Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 76

Văn bản gốc(Tây Tạng)

Trang 14 / 17 (50.000 ký tự/trang)
ར་མི་འགྱུར་རོ། །གསུམ་པོ་སྤངས་པ་ཉིད་ཀྱི་ཕྱིར། །ལྷན་ཅིག་སྐྱེས་པ་བྱང་ཆུབ་བརྗོད། །དེ་ཉིད་ནག་པོ་ཞབས་ཀྱིས་གསུངས། །རེག་པ་ལ་སོགས་སྣ་ཚོགས་ཡིན་ཏེ་པདྨར་རྡོ་རྗེ་གནས་པ་གང་ཡིན་དེ་ནི་རྣམ་སྨིན་ནོ། །ཕྱི་ནས་བསྲུབས་པ་ལས་སྐྱེས་
ཆགས་པའི་མེ་ཡིས་བསྲེགས་ནས་མགྲོན་ལ་ཞེན་པའི་ཕུང་པོ་རྣམ་ཉེད་ཡིན། །དེ་ལ་ཡིད་ནི་འཛིན་པས་རླུང་དག་ལྷན་ཅིག་སྤྱོད་ཅིང་ཆུ་སྐྱེས་ལ་ནི་ལྷག་པར་གྱུར་པའི་མེ། །དེ་འདིར་རྫོགས་པའི་བྱང་ཆུབ་ལམ་སྟེ་མཐའ་དག་རྒྱལ་བའི་སྐུ་ནི་རྣལ་འབྱོར་བགྲོད་བྱ་མཚན་བྲལ་ལོ། །དཱ་རི་ཀ་པའི་ཞབས་
ཀྱིས་ཀྱང་གསུངས་པ། ནོར་བུའི་རྩ་བར་རབ་ཏུ་གནས་པ་སྣ་ཚོགས་དགའ་བ་ཙམ་ཡིན་ཏེ། །སླར་ཡང་ནོར་བུའི་དབུས་སུ་ལྷག་མའོ་རྣམ་རྟོག་དང་བཅས་གཡོ་བ་དང་། །དེ་ལས་སྟེང་དུ་སྤྱི་བོའི་ཐུར་ནི་འཛག་ཅིང་འཕོ་བ་མེད་པའི་གཟུགས། །ལྷན་ཅིག་སྐྱེས་པ་འདམ་སྐྱེས་ལ་གནས་སངས་རྒྱས་

ལས་ནི་གཞན་པ་ཅི། །བི་རཱུ་པ་ཞེས་བྱ་བའི་ཞབས་ཀྱིས་ཀྱང་གསུངས་པ། ཇི་སྙེད་རང་བཞིན་འོད་གསལ་བསིལ་ཟེར་ཅན་གྱི་སྒོ་ལས་ཁུ་བ་ལྷུང་བ་མ་ཡིན་པར། །ལྷ་མོའི་པདྨའི་འདབ་མའི་ནང་དུ་རོ་མཉམ་གྱུར་པ་རྒྱལ་བའི་ཚོགས་རྣམས་ཀྱིས། །རྡོ་རྗེའི་སྤྱི་བོའི་རྩེ་མོར་སྤྲོ་ཞིང་སྙིང་རྗེས་མི་
ཕྱེད་འགྲོ་ལ་མཛད་པ་ཅན། །ཇི་སྙེད་དཔལ་ལྡན་སྙིང་རྗེའི་སྟོབས་ནི་ལྷན་ཅིག་སྐྱེས་པར་ཤེས་བྱ་ཁྱབ་བདག་གཟུགས། །ཨིནྡྲ་བྷུ་ཏིའི་ཞབས་ཀྱིས་ཀྱང་གསུངས་པ། ཇི་སྲིད་རྡོ་རྗེ་ནོར་བུར་རྡོ་རྗེ་གསུམ་ནི་བསྲེག་ཅིང་གཡོ་བའི་ཟླ་བ་རླུང་གིས་ནི། །ཆུ་སྐྱེས་གནས་ཀྱི་ལྟེ་བའི་ནང་དུ་འགྲོ་བར་འདོད་པའི་སྐད་ཅེས་
འདི་ལ་བརྟན་གྱུར་པ། །གང་དུ་རང་དང་གཞན་ལ་སོགས་པའི་རྣམ་རྟོག་བྲལ་གྱུར་བྱ་བ་རྣམས་ནི་དམན་པའི་ཡིད། །ཤེས་པར་བྱ་སྟེ་ལྷན་ཅིག་སྐྱེས་པའི་དེ་བཞིན་ཉིད་ནི་སླར་ཡང་རིག་པར་འགྲོ་བ་གསལ། །གཞན་ཡང་། དེ་ཡི་རྩ་བར་མ་ཡིན་བོ་ལའི་སྙིང་པོར་མིན། །པདྨའི་སྦྱོར་བ་མེད་པ་ཡང་ནི་མ་
ཡིན་ཏེ། །ཇི་སྙེད་རྡོ་རྗེའི་རྩེ་ལས་འཕོ་བ་མེད་གྱུར་པ། །དེ་སྙེད་མཚན་ཉིད་བྲལ་བས་ལྷན་སྐྱེས་མཚན་ཉིད་དོ། །ཞེས་པ་ལ་སོགས་པའོ། །དོན་འདི་ཉིད་དཔལ་གསང་བ་འདུས་པ་ལས་ཀྱང་གསུངས་པ། བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་སྦྱོར། །གང་དེ་བསྙན་པར་གསུངས་པ་དེ། །རྡོ་རྗེ་པདྨ་མཉམ་སྦྱོར་བ། །
ཉེ་བར་སྒྲུབ་པ་ཞེས་བརྗོད་དོ། །ཧཱུཾ་ཕཊ་ཡི་གེ་ཡང་དག་ལྡན། །སྒྲུབ་པ་ལ་ནི་གཡོ་བར་གསུངས། །ངོ་བོ་ཉིད་ཀྱིས་གང་བདེ་ཞིང་། །སྒྲུབ་པ་ཆེན་པོ་ཞེས་བརྗོད་དོ། །བསྒྲུབ་བྱ་ནི་ཤེས་རབ་དང་། སྒྲུབ་བྱེད་ནི་ཐབས་ཏེ་དེ་དག་ཡང་དག་པར་སྦྱོར་བ་ནི་བསྙེན་པའོ། །པདྨར་རྡོ་རྗེ་རབ་ཏུ་ཞུགས་པ་ནི་ཉེ་
བར་སྒྲུབ་པའོ། །གཡོ་བ་ནི་སྒྲུབ་པའོ། །ངོ་བོ་ཉིད་ཀྱིས་རང་ཉིད་བདེ་ཞིང་ཞི་བ་ནི་སྒྲུབ་པ་ཆེན་པོར་གསུངས་སོ། །བསྒྲུབ་བྱ་དང་ནི་སྒྲུབ་བྱེད་དག། རྡོ་རྗེ་རབ་ཞུགས་མཐར་དགའ་བ། །ཤིན་ཏུ་བསྐྱོད་པའི་བྱང་སེམས་ཀྱི། །མཐར་ནི་མཆོག་ཏུ་དགའ་བ་པོ། །འཕོ་བ་ལ་ནི་དགའ་བྲལ་གྱི་དགའ་
བ་སྟེ། གང་གི་ཚེ་འདི་དག་གི་དབུས་སུ་རང་བདེ་ཞིང་ཞི་བར་གྱུར་པ་དེ་རྗེས་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་པའོ། །དེ་ཉིད་དཔལ་ཀྱཻའི་རྡོ་རྗེར་ཡང་གསུངས་པ། ད་ནི་ཐོག་མ་དབུས་མཐའ་མིན། །སྲིད་མིན་མྱ་ངན་འདས་པ་འང་མིན། །འདི་ནི་མཆོག་གི་བདེ་ཆེན་ཏེ། །གཞན་མིན་

གཞན་པ་མིན་པའང་མིན། །མཆོག་ཏུ་དགའ་བ་སྲིད་པར་བརྗོད། །དགའ་བྲལ་ལས་ནི་མྱ་ངན་འདས། །དབུ་མ་དགའ་བ་ཙམ་ཉིད་དེ། །འདིས་ནི་ལྷན་ཅིག་སྐྱེས་པའང་སྤངས། །མཆོག་ཏུ་དགའ་བས་ཡང་དག་ཐོབ། །སྣ་ཚོགས་སྤངས་པའི་སྐད་ཅིག་ལ། །སྟོན་པས་གསུངས་པ་སེམས་དཔའ་ཆེ། །
བདེ་བ་ཆེན་པོ་གཟུང་བར་གྱིས། །ཇི་སྲིད་བྱང་ཆུབ་མཐར་ཐུག་པར། །སེམས་ཅན་དོན་གྱི་རྡོ་རྗེ་འཛིན། །ཞེས་པ་ལ་སོགས་པ་རྒྱ་ཆེར་རོ། །འོ་ན་ཇི་ལྟར་རྣམ་པ་གསུམ་པོ་དེ་དག་དབྱེར་མེད་པར་གསུངས་ཤེ་ན། འབྲས་བུ་རྒྱུ་ལས་གཞན་མིན་ཕྱིར། །རྣམ་གསུམ་མངོན་དུ་རབ་གྲག་སྟེ། །
དགའ་བྲལ་དགའ་བའི་དབུས་དག་ཏུ། །བཞི་པ་རྣམ་པར་བསལ་ཕྱིར་རོ། །འོ་ན་ཇི་ལྟར་འདི་དག་གི་དབུས་ཉིད་དུ་རབ་ཏུ་གསལ་བར་བཤད་ཅེ་ན། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ །ཞེས་པའི་གསུང་ལས་སོ། །སྟོང་དང་སྟོང་མིན་ཞེས་པ་ཇི་ལྟར་
ཞེ་ན། ཐོག་མ་ཐ་མ་མེད་ཞི་བ། །དངོས་དང་དངོས་མེད་བདག་ཉིད་གཙོ། །རང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཞེས་བརྗོད་པར་བྱ། །ཞེས་པ་གྲུབ་པའི་མཐའ་ལས་སོ། །འདི་ཉིད་ཐབས་གང་གིས་བསྐྱེད་པར་བྱ་ཞེ་ན། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་
བརླབ་པའི་རིམ་པ་ཡིས། །བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །ཀུན་རྫོབ་དོན་དམ་གཟུགས་ཅན་ནོ། །འདི་དག་ནི་གང་གིས་བརྗོད་པར་མི་ནུས་ཏེ། གང་དང་གང་གི་ཕྱིར་ཞེ་ན། སོ་སོ་རང་རིག་ཡེ་ཤེས་འདི། །ངག་གི་ལས་འདས་སྤྱོད་ཡུལ་ཏེ། །རང་བྱིན་བརླབ་པའི་རིམ་པ་འདིས། །ཀུན་མཁྱེན་
ཡེ་ཤེས་དེ་རང་བཞིན། །གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་རིམ་པ་ཉེར་བསྟེན་དང་། །བདག་ཉིད་བསོད་ནམས་ལས་ཤེས་བྱ། །བླ་མའི་ཞལ་གྱི་བཀའ་དྲིན་དང་། །རང་ཉིད་བསོད་ནམས་ཆེ་ལྡན་པ། །འཛིན་པ་ལས་ཀྱི་ཡེ་ཤེས་ནི། །ངག་གི་ལམ་
འདས་སྤྱོད་ཡུལ་ལོ། །དེ་གསུངས་པ། གང་གིས་འདི་ནི་རྗོད་པར་བྱེད་པའི་ཚེ། །ཐམས་ཅད་མཁྱེན་པའང་ཚིག་གིས་ཕོངས་གྱུར་པ། །བྱེད་པ་དང་བྲལ་འགྲོ་ལ་རྟག་ཏུ་ཤར། །བདེ་བའི་རྒྱལ་པོ་གཅིག་ཉིད་རྒྱལ་གྱུར་ཅིག །ས་ར་ཧ་པའི་ཞབས་ཀྱིས་ཀྱང་གསུངས་པ། །དེ་ཡི་དེ་ཉིད་བླ་མ་ཡི། །

གསུང་ལས་བླ་མས་རྟོགས་པར་འགྱུར། །ལྷན་སྐྱེས་གནས་སྐབས་བདུད་རྩིའི་རོ། །གང་དུ་སྨྲ་ཞིང་ཅི་ལྟར་ཤེས། །སླར་ཡང་། འདི་ནི་བློ་ཡི་སྤྱོད་ཡུལ་མ་ཡིན་ཚིག་གི་སྤྱོད་པ་ལས། །རིང་དུ་གྱུར་ཅིང་བླ་མ་དངོས་པོའི་གཏམ་གྱི་འཇུག་པས་སྟོང་། །རྒྱུད་ཀྱི་རིམ་པས་སྙིང་རྗེ་ལ་སོགས་
ཡོན་ཏན་འཇུག་འགྱུར་པ། །རང་ཉིད་དད་དང་ལྡན་པའི་སྙིང་ལ་གོ་འཕང་སྟེར་བར་བྱེད། །འོ་ན་བྱང་ཆུབ་སེམས་ཀྱི་སའི་མཚན་ཉིད་ཅི་ཞེ་ན། དེ་གསུངས་པ། དབང་པོ་རྣམས་ནི་རང་ཉིད་བཞིན། །ཡིད་ནི་ནང་དུ་ཞུགས་པ་བཞིན། །ཚིག་ནི་ཉམས་པ་བཞིན་དུ་འཛུག །ལུས་ནི་བདེ་བས་ཡང་དག་
རྒྱས། །དབང་པོའི་ཚོགས་ནི་ཉམས་ཤིང་འཇུག་པ་མེད། །རྣམ་རྟོག་མ་རྫོགས་སྲིད་པའི་ས་བོན་ཏེ། །དགའ་བའི་རང་བཞིན་འདི་ནི་ནམ་མཁའ་ཡི། །མེ་ཏོག་བསིལ་བའི་རོ་ལ་མྱང་བའོ། །དབང་པོའི་ལམ་ནི་རྣམ་པར་ཞི་གྱུར་ཅིང་། །ཉམས་པར་གྱུར་པའི་རང་བཞིན་གང་ཡིན་པ། །དེ་ཡི་
འབྲས་བུ་ལན་ཅིག་སྐྱེས་དགའ་སྟེ། །ལུས་ཀྱི་མེ་ཏོག་བླ་མའི་ཞལ་ལས་དྲིས། །དེ་ཉིད་གསུངས་པ། གང་ཞིག་ཤར་བས་དུས་རྣམས་ཉམས་ཞིང་སྤྱི་བོར་གནས། །ཡུལ་དང་དབང་པོ་མཚུངས་པ་དེ་ལ་ཕྱག་འཚལ་ལོ། །གང་ཡང་མངོན་དགའ་རྒྱལ་པའི་མཛེས་སྐུ་གཅིག་པུ་ཉིད། །སད་གྱུར་
དེ་ཡང་མཁས་པའི་སྙིང་ལ་བཅང་བར་གྱིས། །སླར་ཡང་། བློ་ཡི་རྣམ་རྟོག་རྣམ་པར་བཅོམ་ན་ནི། །གང་འདིར་དམ་པའི་བདེ་བ་སྟོབས་བྱེད་དོ། །བྱ་བ་དེ་ཡང་མཁས་པ་རྣམས་ཀྱིས་བྱ། །གཞན་ཡང་། ཕུན་ཚོགས་བསམ་པ་དང་ལྡན་ཉིད། །ཅེས་པ་ལ་སོགས་པ་རྒྱ་ཆེར་རོ། །དེའི་ཕྱིར་ཡང་དག་
པའི་བླ་མ་དམ་པ་ལ་སློབ་མ་དམ་པས་གུས་པར་བྱ་ཞིང་གསུམ་ལ་འཇུག་པའི་བདེ་བ་ཆེན་པོ་རང་གིས་རིག་པར་བྱའོ་ཞེས་པའོ། །དེའི་རྗེས་ཐོགས་ཉིད་ལ་ཤེས་རབ་མ་དེའི་ལག་པ་སློབ་མའི་ལག་པར་གཏད་ཅིང་། མེ་ཏོག་གི་ཕྲེང་བ་བཅིངས་ནས། དེ་གཉིས་རང་གི་ལག་པ་གཡོན་པས་བཟུང་སྟེ།
རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སློབ་མའི་མགོ་བོར་བཞག་ལ་དཀྱིལ་འཁོར་གྱི་མདུན་དུ། འདིར་ནི་ཁྱེད་རྣམས་དབང་པོ་ལགས། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་གཤེགས་པ་རྣམས་དབང་པོར་བཅུག་སྟེ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་

ཡང་དག་པ་མིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ཅིང་རིག་མའི་བརྟུལ་ཞུགས་གཟུང་བར་བྱ་སྟེ། འདི་ནི་
རིག་མའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།དེ་ནས་སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་རྣམ་པར་བསྒོམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཞེས་བརྗོད་ནས་རྡོ་རྗེ་ལག་པ་
གཡས་པར་སྦྱིན་ཞིང་དེས་ཀྱང་། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧི། ཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་དེ་གཟུང་བར་བྱའོ། །ཞེས་པ་རྡོ་རྗེའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།དེ་ནས་སངས་རྒྱས་ཐོད་པ་དང་བདེ་མཆོག་དང་། ཀྱེའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་
སྙིང་པོའི་སྔགས་ཀྱིས་ཁ་ཊྭཱཾ་ག་དང་ཌ་མ་རུ་དང་པདྨའི་སྣོད་རྣམས་ལ་ལན་གསུམ་བཟླས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེ་ནས་ཁ་ཊྭཱཾ་ཅང་ཏེའུ། །སྣོད་སྦྱིན་དཔའ་བོས་གཟུང་བར་བགྱི། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་འཛིན་དུ་གཞུག་གོ།
ཁ་ཊྭཾ་ག་ལ་སོགས་པ་ལས་གཞན་སྤྱོད་པའི་ཡན་ལག་རྒྱུད་དུ་གསུངས་པ་རྣམས་ཀྱང་། དེང་དེའི་འཁོར་ལོའི་དབང་ཕྱུག་གི་སྙིང་པོའི་སྔགས་ཀྱིས་བཟླས་ལ། །རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པས་འཛིན་དུ་བཞུག་གོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། །ཐོར་ཚུགས་
ཅོད་པན་འཛིན་པ་གཟུགས། །ཁ་དོག་དཀར་པོ་ལྟ་བུ་ཆེ། །ཐམས་ཅད་ཆོ་ག་བཞིན་དུ་བྱ། །སྔགས་ཀྱི་སྡོམ་པས་ཡང་དག་བསྡམ། །སྡོང་བུ་རྩ་བ་འབྲས་བུ་སྟེ། །ལོངས་སྤྱོད་ཀུན་ལ་མཉམ་པར་སྤྱད། །ཅེས་པ་ལ་སོགས་པས་རིག་མའི་བརྟུལ་ཞུགས་ཡང་དག་པར་བླངས་ཏེ་སྤྱོད་པའི་བརྟུལ་
ཞུགས་བྱ་བར་གསུངས་སོ། །གང་ཡང་བཙུན་མོའམ་སྐྱེས་པ་སྤྱོད་པའི་བརྟུལ་ཞུགས་ནི། །དེ་རྣམས་རྡོ་རྗེ་ཕག་མོའི་གཟུགས་སམ་བདག་མེད་མའི་གཟུགས་སམ་མེ་ཏོག་ལྷུང་བ་དང་རྗེས་སུ་མཐུན་པའི་རིགས་ཀྱི་ལྷའི་གཟུགས་དང་། སྐྱེས་པ་རྣམས་བདེ་མཆོག་དང་ཀྱེའི་རྡོ་རྗེ་ལ་སོགས་

པ་གང་ཡང་རུང་བའི་གཟུགས་སུ་རྣམ་པར་བསམས་ལ། དེ་དང་དེ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ལྷ་རྣམས་གཞུག་ཅིང་། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང་། །
ལག་པ་རྣམ་པར་སྣང་མཛད་དྲན། །སྐ་རགས་ལ་ནི་དོན་ཡོད་གནས། །ཡན་ལག་ཀུན་ལ་རྡོ་རྗེ་འཛིན། །ཞེས་གསུངས་པས་རིམ་པ་ཇི་ལྟ་བ་བཞིན་དུ་འཁོར་ལོ་དང་། རྣ་ཆ་དང་། མགུལ་རྒྱན་དང་། གདུ་བུ་དང་། སྐ་རགས་དང་། ཐལ་བ་རྣམས་ལ་མི་བསྐྱོད་པ་དང་། འོད་དཔག་མེད་དང་། རིན་
ཆེན་འབྱུང་ལྡན་དང་། རྣམ་པར་སྣང་མཛད་དང་དོན་ཡོད་གྲུབ་པ་དང་རྡོ་རྗེ་སེམས་དཔའི་གཟུགས་སུ་སྐད་ཅིག་གིས་བསམས་ཏེ། དེ་དང་དེའི་ཡེ་ཤེས་སེམས་དཔའ་དེ་བཞིན་དུ་སྤྱན་དྲངས་པ་བཅུག་ནས། མི་བསྐྱོད་པ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལ་སོགས་པའི་ཕྱག་
མཚན་རྣམས་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཉིད་དོ་ཞེས་བྱ་བ་ལ་སོགས་པར་ལྷག་པར་མོས་ལ། ཨོཾ་དྷ་ར་དྷ་ར་དྷཱ་ར་ཡ་དྷཱ་ར་ཡ་མརྡ་མརྡ་བཛྲ་དྷྲྀཀ་ཕཊ་སྭཱ་ཧཱ། ཞེས་པས་ལན་གསུམ་བཟླས་པའི་འཁོར་ལོ་དེ་དང་དེའི་མགོར་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་
པས་ཏེ། བུད་མེད་ཀྱི་ཕྱོགས་ལ་ནི་དཔའ་བོ་ཞེས་པའི་ཚབ་ཏུ་ལྷ་མོ་ཞེས་པ་བཅུག་ཅིང་བརྗོད་པས་གཞག་པར་བྱའོ། །ཨོཾ་བཛྲ་དྷརྨ་ས་མ་ཡ་སྟྭཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལྀཀ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བཟླས་པའི་རྣ་རྒྱན་གཉིས་ནི་རྣ་བ་དག་ལའོ། །ཨོཾ་བཛྲ་སཱུརྱ་ཏ་མོ་བུདྡྷ་མ་ན་ས་མ་ཡ་
སྟྭཾ་ཨ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བཟླས་པའི་མགུལ་རྒྱན་ནི་མགྲིན་པར་རོ། །ཨོཾ་ཤཱ་ཤྭ་ཏ་པ་ར་མ་ཤཱ་ཤྭ་ཏ་ཨེ་ཧྱེ་ཧི་ཛི་ན་ཛིཀ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བཟླས་པའི་ལག་གདུབ་གཉིས་ནི་ལག་པ་དག་ལ་གདུ་བུ་བཞིན་ནོ། །ཨོཾ་ཕུཿཕུཿཧི་ཧི་ཧི་པྲཛྙཱ་དྷྲྀཀ་ཕཊ་སྭཱ་ཧཱ།
ཞེས་པ་ལན་གསུམ་བཟླས་པའི་སྐ་རགས་ནི་སྐེད་པ་ལའོ། །ཡང་དག་གནས་ཞེས་པའི་རྗེས་ལ། རིམ་པ་ཇི་ལྟ་བ་བཞིན་དུ། འཁོར་ལོ་མི་བསྐྱོད་པ་ཡི་གཟུགས། །ཞེས་པ་དང་། རྣ་རྒྱན་གཉིས་ནི་གསུང་རྡོ་རྗེ། །ཞེས་པ་དང་། མགུལ་རྒྱན་ཕྲེང་བ་རིན་འབྱུང་ལྡན། །ཞེས་པ་དང་། ལག་གདུབ་

རྟག་པའི་བདག་ཉིད་དོ། །ཞེས་པ་དང་། སྐ་རགས་དོན་ཡོད་གྲུབ་པ་ནི། །ཞེས་བཅུག་སྟེ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པ་བརྗོད་པར་བྱའོ། །ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་ལན་གསུམ་བཟླས་པའི་ཐལ་བ་ནི་ཡན་ལག་ཐམས་ཅད་ལ་དགོད་པར་བྱའོ། །བུད་མེད་རྣམས་ཀྱིས་ནི་ཐལ་བ་དང་བྲལ་
བའི་ཕྱག་རྒྱ་གཟུང་བར་བྱ་སྟེ། སྐྱེས་པ་རྣམས་ཀྱིས་ནི་ཐལ་བ་ལྷན་ཅིག་ཕྱག་རྒྱ་དྲུག་གོ། །གང་ཡང་བུད་མེད་སྐྱེས་པ་ལྟ་སྟངས་ལ་སོགས་པའི་ནུས་པ་ཐོབ་པས་གཞན་དོན་དུ་དཔའ་བོའི་བརྟུལ་ཞུགས་བླང་བར་འདོད་ན། དེ་རྣམས་རྡོ་རྗེ་ཕག་མོའི་གཟུགས་དང་བདེ་མཆོག་གི་གཟུགས་ཡེ་
ཤེས་སེམས་དཔའ་དང་རོ་གཅིག་ཏུ་རྣམ་པར་བསམས་ལ། འཁོར་ལོ་ལ་སོགས་པ་སྔར་བཞིན་དུ་མོས་པ་བྱ་ཞིང་། མགོ་བོའི་ཕྲེང་བ་ལ་སོགས་པ་རྣམས་རང་རང་གི་སྔགས་ཀྱིས་ལྷའི་རང་བཞིན་དུ་མོས་ཏེ། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བཟླས་
ནས་འཁོར་ལོ་ལ་སོགས་པ་དེ་བཞིན་དུ་བསྒོམ་པར་བྱའོ། །སངས་རྒྱས་ལྔའི་བདག་ཉིད་ཀྱི་ཐོད་པ་ཡང་སྟེ། བཻ་རོ་ཙ་ནའི་སྔགས་གང་ཡིན། །མགོ་བོར་ཐོད་པས་བརྒྱན་པའོ། །ཞེས་གང་གསུངས་པའོ། །ཐོད་པ་ནི་འདིར་འཁོར་ལོའི་གཟུགས་ཀྱང་ངོ་། །ཨོཾ་ཧྲཱིཿཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཅེས་ལན་
གསུམ་བཟླས་པའི་རྣ་རྒྱན་གཉིས་ཏེ། ཡི་གེ་བདུན་པའི་གསང་སྔགས་ཀྱིས། །རྣ་རྒྱན་གྱིས་ནི་རྣ་བར་མཛེས། །ཞེས་གང་གསུངས་པའོ། །རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སམ། ཨོཾ་སརྦ་བུདྡྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་ལན་གསུམ་བཟླས་པའི་མགུལ་རྒྱན་ཏེ།
རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པར་མགུལ་རྒྱན་རྣམ་པར་བརྒྱན། །ཞེས་གང་གསུངས་པའོ། །ཨོཾ་ཧཿ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཌ་ཧེ། ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ། ཞེས་པ་ལན་གསུམ་བཟླས་པའི་གདུ་བུ་གཉིས་ཏེ། དཔའ་བོའི་གོ་ཆ་དྲུག་གིས་ནི། ཕྱག་རྒྱ་འདི་ནི་ལུས་ལ་མཛེས། །
ཞེས་གང་གསུངས་པའོ། །ཨོཾ་བཾ་ཧོཾ་ཡཾ་ཧྲིཾ་མོཾ་ཧྲེཾ་ཧྲིཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་ལན་གསུམ་བཟླས་པའི་སྐ་རགས་ཏེ། རྣལ་འབྱོར་མ་དྲུག་ཅེས་པ་ཡི། །སྔགས་ཀྱིས་སྐ་རགས་རྒྱན་དུ་བྱ། །ཞེས་གང་གསུངས་པའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛྭ་ལ་སམྦ་རཾ་སྭཱ་ཧཱ། ཞེས་པ་ལན་གསུམ་

བཟླས་པའི་མི་མགོ་ལྔ་བཅུའི་ཕྲེང་བ་ནི་མགྲིན་པ་ལ་སྟེ། ལྷ་ཡི་སྙིང་པོའི་སྔགས་ཀྱིས་ནི། །བརྒྱ་ཕྱེད་ཕྲེང་བས་རྣམ་པར་བརྒྱན། །ཞེས་གང་གསུངས་པའོ། །ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་ལན་གསུམ་བཟླས་པའི་སྟག་གི་པགས་
པ་ནི་ཤམ་ཐབས་ཀྱི་ཆེད་དུ་སྟེ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། །པགས་པའི་གོས་ནི་འཛིན་པ་མཆོག །ཅེས་གང་གསུངས་པའོ། །ཨོཾ་པྲ་ཙཎྜེ་ཧཱུཾ་ཧཱུཾ་ཕཊ། ཅེས་པ་ལ་སོགས་པ་ནས། ཨོཾ་རཱུ་པི་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་པའི་བར་སྔགས་སུམ་ཅུ་རྩ་དྲུག་གིས་ལན་གསུམ་བཟླས་ཤིང་། འཆད་
པར་འགྱུར་བའི་མཚན་ཉིད་ཅན་གྱི་སྔགས་ཀྱིས། གང་བའི་སྣོད་ནི་ལག་པར་ཏེ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ཀྱིས་བཏུང་བའི་ཐོད་པའོ། །ཞེས་གང་གསུངས་པའོ། །ཁ་ཊྭཱཾ་ག་དང་ཌ་མ་རུ། །ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤ་ཡ་ཞེས་པ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ཀྱིས་
ལན་གསུམ་མངོན་པར་བསྔགས་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །སླར་ཡང་སྔགས་དེ་ཉིད་ཀྱིས་ལན་གསུམ་བཟླས་པའི་ཚངས་སྐུད་དང་། མགྲིན་པར་འཕྱང་བའི་དོ་ཤལ་དང་། རྡོ་རྗེའི་རྒྱན་དང་། རྐུན་མའི་སྐྲ་ལས་བྱས་པའི་ཅོད་པན་དང་། སྐོར་གཉིས་པའི་
སྐ་རགས་དང་། ཐལ་བ་དང་། དཔུང་རྒྱན་དང་། རྐང་གདུབ་དང་། གཡེར་ཁ་རྣམས་ནི་རང་རང་གི་གནས་སུ་སྟེ། དཔའ་བོའི་རྩ་བའི་སྔགས་ཀྱིས་ཀྱང་། །ཚངས་སྐུད་ལ་སོགས་གནས་སུ་གདགས། །ཞེས་གང་གསུངས་པའོ། །དེ་ལ་ཕྲེང་གཅིག་གིས་ཚངས་སྐུད་བྱའོ། །ཕྲེང་བརྒྱད་
ཀྱིས་ནི་སྐ་རགས་ཏེ། དེ་ཉིད་བུད་མེད་ཀྱི་རྐེད་པར་བཅུ་དྲུག་གིས་ཏེ། ཉི་ཤུ་རྩ་ལྔས་ནི་དོ་ཤལ་ལོ། །གང་ཡང་། སྐུད་པ་གཅིག་གིས་ཚངས་སྐུད་དེ། །སྐུད་པ་བརྒྱད་ཀྱིས་སྐ་རགས་ཉིད། །བུད་མེད་བཅུ་དྲུག་ཤེས་པར་བྱ། །ཉི་ཤུ་རྩ་ལྔའི་ཕྲེང་བ་ཅན། །ཞེས་གསུངས་པའོ། །ཡང་ན་
མིའི་རྒྱུས་པ་ལས་བྱས་པའམ། སྐྲ་ལས་བྱས་པའི་ཚངས་སྐུད་དོ། །འདིར་འཁོར་ལོ་ལ་སོགས་པ་དང་རྡོ་རྗེའི་རྒྱན་རྣམས་ནི་ཇི་ལྟར་རིགས་པར་མིའི་རུས་པ་ལས་བྱས་པའོ། །དེ་ལ་གཅིག་ནི་སྤྱི་བོར་ཏེ། དེ་སྐད་དུ། ཐོད་པའི་དུམ་བུ་སོ་ལྔ་པར། །བྱས་པའི་ཅོད་པན་འཛིན་པར་བྱེད། །

ཅེས་གསུངས་སོ། །དཔའ་བོའི་སྤྱོད་པའི་བརྟུལ་ཞུགས་ཉིད་ལ། རྒྱལ་བུ་གཞོན་ནུའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། རྡོ་རྗེ་ཐོད་པའི་སྤྱོད་པའི་བརྟུལ་ཞུགས་ཞེས་ཀྱང་དཔལ་སམྦུ་ཊའི་རྒྱུད་དུ་གསུངས་སོ། །དེའི་རྗེས་སུ་ཕྱག་རྒྱ་ལྔ་ལ་སོགས་པ་རྟག་ཏུ་མཆོད་པ་བྱའོ་ཞེས་པ་སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་
གའོ།། །།དེ་ནས་མཆོག་སྦྱིན་བླ་མ་ཡིས། །ཕྱག་རྒྱ་ཡང་དག་ལུང་བསྟན་བྱ། །དེ་ཉིད་དེ་བཞིན་གཤེགས་གྱུར་ནས། །སློབ་མ་རྡོ་རྗེ་འཛིན་བདག་ཉིད། །གཡོན་པས་ཆོས་གོས་འཛིན་པ་དང་། གཡས་པས་མཆོག་སྦྱིན་ཕྱག་ལྡན་པས། དེ་བཞིན་གཤེགས་ཀུན་ལྷན་གཅིག་ཏུ། །ཚིགས་བཅད་འདི་
ཉིད་བརྗོད་པར་བྱ། །སྲིད་པའི་ངན་འགྲོ་ལས་བཏོན་པས། །སྲིད་མཐའ་ཤིན་ཏུ་གྲུབ་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་འདིར་ལུང་བསྟན་བགྱི། །ཀྱེའི་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷྱ་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿཞེས་པའི་སྔགས་བརྗོད་ཅིང་
སློབ་མ་ལུང་བསྟན་པར་བྱ་སྟེ། གང་ཡང་འདི་ལྟར་བསྟན་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབྱངས་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་མཛད་དོ་ཞེས་པ་ལུང་བསྟན་པའི་ཆོ་གའོ།། །།རིག་མ་དང་རྡོ་རྗེ་དང་སྤྱོད་པའི་བརྟུལ་ཞུགས་དང་། ལུང་བསྟན་
པ་འདི་རྣམས་ལ་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་ནི་དབང་བསྐུར་པ་ཉིད་ཀྱི་ཐ་སྙད་བྱས་སོ། །དེའི་རྗེས་སུ་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་བསམ་གཏན་གྱི་མདུན། འཁོར་ལོ་རིན་ཆེན་དེ་བཞིན་དུ། །པདྨ་དང་ནི་རྡོ་རྗེ་སྟེ། །རྗེས་སུ་གནང་བ་དེ་རྣམས་སྦྱིན། །ཚིགས་སུ་བཅད་པ་
འདི་རྣམས་སྦྱིན། །སེམས་ཅན་ཀུན་ལ་ཕན་དོན་དུ། །སེམས་ཅན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛཱ་ཡ་ཛཱ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་པྲ་ཝརྟ་ཡ་དྷརྨ་ཙཀྲཾ། སེམས་ཅན་ཀུན་ལ་ཕན་དོན་དུ། །ཇི་ལྟར་སྣ་ཚོགས་འདུལ་
བ་ཡི། །སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ཨོཾ་བཛྲ་རཏྣ་དྷརྨ་བི་ཤུདྡྷ་ཛྙཱ་ན་ཨ་བྷི་ཥེ་ཀ་པཱ་ཏ་ཨོཾ་ཨོཾ་ཨོཾ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །འདོད་ཆགས་དག་པ་རབ་ཏུ་སྟོན། །ཨོཾ་བཛྲ་དྷརྨཱ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་

དལ་སྭ་བྷཱ་ཝ་བཛྲི་ཨཱཿ། སེམས་ཅན་ཀུན་ལ་ཕན་དོན་དུ། །འཇིག་རྟེན་ཀུན་ལ་ཐམས་ཅད་ནས། །ཇི་ལྟར་སྣ་ཚོགས་འདུལ་བ་ཡི། །རྡོ་རྗེའི་མཆོད་པ་རབ་ཏུ་བསྐོར། །བཛྲ་ཀརྨ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ་ཨཱཿཋ། སླར་ཡང་ཁྱད་པར་གྱི་རྗེས་སུ་གནང་བ་སྦྱིན་པར་བྱ་སྟེ། ཨོཾ་བཛྲ་བྷ་ཥ་རཾ་
ཞེས་བརྗོད་ཅིང་ཨ་ཡིག་ལས་སྐྱེས་པའི་དུང་དང་། གཡོན་པར་དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་དབྱངས་ཐ་མ་བརྗོད་ཅིང་བྱིན་ལ། སློབ་མ་དྲིལ་བུ་འཁྲོལ་དུ་གཞུག་ཅིང་། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་མཉམ་པར་སྦྱོར་བ་
ཡིས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །དེང་ནས་བརྩམས་ཏེ་དང་བཅས་པའི། །སེམས་ནི་བསྐྱེད་པ་ཙམ་གྱིས་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །ཀུན་ནས་ཡོངས་སུ་གང་བར་གྱིས། །ཞེས་པས་སོ། །སླར་ཡང་། རྣམ་པ་སྣ་ཚོགས་ལས་བྱས་པའི། །རིན་
ཆེན་བདུན་ནི་གཏད་པར་བྱ། །གྲི་གུག་དང་ནི་ཁ་ཊྭཱཾ་ག །བགྲང་ཕྲེང་གླེགས་བམ་ས་བོ་ར། །གྱོ་མོ་རྣལ་འབྱོར་དབྱུག་པ་དང་། །ཞེས་བརྗོད་པའི་མཐར། པདྨའི་ལག་པས་ལྷམ་དང་ནི། །རྣལ་འབྱོར་པ་ཡི་སྒོམ་ཐག་རྣམས། །ལེགས་པར་དགའ་བའི་བསམ་པ་ཡིས། །སྔགས་
ཆེན་དེ་ཡིས་སྦྱིན་པར་བྱ། །ཐེ་ཚོམ་མེད་པའི་བསམ་པ་ཡིས། །ཁྱོད་འདིར་བློ་གྲོས་ངན་མི་བྱ། གསང་སྔགས་སྤྱོད་པའི་ཚུལ་མཆོག་ནི། །མཉམ་མེད་རང་གིས་རང་གསལ་བྱ། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་བཏགས་བྱས་པ་གཟོ་བ་ཡིན། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། །ཁྱད་
ལ་རྟག་ཏུ་ཀུན་སྲུང་མཛད། །ཤེས་རབ་ལས་ཀྱི་རང་བཞིན་བདག །ཡིད་བཞིན་ནོར་བུ་ལྟར་མཐོ་བས། །སྐྱེ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཅེས་བརྗོད་དོ། །དེས་ཕྱག་བྱས་ལ། གཙོ་བོས་ཇི་ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་བདག་གིས་བགྱི། །
ཞེས་བརྗོད་པར་བྱ་སྟེ་རྗེས་སུ་གནང་བ་སྦྱིན་པའི་ཆོ་གའོ།། །།དེའི་རྗེས་སུ། སྤྱི་བོ་རུ་ནི་གདུགས་བཟུང་ནས། །སྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་སྒོར་ནི་ཐལ་སྦྱོར་བ། །གདུགས་བཅས་དབབ་ཅིང་འདི་བརྗོད་བྱ། །རྒྱུད་རྣམས་འཛིན་པར་གྱུར་པ་ཡི། སློབ་མ་འདི་ནི་ཕུལ་བ་

ལགས། །ཞེས་བརྗོད་པས་དེ་ལྟར་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གསོལ་བ་བཏབ་ལ། གདུགས་གཞན་དུ་བཞག་ནས་སློབ་མའི་སྙིང་ལ་འབབ་པའི་ཚིག་བརྗོད་པར་བྱ་སྟེ། ད་ནི་ཁྱེད་རྣམས་དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །
ལྷ་རྣམས་ཀྱིས་ཀྱང་དགོངས་པར་འགྱུར། །སེམས་ཅན་རྣམས་ལ་བརྩེ་དོན་དུ། །ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་པས་བྲི་བར་བྱ། །སྒྲུབ་པ་པོ་རྣམས་སྔགས་ལ་སྦྱོར། །མཆོག་ཏུ་གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་བཞིན་རབ་ཞུགས་པས། །སྡིག་པ་ཀུན་
ལས་རྣམ་པར་གྲོལ། །དེ་རིང་ཁྱོད་རྣམས་བདེ་བར་གནས། །བདེ་ཆེན་ཐོག་པ་འདི་ལ་ནི། །ཕྱིན་ཆད་འཆི་བ་ཡོད་མེད་དེ། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་ཤིན་ཏུ་མཐའ་གྲུབ་པོ། །སངས་རྒྱས་རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་ཏེ། །ཁམས་གསུམ་གྱི་
ནི་རྒྱལ་སྲིད་ཆེ། །རྗེ་བོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་སྤྱོད་པས་ཁྱོད། །གང་ལ་འཇིགས་པ་མེད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་
བྱ། །དེ་ལས་གཞན་ཡང་དམ་ཚིག་བསྲུང་། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །སྡོམ་པ་ལས་ནི་འདའ་མི་བྱ། །ཤེས་རབ་ཐབས་ཀྱི་བསམ་པ་ཡིས། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །
རྡོ་རྗེ་སེམས་དཔའི་གསུང་ཇི་བཞིན། །ཞེས་པའོ། །དབུགས་དབྱུང་བ་སྦྱིན་པའི་ཆོ་གའོ།། །།དབུགས་དབྱུང་སྦྱིན་ནས་སློབ་མ་ལ། །བླ་མས་དམ་ཚིག་སྤྱོད་རིགས་བྱ། །རིགས་ལྔ་ལས་ནི་ཡང་དག་བྱུང་། །དམ་ཚིག་ལྔ་ནི་མཉན་པར་གྱིས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་
མཆོག་གསུམ་ལ་སྐྱབས་སུ་སོང་། །འདི་ནི་སངས་རྒྱས་རིགས་དགེ་བའི། །དམ་ཚིག་སྡོམ་པ་ཡིན་པར་འདོད། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བློ་ཆེན་ཁྱོད་ཀྱིས་གཟུང་བར་བྱ། །བྱང་ཆུབ་སེམས་གང་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་ཞེས་བྱར་བརྗོད། །སློབ་དཔོན་བརྙས་པར་མི་བྱ་སྟེ། །

བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །རིན་ཆེན་རིགས་ལ་དེ་བཞིན་དུ། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་ཆོས་དང་མི་འཇིགས་བྱམས། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །ཕྱི་དང་གསང་བ་ཐེག་པ་
གསུམ། །དམ་ཆོས་ཁྱོད་ཀྱིས་གཟུང་བར་བྱ། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་མཆོག་ཡིན་ནོ། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བྱ། །མཆོད་པའི་ལས་ཀྱང་ཅི་ནུས་བགྱིས། །འདི་ལས་གཞན་དུའང་
བཅུ་བཞི་ནི། །རྡོ་རྗེའི་ཐེག་ལ་ཕམ་པར་བཤད། །ཉིན་ལན་གསུམ་དང་མཚན་ལན་གསུམ། །ཉིན་རེ་ཞིང་ནི་བཟླས་པར་བྱ། །བཤེས་གཉེན་རྡོ་རྗེའི་སྤུན་ཟླ་དང་། །རྣལ་འབྱོར་མ་རྣམས་བསྙེན་བཀུར་བྱ། །སྤང་བར་མི་བྱ་དོར་མི་བྱ། །ཇི་ལྟར་ནུས་བཞིན་ཡང་དག་སྤྱད། །ཐེག་པ་དམན་
པ་འདོད་མི་བྱ། །སེམས་ཅན་དོན་ལ་རྒྱབ་ཕྱོགས་མིན། །འཁོར་བ་ཡོངས་སུ་མི་སྤོང་ཞིང་། །མྱ་ངན་འདས་ལ་རྟག་དགའ་མིན། །ལྷ་རྣམས་དང་ནི་གསང་བ་པ། །ཁྱོད་ཀྱིས་བརྙས་པར་མི་བྱ་ཞིང་། །ཕྱག་རྒྱ་བཞོན་པ་མཚོན་ཆ་དང་། །མཚན་མ་འགོམ་པར་མི་བྱའོ། །ཁྱོད་ཀྱིས་
སྲོག་ཆགས་གསད་མི་བྱ། །མ་བྱིན་པར་ཡང་མི་བླང་ངོ་། །འདོད་པ་ལོག་པར་མི་སྤྱད་ཅིང་། །བརྫུན་དུ་སྨྲ་བར་མི་བྱའོ། །སེམས་ཅན་གདུལ་ཕྱིར་མ་གཏོགས་པ། །བྱ་བ་མ་ཡིན་ཐམས་ཅད་སྤངས། །དམ་པ་ཉེ་བར་བསྟེན་བྱ་ཞིང་། །རྣལ་འབྱོར་མ་ཀུན་བསྙེན་བཀུར་བྱ། །ལུས་ཀྱི་ལས་ནི་
རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་རྣམས་དང་། །ཡིད་ཀྱི་རྣམ་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་སྐྱོངས། །འདི་དག་དམ་ཚིག་ཡིན་པར་གསུངས། །ད་ནི་ཁྱོད་ཀྱིས་བསྲུང་བར་བྱ། །དེ་བཞིན་དེས་ཀྱང་བརྗོད་པར་བྱ། །སློབ་དཔོན་བདག་ཉིད་ཆེན་པོ་སྟེ། །
གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་བཞིན་དུ་ནི་བདག་གིས་བགྱི། །དེ་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་ཟད་བདེ་སྟེར་སྣོད་དུ་གྱིས། །འགྲོ་བ་བདེ་བ་ཉུང་ལས་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ཕྱིན་པར་འགྱུར། །

གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དུ་མངོན་པར་དབང་བསྐུར་བ་ལ་དགེ་བ་ཉིད་ཀྱི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་དང་བས་གསང་སྔགས་པར་དགོངས་པར་མཛད་པ་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ནོ་ཞེས་སོ། །དམ་ཚིག་བསྒྲག་
པའི་ཆོ་གའོ།། །།དེ་ལྟར་མངོན་པར་དབང་བསྐུར་བ་ཐོབ་ཅིང་དབུགས་ཕྱུང་བས་དགའ་བའི་སློབ་མས་ཀྱང་། དེ་བཞིན་དུ་བགྱིའོ་ཞེས་པ་དང་། དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་
བདག་གྱུར། །ཞེས་བརྗོད་པར་བྱའོ། །དེ་ནས་རྗེས་སུ་མཐུན་པའི་ཡོན། །སློབ་མ་ལས་ནི་བླང་བྱ་སྟེ། །དེས་ཀྱང་དཀྱིལ་འཁོར་དེ་ཉིད་ནི། མངོན་དུ་བྱས་ནས་སླར་ཡང་དབུལ། །རྒྱལ་སྲིད་ས་གཞི་ཆུང་མ་དགའ་བའི་བུ་དང་བྲན་མོ་དེ་ནི་དེ་བཞིན་བྲན་བཟང་དང་། །གླང་པོ་རྟ་དང་ནོར་དང་སོ་བ་གསེར་
དང་ཤིང་རྟ་གོས་དང་མཚོན་ཆ་དེ་བཞིན་དུ། །ཕུན་ཚོགས་མ་ཧེ་རྣམས་དང་ཁྱིམ་སོགས་མཆོག་དེ་རྣམས་དང་དམ་པ་རྣམས་ཀྱང་བསྟེན་པ་སྟེ། །བདག་ཉིད་ཀྱང་ནི་ངེས་པར་ཤེས་བྱ་གཞན་ཅིའང་སློབ་མ་རྣམས་ཀྱིས་རིག་པའི་བླ་མ་ལའོ། །དེ་མ་བྱས་ན་བསོད་ནམས་ཅི། །སྨྱུང་གནས་དང་ནི་
དཀའ་ཐུབ་གང་། །བླ་ན་མེད་མཛད་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་མཆོད་པར་བྱ། །དེ་ལ་ཕུལ་བས་སངས་རྒྱས་རྣམས། །ཀུན་ལ་རྟག་ཏུ་ཕུལ་བར་འགྱུར། །དེ་ལ་བྱིན་པས་བསོད་ནམས་ཚོགས། །ཚོགས་ལས་དངོས་གྲུབ་བླ་ན་མེད། །མདོར་ན་དེ་འདྲའི་བྱ་བ་རྣམས། །བླ་མ་དམ་
པ་མཉེས་བཞིན་བྱ། །བླ་མ་མཉེས་ན་དངོས་གྲུབ་ལས། །གཞན་མིན་ཞེས་ནི་ཐུབ་པས་གསུངས། །ཞེས་པ་ལ་སོགས་པའོ། །ད་ནི་དབང་གི་དག་པ་བཤད་དེ། །འདིར་མེ་ཏོག་ལྷུང་བས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པའི་རང་བཞིན་གྱིས་ཡོངས་སུ་དག་པ་ངེས་པར་གསལ་བར་
བྱ་བའི་ཕྱིར། མགོ་བོའི་ཕྲེང་བའི་དབང་བསྐུར་བ་འམ། །མ་རིག་པའི་དྲི་མ་འཁྲུད་པར་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཆུའི་མངོན་པར་དབང་བསྐུར་བའོ། །རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་འདུས་བྱ་བ་བསྐྱེད་པ་དང་། གཙུག་ཏོར་བསྐྱེད་པར་ནུས་པ་ཉིད་ཀྱི་ཆེན་དུ་ཅོད་པན་གྱི་

མངོན་པར་དབང་བསྐུར་བའོ། །ཉོན་མོངས་པ་ལ་སོགས་པའི་དགྲ་རྩ་བ་ནས་འདོན་པ་ཉིད་ཀྱི་ཕྱིར་དཔའ་བོའི་དར་དཔྱངས་འཆིང་བ་ནི་ཅོད་པན་གྱི་དབང་གི་འཁོར་ཡིན་ཏེ། ཁ་ཅིག་ཏུ་ནི་དབང་བསྐུར་བ་ཐ་དད་པར་བརྗོད་དོ། །དབྱེར་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་བར་ནུས་པ་ཉིད་དུ་བསྒྲུབ་
པའི་ཕྱིར་རྡོ་རྗེའི་མངོན་པར་དབང་བསྐུར་བའོ། །སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་བླ་ན་མེད་པའི་ཡེ་ཤེས་འབྱུང་བའི་མངའ་བདག་ཆོས་འབྱུང་རྟོགས་པར་བྱ་བའི་ཆེད་དུ་ཆོས་འབྱུང་མཚོན་པར་བྱེད་པ་དྲིལ་བུ་སྒྲ་དང་བཅས་པས་མངོན་པར་དབང་བསྐུར་བའོ། །བདག་པོའི་ཆེད་དུ་མངོན་པར་
དབང་བསྐུར་བ་ནི་བདག་པོའི་དབང་དུ་ཡང་བརྗོད་དོ། །འབྱུང་བར་འགྱུར་བ་ན་ཐུབ་པའི་དབང་པོའི་གོ་འཕང་གི་མིང་དུ་འོས་པའི་ས་བོན་བསྒྲུབ་པའི་ཆེད་དུ་མིང་གི་མངོན་པར་དབང་བསྐུར་བའོ། །འདི་ནས་བརྩམས་ཏེ་རྣམ་པར་དག་པ་ཟུང་འཇུག་གི་བྱང་ཆུབ་རྟོགས་པར་བྱ་བའི་ཆེད་དུ་
བརྩོན་པར་གྱིས་ཤིག་ཅེས་ངེས་པར་བྱ་བར་དགོངས་ནས་དེའི་རང་བཞིན་གྱི་རྡོ་རྗེ་འཛིན་པ་ལ་སྦྱོར་བ་ནི་རྡོ་རྗེའི་དམ་ཚིག་གོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྟོན་པའི་ངེས་པ་སྟེར་བའི་དེ་བཞིན་ཉིད་རྟོགས་པ་ལ་སྦྱར་བའི་ཆེད་དུ་སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་གོ། །ཤེས་རབ་
དང་ཐབས་ཀྱི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ཤིན་ཏུ་བརྟན་པར་ནུས་པ་ཉིད་དུ་བསྒྲུབ་པའི་ཕྱིར་ཕྱག་རྒྱའི་དམ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དམ་ཚིག་གཉིས་ཀྱི་འཁོར་ཅན་ཕྱག་རྒྱའི་དམ་ཚིག་ཁོ་ན་
རྫོགས་པའི་སངས་རྒྱས་ཀྱི་དབང་དུ་གསུངས་སོ། །རྒྱུད་གཞན་དུ་ནི་དམ་ཚིག་གསུམ་སློབ་དཔོན་གྱི་དབང་གི་དོན་དུ་གསུངས་ཏེ། དེ་ལྟར་ཡང་སྔར་ཤེས་རབ་བཅུ་དྲུག་ཅེས་པ་ལ་སོགས་པ་གསུངས་སོ། །དྲི་མ་འཁྲུད་པར་ནུས་པ་ཉིད་ནི་དམ་ཚིག་གསུམ་གྱི་རྣམ་པར་གཞག་
པ་གཉི་ག་ལ་མི་འགལ་ལོ། །ཇི་ལྟར་ས་བཅུ་པ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བ་དེ་བཞིན་དུ། དམ་ཚིག་གསུམ་དང་བཅས་པ་འདི་ཡང་དེ་རྣམས་དང་བླ་མས་དཔག་ཏུ་

མེད་པའི་སེམས་ཅན་གྱི་ཕུང་པོ་ལ་གཞལ་དུ་མེད་པའི་ཆོས་སྟོན་པ་ལ་སོགས་པའི་སློབ་དཔོན་དུ་བྱ་བའི་ཆེད་དུ་ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་སྲིད་ལ་དབང་བས་ན། སློབ་དཔོན་གྱི་དབང་བསྐུར་བ་ནི་ཕྱིར་མི་ལྡོག་པ་རྣམས་དང་འདྲ་བས་ན་ཕྱིར་མི་ལྡོག་པའི་དབང་སྟེ་ཕྱིར་མི་ལྡོག་པ་ཉིད་ཀྱི་ས་བོན་ཉིད་
ཀྱང་བསྐྲུན་པར་བྱེད་པའོ། །དེའི་ཕྱིར་དེ་ལ་ལྟོས་ནས་ཕྱིར་མི་ལྡོག་པར་བྱ་བའི་ཆེད་དུ་དབང་བསྐུར་བ་དང་། ཕྱིར་མི་ལྡོག་པར་བྱེད་པའི་དབང་བསྐུར་བ་ནི། ཕྱིར་མི་ལྡོག་པ་དང་ལྡན་པའི་དབང་དང་ཕྱིར་མི་ལྡོག་པའི་དབང་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་གསང་བ་ཡེ་ཤེས་ཀྱིས། །སློབ་དཔོན་
ཞེས་བྱ་གསུམ་དུ་འདོད། །ཅེས་པའི་ལུགས་ནི་བློ་གྲོས་ངན་པ་རྣམས་ཁོ་ནའི་ཡིན་ནོ། །འདི་དག་ལ་སོགས་པས་ནི་ཉན་ཐོས་ཀྱི་དམ་ཚིག་གིས་རྩེ་བ་སྤང་བར་བྱའོ་ཞེས་པའི་ངེས་པའི་ཆེད་དུ། རྫོགས་པའི་སངས་རྒྱས་རྡོ་རྗེ་འཛིན་པས་རྡོ་རྗེ་ལྷན་ཅིག་རབ་ཏུ་སྦྱོར་བས་རྩེ་བར་བྱ་བའི་དོན་དུ་གང་གིས་མེ་
ཏོག་འཐོར་བའོ། །རྫོགས་པའི་སངས་རྒྱས་རྡོ་རྗེ་འཛིན་པས་རྟག་ཏུ་རང་གི་དམ་ཚིག་ལ་མཆོད་པར་བྱའོ་ཞེས་པ་ནི། ཕྲེང་བ་ཀུན་ནས་འཕང་བའོ། །སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཇི་ལྟ་བ་བཞིན་དུ་དམ་པའི་ཆོས་ཡང་དག་པར་བརྗོད་པའི་དོན་དུ་ཨོཾ་གྱི་ཡི་གེ་དང་སྭའི་ཡི་གེ་ཀློག་པའོ། །
སངས་རྒྱས་ཀྱི་གར་རབ་ཏུ་བསྐོར་ཞིང་གར་གྱི་རྗེས་སུ་ཆགས་པས་སྐྱེ་བོ་རྣམས་གདུལ་བའི་ཆེད་དུ་ཏིང་ཏིང་ཤགས་འཛིན་པའོ། །སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཡེ་ཤེས་འཇུག་པའི་དོན་དུ་སྤོས་ཀྱི་ཀུན་དུ་བསྐྱོད་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་གྱིས་ཡང་དག་པར་འབྱོར་ཞིང་། མཚན་
སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་རྣམ་པར་མཛེས་པའི་དེ་བཞིན་གཤེགས་པའི་སྐུ་ཐོབ་པའི་ཆེད་དུ་མེ་ཏོག་ངེས་པར་འགྲེམས་པའོ། །མ་རིག་པའི་མུན་པར་མུན་པའི་སེམས་ཅན་རྣམས་ཡེ་ཤེས་ཀྱི་སྒྲོན་མེས་ཡང་དག་པར་སྣང་བར་བྱ་བའི་ཆེད་དུ་སྣང་གསལ་དབུལ་བའོ། །འབྱུང་བར་
འགྱུར་བ་ན་ཐུབ་པའི་དབང་པོའི་སེམས་དང་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་རྣམ་པར་གྲོལ་བ་དང་རྣམ་པར་གྲོལ་བའི་ཡེ་ཤེས་ཐོབ་པར་བྱ་བའི་ཆེད་དུ་དྲིལ་བུ་དབུལ་བའོ། །བགེགས་མེད་པ་ཉིད་དང་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་ས་བོན་དགོད་པ་དང་། དོན་དམ་པའི་སྔགས་

ཀྱིས་དངོས་གྲུབ་ཀྱི་ཞིང་དག་པར་བྱ་བའི་ཆེད་དུ་སྔགས་བརྗོད་པའོ། །མི་ཤེས་པའི་རབ་རིབ་བསལ་ནས་ལྷའི་མིག་མངོན་པར་ཤེས་པ་བསྐྱེད་པའི་ཆེད་དུ་མིག་སྨན་ནོ། །དེ་བཞིན་དུ་ཡང་གཟུགས་བརྙན་དང་འདྲ་བར་སྣ་ཚོགས་པར་ལྟ་བ་འདུ་བྱ་བའི་ཆེད་དུ་མེ་ལོང་གི་དབང་ངོ་། །བདུད་བཞི་
ལས་རྣམ་པར་རྒྱལ་ནས། ཤིན་ཏུ་ཕྲ་བའི་ཆོས་ཀྱི་དབྱིངས་ཀྱི་འབེན་ལ་སླེབ་པའི་ས་བོན་དགོད་པའི་ཆེད་དུ་མདའ་འཕང་བའོ། །དད་པ་དང་ཤེས་རབ་ཀྱི་ཞིང་དུ་བྱ་བའི་དོན་དང་། དམ་ཚིག་བསྲུང་བའི་དོན་དང་། ངག་དག་པའི་དོན་དུ་གསང་བའི་མངོན་པར་དབང་བསྐུར་བའོ། །ཕུལ་དུ་ཕྱིན་པའི་ཡེ་ཤེས་
འདི་ལ་ཡོད་པས་ཤེས་རབ་ནི་ཕྱི་རོལ་གྱི་གཞོན་ནུ་མ་ཡིན་ལ། དེ་ལས་ཡེ་ཤེས་ནི་སེམས་རྣམ་པར་རྟོག་པ་དང་བྲལ་བ་སྟེ། རྣམ་པར་དག་པ་དང་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བའོ། །ཡེ་ཤེས་དེ་ཉིད་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་རྟོགས་
པ་ནི་བཞི་པའི་མངོན་པར་དབང་བསྐུར་བའོ། །འདི་དག་ནི་བདེ་བ་ཆེན་པོའི་རོས་ཡིད་འཁྲུད་པར་བྱེད་པའི་ཕྱིར་ན་དབང་ངོ་། །འདི་དང་འབྲེལ་བ་ཁོ་ནར་ཤེས་རབ་ཉིད་ཟག་པ་མེད་པའི་བདེ་བ་དམ་པ་འཕེལ་ཞིང་མངོན་སུམ་དུ་བྱེད་པའི་ཐབས་ཡིན་པའི་ཕྱིར། ལས་དང་པོ་ལ་སོགས་པའི་གནས་
སྐབས་སུ་ཡང་སྤང་བར་མི་བྱའོ་ཞེས་པ་ནི་རིག་མའི་བརྟུལ་ཞུགས་སོ། །གང་ཚེ་རྣམ་པར་མི་རྟོག་པས། །ལས་ཀུན་ཐབས་དང་བཅས་པར་སྤྱོད། །རྣམ་པར་མི་རྟོག་སྒོམ་པ་ནི། །བརྟུལ་ཞུགས་རྣམས་ཀྱི་བླ་མའི་བླ། །ཞེས་སོགས་རྡོ་རྗེ་མཁའ་འགྲོ་མས་གསུངས་པའི་ཕྱིར་བརྟུལ་ཞུགས་ཅན་
གྱིས་ཅི་བྱ། དེས་ན་ཡེ་ཤེས་ལྔའི་རང་བཞིན་གྱི་བྱང་ཆུབ་ཀྱི་སེམས་ཀྱི་བརྟུལ་ཞུགས་ཁོ་ན་ལ་སྦྱིན་དུ་སྦྱོར་བའི་ཕྱིར་རྡོ་རྗེའི་བརྟུལ་ཞུགས་སོ། །སྤྱོད་པ་དང་བྲལ་ན་ཡང་བྱང་ཆུབ་ཀྱི་སེམས་མི་རྟོག་གོ་ཞེས་བསླབ་པའི་དོན་དུ་སྤྱོད་པའི་བརྟུལ་ཞུགས་ཏེ་དེ་ནི་རྣམ་པ་གསུམ་མོ། །དེ་ལ་དང་པོ་ནང་གི་
བདག་ཉིད་ཀྱི་ཕྱག་རྒྱ་གསུམ་དང་སྦྱོར་བ་ནི་མཆོག་སྟེ། དེ་ལྟར་ཡང་། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ། །ཅང་ཏེའུ་ཤེས་རབ་དང་ནི་རྟགས། །ཞེས་པ་དང་། སྔགས་ནི་ཐོད་པའི་བཏུང་བའོ། །ཞེས་གསུངས་སོ། །ལྷའི་སྐུ་དང་གཞོམ་དུ་མེད་པའི་གཏུམ་མོ་སྒྲ་ཙམ་དང་གཉིས་སུ་མེད་པའི་

བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རྟེན་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ། དེ་ལྟར་གསུམ་ནི་མཚོན་པར་བྱེད་པའོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ལྔ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་སོགས་པ་བསྐྱེད་པ་ལ་སྦྱོར་བ་ལྷུར་བྱེད་པ་སྟེ་རྣལ་འབྱོར་མ་དང་སྤྱོད་པའི་བརྟུལ་ཞུགས་སོ། །
གསུམ་པ་ནི་ལྟ་སྟངས་བཞི་དང་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ནུས་པ་ཐོབ་པར་གྱུར་པ་ན་སེམས་ཅན་གྱི་དོན་སྒྲུབ་པ་ལྷུར་བྱེད་པ་སྟེ། འཇིག་རྟེན་ལས་ཕྱི་རོལ་དུ་གྱུར་པའི་རྣལ་འབྱོར་པའམ་རྣལ་འབྱོར་མ་ནང་གི་བདག་ཉིད་ཀྱི་རྒྱན་མ་ལུས་པའི་དོན་གྱི་མཐུ་མཆོག་ཏུ་བྱེད་པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་
རང་བཞིན་བྱང་ཆུབ་ཀྱི་སེམས་འབྱུང་བ་ལ་ངེས་པར་སྦྱོར་བའོ། །དེ་ལྟར་ཡང་རྣལ་འབྱོར་མ་ཀུན་དུ་སྤྱོད་པའི་རྒྱུད་ལས། དང་པོ་མཉམ་གཞག་རྣལ་འབྱོར་པས། །འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ལ་ནི། །བརྟུལ་ཞུགས་སྤྱོད་པ་ཡིད་འོང་བ། །རིགས་ལྔ་མཉམ་
པར་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་ཡང་དག་བརྟག །མི་རྟོག་སེམས་གཅིག་བདག་ཉིད་ཀྱིས། །འདོད་པ་ལྔ་ལ་སྤྱད་པར་བྱ། །དེ་ལྟར་དཔལ་ལྡན་ཧེ་རུ་ཀའི། །ཡེ་ཤེས་བསམ་པ་ཀུན་རྫོགས་མཛད། །ཤེས་རབ་ཆེ་ལྡན་དེ་ཡི་ནི། །གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བཟང་། །
སྤྱོད་པའི་བརྟུལ་ཞུགས་ལ་ཞུགས་པའི། །རྣལ་འབྱོར་རབ་ངེས་ཤེས་པར་བྱ། །ཞེས་གསུངས་སོ། །འབྱུང་བར་འགྱུར་བ་ན་ཐུབ་པའི་དབང་པོའི་གོ་འཕང་དུ་འོས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་ཕྱུག་ཐོབ་པའི་ཆེད་དུ་གླེགས་བམ་དང་ཐོད་ལོ་ཀོར་དང་སམ་བོ་ར་འཛིན་པའོ། །
རྒྱལ་སྲིད་ལ་སོགས་པའི་བདེ་བ་ལ་ལྟོས་པ་མེད་པར་བྱ་བའི་ཆེད་དུ་བསོད་སྙོམས་ལ་བརྟེན་པར་གྱུར་པའོ། །མི་ཆོད་པའི་བསམ་གཏན་དང་བཟླས་པ་བྱ་བའི་ཆེད་དུ་གྱོ་མོའི་སྣོད་དང་རྣལ་འབྱོར་མའི་དབྱུག་པ་འཛིན་པའོ། །མ་རིག་པ་ཐམས་ཅད་གཅད་པར་བྱ་བའི་ཆེད་དུ་གྲི་གུག་འཛིན་
པའོ། །འདི་དག་ཐམས་ཅད་ཀྱང་སྤྱོད་པའི་བརྟུལ་ཞུགས་ཉིད་ཀྱི་འཁོར་ཡིན་ནོ། །ཁམས་གསུམ་དང་དབྱེར་མེད་པའི་ཆོས་ཉིད་རྟོགས་པའི་རིམ་པའི་རྣལ་འབྱོར་དང་ལྡན་པ་འདི་ཁྱོད་ཡིན་ནོ་ཞེས་གཟེངས་བསྟོད་པའི་དོན་དུ་ལུང་བསྟན་པའོ། །དེ་ལྟར་ཡང་བྷུར་ཞེས་པ་སྟེང་གི་འཇིག་

རྟེན་ནོ། །བྷུ་ཝ་ཞེས་པ་རླུང་གི་དཀྱིལ་འཁོར་ལ་སོགས་པ་འཁོར་དང་བཅས་པའི་ས་འོག་གོ། །སྭཿཞེས་པ་ནི་མཐོ་རིས་ཏེ་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཐར་ཐུག་པའོ། །དེ་གསུམ་ཆར་ཡང་ཁྱོད་ཡིན་ཏེ། གང་གི་ཕྱིར་དེ་རྣམས་ཀྱི་རང་བཞིན་ཏེ་དེ་ཁོ་ན་ཉིད་ཀྱི་
དམ་ཚིག་སྟེ་རབ་ཏུ་དགའ་བའི་ས་ལ་སོགས་པ་རིམ་གྱིས་རྟོགས་པར་ནུས་པ་ཉིད་ཀྱི་ཕྱིར་རོ་ཞེས་པ་ནི། ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿཞེས་པ་འདིའི་དོན་ཏོ། །ཆོ་ག་ཇི་ལྟ་བ་བཞིན་དུ་དངོས་གྲུབ་བསྒྲུབས་ཏེ་ཆོས་བསྟན་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པ་ནི་རྗེས་སུ་
གནང་བའོ། །ཁྱོད་ཀྱིས་འདོད་པ་རྣམས་ལ་ཉེ་བར་ལོངས་སྤྱོད་ཀྱང་སྒྲིབ་པ་ཐམས་ཅད་ལས་ངེས་པར་གྲོལ་བའི་སངས་རྒྱས་ཉིད་དེ་རང་ངོ་ཞེས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་བྱས་པས་རྒྱས་པར་འོས་པ་ལ་མངོན་པར་སྦྱོར་བ་རྟོགས་པར་བྱ་བའི་ཆེད་དུ་དབུགས་དབྱུང་བའོ། །ཕྱི་དང་གསང་བ་དང་དེ་ཁོ་
ཉིད་ཀྱི་དམ་ཚིག་གསུམ་བསྲུང་བའི་དོན་དུ་དམ་ཚིག་བསྒྲག་པའི་ཆོ་གའོ། །རྡོ་རྗེའི་བརྟུལ་ཞུགས་ལ་སོགས་པ་ལྔ་པོ་འདི་རྣམས་ཀྱང་སློབ་དཔོན་གྱི་དབང་གི་རྗེས་དང་། རིག་པའི་དབང་གི་རྗེས་ལ་དེ་དང་དེ་ཙམ་གྱིས་ཚིམ་པ་རྣམས་ལ་ཤེས་པར་བྱའོ་ཞེས་པ་ནི་ཁ་ཅིག་ཏུའོ། །སྔགས་དང་མིག་སྨན་
དང་མེ་ལོང་དང་མདའ་འཕང་བ་རྣམས་ནི་རིག་པའི་དབང་གི་རྗེས་ལའོ། །རིག་མའི་བརྟུལ་ཞུགས་ནི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བའི་རྗེས་ལ་ཡང་ཁ་ཅིག་ཏུའོ། །ཁ་ཅིག་ཏུ་ནི་སླར་ཡང་སྔགས་ལ་སོགས་པ་དང་སྤྱོད་པའི་བརྟུལ་ཞུགས་དང་། སྤྱིར་རྗེས་སུ་གནང་བ་དང་དམ་ཚིག་གསུམ་ནི་
སྐལ་བ་དང་ལྡན་པ་རྣམས་ལའང་མ་བཤད་དེ། ཇི་ལྟར་རིགས་པར་དབང་གཞན་རྣམས་སུ་དེ་དང་དེའི་དོན་ཡོད་པ་རྣམས་ལ་དགོངས་པས་སོ། །ཁ་ཅིག་རྗེས་སུ་གནང་བ་དང་དབུགས་དབྱུང་བ་དག་གི་ཕྱིར་མི་ལྡོག་པའི་དབང་དུ་བསྡུས་ཏེ། འདིར་ནི་ཐམས་ཅད་ཐ་དད་དུ་བརྗོད་དོ། །གང་ཡང་
མཁའ་འགྲོ་མ་རྡོ་རྗེའི་གུར་ལས། དང་པོ་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་ཅོད་པན་གྱི་ནི་དབང་། །གསུམ་པ་རྡོ་རྗེའི་དབང་ཡིན་ཏེ། །བཞི་པ་རང་གི་བདག་པོ་ཡིན། །ལྔ་པ་མིང་གི་དབང་ཡིན་ཏེ། །དྲུག་པ་རྫོགས་པའི་སངས་རྒྱས་དབང་། །བུམ་པའི་དབང་ནི་བདུན་པ་སྟེ། །བརྒྱད་པ་

གསང་བའི་དབང་ཡིན་ནོ། །དགུ་པ་ཤེས་རབ་དབང་བསྐུར་ཏེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཀུན་དུ་རྡོ་རྗེའི་བརྟུལ་ཞུགས་སྦྱིན། །རང་ཉིད་སྟོན་པས་ལུང་སྟོན་ཏེ། །འདི་དག་དབང་མཆོག་རིམ་པའོ། །ཞེས་གསུངས་ཤིང་འདི་ཉིད་བརྟག་པའི་རྒྱལ་པོ་གཉིས་པར་ཡང་། །སློབ་དཔོན་གསང་
བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །དེ་ལ་ཆུ་དང་ཅོད་པན་དང་རྡོ་རྗེ་དང་བདག་པོ་དང་མིང་དང་སློབ་དཔོན་གྱི་དབྱེ་བ་དྲུག་ནི་བུམ་པའི་དབང་སྟེ། ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་སྤྱན་མ་ལ་སོགས་པའི་རིམ་པ་རྣམས་ཀྱིས་བུམ་པས་མངོན་པར་དབང་
བསྐུར་བའི་ཕྱིར་རོ། །སློབ་དཔོན་གྱི་དབང་ནི་མཆོག་ཏུ་ཉེ་བར་བླང་བར་བྱ་བ་ཉིད་ཀྱིས་ཕུལ་དུ་བྱུང་བ་དང་བཅས་པར་དབང་བསྐུར་བའི་ཕྱིར། བུམ་པའི་དབང་ནི་བདུན་པ་སྟེ། །ཞེས་གསུངས་ལ། སློབ་དཔོན་གྱི་དབང་དེ་འབྱུང་བའི་རྒྱུ་ཡིན་པས་ཆུའི་དབང་ལ་སོགས་པ་ལྔ་ཡང་སློབ་དཔོན་གྱི་དབང་དུ་བརྗོད་དེ།
དེས་ན་ཐམས་ཅད་ལ་འགལ་བ་མེད་དོ་ཞེས་པ་འདི་ནི་གཞན་དབང་བསྐུར་བའི་ཆོ་གའོ།། །།རང་ཉིད་ཀྱང་དམ་ཚིག་ཉམས་ན་འདི་ལྟ་བུའི་དབང་བསྐུར་བ་ཉིད་ཇི་ལྟར་སློབ་དཔོན་འཇུག་པའི་ཆོ་གར་གཟུང་ཞིང་བཤད་པ་དེ་བཞིན་དུ་བླང་བར་བྱའོ། །འོན་ཀྱང་གལ་ཏེ་བླ་མ་དམ་པ་དང་ཤིན་ཏུ་རིང་བ་དང་ལམ་
བགྲོད་དཀའ་བ་ལ་སོགས་པའི་ཉེ་བར་འཚེ་བས་བགྲོད་མི་ནུས་པའི་ཕྱོགས་ན་གནས་པ་སྟེ་གཞན་དུ་མ་ཡིན་ནོ། །རྟག་ཏུ་ཡི་དམ་བྱེད་པ་ནི་ཤེས་རབ་དང་ཐབས་རོ་གཅིག་པར་རང་གི་འདོད་པའི་ལྷའི་རྣལ་འབྱོར་གྱི་ཡིད་ཀྱིས་རང་བཞིན་གྱི་དཀྱིལ་འཁོར་བསྒོམས་ནས་དཀྱིལ་འཁོར་གྱི་དབང་ཕྱུག་ལས་
ཆུའི་དབང་ལ་སོགས་པ་དང་གསང་བ་དང་ཤེས་རབ་ཡེ་ཤེས་དང་བཞི་པའི་མཐར་ཐུགས་པ་རྣམས་དང་དབུགས་དབྱུང་བའི་མཐར་ཐུག་པ་བླང་བར་བྱའོ་ཞེས་པ་རང་དབང་བསྐུར་བའི་ཆོ་གའོ།། །།རྡོ་རྗེ་སེམས་དཔའི་སྡོམ་པ་དང་ལྡན་པ་འདིའི་ཡང་ལྟུང་བ་ནི་རིགས་རྣམ་པ་གཉིས་ཏེ།
རྩ་བའི་ལྟུང་བ་དང་སྦོམ་པོའི་ལྟུང་བའོ། །དེ་རྣམས་ཇི་ལྟར་ན། །བླ་མ་དམ་པའི་ཐུགས་དཀྲུགས་པ། །རྩ་བའི་ལྟུང་བ་དང་པོར་གསུངས། །བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པར་བརྗོད་པ་ཡིན། །རྡོ་རྗེ་སྤུན་ལ་ཁྲོས་པ་ཡིས། །ཉེས་པ་གསལ་བྱས་

གསུམ་པ་སྟེ། །སེམས་ཅན་རྣམས་ལ་བྱམས་པ་སྤོང་། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་སྟེ། །རང་དང་གཞན་གྱི་གྲུབ་པའི་མཐའི། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོགས་པ་
བདུན་པ་སྟེ། །ཕུང་པོ་ལྔ་བདག་སངས་རྒྱས་ཉིད། །དེ་ལ་སྨོད་པ་བརྒྱད་པའོ། །རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་སྟེ། །གདུག་ལ་རྟག་ཏུ་བྱམས་ལྡན་པར། །བྱེད་པ་དེ་ནི་བཅུ་པའོ། །ཐོག་མཐའ་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །སེམས་ཅན་དད་
དང་ལྡན་པ་ཡི། །སེམས་སུན་འབྱིན་པ་བཅུ་གཉིས་པ། །དམ་ཚིག་རྫས་ནི་ཇི་བཞིན་རྙེད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཞེས་པ་ནི་རྩ་བའི་ལྟུང་བའོ། །རྣལ་འབྱོར་སྡོམ་ལྡན་རྣལ་འབྱོར་མར། །རྣལ་འབྱོར་པ་གང་
སྟོབས་ཀྱིས་གཙེ། །སྦོམ་པོའི་ལྟུང་བ་དང་པོར་བཤད། །དེ་ལ་མཐོ་བཙམས་པ་ཡང་ངོ་། །རྒྱུད་ལས་གསུངས་པའི་རྗེས་འབྲངས་ནས། །བྱིན་རླབས་མེད་པའི་བདུད་རྩི་ཡང་། །དེ་ཡི་སྦོམ་པོའི་ལྟུང་བ་ནི། །གཉིས་པ་རབ་ཏུ་སྐྱེ་བར་བྱེད། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང་། །དམ་ཚིག་ལ་ནི་
དམོད་པ་དག །རྣལ་འབྱོར་པ་དེའི་སྦོམ་པོ་ཡི། །ལྟུང་བ་གསུམ་པར་བཤད་པ་ཡིན། །གང་ཚེ་གསང་བའི་ཆོས་མཐོང་ལ། །གཡོ་སྒྱུའི་བློ་ཡིས་མི་སྦེད་པར། །རབ་ཏུ་གསལ་བར་བྱ་ན་དེའི། །སྦོམ་པོའི་ལྟུང་བ་བཞི་པར་འགྱུར། །གང་ཞིག་དད་པའི་སེམས་ཅན་ནི། །གསང་བའི་ཆོས་ལ་
དགའ་བ་ཡི། །ཕྱིན་ཅི་ལོག་ནི་འཆད་བྱེད་པ། །སྦོམ་པོའི་ལྟུང་བ་ལྔ་པར་འགྱུར། །ཉན་ཐོས་ཐེག་པ་དམན་པ་རྣམས། །ཞག་བདུན་ལྷན་ཅིག་གནས་པ་དང་། །དེ་ལ་སྦོམ་པོའི་ལྟུང་བ་ནི། །ཤིན་ཏུ་ལྕི་བ་དྲུག་པ་སྐྱེ། །རྣལ་འབྱོར་ངེས་པར་མི་ཤེས་པར། །རྣལ་འབྱོར་མངོན་པའི་ང་
རྒྱལ་སེམས། །དེ་ཡི་སྦོམ་པོའི་ལྟུང་བ་ནི། །བདུན་པར་འགྱུར་བར་ཐེ་ཚོམ་མེད། །སྣོད་དུ་གྱུར་པའི་སེམས་ཅན་གང་། །ཕྱི་ཡི་ཆོས་ལ་དགའ་བ་ལ། །གསང་བའི་ཆོས་རྣམས་ཡང་དག་འཆད། །དེ་ཡི་སྦོམ་པོའི་ལྟུང་བ་ནི། །བརྒྱད་པ་ཉིད་དུ་འགྱུར་བ་ཡིན། །ཞེས་པ་ནི་སྦོམ་

པོའི་ལྟུང་བའོ། །དེའི་ཕྱིར་ལྟུང་བ་གཉིས་ཀྱིས་གཟུང་བས་དམ་ཚིག་མེད་ན་ཇི་ལྟར་ནུས་པའི་སྟོན་མོ་སྦྱིན་པ་སྔོན་དུ་འགྲོ་བའི་འབུལ་བ་བྱས་ནས་བླ་མ་དམ་པའི་མདུན་དུ་སྡིག་པ་བཤགས་པ་དང་སྔར་གྱི་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བརྩམས་ཏེ་སྔར་བཞིན་དུ་རྡོ་རྗེ་འཛིན་པའི་སྡོམ་པ་གཟུང་བར་
བྱའོ་ཞེས་པ། གདམས་པ་དང་བཅས་ཤིང་འཁོར་དང་བཅས་པའི་དབང་གི་ཆོ་གའོ།། །།འདིར་ཞི་བ་ལ་སོགས་པའི་དོན་དུ་སྦྱིན་སྲེག་བྱའོ་ཞེས་སྔར་གསུངས་ཏེ། དེས་ན། དཀྱིལ་འཁོར་སྦྱིན་སྲེག་དང་བྲལ་བའི། །རབ་གནས་འདིར་ནི་བསྟན་པ་མེད། །དེའི་ཕྱིར་སློབ་མར་ཕན་འདོད་པས། །སྦྱིན་
སྲེག་ཆོ་ག་ཡང་དག་བྱ། །སེམས་ཅན་དབྱེ་བས་མཐའ་ཡས་ཏེ། །རིགས་ཀྱི་དབྱེ་བས་རྣམ་པ་ལྔ། །ལས་ཀྱི་དབྱེ་བས་རྣམ་པ་བཞི། །ཐབ་ཁུང་ཞེས་བྱའི་མཚན་ཉིད་འདི། །རྣམ་མང་བརྗོད་པ་ཡོངས་སྔངས་ནས། །དེ་ནི་བདག་གིས་ལེགས་བསྡུས་ཏེ། །ཞི་བ་ལ་སོགས་རབ་དབྱེ་བས། །
ཐབ་ཁུང་མཚན་ཉིད་བརྗོད་པར་བྱ། །ཞི་བའི་ཐབ་ཁུང་ཟླུམ་པ་སྟེ། །ཁ་ཁྱེར་འདམ་སྐྱེས་གེ་སར་བཅས། །དབུས་སུ་ཆུ་སྐྱེས་འདབ་བརྒྱད་དང་། །སོར་བརྒྱད་པ་ཡི་འཁོར་ལོ་དགོད། །རྒྱར་ནི་ཀུན་ནས་ཁྲུ་གང་བ། །སོར་བཞི་ཡང་དག་སྤངས་བའོ། །ཁ་ཁྱེར་ལ་ནི་སོར་བཞི་སྟེ། །རྒྱ་
ནི་དཔངས་ཀྱི་ཚད་ཡིན་ནོ། །རྒྱས་པ་ལ་ནི་གྲུ་བཞི་འམ། །གང་ཡང་ཟུར་བརྒྱད་ཁྲུ་དོ་པ། །ཀུན་ནས་སོར་བརྒྱད་སྤངས་པར་ཏེ། །དབུས་སུ་ཆུ་སྐྱེས་འདབ་བརྒྱད་ལ། །སོར་དྲུག་པ་ཡི་རིན་པོ་ཆེ། །རྒྱར་ནི་དཔངས་ཀྱི་ཚད་ལྡན་པའི། །སོར་མོ་བརྒྱད་པའི་ཁ་ཁྱེར་གྱིས། །ཀུན་
ནས་ཡོངས་སུ་འཁོར་བའོ། །དབང་ལ་ཞི་རྒྱས་ཐབ་དེ་བཞིན། །ཅུང་ཟད་ཁ་ནི་རྒྱས་པའོ། །སྟེགས་བུ་ལ་སོགས་ཞི་བ་ཡི། །ཐབ་ཁུང་བཞིན་དུ་བཤད་པར་བྱ། །དགུག་པ་ལ་ཡང་དེ་བཞིན་འདོད། །པདྨའི་དབུས་སུ་དབང་ལ་ནི། །བྷ་ག་ལྟ་བུ་འདོད་པ་སྟེ། །དགུག་པའི་
དབུས་སུ་ལྕགས་ཀྱུ་དགོད། །རྡོ་རྗེ་རྩེ་གཅིག་རྣམ་པ་ཅན། །མངོན་སྤྱོད་ལ་ནི་བརྗོད་པར་བྱ། །རྩུབ་ཅིང་གསེག་མའི་ས་གཞིའི་ཆར། །ཐབ་ཁུང་གྲུ་གསུམ་རྒྱ་ལ་ནི། །སོར་མོ་ཉི་ཤུ་པ་ཡི་ཚད། །སོར་མོ་གསུམ་ནི་སྤངས་པ་སྟེ། །རྒྱ་དང་དཔངས་ནི་ཚད་མཉམ་པ། །ཕྱི་

རོལ་ཁ་ཕྱིར་གཞོལ་གྱུར་བའི། །ཁ་ཁྱེར་སོར་མོ་གསུམ་པའོ། །མཐིལ་དབུས་རྩེ་གསུམ་ལ་གནས་པའི། །རྡོ་རྗེ་རྣོན་པོ་སོར་བརྒྱད་པའི། །རྩེ་མོ་བྱང་དུ་ཕྱོགས་པ་སྟེ། །རོ་བསྲེགས་ཐལ་བ་རྔ་མོའི་བྲུན། །མེ་ཏོག་དྲི་ངན་ལ་སོགས་གཏོར། །ལས་ཀུན་པ་ཡི་ཐབ་ཁུང་
ནི། །ཞི་བའི་ཐབ་དང་མཉམ་པ་སྟེ། །འོན་ཀྱང་རབ་རྒྱས་པདྨ་འདྲ། །ཁ་ཁྱེར་རྡོ་རྗེ་ཕྲེང་བས་བསྐོར། །དབུས་སུ་མཉམ་པར་གནས་པ་ནི། །རྡོ་རྗེ་རིན་ཆེན་ཆུ་སྐྱེས་དང་། །སྣ་ཚོགས་རྡོ་རྗེས་ཡོངས་བསྐོར་དག །འཁོར་ལོ་རྩིབས་བརྒྱད་མཛེས་པའོ། །ཞི་དང་དབང་གི་ཐབ་ནི་ཤར། །རྒྱས་
པ་བྱང་གི་ཕྱོགས་སུ་སྟེ། །ལྷོ་ཕྱོགས་སུ་ནི་དགུག་པ་བཤད། །གཤིན་རྗེའི་ཕྱོགས་སུ་མངོན་སྤྱོད་དོ། །ཞི་དང་རྒྱས་དང་དེ་བཞིན་དུ། །དབང་དང་མངོན་སྤྱོད་ཐབ་ཀྱི་སར། །བྱུག་པ་འཇིམ་པ་མེ་ཏོག་དྲི། །དཀར་སེར་དམར་པོ་ནག་པོའོ། །རྒྱ་ཡི་ཆ་ཡི་ཚད་གང་ཡིན། །དེ་ཡི་ཕྱེད་ན་
ཟབས་སུ་འདོད། །རང་རང་ཐབ་དབྱིབས་ཁ་ཁྱེར་ཏེ། །ས་སོགས་མ་ལུས་དབང་བཞིན་ནོ། །ལས་ཀྱི་དབྱེ་བས་ཐབ་རྣམས་ལ། །རྡུལ་ཚོན་རང་བཞིན་དགྲམ་པར་བྱ། །སློབ་དཔོན་ལ་ཡང་དེ་དང་དེའི། །ཡོལ་བ་ལ་གནས་དུས་ལྡན་འགྱུར། །ཞེས་པ་ཐབ་ཁུང་གི་ཆོ་གའོ།། །།དགང་
གཟར་གསེར་དང་ཟངས་ལས་བྱས། །དེ་བཞིན་ནིམ་པའི་རང་བཞིན་བསྟན། །མཆོད་སྦྱིན་ཤིང་ལས་བྱས་པའང་རུང་། །དེ་དག་གི་ཡང་ཡུ་བ་ནི། །སོར་མོ་ཉི་ཤུ་རྩ་བཞི་པའི། །ཚད་ཅན་ཟླུམ་པོར་འདོད་པ་སྟེ། །རྡོ་རྗེ་ལ་སོགས་ཁུ་ཚུར་གྱིས། །གཟུང་དུ་རུང་ཞིང་སྦོམ་པ་ཉིད། །ཡུ་
བའི་རྩེ་མོར་འདབ་མ་ནི། །སོར་བཞི་པ་སྟེ་གྲུ་བཞིའོ། །ཟབས་སུ་སོར་གཉིས་གྲུ་བཞི་ཡང་། །དབུས་སུ་རྡོ་རྗེས་མཚན་པ་ཉིད། །དགང་གཟར་རྩེ་མོར་བུག་པ་ནི། །སོར་གང་ཙམ་དུ་རབ་བསྟན་པའོ། །ཆུ་སྐྱེས་འདབ་ལ་སོར་བཞི་པའི། །དབུས་སུ་རྩེ་གསུམ་དགོད་པར་བྱ། །ཡུ་
བའི་རྩ་བར་སོར་དྲུག་པའི། །རྡོ་རྗེ་རིན་ཆེན་གྱིས་མཚན་འདོད། །བླུགས་གཟར་ཡུ་བ་དགང་གཟར་བཞིན། །རྩ་བར་རྡོ་རྗེའི་དབྱུག་པ་ཉིད། །བླུགས་གཟར་ཀུན་དུ་ཁྲུ་གང་ཙམ། །རྩེ་མོར་ཀུན་ནས་སོར་གཉིས་པའི། །ཆུ་སྐྱེས་འདབ་མའི་རྣམ་པ་སྟེ། །དབུས་སུ་རྡོ་རྗེ་དགོད་

པར་བྱ། །དགང་གཟར་བླུགས་གཟར་མེད་གྱུར་ན། །སོར་མོ་ལྔ་དང་གསུམ་པོ་ཡང་། །རབ་ཏུ་སྦྱར་བ་དག་གིས་ནི། །བདེ་ལེགས་རྫོགས་པར་གཞན་དག་གསུངས། །ཞེས་པ་དགང་གཟར་དང་བླུགས་གཟར་གྱི་ཆོ་གའོ།། །།ཨ་ཤྭདྠ་དང་པླཀྵ་སོགས། །འོ་མ་ཅན་ཤིང་ལོ་མར་བཅས། །རྩེ་མོ་
མཉམ་བཅད་མཐོ་གང་ཙམ། །རླན་བཅས་རྨ་མེད་རྩེ་མོ་དག །འོ་མ་སྦྲང་རྩི་མར་ལ་བསྙུགས། །རྩེ་གཅིག་དཀར་པོའི་དྲི་ཡིས་བྲན། །ཟུང་དག་མཉམ་པར་གྱུར་པ་ཡི། །ཡམ་ཤིང་རྣམས་ཀྱིས་སྦྱིན་སྲེག་བྱ། །ཆག་པ་གས་པ་ཕྲ་དང་སྦོམ། །རྩེ་མོ་ཉམས་དང་རྩེ་གཉིས་པ། །སྐམ་པོ་སྒུར་པོ་
མི་འདོད་པར། །ཤེས་བྱ་བསྲེག་བྱ་གཞན་བཤད་བྱ། །ཞོ་དང་འོ་མ་ཟས་མཆོག་དང་། །དཱུར་བ་འབྲས་ཡོས་ནས་དང་ཏིལ། །ཀུ་ཤ་ཙུ་ཏའི་འདབ་མ་དང་། །མེ་ཏོག་དཀར་པོའི་གེ་སར་དང་། །ཙནྡན་པྲི་ཡང་ཀུ་དང་ནི། །མེ་ཏོག་ཐང་ཆུའི་སྲེག་རྫས་གསུངས། །ཇི་ལྟར་རྙེད་པས་སྦྱིན་སྲེག་
བྱ། །སྦྲང་དང་མར་བསྲེས་ཞི་བ་ལའོ། །རྒྱས་པར་ཡམ་ཤིང་དེ་རྣམས་ཉིད། །ཚད་ནི་གང་ཞིག་ཁྲུ་གང་སྟེ། །འོ་མ་ཞོ་དང་མར་བསྲེས་པ། །ལག་གཟུངས་སེར་པོ་དྲི་ཡིས་བྲན། །ཟས་མཆོག་གོང་བུ་ཞོ་ཟན་དང་། །ཀརྞི་ཀ་ར་ཏིལ་ཆེན་པོ། །པདྨ་དང་ནི་དཔལ་འབྲས་དང་། །སཱ་ལུའི་
འབྲས་དང་འབྲུ་རྣམས་དང་། །དེ་བཞིན་ནཱ་ག་གེ་སར་དང་། །མེ་ཏོག་བརྒྱ་པ་ལྷན་ཅིག་ཏུ། །ཀུན་ནས་མངར་གསུམ་བསྲེས་པ་ཡི། །སྲེག་རྫས་རྒྱས་ལ་ཇི་བཞིན་འདོད། །ཙམྤ་ཀ་དང་ཨ་ཤོ་ཀ །བ་ཀུ་ལ་དང་པྲི་ཡང་ཀུ། །ལ་གུ་ཙ་དང་ཨ་མྲ་སོགས། །སོར་ལྔའི་ནཱ་ག་གེ་སར་གྱི། །གེ་སར་
རྣམས་དང་དམར་པོ་ཡི། །འབྲས་བུ་རྣམས་དང་མེ་ཏོག་གི །སྲེག་རྫས་རྣམས་ནི་དབང་ལའོ། །དགུག་པ་ལ་ཡང་དེ་བཞིན་ཉིད། །འོན་ཀྱང་ཚེར་ལྡན་ལྕགས་ཀྱུའི་དབྱིབས། །ལས་ཀུན་པ་ལ་འདབ་ལྡན་པའི། །ཨུ་དུམྦཱ་ར་པཱ་ལ་ཤ། པླཀྵ་ཨ་ཤྭདྠ་སེང་ལྡེང་། །ས་མཱི་ཨ་བ་མརྒ་དང་།
ཨརྐ་ཀཱཥྨ་རྫྱ་ཨ་མྲ། །བཻ་ཀཾ་ཀ་ཏ་ནྱ་གྲོ་དྷ། །གསར་བའི་ཡམ་ཤིང་འདི་རྣམས་གཟུང་། །མཛུབ་གང་རྩེ་གཅིག་སྦྱིན་སྲེག་འགྱུར། །མངོན་སྤྱོད་ལ་ནི་ཡུངས་ཀར་དང་། །ཚ་བའི་ཏིལ་མར་ཁྲག་དང་ནི། །ནིམ་པའི་འདབ་མ་ཀེ་ཚེ་དང་། །རྔ་མོ་ལ་སོགས་བྲུན་རྣམས་དང་། །བཤང་གཅི་རོ་བསྲེགས་

ཐལ་བ་དང་། །སྐྲ་དང་ཚེར་མ་ཁྭ་སོགས་ཀྱི། །གཤོག་པ་རུས་པ་རྐང་པའི་རྡུལ། །ཤ་ཆེན་ཚིལ་བུ་ལ་སོགས་པའི། །རྫས་འདི་རྣམས་དང་དགྲ་ཡི་ལུས། །བྱས་ནས་དུམ་བུར་བཅད་པ་ལ། །རེ་རེ་དུག་དང་ཁྲག་ལན་ཚྭ། །མངོན་པར་བསྲེག་པའི་སྲེག་རྫས་འགྱུར། །གང་ཞིག་
ཞི་དང་རྒྱས་པའི་རྫས། །གང་ཡིན་བདག་ཉིད་བཟའ་བ་ཡང་། །མར་དང་བསྲེས་པའི་གུ་གུལ་དང་། །སྤོས་དཀར་དེ་ཀུན་རྟག་ཏུ་སྦྱར། །སྭཱ་ཧཱའི་བདག་ཉིད་སྔགས་ཀྱིས་ནི། །དབྱེ་བས་སྦྱིན་སྲེག་མང་དུ་བྱ། །དྲི་དང་མེ་ཏོག་ཉེར་སྤྱོད་རྣམས། །ལས་ཀྱི་སྦྱོར་བས་བྱ་བ་ཉིད། །ཅེས་པ་སྲེག་
རྫས་ཀྱི་ཆོ་གའོ།། །།ཞི་བའི་བུད་ཤིང་ཐབ་ཁུང་ལས། །ཅུང་ཟད་ཐུང་བའི་མཆོད་སྦྱིན་ཤིང་། །འབྲོག་དགོན་བ་ལང་ལྕི་བ་དག །སྲོག་ཆགས་མེད་པ་ལྷན་ཅིག་འདོད། །རྒྱས་པའི་བུད་ཤིང་འབྲོག་དགོན་པའི། །བ་ལང་ལྕི་བ་མ་གཏོགས་པ། །ཇི་སྐད་གསུངས་བཞིན་བསྟན་པ་སྟེ། །
རང་གི་ཐབ་མཉམ་འབྲས་བུར་བཅས། །དབང་ལ་ནིམ་པ་སྐྱུར་བའི་ཤིང་། །མེ་ཏོག་ལྡན་པའི་བུད་ཤིང་སྟེ། །དགུག་པར་ཚེར་མ་ཅན་ཞེས་བྱ། །མངོན་སྤྱོད་ལ་ནི་སྐམ་པོ་དང་། །ཚ་བ་ཚེར་ལྡན་དྲི་ངན་དང་། །དེ་བཞིན་དུར་ཁྲོད་སྐྱེས་པའི་ཤིང་། །བོང་བུ་རྔ་མོ་ལ་སོགས་སྤངས། །ལས་ཀུན་
ལ་ཡང་དེ་རྣམས་ཀུན། །ཞེས་པ་བུད་ཤིང་གི་ཆོ་གའོ།། །།ཞི་བར་དཀར་པོའི་ཚེས་གཅིག་ནས། །བརྩམས་ཏེ་དཀར་པོའི་གོས་སོགས་ཅན། །སྲོད་ལ་ཤར་དུ་ཁ་བལྟས་ནས། །སྟན་བཟང་པདྨའི་གདན་གྱིས་འདུག །ལས་དང་རྗེས་མཐུན་བསམ་གཏན་བསྒྲུབ། །བྱམས་དང་སྙིང་རྗེ་
དང་ལྡན་པས། །ལས་དང་མཐུན་པའི་རྣལ་འབྱོར་གྱིས། །ཞི་བའི་ཡིད་ཀྱིས་ཡང་དག་སྤྱད། །རྒྱས་པར་ཟླ་བ་གང་བ་ནས། །བརྩམས་ཏེ་སེར་པོའི་གོས་སོགས་ཅན། །སྔ་དྲོ་ཤར་དུ་ཁ་བལྟས་ནས། །བཟང་པོའི་འདུག་སྟངས་ཀྱིས་གནས་བརྩམས། །དབང་ལ་དམར་པོའི་གོས་སོགས་ཅན། །
ནུབ་ཏུ་ཁ་བལྟས་མཐོན་པོ་ཡི། །གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གནས། །བདེ་ཞིང་དགའ་བས་བྱ་བར་གསུངས། །དགུག་པ་ལ་ནི་ཐམས་ཅད་མཚུངས། །འོན་ཀྱང་སྟེང་དུ་ཁ་བལྟས་འདོད། །ལྷ་རྣམས་མཉེས་པར་བྱེད་པ་ལའང་། །ནུབ་ཏུ་ཁ་བལྟས་ཡང་དག་སྤྱད། །མངོན་སྤྱོད་སྔོན་

པོའི་གོས་སོགས་སམ། །གང་ཡང་ཁྲོ་ཞིང་ཁྲག་ལྡན་གོས། །ཁ་ནི་གཤིན་རྗེར་བལྟས་ཏེ་འདུག །སྲ་བའི་སྟན་ནམ་རྩུབ་མོའི་ས། །བསྒྲུབ་བྱའི་གཟུགས་བརྙན་བྲང་ལ་ནི། །བརྟན་པར་ཀུན་ནས་གནས་པ་འམ། །ཡང་ན་སྟན་ནི་མེད་པར་ཡང་། །རྐང་པས་རྐང་པ་མནན་ཏེ་བསྡད། །ནག་པོ་
ཡི་ནི་ཚེས་གཅིག་གི །ཉི་མ་གུང་ངམ་མཚན་ཕྱེད་ལ། །སོ་རྣམས་འཆའ་ཞིང་སྨིན་མ་དག །ཁྲོ་གཉེར་བསྡུས་ཏེ་སྤྱད་པར་བྱ། །རེངས་དང་རྨོངས་པ་དབང་ལྡན་བལྟ། །དེ་བཞིན་རྡོ་རྗེ་སྐྱིལ་ཀྲུང་སྟེ། །པཽ་ཥཊ་སྔགས་ཀྱི་མཐར་ལྡན་པས། །ཐབ་ཁུང་གྲུ་བཞིར་བྱས་པ་ལ། །སེར་དང་དཀར་
བའི་རྒྱན་གྱིས་སྤྲས། །རྒྱས་མཚུངས་ཆོ་གས་གང་དག་གནས། །བསྐྲད་ལ་དེ་བཞིན་མེར་ཕྱོགས་ཏེ། །རྔ་མོ་ལ་སོགས་སྦངས་ཀྱིས་བྱུག །དཀར་གནག་གིས་བརྒྱན་དུག་གིས་བྲི། །རྫས་དང་སྔགས་ནི་འདི་དག་སྟེ། །ཁྭ་ཏ་ལ་སོགས་གཤོག་པ་མཆོག །སྤེལ་ཚིག་དང་ནི་ཡང་དག་ལྡན། །འདིར་
ནི་ཁྭ་སོགས་གཤོག་པ་དང་། །ཆེ་གེ་མོ་ཨུ་ཙྪ་ཊ་ཡ། །ཧཱུཾ་ཕཊ་ཅེས་པའི་སྔགས་རྣམས་ནི། །བྲིས་པ་དག་དང་ལྡན་པའོ། །དབྱེ་བ་དེ་བཞིན་བདེན་བྲལ་དུ། །ཕྱོགས་དེར་རྐང་པ་བཟློག་པས་འདུག །སེར་པོ་ནག་པོས་རྣམ་པར་བརྒྱན། །ཚ་བའི་ཏིལ་མར་དུག་གིས་བྲི། །ཐམས་ཅད་དུ་
ཕྱོགས་དང་ཕྱོགས་བྲལ་གང་དུ་ཁ་བལྟས་པའི་ཐད་ཀའི་ཕྱོགས་དང་ཕྱོགས་བྲལ་དུ་གནས་པས་སོ། །ཡང་དོན་དམ་པར་ཕྱོགས་རང་རྒྱུད་པ་མ་ཡིན་པའི་ཕྱིར་ཇི་ལྟ་བ་བཞིན་དུ་ངེས་པར་གནས་པ་དེའི་ང་རྒྱལ་ཆེན་པོའི་ཡིད་ཀྱིས་ཏིང་ངེ་འཛིན་དང་ལྡན་པས་དེ་ཁོ་ན་བཞིན་ཐམས་ཅད་བྱའོ། །གསེར་
དངུལ་རྡོ་དང་ཟངས་དང་ཤིང་། །སས་བྱས་ཉ་ཕྱིས་དུང་དང་ནི། །འདབ་མའི་ཀྱོང་བུ་ཞབས་བསིལ་དང་། །བསང་གཏོར་ཞལ་བསིལ་མཆོད་ཡོན་སྣོད། །ཞི་བར་དེར་གནས་འོ་མ་དང་། །དཀར་པོའི་དྲི་སོགས་འདུས་བྱས་ཏེ། །སྔགས་རིག་བདག་ཉིད་སྔགས་པ་ཡིས། །ཆུ་ལ་སྭཱ་ཧཱའི་མཐའ་
ཅན་བཟླས། །རྒྱས་པར་དེར་ནི་ཏིལ་ཞོ་བསྲེ། །སེར་པོའི་དྲི་སོགས་འདུས་བྱས་ཏེ། །ཆུ་ལ་ཨོཾ་ཡིག་མཐའ་ཅན་ཏེ། །རང་གི་སྔགས་ཀྱི་བཟླས་པ་བྱ། །དབང་ལ་དམར་པོའི་དྲི་ལ་སོགས། །འདུས་བྱ་ཆུ་ལ་ཧོཿཡིག་གི །མཐའ་ཅན་སྔགས་ཀྱི་བཟླས་པ་བྱ། །དགུག་པར་ཛཿཡིག་མཐའ་ཅན་

བདུན། །མངོན་སྤྱོད་ལ་ནི་ཁྲག་དང་བཅས། །བ་ལང་ཆུ་དང་ཀོ་ཊ་བ། །ནག་དང་ངན་པའི་དྲི་སོགས་ལྡན། །ཆུ་ལ་ཕཊ་མཐའི་སྔགས་བཟླས་བྱ། །ཀུན་དུ་དྲི་དང་མེ་ཏོག་དང་། །ཀུ་ཤ་འབྲས་ཡོས་ཏིལ་དང་ལྡན། །ལས་དང་རྗེས་མཐུན་ཆུ་ལ་ནི། །ཇི་ལྟར་རྙེད་པ་རབ་ཏུ་གཞུག །མཆོད་
ཡོན་སྣོད་དང་དེ་བཞིན་དུ། །ལས་ཀུན་པ་ཡི་ཆུ་ཡི་སྣོད། །ལས་ཀུན་པ་ཡི་ཆུ་སྔགས་ནི། །རང་གི་སྔགས་ཀྱིས་བསྔགས་པར་བྱ། །པདྨའི་སྣོད་གཉིས་གཡོན་ལོགས་སུ། །རྣམ་པར་བཀོད་པར་གྱུར་པའི་ཆུ། །ལག་པ་གཡས་པས་བཟུང་བ་ཡིས། །ཡམ་ཤིང་སོགས་ལ་བསང་གཏོར་བྱ། །
བསྲེག་པར་བྱ་བའི་རྫས་རྣམས་གཞན། །རང་གི་གཡས་སུ་གཞག་བྱ་སྟེ། །བསད་དང་བསྐྲད་དང་དགུག་པ་ལ། །བསང་གཏོར་དགོད་པ་བཟློག་སྟེ་བྱ། །ཞི་བར་འོ་མ་ཅན་གྱི་ཤིང་། །གཙུབས་པའམ་གང་ཡང་དགོན་པའི་མེ། །རྒྱས་པར་ནགས་ཆེན་ཚིག་པ་འམ། །རྒྱལ་པོ་ལ་སོགས་ཁྱིམ་བྱུང་
སྟེ། །དབང་ལ་སྨད་འཚོང་རྗེའུ་རིགས་ཁྱིམ། །དགུག་པར་གར་མཁན་འགྲོན་སོགས་ལས། །དྲག་པོར་རོ་བསྲེགས་རུས་པའམ་རྡོ། །གདོལ་བའི་ཁྱིམ་ནས་བྱུང་བའི་མེ། །དྲག་པོའི་དགུག་པར་ཡང་འདི་ཉིད། །ཇི་བཞིན་རང་རང་ལས་ཀུན་ལའོ། །ཞེས་པ་མེའི་མཚན་ཉིད་ཀྱི་ཆོ་གའོ།། །།དེ་ནས་མེ་རྣམས་བླང་བྱ་སྟེ། །
གཙང་མའི་སྣོད་དུ་ཡང་དག་གཞག །གཏོར་མ་སྦྱིན་ཞིང་བསྲུང་བ་བྱ། །སྔོན་དུ་དྲིལ་བུ་དཀྲོལ་བ་ཉིད། །བགེགས་མཐར་བྱེད་པའི་སྔགས་དང་ནི། །དེ་ནས་སླར་ཡང་ཡི་གེ་གསུམ། །མཆོད་ཡོན་ཞབས་བསིལ་ལ་སོགས་དབུལ། །དེ་དག་དང་ནི་བཟླས་པའི་ཆུ། །ཀུ་ཤའི་རྩེ་མོས་བཟུང་
བ་ཡིས། །ལན་གསུམ་གཡས་སྐོར་གཏོར་བར་བྱ། །མངོན་སྤྱོད་ལ་ནི་གཡོན་པ་ཡིས། །མཆོད་ཡོན་ལ་སོགས་ཐམས་ཅད་བྱ། །སྐམ་པོའི་རྩྭ་དང་ལྷན་ཅིག་མེ། །ཐབ་ཁུང་དུ་ནི་རབ་ཏུ་གཞུག །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་བརྗོད་དེ། །རླུང་ཡབ་ལས་བྱུང་རླུང་དང་ནི། །རིགས་ཀྱི་
སྙིང་པོ་བདུན་བཟླས་པའི། །བླུགས་གཟར་གནས་པའི་མར་གྱིས་སྦར། །དེ་ཡིས་ཡང་དག་འབར་བའི་མེར། །གསང་ལ་ཚ་བའི་ཏིལ་མར་རོ། །ཀུ་ཤ་གསར་པ་མ་གྲུགས་པ། །ལྗང་གུ་བ་ལང་རྣ་བ་ཙམ། །ཨོཾ་བཛྲ་སཏྭ་ཨཱཿཞེས་པ། །སྔགས་ཀྱིས་ཡོངས་སུ་བཟླས་པ་རྣམས། །

སྒྲུབ་པོས་དང་པོར་ཀུ་ཤ་གཉིས། །གཡོན་ནས་སོ་སོར་ཁ་ཁྱེར་ལ། །རྩེ་མོ་ཤར་དུ་བསྟན་པ་དང་། །གཤིན་རྗེར་ཕྱོགས་དང་ནུབ་ཏུ་བསྟན། །རྩེ་མོ་བྱང་དང་དེ་ནས་ཤར། །ཐབ་ལ་ཀུ་ཤས་གཡོགས་པར་བྱ། །རྒྱས་དང་དབང་དང་མངོན་སྤྱོད་ཀྱི། །ཐབ་ལ་རིམ་པ་ཇི་བཞིན་དུ། །རྩེ་མོ་བྱང་
དང་རྩེ་མོ་ནུབ། །རྩེ་མོ་ལྷོ་རུ་དེ་བཞིན་ཉིད། །དང་པོར་ཀུ་ཤ་གཉིས་གཡོན་ནས། །དེ་ལྟར་ཁ་ཁྱེར་ལ་ཡང་དགོད། །འདིར་ཡང་སྒྲུབ་པ་པོ་གང་དུ་མངོན་པར་ཕྱོགས་པ་དེ་ལ་ལྟོས་ནས་ཤར་ལ་སོགས་པའི་ཕྱོགས་ཀྱི་ཐ་སྙད་བྱས་ཏེ། དོན་དམ་པར་ན་ཕྱོགས་དངོས་པོར་མེད་པའི་ཕྱིར་རོ། །དེ་
ནས། སྔགས་རིག་རང་གི་ལྷག་པའི་ལྷའི། །ས་བོན་ལས་ནི་ཐབ་ཁུང་བསྐྱེད། །མེ་རྣམས་འབར་བ་ཤེས་གྱུར་ནས། །དེ་དབུས་བདག་མེད་བསྒོམ་པར་བྱ། །དེ་ནས་རཾ་ཡིག་ལས་སྐྱེས་པའི། །གྲུ་གསུམ་མེ་ནི་བསྐྱེད་པའི་དབུས། །པདྨ་ཉི་མ་ལ་གནས་པའི། །རཾ་ཡིག་ས་བོན་ལས་བྱུང་
བའི། །བོང་ཐུང་ལྟོ་བ་འཕྱང་ཤ་རྒྱས། །ཞལ་གསུམ་ཕྱག་དྲུག་འབར་བ་སྟེ། །སྤྱན་གསུམ་རལ་པའི་ཅོད་པན་ཅན། །སྨ་ར་མཆོད་ཕྱིར་ཐོགས་དང་ལྡན། །ལས་དང་རྗེས་མཐུན་སྐུ་མདོག་དང་། །གོས་དང་རྒྱན་རྣམས་དག་གིས་བརྒྱན། །དང་པོའི་ཕྱག་གཉིས་རོལ་པ་ཡིས། །རང་
འོད་ལ་ནི་ཡང་དག་འཁྱུད། །གཡོན་ན་དབྱུག་པ་སྤྱི་བླུགས་ཏེ། །གཡས་ན་བགྲང་ཕྲེང་མི་འཇིགས་སྦྱིན། །དེ་བཞིན་དུ་རྣམ་པར་ཤེས་པའི་འོད་ཟེར་གྱི་ཕྲེང་བ་དང་རྒྱས་འདེབས་ཀྱི་དབང་པོ་དང་ཡང་དག་པར་ལྡན་པ་མེའི་དཀྱིལ་འཁོར་ལ་གནས་པའི་ས་བོན་རཾ་དེ་ཉིད་དང་སྙིང་གར་མེ་ལྷ་རྣམ་པར་
བསྒོམས་ལ། དམ་ཚིག་སེམས་དཔའི་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུས་ནམ་མཁར་དམ་ཚིག་སེམས་དཔའ་དང་འདྲ་བའི་མེ་ལྷ་ཡེ་ཤེས་སེམས་དཔའ་མེའི་མཚམས་ནས་བྱོན་པ་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྩ་བའི་ཞལ་ནི་སྐུ་མདོག་དང་མཐུན་པ་སྟེ། དེ་ཉིད་
དཀར་པོ་ཡིན་ན་གཡས་པ་དང་གཡོན་པའི་ཞལ་ནག་པོ་དང་དམར་པོ་དག་དང་། སེར་པོ་དང་དམར་པོ་དང་ལྗང་གུ་ཉིད་ལ་ནི་སྔོན་པོ་དང་དཀར་པོ་དག་དང་། སྔོན་པོ་ཉིད་ལ་ནི་དཀར་པོ་དང་དམར་པོ་དག་རྣམ་པར་བལྟས་ནས་གཡས་པའི་མཐེ་བོ་མི་འཇིགས་པས་བསྐྱོད་པ་དང་སྔགས་འདིས་

སྤྱན་དྲང་བར་བྱའོ། །ཨོཾ་ཨེ་ཧྱེ་ཧི་མཧཱ་བྷཱུ་ཏ་དེ་བ་རྀ་ཥི་དྭི་ཛ་ས་ཏ་མ། གྲྀ་ཧི་ཏཱ་ཧུ་ཏི། མ་ཧཱ་ར་ཨསྨིན་སནྣི་ཧི་ཏྭ་བྷ་ཝ། ཞེས་པས་སྤྱན་དྲངས་པ་དེ་དང་ལྷན་ཅིག་འོངས་པའི་བགེགས་གཤིན་རྗེ་གཤེད་ལ་སོགས་པས་བསྐྲད་ནས་དེ་ཉིད་ཛཿཧཱུཾ་བཾ་ཧོཿ། ཞེས་བརྗོད་པས་རིམ་པ་ཇི་
ལྟ་བ་བཞིན་དུ་དགུག་པ་དང་གཞུག་པ་དང་བཅིང་བ་དང་མཉེས་པར་བྱའོ། །དེ་ནས་ཨོཾ་ཨཱཿཧཱུཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་ཞེས་པ་འདིས་མཆོད་ཡོན་དབུལ་ཞིང་ཨརྒྷཾ་གྱི་སྒྲའི་གནས་སུ་པཱ་ཏྱཾ་ཞེས་པ་ལ་སོགས་པ་བཅུག་པས་ཞབས་བསིལ་དང་ཞལ་བསིལ་དང་བསང་གཏོར་རྣམས་ཀྱང་ཕུལ་ནས་ལས་དང་རྗེས་
སུ་མཐུན་པའི་མེ་ཏོག་ལ་སོགས་པ་རྣམས་དང་གསང་བའི་མཆོད་པས་ཀྱང་མཆོད་པར་བྱའོ། །དེ་ལ་འདིའི་མཆོད་ཡོན་ལ་སོགས་པའི་རིམ་པ་ནི། ཀུ་ཤ་ཡི་ནི་ཆུན་པོ་ཡིས། །དང་པོའི་སྣོད་དུ་བསང་གཏོར་གསུམ། །ཀུན་དུ་བཟླས་བྱས་ཆུ་ཡིས་ནི། །དེ་ཉིད་དུ་ནི་ཞབས་བསིལ་དབུལ། །
ཁུ་ཚུར་འོག་ཏུ་ཕྱོགས་པ་ཡི། །མཛུབ་མོས་མེ་ཏོག་གཟུང་བྱས་ནས། །མཐེ་ཆུང་མིང་མེད་གུང་མོ་དང་། །མཛུབ་མོ་རིམ་གྱིས་བཀྲོལ་བས་སོ། །གཉིས་པ་དུང་གི་མཆོད་ཡོན་ཏེ། །གཉིས་པ་ཉིད་དུ་སོ་སོར་དབུལ། །རྡོ་རྗེ་སྙིམ་པ་ཕྱེ་བས་སོ། །གསུམ་པར་ཞལ་བསིལ་
དབུལ་བྱ་སྟེ། །ཁུ་ཚུར་མཛུབ་མོ་མཐེ་བོང་གི། །སྐམ་པས་གཟུང་བའི་མེ་ཏོག་རྣམས། །སངས་རྒྱས་རྣམས་ཀྱི་སྤྱན་སྔ་རུ། །སོར་མོ་རིམ་གྱིས་ལན་གསུམ་བསྐོར། །མཛུབ་མོ་གུང་མོ་མིང་མེད་དང་། །མཐེ་ཆུང་རྣམས་ནི་བཀྲོལ་བས་སོ། །ཞེས་པ་ནི་མན་ངག་གོ། །དེ་
ནས། ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱན་ཧཱུཾ་ཕཊ་དྲྀ་ཤྱ་ཛཿཧཱུཾ་ས་མ་ཡ་སྟྭཾ་ས་མ་ཡོ྅ཧཾ་ཞེས་པ་གསུམ་གྱིས་དམ་ཚིག་བསྒྲག་པར་བྱའོ། །དེ་ནས། དྲིལ་བུ་ཡོངས་གྱུར་དགང་གཟར་ཏེ། །བླུགས་གཟར་རྡོ་རྗེ་ལས་བྱུང་འདོད། །ཅེས་བསམས་གསང་སྔགས་རིག་པ་
ཡིས། །རིམ་པ་འདིས་ནི་སྦྱིན་སྲེག་བྱ། །ལག་པ་གཡོན་པ་གན་རྐྱལ་དུ། །མར་གྱིས་གང་བའི་དགང་གཟར་གཟུང་། །གཡས་པའི་ཁུ་ཚུར་ཁ་སྦུབ་ཀྱིས། །བླུགས་གཟར་གན་རྒྱལ་མར་གྱིས་དགང་། །ཀུན་ནས་དགང་གཟར་ལ་གནས་པ། །བྱང་ཆུབ་མཆོག་གིས་དེ་

དག་གཟུང་། །ལག་པ་པུས་མོའི་ནང་བྱས་ནས། །ཏིང་འཛིན་མཆོག་ནི་བསམ་བྱ་སྟེ། །སླར་ཡང་རྡོ་རྗེ་མེ་ལྷའི་ཁར། །ལྕེ་ལ་ཧཱུཾ་ཡིག་དགོད་པར་བྱ། །དགང་གཟར་གཡས་སྐོར་བྱས་ནས་ནི། སྲེག་བླུགས་རྫོགས་པར་དབུལ་བར་བྱ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨགྣ་
ཡེ་དི་པྱཱ་དི་པྱ་ཨ་བི་ཥ་ཨ་བི་ཥ་མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བཱ་ཧཱ་ན་ཡ་སྭཱ་ཧཱ། ཞེས་པས་སྦྱིན་བདག་ནུས་པའི་དབང་གིས་སྲེག་བླུགས་རྫོགས་པ་གསུམ་མམ་བདུན་ནམ་ཉི་ཤུ་རྩ་གཅིག་དབུལ་བར་བྱའོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ནི་མར་གྱི་སྲེག་བླུགས་ཀྱི་སྔགས་
སོ། །ཞི་རྒྱས་ལ་སོགས་སྔགས་རྣམས་ལ། །བྱང་ཆུབ་མཆོག་དང་ནོར་བུ་དང་། །པདྨ་ཁྲོ་བོའི་ཁུ་ཚུར་བཞིས། །དགང་གཟར་བླུགས་གཟར་གཟུང་བ་བསྟན། །མངོན་སྤྱོད་ཚ་བའི་ཏིལ་མར་དང་། །དུག་དང་བཅས་པས་སྦྱིན་སྲེག་བྱ། །ཁྲོ་བོ་ཡི་ནི་གཡོན་སྐོར་ཏེ། །ལག་པ་པུས་
མོའི་ཕྱི་ནས་སོ། །འདམ་སྐྱེས་འདབ་མ་སོ་གཉིས་སྣོད། །མར་གང་བུ་ག་ཅུང་ཟད་གནས། །ཀུ་ཤའི་རྩེ་མོ་ལས་འཛག་པ། །ཐབ་ཀྱི་སྟེང་དེར་དགོད་པར་བྱ། །ཡེ་ཤེས་ཀྱི་ནི་རྒྱུན་རབ་ཏུ། །ཐབ་ཁུང་ལྟེ་བར་འབབ་པར་བྱ། །དྲག་པོར་ཚ་བའི་ཏིལ་མར་དང་། །དུག་དང་བཅས་པ་
འབབ་པའོ། །དགང་གཟར་བླུགས་གཟར་གྱི་ཁ་ལ་ཡི་གེ་གསུམ་དགོད་པར་བྱ་ཞིང་རང་གི་ལྷའི་ས་བོན་ལས་བྱུང་བ་བསྒོམ་པར་བྱའོ། །ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་དབང་དུ་བྱས་པའི་དགུག་པ་རྣམས་ལ་སྭཱ་ཧཱ་དང་ཨོཾ་དང་ཧོཿདང་ཛཿསྟེ་དྲག་པོ་ལ་ནི་ཧཱུཾ་ཧཱུཾ་ཕཊ་ཅེས་པ་སྔགས་ཀྱི་
མཐར་བརྗོད་པར་བྱ་ཞིང་། ཞལ་ཅུང་ཟད་གདངས་པ་དང་དྲག་པོ་དང་དྲག་པོའི་དགུག་པ་ནི་ཞལ་ཤིན་ཏུ་གདངས་པའོ། །དེ་ནས་འབར་བའི་མཚན་མ་ནི། །བགེགས་དང་བྲལ་བ་མཚོན་བྱ་སྟེ། །འོད་ཟེར་དང་བཅས་གཡས་སྐོར་དང་། །སྣུམ་ཞིང་དེ་བཞིན་དུ་བ་མེད། །གསེར་དང་དངུལ་
དང་བྱི་རུ་སོགས། །འདྲ་ཞིང་རྔ་ཡབ་དབྱིབས་ཅན་དང་། །རྩེ་གསུམ་རྡོ་རྗེ་དུང་དང་ནི། །ཆུ་སྐྱེས་ཉ་དང་དཔལ་བེའུ་འདྲ། །བུམ་པ་བཀྲ་ཤིས་གདུགས་དང་ནི། །རྒྱལ་མཚན་རལ་གྲི་བླུགས་གཟར་དབྱིབས། །རྔ་སྒྲ་ཟབ་མོ་དྲི་ཞིམ་ལྡན། །ཤིན་ཏུ་དྲི་མ་མེད་པ་དང་། །མེ་ཏོག་བཻ་ཌཱུརྱ་

འདྲ་དང་། །དབང་པོའི་གཞུ་དང་མཚུངས་རྣམས་དགེ། །ཞེས་པ་ཐུན་མོང་བསྟན་པ་སྟེ། །ད་ནི་ཁྱད་པར་བརྗོད་པར་བྱ། །ཞི་བར་ཁ་དོག་དཀར་པོར་སྣང་། །རྒྱས་པ་ལ་ནི་སེར་པོར་མཚུངས། །དབང་ལ་དམར་ཞིང་རྩེ་མོ་མཆོག །མངོན་སྤྱོད་ལ་ནི་སྔོ་ནག་གོ། །རྩེ་མོ་གཅིག་
པ་མཆོག་ཏུ་བསྟན། །རྩེ་མོ་གཉིས་པ་འབྲིང་དུ་འདོད། །རྩེ་མོ་འབར་བ་དམན་པ་ཡིན། །སྒྲུབ་པོས་མདོར་བསྡུས་ཤེས་པར་བྱ། །རྣམ་པར་ཆད་ཅིང་འབར་བར་དཀའ། །རྩུབ་མོའི་སྒྲ་ལྡན་དེ་མི་འདོད། །མེ་སྟག་འཕྲོ་དང་དེ་བཞིན་དུ། །འོད་ཟེར་དམན་དང་དུ་བ་མང་། །རོ་ཡི་དྲི་དང་རུལ་
པའི་དྲི། །ཁ་དོག་མི་སྣུམ་རྩེ་མོ་གུག །དེ་བཞིན་གཡོན་དུ་འཁོར་བ་དང་། །བསྲེག་ཕོར་མེ་ཡིས་ལྡག་པའི་དབྱིབས། །དྲག་པོའི་ལས་ལ་ཤིས་པ་སྟེ། །དེ་ལྟར་མི་དགེའི་ལས་ལའོ། །དེ་བཞིན་གཤེགས་པས་བགེགས་བསལ་ཏེ། །ལས་རྣམས་ཐམས་ཅད་རང་གིས་བྱས། །ཡན་
ལག་དེ་དག་ཉིད་ཀྱིས་ནི། །མར་གྱི་སྲེག་བླུགས་བདུན་དབུལ་ལོ། །སླར་ཡང་མར་སོགས་སྔགས་རྣམས་ཀྱིས། །སྔར་བཞིན་དགང་གཟར་མར་གྱིས་གང་། །སྲེག་བླུགས་རྫོགས་པ་གསུམ་མམ་བདུན། །ཡང་ན་གཅིག་རྣམས་དབུལ་བར་བྱ། །དེ་ལ་དང་པོར་སྔགས་འདི་རྣམས་
ཀྱིས་ཡམ་ཤིང་ལ་སོགས་པ་སྦྱང་བར་བྱ་སྟེ། ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། ཡམ་ཤིང་སྦྱང་བའོ། །ཨོཾ་ཤྲིཾ་སྭཱ་ཧཱ། མར་གྱིའོ། །ཨོཾ་སྭ་སྭཱ་ཧཱ། རྫས་རྣམས་བཀྲུ་བའོ། །ཨོཾ་ཛྲྀཾ་སྭཱ་ཧཱ། འབྲུ་རྣམས་སྦྱང་བའོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་གཞན་རྣམས་སྦྱང་བའི་སྔགས་སོ། །འདིར་ནི་རིམ་པས་
ཡམ་ཤིང་དག །བསྲེགས་ནས་ཡམ་ཤིང་མེ་ལ་མར། །ཏིལ་དང་དཱུར་བ་འབྲས་ཞོ་ཟན། །ཀུ་ཤ་ལ་སོགས་བསྲེག་པར་བྱ། །དེ་ལ་ཡམ་ཤིང་རྣམས་རིམ་པས་བཟུང་སྟེ་འཆད་པར་འགྱུར་བའི་རང་རང་གི་སྔགས་ཀྱིས་ཡམ་ཤིང་དང་དཱུར་བ་དང་ཀུ་ཤ་རྣམས་མིང་མེད་དང་མཐེ་བོང་གིས་
བླངས་ནས་སོ། །རྩ་བ་དང་ནི་རྩེ་མོ་ཡིས། །ཞི་གྱུར་རྒྱས་ལ་དེ་བཞིན་ནོ། །རྩེ་མོས་དབང་སྟེ་དེ་བཞིན་དགུག །རེངས་དང་རྨོངས་པ་དག་ལའང་དེ། །རྩ་བའི་ཆ་ཡིས་འཆི་བར་འགྱུར། །དབུས་ཀྱིས་བསྐྲད་པར་འདོད་པ་ཡིན། །སྙིང་རྗེ་ལྡན་པས་དེ་ཤེས་ནས། །སྦྱིན་སྲེག་ཆོ་ག་ཇི་

བཞིན་བྱ། །ཨོཾ་བཛྲ་བྲཧྨ་ནེ་སྭཱ་ཧཱ། པ་ལཱ་ཤའི་འོ། །ཨོཾ་བཛྲ་ཡཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའི་འོ། །ཨོཾ་ས་ཧ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །ཨོཾ་ཀ་དམྤཱ་ཡ་སྭཱ་ཧཱ། ཀ་དམྤའི་འོ། །ཨོཾ་སརྦ་ཏོ་བྷ་དྲཱ་ཡ་སྭཱ་ཧཱ། གམྦྷ་རིའི་འོ། །ཨོཾ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཨ་ཤྭདྠའི་འོ། །ཨོཾ་བཛྲ་ལཱ་ཏཱ་ཡ་སྭཱ་ཧཱ།
པླཀྵའིའོ། །ཨོཾ་བཛྲ་ཤཱི་བཱ་སྭཱ་ཧཱ། ས་མཱིའི་འོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའི་འོ། །ཨོཾ་ག་ཏྲཱ་ཡ་སྭཱ་ཧཱ། སེང་ལྡེང་གིའོ། །ཨོཾ་བཛྲ་ཨ་ཤོ་ཀཱ་ཡ་སྭཱ་ཧཱ། མྱ་ངན་མེད་པའི་འོ། །ཨོཾ་བཛྲ་ལ་ཀུ་ཙཱ་ཡ་སྭཱ་ཧཱ། ལ་ཀུ་ཙའིའོ། །ཨོཾ་བཛྲ་ཨརྐ་ཡ་སྭཱ་ཧཱ། ཨརྐའི་འོ། །ཨོཾ་བཛྲ་སྲུ་བཱ་ཡ་སྭཱ་ཧཱ།
བེ་ཀངྐའི་འོ། །ཨོཾ་བཛྲ་བི་ལོ་ཌྷ་ཀཱ་ཡ་སྭཱ་ཧཱ། བི་ལོ་ཌྷ་ཀའིའོ། །ཨོཾ་བཛྲ་མ་ད་ནཱ་ཡ་སྭཱ་ཧཱ། མྱོས་བྱེད་ཚེར་མ་ཅན་གྱིའོ། །ཨོཾ་བཛྲ་ཤི་ཁ་རཱ་ཡ་སྭཱ་ཧཱ། ཨ་པ་མརྒའིའོ། །ཨོཾ་བཛྲ་ཨངྒུ་ཤཱ་ཡ་སྭཱ་ཧཱ། འདི་ནི་ཚེར་མ་ཅན་གྱི་ཤིང་ཐམས་ཅད་ཀྱིའོ། །ཨོཾ་ཨགྣ་ཡེ་སྭཱ་ཧཱ། མར་གྱིའོ། །ཨོཾ་སརྦ་པཱ་པཾ་
ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཏིལ་གྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་ཀུན་དའི་འོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་མ་ཆག་པ་རྣམས་ཀྱིའོ། །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ། ཞོ་ཟན་དང་བུར་ཟན་དང་ཟས་མཆོག་གིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཏིལ་མར་གྱིས་བྱུགས་པའི་ཀུ་ཤ་རྣམས་ཀྱིའོ། །
ཨོཾ་བཛྲ་བི་ཛཱ་ཡ་སྭཱ་ཧཱ། སོ་བའི་འོ། །ཨོཾ་བཛྲ་བེ་གཱ་ཡ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་བཛྲ་གྷསྨ་རཱི་ཡ་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་ཤའིའོ། །ཨོཾ་བཛྲ་ལཱ་ཛཱ་ཡ་སྭཱ་ཧཱ། འབྲས་ཡོས་ཀྱིའོ། །ཡང་ན་ཚིམ་པར་བྱ་བའི་ཆེད་དུ་སོ་བ་ལ་སོགས་པ་རྣམས་ལྷའི་
སྔགས་ཀྱིས་སོ། །པྲི་ཡང་ཀུ་དང་ཙནྡན་དང་གུ་གུལ་གྱི་རིལ་བུ་ལ་སོགས་པའི་རྫས་ཀྱི་ཁྱད་པར་རྣམས་ལྷའི་སྔགས་ཁོ་ནས་བསྲེག་པར་བྱའོ། །བསྲེག་བྱའི་རྫས་ཐམས་ཅད་ཀྱང་བཤད་པ་ལ་སོགས་པའི་བདུད་རྩི་ལྔས་བྲན་ཞིང་བདུད་རྩིའི་དངོས་པོར་བསྒོམས་པས་སྲེག་བླུགས་བྱའོ་ཞེས་
མན་ངག་རིག་ཅིང་མང་དུ་མཁྱེན་པ་རྣམས་གསུང་ངོ་། །ཐམས་ཅད་དུ་ཁུ་བའི་རྫས་རྣམས་ནི་ཞལ་དུའོ། །ཡམ་ཤིང་དང་མི་རུས་ཀྱི་ཕྱེ་མ་རྣམས་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཞོ་ཟན་དང་བཟའ་བ་དང་ཞལ་བསིལ་དང་ཏིལ་དང་དཱུར་བ་དང་ཆུ་རྣམས་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །

མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་ཤངས་ལའོ། །ཞབས་བསིལ་ནི་ཞབས་དག་ལའོ། །མར་མེ་དང་མཆོད་ཡོན་ནི་མདུན་དུ་སྟེ་མཆོད་ཡོན་གྱི་ཆུ་ནི་སྣོད་དུ་བླུགས་པར་བྱའོ། །དེའི་རྗེས་སུ་ཞབས་བསིལ་དང་བསང་གཏོར་བྱས་ནས། །མེ་ལྷ་ནི་འབར་བའི་རྣམ་པས་ཐབ་ཏུའང་རང་གི་
གཟུགས་ཀྱིས་མེའི་ཕྱོགས་སུ་གཞག་པར་བྱའོ་ཞེས་པ་མེ་ལྷ་མཉེས་པར་བྱེད་པའི་ཆོ་གའོ།། །།སྦྱིན་སྲེག་ལ་ནི་ཉེར་མཁོ་ཀུན། །ཇི་ལྟར་གསུངས་བཞིན་སྔགས་པ་ཡིས། །ཆོ་ག་བཞིན་བྱ་བསང་གཏོར་བྱ། །སླར་ཡང་མཉམ་བཞག་མེ་དབུས་སུ། །རྟག་པ་ལ་སོགས་ཆོ