདེན་བྲལ་དུ་གོས་དཀར་མོ་དམར་པོ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་མདའ་དང་པདྨ་དང་རལ་
གྲི་དང་རྡོ་རྗེ། གཡོན་པ་རྣམས་ཀྱིས་གཞུ་དང་ཐོད་པ་དང་ཞགས་པ་དང་དྲིལ་བུའོ། །རླུང་དུ་སྒྲོལ་མ་ལྗང་གུ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་ཨུཏྤ་ལ་དམར་པོ་དང་རལ་གྲི་དང་ལྕགས་ཀྱུ་དང་མདའ། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་ཞགས་པ་དང་ཐོད་པ་དང་གཞུའོ། །རིམ་པ་
གཉིས་པ་ལ་ཤར་ཕྱོགས་སུ་རྡོ་རྗེ་དྲག་མོ་དཀར་མོ་མདའ་དང་ལྕགས་ཀྱུ་དང་གཞུ་དང་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་ཅན་ནོ། །ལྷོར་གཟུགས་རྡོ་རྗེ་མ་སེར་མོ་རྡོ་རྗེ་དང་མདུང་དང་ཞགས་པ་དང་ཁྲག་གིས་གང་བའི་ཐོད་པ་ཅན་ནོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ་རལ་གྲི་
དང་རྡོ་རྗེ་དང་དྲི་ཆུས་གང་བའི་ཐོད་པ་དང་དྲིལ་བུ་ཅན་ནོ། །བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་གུ་ཐལ་ཆར་དང་བ་དན་གསུམ་པ་དང་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་ཐོད་པ་ཅན་ནོ། །དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མོ་དཀར་སེར་དབྱུག་པ་དང་ཨུཏྤལ་དང་ཐོད་པ་དང་ཌ་མ་རུ་ཅན་ནོ། །མེར་རྡོ་རྗེ་
མཁའ་འགྲོ་མ་དཀར་སེར་པདྨ་དང་མེ་ལོང་དང་རྐང་མར་གྱིས་གང་བའི་ཐོད་པ་དང་དགྲ་སྟ་ཅན་ནོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སྔོ་དམར་ཤཀྟི་དང་དུང་དང་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པ་ཅན་ནོ། །རླུང་དུ་ས་རྡོ་རྗེ་མ་དཀར་ལྗང་པདྨ་དང་རྡོ་རྗེ་དང་བདུད་རྩི་དང་སྒྲོན་མས་གང་བའི་

ཐོད་པ་མི་ལྤགས་ཀྱིས་གཡོགས་པ་དང་དྲིལ་བུ་ཅན་ནོ། །བརྒྱད་པོ་འདི་རྣམས་ནི་ཕྱག་བཞི་མ་ཕྱག་དང་པོ་གཉིས་ནི་གཡས་པ་དག་གིས་ཏེ་གཞན་གཉིས་ནི་གཡོན་པ་དག་གིས་འཛིན་པའོ། །རིམ་པ་གསུམ་པ་ལ་ཤར་ཕྱོགས་སུ་བཞད་མ་དམར་མོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དང་བཅས་པས་མངོན་པར་བཤད་
པའི་ཚུལ་ཅན་ནོ། །ལྷོར་སྒེག་མོ་སྔོན་མོ་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་བསྙེམས་པ་དང་བཅས་པར་མངོན་པར་སྒེག་པའི་ཚུལ་ཅན་ནོ། །ནུབ་ཏུ་གླུ་མ་སེར་མོ་ཅུང་ཟད་གཡོ་ཞིང་སྒེག་པའི་ཕྱག་གཉིས་ཏིང་ཏིང་ཤགས་འཛིན་པའོ། །བྱང་དུ་གར་མ་ལྗང་གུ་པད་ཀོར་གྱི་ཚུལ་ལ་
སོགས་པའི་གར་གྱིས་གཡོ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་དང་རྡོ་རྗེ་དྲིལ་བུ་འཛིན་པའོ། །དབང་ལྡན་དུ་གླིང་བུ་མ་དམར་མོའོ། །མེར་པི་ཝང་མ་སེར་མོ་ཕྱག་གཉིས་ཀྱིས་སྒེག་པའི་ཉམས་ཀྱིས་སྐུ་ཅུང་ཟད་གཡོ་བའོ། །བདེན་བྲལ་དུ་མུ་ཀུན་དམ་དཀར་མོའོ། །རླུང་དུ་རྫ་
རྔ་མ་དུ་བའི་མདོག་ཅན་ཏེ། བཞི་པོ་འདི་རྣམས་ནི་ཕྱག་གཉིས་ཀྱིས་རང་རང་གི་རོལ་མོ་སྒྲོགས་པའོ། །དེ་ནས་ཕྱིའི་སྣམ་བུ་ལ་མེ་མཚམས་སུ་མེ་ཏོག་མ་དཀར་མོ་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་མེ་ཏོག་གི་ཕྲེང་བ་དང་འཁོར་ལོ་འཛིན་པའོ། །བདེན་བྲལ་དུ་བདུག་སྤོས་མ་དུ་བའི་
མདོག་ཅན་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བདུག་སྤོས་ཀྱི་སྣོད་རིན་པོ་ཆེ་འཛིན་པའོ། །རླུང་དུ་མར་མེ་མ་གསེར་གྱི་མདོག་ཅན་གཡོན་པ་དང་གཡས་པའི་ཕྱག་གིས་མར་མེའི་མཆོད་སྡོང་དང་པདྨ་འཛིན་པའོ། །དབང་ལྡན་དུ་དྲི་ཆབ་མ་དམར་མོ་གཡོན་པ་དང་ཅིག་ཤོས་ཀྱི་
ཕྱག་གིས་དྲིའི་དུང་ཆོས་དང་རལ་གྲི་འཛིན་པའོ། །ཤར་དུ་མེ་ལོང་མ་དཀར་མོ་ཕྱག་གཉིས་ཀྱིས་མེ་ལོང་འཛིན་པའོ། །ལྷོར་རོ་མ་དམར་མོ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་པའོ། །ནུབ་ཏུ་རེག་བྱ་མ་ལྗང་གུ་ཕྱག་གཉིས་ཀྱིས་སྣ་ཚོགས་པའི་གོས་འཛིན་པའོ། །བྱང་དུ་ཆོས་མ་
དཀར་མོ་ཕྱག་གཉིས་ཀྱིས་ཆོས་འབྱུང་དཀར་པོ་འཛིན་པའོ། །འདི་རྣམས་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྷ་རྣམས་ནི་ཞལ་གཅིག་སྤྱན་གསུམ་པ་རལ་པའི་ཅོད་པན་ནག་པོ་ལ་ཐོད་པ་ལྔ་དང་འཁོར་ལོ་ལ་སོགས་པས་བརྒྱན་པ། ལྷའི་ན་བཟའ་གྱོན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །

སྒོ་རྣམས་ལ་ཤར་དུ་རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའ་ལྟར་སྔོ་བསངས་ཞལ་གཡས་པ་དང་ཅིག་ཤོས་ནག་པོ་དང་དཀར་པོ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ་གཡོན་པ་རྣམས་ཀྱིས་ཞགས་པ་དང་སྡིགས་མཛུབ་དང་དྲིལ་བུ་འཛིན་པའོ། །ལྷོར་རྡོ་རྗེ་ཞགས་
པ་མ་དཀར་སེར་ཞལ་གཡས་པ་དང་ཅིག་ཤོས་ནག་པོ་དང་དམར་པོ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ཞགས་པ་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཞལ་གཡས་པ་
དང་ཅིག་ཤོས་ནག་པོ་དང་དཀར་པོ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་ལྕགས་སྒྲོག་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུའོ། །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་གུ་ཞལ་གཡས་པ་དང་ཅིག་ཤོས་ནག་པོ་དང་དཀར་པོ་ཕྱག་དྲུག་གི་གཡས་པ་རྣམས་ཀྱིས་
དྲིལ་བུ་དང་རྡོ་རྗེ་དང་རལ་གྲི། གཡོན་པ་རྣམས་ཀྱིས་འཁོར་ལོ་དང་ལྕགས་ཀྱུ་དང་ཞགས་པའོ། །བཞི་པོ་འདི་རྣམས་ནི་ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་པ་དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་བརྫེས་པ། ཐོད་པ་ལྔ་དང་འཁོར་ལོ་ལ་སོགས་པས་བརྒྱན་པ། སྟག་གི་པགས་པའི་གོས་
ཅན་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་གར་གྱིས་སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མ་ལ་བཞུགས་པའོ། །རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་ནི་སྣ་ཚོགས་ཆུ་སྐྱེས་དང་ཐོད་པ་དང་ཉི་མ་ལ་སྟེ་ལྷ་གཞན་ཐམས་ཅད་སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བ་ལ་གནས་
པའོ། །ཐམས་ཅད་ཀྱང་ཉི་མའི་འོད་ཟེར་དང་ལྡན་པ་ཉིད་དོ། །འདིར་རྡོ་རྗེ་སེམས་དཔའ་ཁོ་ན་ཡུམ་དང་བཅས་པ་སྟེ་ལྷ་གཞན་ཐམས་ཅད་ནི་ཡུམ་མེད་པའོ་ཞེས་པ་ནི་ཕྱོགས་གཅིག་གོ། །རང་དང་འདྲ་བའི་ཤེས་རབ་དང་བཅས་པ་ནི་གཉིས་པའོ། །རིགས་ཀྱི་བདག་པོ་ནི་རྡོ་རྗེ་སེམས་དཔའ་
ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་གླུ་མ་དང་རེག་བྱ་རྡོ་རྗེ་མ་དང་ཆོས་དབྱིངས་རྡོ་རྗེ་མ་རྣམས་ཀྱི་མི་བསྐྱོད་པའོ། །སྤྱན་མ་དང་རྡོ་རྗེ་དྲག་མོ་དང་ས་རྡོ་རྗེ་མ་དང་མེ་ཏོག་མ་དང་བཞད་མ་དང་གླིང་བུ་མ་དང་མེ་ལོང་མ་དང་རྡོ་རྗེ་ལྕགས་ཀྱུ་མ་རྣམས་ཀྱི་རྣམ་པར་སྣང་

མཛད་དོ། །རྡོ་རྗེ་མཁའ་འགྲོ་མ་ནི་རྡོ་རྗེ་གཟུགས་མ་དང་བདུག་སྤོས་མ་དང་སྒེག་མོ་དང་པི་ཝང་མ་དང་རྡོ་རྗེ་ཞགས་པ་མ་རྣམས་ཀྱི་རིན་ཆེན་འབྱུང་ལྡན་ནོ། །གོས་དཀར་མོ་དང་འདོད་ཆགས་རྡོ་རྗེ་མ་དང་མར་མེ་མ་དང་དྲི་ཆབ་མ་དང་མུ་ཀུན་ད་མ་དང་རྡོ་རྗེ་ལྕགས་སྒྲོག་མ་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །
སྒྲོལ་མ་དང་རྡོ་རྗེ་ཞི་བ་མ་དང་རྡོ་རྗེ་གནོད་སྦྱིན་མོ་དང་གར་མཁན་མ་དང་རོ་མ་དང་རྫ་རྔ་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཐུགས་ཀའི་ས་བོན་ནི་དཀྱིལ་འཁོར་ལ་དགོད་པའི་རིམ་པས། ཧཱུཾ་བྷྲཱུཾ་ཨཱ་ཧྲིཿཁཾ་བྷྲཱུཾ་ཧཱུཾ་ཧྲཱིཿཏཱཾ། ཨཾ་ཨཱཾ་ཨིཾ་ཨིཾ་ཨཱིཾ་ཨུཾ་
ཨཱུཾ་ཨཾ་ཨཱཿརྀཾ་ཧཾ་ཨཱཾ་རཱྀཾ་ལཾ་སཾ་ཁཾ་གཾ། བཾ་ལིཾ་ནཾ་རཾ། ཨོཾ་ཨཽཾ་ཨེཾ་ཨཻཾ་ཛཿཧཱུཾ་བཾ་ཧོཿཞེས་པས་རྡོ་རྗེ་སེམས་དཔའི་སྙིང་པོའི་སྔགས་ནི་ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཾ། ཞེས་པའོ། །རྡོ་རྗེ་དྲིལ་བུ་མའི་ཨོཾ་ཨཱཿབཛྲ་གྷཎྜེ་ཧོཿཧཾ་སྭཱ་ཧཱ། ཞེས་པ་སྟེ་ལས་ཐམས་ཅད་པའི་སྔགས་སོ། །རྫོགས་པའི་རིམ་པའི་རྣལ་
འབྱོར་ལ་འཁོར་ལོའི་དབང་ཕྱུག་གི་སྙིང་པོའི་སྔགས་ཉིད་ཀྱིས་ལྷ་གཞན་རྣམས་ཀྱི་སྙིང་པོའི་སྔགས་ཀྱི་བསྒྲུབ་བྱ་ཡང་འགྲུབ་པ་སྟེ་དེ་རྣམས་ནི་མ་བྲིས་ཏེ་གཞུང་མངས་པས་འཇིགས་པས་སོ། །དེ་བཞིན་དུ་སྔ་མ་དང་ཕྱི་མ་རྣམས་ལ་རིག་པར་བྱའོ།། །།ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་ནི་རྡོ་རྗེ་
གུར་གྱི་ནང་དུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་གདུགས་དཀར་པོ་དང་བཅས་པའི་སེང་གེ་ལ་གནས་པའི་སྣ་ཚོགས་པདྨ་དང་ཉི་མ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་སྔོན་མོ་སྟེ་འདིའི་ཅོད་པན་དར་གྱིས་བཅིངས་པའི་སྟེང་དུ་རྡོ་རྗེས་མཚན་ཞིང་སངས་རྒྱས་ལྔ་འཕྲོ་
བས་བརྒྱན་པ་རྩ་བའི་ཞལ་ཁྲོ་ཞིང་གད་རྒྱངས་དང་བཅས་པ། གཡས་དཀར་ཞིང་བཞད་པ་དང་བཅས་པ་གཡོན་དམར་ཞིང་སྒེག་པ་དང་བཅས་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་ཕྱག་གཡས་པ་གསུམ་ན་སྟེང་དུ་གནས་པའི་ཁ་ཊྭཱཾ་ག་དང་དགྲ་སྟ་དང་རྡོ་རྗེ། གཡོན་པ་གསུམ་ན་
དྲིལ་བུ་དང་ཁྲག་གིས་གང་བའི་ཐོད་པ་དང་རལ