Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 76

Văn bản gốc(Tây Tạng)

Trang 13 / 17 (50.000 ký tự/trang)
ས་མཐའ་ཡས་པའི་སེམས་ཅན་གྱི་ཁམས་རྣམས་ངེས་པར་བསྒྲལ་བའི་ཕྱིར་དང་། མངོན་པར་བསྒྲལ་བའི་ཕྱིར་དང་། འཁོར་བའི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པའི་ཕྱིར་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་སོ་སོར་དགོད་པའི་ཕྱིར་དུ། ཇི་ལྟར་
འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་། སངས་རྒྱས་ཀྱི་དོན་དུ་ལྷག་པར་གཤེགས་པར་གྱུར་པ་དང་། ལྷག་པར་གཤེགས་པ་དང་། ལྷག་པར་གཤེགས་
པར་འགྱུར་བ་དང་། ཇི་ལྟར་རྫོགས་པའི་སངས་རྒྱས་དེ་རྣམས་ཐམས་ཅད་ཀྱིས་སྒྲིབ་པ་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་དང་། སངས་རྒྱས་ཀྱི་སྤྱན་གྱིས་མཁྱེན་པས་གཟིགས་པ་དང་། ཇི་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་མཁྱེན་ནས་མངོན་པར་རྗེས་སུ་མཁྱེན་པ་ལྟར་ཆོ་ག་དེ་ཉིད་ཀྱིས་བདག་མིང་
འདི་ཞེས་བགྱི་བ་སློབ་དཔོན་གྱི་དྲུང་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་བཞིན་དུ་ལན་གསུམ་མོ། །དེ་རིང་བདག་བྱང་ཆུབ་སེམས་དཔར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་
ཐམས་ཅད་དང་སློབ་དཔོན་གྱིས་གཟུང་དུ་གསོལ་ཞེས་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བས་སྔོན་དུ་བྱང་ཆུབ་སེམས་བསྐྱེད་པའོ། །བསླབ་པའི་གནས་ལྔ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དེ་ཡང་གསོལ་བ་འདེབས་པར་གྱུར་ན་སློབ་མའི་ཆེད་དུ་འདི་ལྟར་སྦྱིན་པར་བྱའོ། །
ཚེ་དང་ལྡན་པ་ཁྱོད་འདི་སྐད་སྨྲོས་ཤིག །སློབ་དཔོན་དགོངས་སུ་གསོལ། །ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པ་དེ་བཞིན་དུ། བདག་ཆེ་གེ་མོ་ཞེས་བགྱི་བས་ཀྱང་དུས་འདི་ནས་ཉེ་བར་བཟུང་སྟེ་

ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལོག་པར་བགྱིའོ། །ཡན་ལག་དང་པོ་འདིས། བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་བསླབ་པོ། །རྗེས་སུ་བསྒྲུབ་པོ། །རྗེས་སུ་བགྱིད་དོ། །གཞན་
ཡང་སློབ་དཔོན་དགོངས་སུ་གསོལ། ཇི་ལྟར་འཕགས་པ་དགྲ་བཅོམ་པ་དེ་དག་གིས་ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་བར་འགྱུར་བ་
བག་མེད་པའི་གནས་སྤངས་ཏེ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལོག་པ་དེ་བཞིན་དུ། བདག་ཆེ་གེ་མོ་ཞེས་
བགྱི་བས་ཀྱང་ཉིན་པར་འདི་ནས་ཉེ་བར་བཟུང་སྟེ། ཇི་སྲིད་འཚོའི་བར་དུ་མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་ལས་སླར་ལྡོག་པར་བགྱིའོ། །
ཡན་ལག་ལྔ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་པོ། །རྗེས་སུ་བསྒྲུབ་པོ། །རྗེས་སུ་བགྱིད་དོ། །དགེ་བསྙེན་དུ་ཡང་བདག་སློབ་དཔོན་གྱིས་གཟུང་དུ་གསོལ། དེ་བཞིན་དུ་ལན་གཉིས་དང་གསུམ་དུ་ཡང་ངོ་། །
འཕགས་པའི་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་བྱ་བར་འདོད་པས་དེའི་ཚེ་སྔར་བཞིན་དུ་གསོལ་བ་བཏབ་པར་གྱུར་པ་དང་། སློབ་མའི་ཆེད་དུ་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་གྱིས་བརླབས་པའི་གནས་བརྒྱད་པོ་འདི་ལྟར་སྦྱིན་པར་བྱའོ། །ཚེ་དང་ལྡན་
པ་ཁྱོད་འདི་སྨྲོས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་ཉེ་བར་བཟུང་སྟེ། ཇི་སྲིད་མཚན་མོ་སོང་བ་དང་ཇི་སྲིད་ཉི་མ་ཤར་བའི་མཐར་ཐུག་པར་སྲོག་གཅོད་པ་ཐམས་ཅད་དང་། གཞན་གྱི་ནོར་འཕྲོག་པ་དང་།

མི་ཚངས་པར་སྤྱོད་པ་དང་། ངག་གི་དབྱེ་བ་ལས་བརྫུན་དུ་སྨྲ་བ་དང་། མྱོས་པར་འགྱུར་བའི་བཏུང་བ་དང་། དུས་མ་ཡིན་པའི་ཁ་ཟས་དང་། ཕྲེང་བ་དང་། ཁ་དོག་འཆང་བ་དང་། གར་དང་གླུ་དང་རོལ་སྒེག་དང་མལ་སྟན་མཐོན་པོ་རྣམས་ལ་དེ་རིང་ནས་བདག་དགའ་བ་དང་
བྲལ་བར་བགྱི་སྟེ་དགྲ་བཅོམ་པའི་ཡོན་ཏན་བརྒྱད་ལ་འཇུག་པས་སོ། །དེ་བཞིན་དུ་ལན་གསུམ་སྟེ་བདག་གིས་གསོ་སྦྱོང་གི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་འདི་ནི་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་
ཤེས་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུའོ་ཞེས་པའོ། །དེ་ནས་བླ་མས་ཐབས་ཡིན་ནོ་ཞེས་བརྗོད་པར་བྱ་ཞིང་སློབ་མས་ལེགས་སོ་ཞེས་སོ། །གང་ཕྱིར་དགེ་བ་མ་ལུས་གསོ་བ་དང་། །བསགས་པའི་སྡིག་པ་འདིར་ནི་སྦྱོང་བྱེད་པ། །དེ་བཞིན་གསོ་དང་རྣམ་
པར་སྦྱོང་བྱེད་པ། །དེ་བཞིན་གཤེགས་པས་གསོ་སྦྱོང་ཞེས་སུ་གསུངས། །ཞེས་པ་གསོ་སྦྱོང་གི་ཆོ་གའོ།། །།འདི་ཉིད་ཀྱི་སྡོམ་པ་གོ་མིའོ་ཞེས་སོ། །དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་དཀྱིལ་འཁོར་གཞན་དུ་ཡང་རུང་སྟེ་སྔར་བརྗོད་པའི་ཆོ་གས་དང་
པོར་བུམ་པ་ལྷག་པར་གནས་པ་དང་དགོད་པ་དང་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་བྱས་ནས། ལེགས་པར་ཡོངས་སུ་བརྟགས་པའི་སློབ་མ་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་གནས་པ་ཡོངས་སུ་ཐོབ་པ་
ལ་སོགས་པ་ལེགས་པར་ཡོངས་སུ་བྱང་ཞིང་གུས་པ་དང་ལྡན་པ། རྡོ་རྗེ་སེམས་དཔའི་སྡོམ་པ་གཟུང་བའི་ནུས་པ་དང་ལྡན་ན། རིགས་གཟུགས་ཀྱི་ཡོན་ཏན་དང་བྲལ་བ་རྣམས་ཀྱང་ལྷག་པར་གནས་པར་བྱ་སྟེ། གལ་ཏེ་དེ་དག་ཀྱང་དད་པས་རྡོ་རྗེ་སེམས་
དཔའི་སྡོམ་པ་ཤིན་ཏུ་དོན་དུ་གཉེར་ཞིང་། རྡོ་རྗེ་ཐེག་པ་ལ་སྟོན་པ་གཞན་མི་ཚོལ་བར་གྱུར་ནའོ། །དེ་ནི་བཅོམ་ལྡན་འདས་ཀྱིས་ཕྱེད་དང་བཞི་བརྒྱ་པ་ལས་གསུངས་ཏེ། གཟུགས་ངན་ཡོན་ཏན་མེད་པ་དང་། །དམན་པའང་ལྷག་པར་གནས་པར་བྱ། །

འཁོར་ནི་བཞི་པོ་རྣམས་ལ་ཡང་། །དཀྱིལ་འཁོར་དག་ཏུ་ཆོ་ག་གནང་། །རང་རང་བསླབ་པ་ལེགས་པར་ལྡན། །ཐེག་ཆེན་ལ་དགའི་བསམ་པ་ཅན། །ཞེས་སོ། །འཁོར་བཞི་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མའོ། །ཆོ་ག་ནི་གཞུག་པ་ལ་སོགས་
པའོ། །ལྡན་ནི་ལྷུར་བྱེད་པའོ། །ཐེག་ཆེན་ལ་དགའ་བའི་བསམ་པ་ཅན་འདིས་ནི་ཐེག་པ་འདི་ལ་ཡིད་ཀྱི་ལས་གཙོ་བོར་སྟོན་པར་བྱེད་དེ། འགལ་བ་སྤང་བའི་དོན་དུའོ། །བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་ཁ་ན་མ་ཐོ་བའི་ལས་ཉིད་ལ་ཡང་ཀུན་སློང་གི་ཁྱད་པར་ལས་ལྷུང་བར་མི་འགྱུར་
བ་མང་པོ་རབ་ཏུ་བསྟན་ཏོ། །དེ་ལྟར་ཡང་། གདོལ་པ་སྨིག་མ་མཁན་ལ་སོགས། གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱེ་རྡོ་རྗེ་ཤེས་ནས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་པ་དང་། གཞན་དུ་ཡང་། སེམས་དགེ་བ་ལ་ལྟུང་མེད་དེ། །སྙིང་རྗེར་ལྡན་ཞིང་བྱམས་
ཕྱིར་རོ། །ཞེས་པ་དང་། སྙིང་རྗེ་ལྡན་ཞིང་དོན་མཐོང་ལ། །བཀག་པ་ཡང་ནི་གནང་བ་ཡིན། །ཞེས་པ་ལྟར་གང་ཞིག་སླར་ཡང་བསོད་ནམས་ཉེ་བར་བསགས་པ་མང་དུ་ཐོས་པ་ལ་སོགས་པའོ། །ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུ་དང་སྟོང་པ་ཉིད་དུ་རོ་གཅིག་པར་ཤིན་ཏུ་བརྟན་པར་མོས་
པ་བྱེད་པ་དེ་ལ་ནི་དགེ་སློང་རྡོ་རྗེ་འཛིན་པའི་སྡོམ་པ་དག་ལ་འགལ་བའི་དྲི་མ་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། དགེ་སློང་རྡོ་རྗེ་འཛིན་ཞེས་བྱ། །ཞེས་གསུངས་སོ། །དེ་ནི་ངེས་པར་ཁས་བླང་དགོས་ཏེ། གཞན་དུ་ན་དུས་མཚུངས་པར་གཉི་ག་ཅི་ལྟར་འགྱུར།
བག་ཆགས་རབ་ཏུ་སད་པ་ལས་དགེ་སློང་གིས་ཉམས་སུ་མྱོང་བའི་བདེ་བ་དེའི་སྦྱོར་བའི་བདེ་བ་རྨི་ལམ་དུ་མཐོང་ན་རྨི་ལམ་དུ་མཐོང་བའི་ཕྱི་རོལ་གྱི་ཡན་ལག་དབང་པོ་གཉིས་ཀྱི་བདེ་བའི་མཐར་ཐུག་པ་ཉམས་སུ་མྱོང་ན་ཡང་ལྟུང་བ་མེད་དོ་ཞེས། དེ་འདུལ་བར་བསྟན་པ་རྟོགས་པར་བྱའོ། །གལ་
ཏེ་ཡང་སྐྱེ་བ་ངན་པའི་སྤྱོད་ཡུལ་དུ་རབ་ཏུ་བསྟན་པར་གྱུར་ན་ནི། དེའི་ཚེ་དེ་ལ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱས་གསང་བ་དང་། ཤེས་རབ་ཡེ་ཤེས་ཀྱི་མངོན་པར་དབང་བསྐུར་བ་སྦྱིན་པར་བྱ་སྟེ། སྐྱེ་བོ་ངན་པ་མེད་ན་ནི། །ལས་ཀྱི་ཕྱག་རྒྱ་ཉིད་ཀྱིས་སོ། །དེ་ཁོ་ན་ཉིད་ལ་ལྷག་པར་མོས་པ་མི་བརྟན་

པའི་དགེ་སློང་ལ་ནི་དད་པ་དང་ལྡན་ཡང་ཕྱིའི་ཤེས་རབ་མའི་དབང་གཟུང་བ་བཀག་སྟེ། གཞན་དུ་སྡོམ་པ་སྔ་མ་ཉམས་པས་དོན་མེད་པ་ཆེན་པོར་འགྱུར་རོ། །གལ་ཏེ་ཡང་བླ་མ་བསྒོམ་པ་ལ་བརྟན་པར་གྱུར་ན་ནི། དེའི་ཚེ་དེ་ལ་ཡང་དེས་གཏད་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་ཤེས་རབ་ཡེ་ཤེས་ཀྱི་
དབང་བསྐུར་བ་སྦྱིན་པར་བྱའོ། །དེ་བླངས་པ་ལ་ཡང་ཚངས་པར་སྤྱོད་པ་དང་བྲལ་བའི་དོགས་པ་ནི་མེད་དེ་ལུས་ཀྱི་ལས་མེད་པའི་ཕྱིར་རོ། །དེ་ཡང་སྔར་ཁྱིམ་ན་གནས་པ་ཡིན་ན་ནི་ཉམས་སུ་མྱོང་བའི་བདེ་བ་དྲན་དུ་བཅུག་ལ་དགའ་བ་ལ་སོགས་པའི་དབྱེ་བ་སོ་སོར་བརྟན་པར་བྱའོ། །བླ་མ་ལ་དགེ་
སློང་དུ་གྱུར་པ་ཉིད་ན་ནི་གསང་བའི་དབང་མངོན་པར་དབང་བསྐུར་བ་ལ་སོགས་པ་སྟེར་བ་ན། ཐམས་ཅད་བརྗོད་པས་མཚམས་སྦྱར་བར་བྱའོ། །ཧ་ཅང་སྤྲོས་པས་ཆོག་སྟེ་སྐབས་སུ་བབ་པ་བརྗོད་པར་བྱའོ། །དེའི་རྗེས་སུ་སློབ་མས་མཎྜལ་བྱས་ནས། མེ་ཏོག་བཟུང་བའི་ཐལ་མོ་སྦྱར་
ཞིང་པུས་མོ་ས་ལ་བཙུགས་པ་རྣམས་ལ། སྔགས་ཀྱི་ཚུལ་གྱི་སྐལ་བ་དང་ལྡན་པ་རྣམས་ལ་ནི་འཇིག་རྟེན་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བས་མ་ཡིན། འཇིག་རྟེན་ཕ་རོལ་གྱི་མངོན་པར་མཐོ་བའི་ཆེད་དུ་ཡང་མ་ཡིན་གྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་
ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱའོ། །དེ་ལྟ་ན་ནི་མངོན་པར་མཐོ་བ་གཉིས་ཀྱང་ཐོབ་པར་འགྱུར་རོ་ཞེས་བསྒྲགས་ནས། སློབ་མ་རྣམས་རང་གི་ལུས་ལ་ཁ་ནས་བཅུག་སྟེ། རང་གི་རྡོ་རྗེའི་ལམ་ནས་འཐོན་པ་རང་འོད་ཀྱི་ཤེས་རབ་མའི་པདྨར་གནས་པ་
རྣམས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ཤེས་རབ་དང་བཅས་པ་ཁ་ནས་ཞུགས་ཤིང་ཞུ་བར་གྱུར་པ་རྣམས་ཀྱིས་མངོན་པར་དབང་བསྐུར་བར་བསམས་ནས། དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ་འཇུག་པར་གསོལ་བ་འདེབས་སུ་གཞུག་གོ། །སྐྱེ་རྒ་འཆི་
བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ལས་བདག་གྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །

སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་པས་དེའི་རྗེས་སུ་སློབ་མ་གཅིག་གཙོ་བོར་བྱས་ཏེ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་
རྣམས། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་གྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གིས་ཤཱཀྱ་
སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོའི་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག །ཅེས་རང་གིས་བརྗོད་ལ། དཀོན་
མཆོག་གསུམ་ལ་བདག་སྐྱབས་འཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ། །དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱིས་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར། འཁོར་ལོ་
ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་མགོན་པོས་སྩོལ། །འཁོར་ལོ་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱི་ནི་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། །
ཅེས་ཁྱད་པར་དུ་གསོལ་བ་འདེབས་སུ་བཅུག་ནས། བྱང་ཆུབ་ཏུ་སེམས་བསྐྱེད་པ་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་ཉེ་བར་བཟུང་སྟེ། ཇི་སྲིད་བྱང་
ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་

ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བརྟན་པོར་གཟུང་། །རྡོ་རྗེ་རིན་ཆེན་བསྡུས་པ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །
དེ་ཉིད་ཀྱིས་ནི་རབ་ཏུ་གཟུང་། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ཡང་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་སོ་སོར་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་
གསང་བ་ཐེག་པ་གསུམ། །དམ་པའི་ཆོས་རྣམས་སོ་སོར་གཟུང་། །ལས་ཀྱི་རིགས་མཆོག་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །དེ་ཉིད་སོ་སོར་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་ན་མེད། །
དམ་པ་ཡང་དག་བསྐྱེད་བགྱིས་ཤིང་། །སྡོམ་པ་མ་ལུས་གཟུང་བགྱིས་ནས། །མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་བཅུག་པས་སོ། །དེའི་
རྗེས་སུ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུངས་ནས། དེ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་ལ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ། ཉི་མ་དང་པདྨ་དང་ཟླ་བ་ལ་གནས་པའི་ཧཱུཾ་ཨཱཿཨོཾ་གྱི་ཡི་གེ་ནག་པོ་དང་དམར་པོ་དང་དཀར་པོ་རྣམས་བསམས་ཏེ། དེ་ནས་བརྗོད་ཅིང་སྙིང་ག་དང་
མགྲིན་པ་དང་སྤྱི་བོ་རྣམས་སུ་དྲིའི་ཆུ་རྡོ་རྗེ་དང་བཅས་པས་ཡང་དག་པར་རེག་ནས། མགོ་བོར་མེ་ཏོག་དང་མདུན་དུ་བདུག་སྤོས་དང་མར་མེ་དང་སྙིང་གར་སླར་ཡང་དྲི་སྦྱིན་པར་བྱའོ། །ཨ་ཤྭདྠ་ལ་སོགས་པས་སོ་ཤིང་སོར་བཅུ་གཉིས་པ་དྲང་པོ་སྲོག་ཆགས་མེད་ཅིང་མ་གས་པ་རྨ་མེད་པ་དྲི་བཟངས་ཀྱི་
ཆུས་བསྒོས་པ། རྩེ་མོར་མེ་ཏོག་བཅིངས་པ་སློབ་མ་རྣམས་ལ་སྦྱིན་ཞིང་། དེ་རྣམས་ཀྱིས་ཀྱང་ཁྲུ་བཞི་པ་གྲུ་བཞིའི་དཀྱིལ་འཁོར་བའི་ལྕི་བ་ལ་སོགས་པས་བྱུགས་པར་ཤར་རམ་བྱང་དུ་ཕྱོགས་པས་སོ་ཤིང་། ཨོཾ་བཛྲ་ཧཱ་ས་ཧཾ་ཞེས་བརྗོད་ནས་རྩེ་མོ་འཆོས་ཏེ་མ་གས་པ་སྟེང་དུ་བལྟ་བས་

ལྟོས་པ་མེད་པར་མདུན་དུ་དོར་བར་བྱའོ། །དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ནས་འབྱུང་བར་འགྱུར་བའི་དངོས་གྲུབ་བརྗོད་པར་བྱ་སྟེ། ཤར་དང་བྱང་དང་ནུབ་དང་ལྷོ་དང་སྟེང་དང་འོག་ཏུ་ཕྱོགས་པར་གྱུར་ན་རིམ་པ་ཇི་ལྟ་བ་བཞིན་དུ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་པ་འཛིན་
པ་དང་ས་འོག་གི་དངོས་གྲུབ་རྣམས་སོ། །དཀྱིལ་འཁོར་གྱི་ཕ་རོལ་དུ་ལྷུང་ན་ནི་དངོས་གྲུབ་མེད་དོ། །དེའི་རྗེས་སུ་བཾ་ཡིག་ལས་སྐྱེས་ཤིང་དེ་བཟླས་པའི་ཆུ་ཁ་བཀྲུ་བའི་ཕྱིར་བྱིན་ནས། འཁྱིལ་པ་ལན་བདུན་བཟླས་པའི་དྲི་ཆུ་ཁྱོར་བ་གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་སརྦྦ་དྷརྨྨཱཿསརྦྦ་པཱ་པཾ་ནི་ཙ་སྱ་ཤོ་དྷ་ཡ་སརྦྦ་
བི་ཀལྤཱ་ན་ཨ་པ་ན་ཡ་ཧཱུཾ་ཞེས་བརྗོད་ཅིང་འཐུང་དུ་གཞུག་གོ། །དེ་ནས་དེ་རྣམས་ཕྱི་རོལ་དུ་བཞག་ལ་ཧཱུཾ་ལས་སྐྱེས་ཤིང་དེ་བཟླས་པ་འམ་འཁྱིལ་པ་བཟླས་པའི་ཀུ་ཤ་སྔས་ཀྱི་དོན་དུ། ཨོཾ་བཛྲ་ཏཱིཀྵྞ་བཾ་ཞེས་བརྗོད་པའི་སྔགས་ཀྱིས་སྦྱིན་ནོ། །དེའི་རྗེས་སུ་གཞོན་ནུ་མས་བཀལ་བའི་སྐུད་པ་ལུས་ཀྱི་ཚད་སུམ་
ལྟ་བ་ལ་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་མདུད་པ་གསུམ་བྱས་པ་དེ་རྣམས་ཀྱི་དཔུང་པ་གཡས་པའམ་བུད་མེད་ཀྱི་གཡོན་པར་ཨོཾ་བུདྡྷ་མཻ་ཏྲི་རཀྵ་རཀྵ་སརྦཱ་ན་སྭཱ་ཧཱ། ཞེས་བརྗོད་ཅིང་རང་ཉིད་ཀྱིས་བཅིངས་ནས་ཡང་དག་པར་བསྲུངས་ལ་སྤྲོ་བ་བསྐྱེད་པར་བྱ་སྟེ། བསྐལ་པ་བྱེ་བ་དུ་མ་རུ། །
སྔོན་དུ་སྡིག་པ་གང་བྱས་པ། །དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱིས། །བློ་གྲོས་ཤིན་ཏུ་དྲི་མེད་པ། །དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་
རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་འགྱུར་ནི། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེ་བ་ཉིད་དུ་འགྱུར། །ཐེག་པ་
ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བ། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་ཉན་དུ་བཅུག་ནས་དེ་ནས་དེ་རྣམས་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས། །བཟླས་པའི་དོན་དུ་འཁྱིལ་པའི་སྔགས་བརྗོད་དུ་

བཅུག་སྟེ། གང་ཅུང་ཟད་རྨི་ལམ་དུ་མཐོང་བ་དེ་ཐམས་ཅད་ནང་པར་ང་ལ་སྨྲོས་ཤིག་ཅེས་མངོན་པར་བརྗོད་ནས། དཀྱིལ་འཁོར་གྱི་ཁང་པའི་ནང་ངམ། ཡོལ་བ་ལ་སོགས་པས་བཅད་པ་འམ་གཞན་དུ་ཡང་རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ། །རང་ཉིད་ཀྱང་དཀྱིལ་འཁོར་
གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་པའི་སྔགས་བཟླས་པར་བྱའོ། །འདིར་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ལ་ཡང་སྟེར་བ་དེ་ནི་ཐུན་མོང་བ་སྟེ། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་དོ། །གང་ཡང་སློབ་དཔོན་བྱེད་པ་ལ་སྟེར་བ་དེ་ནི་སློབ་དཔོན་གྱི་
སྡོམ་པ་སྟེ། རིགས་ལྔས་ཡང་དག་པར་བསྡུས་པའོ། །དེ་བས་ན་འདི་ནི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བ་ཅན་གྱི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།དེའི་རྗེས་སུ་བླ་མས་ནང་པར་གཏོར་མ་ཕུལ་ཏེ་དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་ལ། སློབ་མ་རྣམས་ལ་རྨི་ལམ་དྲི་ཞིང་རི་ལས་ལྷུང་བ་
ལ་སོགས་པས་མཚོན་པ་མི་དགེ་བའི་རྨི་ལམ་ནི་འཁྱིལ་པའི་སྔགས་ཀྱིས་བསྲུང་བར་བྱའོ། །སླར་ཡང་དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་དུས་སུ་སློབ་མ་རྣམས་ཀྱིས་ཨོཾ་བྲ་བི་ཤ་བྷ་ག་ཝཱན་མ་ཧཱ་སུ་ཁ་མོཀྵ་སུ་རཾ་སརྦ་བིདྡྷ་པྲ་དཾ་པ་ར་མ་སུ་ཁོཏྟ་མ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་སྭཱ་ཧཱ། ཞེས་ཡང་དག་པར་
སྤྲོ་བར་བྱའོ། །དེ་ནས་ལངས་ནས་རྣལ་འབྱོར་གྱི། །དབང་ཕྱུག་རབ་རྒྱས་སྤྱན་འབར་བ། །གཡས་སྐོར་བྱས་ནས་འཁོར་ལོ་ཡི། །སྒོ་དབྱེ་བདུད་རྣམས་གཞོམ་པར་བྱ། །ནུབ་ཀྱི་སྒོ་རུ་གནས་བྱས་ནས། །གཡོན་བརྐྱང་སྟབས་ཀྱིས་སྤྲོ་བ་ཡིས། །ཤར་སྒོ་དབྱེ་ཕྱིར་འདི་བརྗོད་ཅིང་།
རྡོ་རྗེ་ཧཱུཾ་མཛད་ཕྱག་རྒྱ་བྱ། །ཨོཾ་བཛྲོདྒྷཱ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། དེ་བཞིན་བྱང་ཕྱོགས་ཡང་དག་གནས། །ཁྲོ་བོའི་ལྟ་བས་དེ་ལྟར་བརྗོད། །ལྷོ་ཡི་སྒོ་ནི་ངེས་པར་དབྱེ། །ཁྲོ་བོའི་ཕྱག་རྒྱའི་རྣམ་ཐར་བྱ། །ཤར་གྱི་ཕྱོགས་སུ་ཡང་དག་གནས། །དེ་བཞིན་རྣལ་འབྱོར་ནུབ་ཏུ་ཕྱོགས། །
ཆུ་ཡི་སྒོ་ནི་ངེས་པར་དབྱེ། །ཁྲོ་བོའི་ཕྱག་རྒྱའི་རྣམ་ཐར་བྱ། །དེ་བཞིན་ལྷོ་ཕྱོགས་ཡང་དག་གནས། །གཡས་སྐོར་གྱིས་ནི་སྔ་མ་བཞིན། །ནོར་སྦྱིན་གནས་པའི་སྒོ་དབྱེ་ཞིང་། །དེ་ལྟར་སླར་ཡང་འཇུག་པར་བྱ། །མེ་ཏོག་གི་ཕྲེང་བ། ཨོཾ་པ་ར་མ་སུ་ཁ་ཤ་ཡ་སུ་ལ་ལི་ཏ་བི་ལཱ་ས་ན་

མི་ཏེ། ན་མ་མི་བྷ་ག་ཝཱནྟཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧི་ཧཱི་པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་དོར་ནས། །སླར་ཡང་བཟུང་སྟེ་ཕྲེང་བའི་དབང་བསྐུར་བའི་བསམ་པས་མགོ་བོར་བཅིང་བར་བྱའོ། །འཁོར་ལོའི་དབང་ཕྱུག་ནི་བླ་མ་ལ་མངོན་སུམ་
དུ་གྱུར་པར་ལྷག་པར་མོས་པར་བྱ་ཞིང་། དེ་ལས་སྟེར་བཞིན་པ་ཕྲེང་བའི་དབང་གཟུང་བ་ལ་སོགས་པ་འཆད་པར་འགྱུར་བའི་དབང་བསྐུར་བ་མཐའ་དག་དང་། ཆོ་ག་ཇི་ལྟ་བ་བཞིན་དུ་སློབ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་སུ་གནང་བ་ཐོབ་པར་བྱས་བ་སློབ་མ་གཞུག་པའི་ཆེད་དུ། བདེ་བ་ཆེན་པོའི་
བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་ཞུ་ཞིང་བདེན་པའི་བྱིན་བརླབ་བྱ་སྟེ། ནམ་མཁའ་སྐྱེ་བ་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེར་
དེང་བདག་སྒྲུབས། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་བསྒྲུབ་མཛོད། །ཉེས་པ་མི་མངའ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་
ལྡན་དེ་ཉིད་ཀྱིས་གྲུབ་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་བསྒྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་མཆོག་གི་ཕྱག་རྒྱ་ཅན། །གྲུབ་པའི་རྡོ་རྗེ་ཆེར་
གསལ་བ། །རྡོ་རྗེ་སྙེམས་དག་བདག་བསྒྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ཉིད། །འདོད་པ་མཆོག་གི་དམ་ཚིག་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །
བདག་ལ་འདོད་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་

གྱིས་སྒྲིབ་བྲལ་མཐོང་བར་ཤོག །ཅེས་བརྗོད་པས་སོ། །འདི་ནི་སློབ་དཔོན་འཇུག་པའོ།། །།དེ་ནས་ལྷག་པར་གནས་པ་བྱས་ཤིང་སྡོམ་པ་གཉིས་དང་ལྡན་པའི་སློབ་མ་ཤར་གྱི་སྒོར་ཡོལ་བས་བཅད་པར་བཞག་ནས། དྲི་ཞིམ་པོ་ལ་སོགས་པས་ཡང་དག་པར་བྱས་པ་རྣམ་པར་སྣང་མཛད་ཀྱི་གཟུགས་
སམ་འཁོར་ལོའི་དབང་ཕྱུག་གི་གཟུགས་སུ་དམིགས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལངྐཱ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཞེས་པའི་སྔགས་ཀྱིས་གོས་དམར་པོའམ་གཞན་ཡང་རུང་བས་སྨད་གཡོགས་བྱས་ལ། ཨོཾ་བཛྲ་རཀྵ་ཧཾ་ཞེས་པས་སྟོད་གཡོགས་བྱ་ཞིང་། ཨོཾ་
བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ་ཅེས་པས་གཙུག་ཏོར་བྱའོ། །ཨོཾ་ཙཀྵུ་བནྡྷ་བ་ར་མཱ་ན་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་མིག་བཅིང་ཞིང་། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པས་མེ་ཏོག་གི་ཕྲེང་བ་བཟུང་ནས་ཡོན་ཕུལ་བ། ལས་ཐམས་ཅད་པའི་སྔགས་ཆུས་བསངས་ཏེ། རྣལ་འབྱོར་མ་འམ་ལས་ཀྱི་རྡོ་རྗེ་ཅན་གྱིས་
བཟུང་ལ། དེ་ནས་རང་གི་སློབ་མ་ལ་དྲི་བར་བྱ་སྟེ། དགའ་བ་ལ་དགའ་ཁྱོད་སུ་ཀྱེ། །སློབ་མ་དེ་དག་རྣམས་ཀྱིས་ཀྱང་། །སྐལ་བཟང་བདག་ནི་བདེ་ཆེན་ལའོ། །དེ་ནས་དེས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུདྤཱ་ད་ཡཱ་མི། ཞེས་བརྗོད་ཅིང་བྱང་ཆུབ་ཏུ་སེམས་བསྐྱེད་ལ། སྙིང་གར་རྡོ་རྗེ་མེ་ཏོག་དང་
བཅས་པ་བཟུང་ནས། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད་དེ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱི་ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་
ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པར་ཡང་མི་བྱའོ་ཞེས་བརྗོད་པར་བྱའོ། །ཨོཾ་ཡ་མཱནྟ་ཀྲྀ་ཏ་ཧཱུཾ་ཞེས་བརྗོད་ཅིང་ཁྲིད་ལ། ཨཱ་ཁཾ་བཱི་ར་ཧཱུཾ་ཞེས་པ་འདིས་ཡོལ་བའི་ནང་དུ་བཅུག་ནས། མ་ཧཱ་ར་ཏ་སུ་དྲྀ་ཌྷྱ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨཱ་དྱ་སིདྡྷྱ་མཾ་ཞེས་བརྗོད་པས་གཡས་སྐོར་བྱ་ཞིང་
ཐལ་མོ་སྦྱར་ལ་དཀྱིལ་འཁོར་གྱི་ཤར་སྒོའི་ཕྱི་རོལ་དུ་ཕྱིན་ནས་ཕྱག་འཚལ་བར་བྱ་སྟེ། སྔགས་འདི་རྣམས་འདོན་བཞིན་པས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ། ཨཱཏྨ་ནཱཾ་ནཱིརྱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་

ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་མཾ། ལྷོར་སྙིང་གར་ཐལ་མོ་སྦྱར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནཱིརྱ་ཏ་ཡ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ནུབ་ཏུ་དཔྲལ་བར་ཐལ་མོ་སྦྱར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་ཝ་རྟ་ནཱ་ཡ་ཨཱཏྨ་ནཱཾ་ནཱི་རྱ་ཏ་ཡཱ་མི།
སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་ཝརྟ་ཡ་མཱཾ། བྱང་དུ་སྙིང་གར་ཐལ་མོ་སྦྱར་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨ་ཎེ་ཨཱཏྨ་ནཱཾ་ནཱིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ། ཞེས་པའི་རིགས་ལྔས་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་སྟེ། སླར་ཡང་ཤར་
སྒོའི་ཕྱི་རོལ་ནས་རབ་ཏུ་དང་བས། ཨོཾ་གུ་རུ་ཙ་ར་ཎོ་པསྠ་ནཱ་ཡ་ཨཱཏྨ་ནཱཾ་ནཱིརྱ་ཏ་ཡཱ་མི། ཨོཾ་སརྦ་སཏྭ་པ་རི་དྲ་ཎརྠཱ་ཡ་ཨཱཏྨ་ནཱཾ་ནཱིརྱ་ཏ་ཡཱ་མི། ཞེས་པ་རྣམས་དོན་གོ་བ་སྔོན་དུ་འགྲོ་བས་འདོན་དུ་གཞུག་པར་བྱའོ། །དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེའི་ཕྱིར་
ངས་ཁྱོད་ལ་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ་ཁྱོད་དམ་ཚིག་ཉམས་པར་གྱུར་ཏེ་རེ་ཞེས་
བརྗོད་ནས་མགོ་བོར་རྡོ་རྗེ་གཟུང་ཞིང་དྲིལ་བུ་དཀྲོལ་ནས། ཁྱོད་ཀྱི་དམ་ཚིག་རྡོ་རྗེ་འདིས། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་མགོ་བོ་འགེམས། །ཞེས་བརྗོད་པར་བྱའོ། །སླར་ཡང་སྙིང་གར་རྡོ་རྗེ་གཟུང་སྟེ། དེ་རིང་རྡོ་རྗེ་སེམས་དཔའ་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །གལ་ཏེ་ཚུལ་
འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་པ་འདིས་མནའ་བྱས་ནས། བདུད་རྩི་ལྔ་པདྨའི་སྣོད་དུ་གནས་པ་ལ་ཡི་གེ་གསུམ་གྱིས་བསྔགས་པ་རྣམ་རྒྱལ་བུམ་པའི་སྟེང་དུ་བཞག་པ། ཨོཾ་བཛྲ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཞེས་པ་བདུན་བཟླས་ཏེ་མིང་མེད་དང་མཐེ་བོང་གིས་བཟུང་བའི་སྣོད་ཀྱི་ཁ་ནས་
དེའི་ཁར་སྦྱིན་ཞིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཤིག །ཅེས་བརྗོད་པས་མནའི་བཏུང་བ་བྱེད་དུ་བཅུག་ལ། དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི། །ངས་འདི་གྱིས་ཤིག་ཅེས་གང་

བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་པར་བྱའོ་ཞེས་པ་དམ་ཚིག་གི་ཆུ་སྦྱིན་པའོ། །དེ་རྗེས་སློབ་མས་འདི་བརྗོད་དེ། རང་ཉིད་མཉམ་པར་གཞག་པས་དབབ། སློབ་དཔོན་གྱིས་
བསྐུལ་ཚིག་གིས་ནི། དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཕྱིར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་སོ། །དེ་ནས། རྐང་པའི་མཐིལ་ནས་སྟེང་ཀུན་དུ། །ལུས་ལ་བུག་པ་རྣམས་བསམ་ཞིང་། །དེ་ཡི་རྐང་པའི་
འོག་ཏུ་ནི། །འབར་བཅས་མེ་ཡི་དཀྱིལ་འཁོར་བསྒོམ། །དེ་ཡི་སྟེང་དུ་ཛྷཻཾ་ཡིག་ནི། །དམར་མོའི་མདོག་ཅན་རྣམ་བསམས་ཏེ། །དེ་ལས་བྱུང་བའི་མེ་འོད་ཀྱིས། །བརྟུལ་ཞུགས་ཅན་གྱིས་ལུས་རྣམས་སྦྱང་། །དེ་བཞིན་འོད་ནི་གསལ་བྱ་ཞིང་། །མཁས་པས་བླང་བ་བྱས་ནས་སླར། །སློབ་མའི་
སྙིང་མགྲིན་མགོ་བོ་ལ། །ཧཱུཾ་ཧཿཨཱཿཞེས་རྣམ་པར་དགོད། །དྲིལ་བུ་སྒྲ་ནི་སྒྲོགས་ལྡན་པ། །འཛིན་པ་ཡིས་ནི་དབབ་པར་བྱ། །དེ་བཞིན་གཤེགས་རྣམས་དབབ་པ་ཡི། །དོན་དུ་སྔགས་འདི་བརྗོད་པར་བྱ། །འདི་དེ་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །རྡོ་རྗེ་ཡེ་ཤེས་བླ་མེད་འདི། །དེ་རིང་
ཉིད་དུ་འབབ་པར་ཤོག །ཨོཾ་བཛྲ་ཨཱ་བེ་ཤ་ཨཿཨཿཨཿཨཿཨཿ། གལ་ཏེ་ཕེབས་པ་ཉིད་མིན་ན། །སྔགས་འདི་ཡང་ནི་བརྟན་པར་བརྗོད། །དེ་ནས་ཨཱཿཡིག་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་རབ་བསྐུལ་བྱ། །ཨཱ་བེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ་ཧཿཨཱཿཛྷཻཾ། འདར་བའམ་བ་སྤུ་ལྡང་བར་བྱེད། །
བརྒྱལ་བའམ་གང་གིས་གར་བྱེད་པ། །དེ་དག་སྟེང་དུ་འཕར་བ་ཡང་། །ཕེབས་པའི་མཚན་ཉིད་རིག་པར་བྱ། །དགའ་ཞིང་ལྟ་བས་ཞུགས་པ་ཡི། །སློབ་མའི་ལྕེ་ལ་ཨཿཡིག་དགོད། །ཡི་གེ་བརྒྱ་པས་བརྟན་བྱས་ཏེ། །མཁས་པས་དགེ་དང་མི་དགེ་དྲི། །ཕེབས་པ་གཏོང་བར་བྱེད་པ་ནི། །
སྔགས་ཀྱི་རིམ་པ་འདི་ཡིས་རིག །ངེས་པར་ཞུགས་པའི་ལྷ་རྣམས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས་རང་གི་སྙིང་གའི་ས་བོན་ལ་བསྟིམ་ཞིང་སློབ་མའི་མགོ་བོར་རྡོ་རྗེ་གཟུང་ལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཅེས་པ་ལ་སོགས་པ་སྔོན་དུ་འགྲོ་བའི་ཧཱུཾ་ཧཿཨཿཛྷཻཾ་མུཿཞེས་

པས་གཤེགས་སུ་གསོལ་བར་བྱ་སྟེ། འདི་ནི་དབབ་པའི་ཆོ་གའོ།། །།དེ་ནས་སློབ་མ་དཀྱིལ་འཁོར་དུ་མངོན་པར་ཕྱོགས་པ་ལ་ཁྱོད་ཀྱི་མིག་གིས་བལྟས་པ་ལ་ཇི་ལྟར་སྣང་ཞེས་དྲིས་ཏེ། དེ་ན་རེ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་ནག་པོར་སྣང་ངོ་ཞེས་ཟེར་ན། རིམ་
པ་ཇི་ལྟ་བ་བཞིན་དུ་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་བ་དང་ལྡན་པར་གོ་བར་བྱ་ཞིང་། འདིའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་གཟུང་ལ། རྡོ་རྗེའི་རྐང་སྟབས་ཀྱི་གར་གྱི་ཚུལ་གྱིས་འཁྱིལ་པའི་སྔགས་བརྗོད་ཅིང་སྐོར་བ་གསུམ་
བྱེད་དུ་བཅུག་ནས་བདེན་པའི་བྱིན་གྱིས་བརླབ་པ་འདི་བྱ་སྟེ། ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་འདི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་རིམ་པ་དེ་བཞིན་ཤོག །འདི་ཡི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་གི་སྣོད་དུ་རུང་། །བསོད་ནམས་མཐུ་
ཡང་ཅི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་པ་འདི་བརྗོད་པས་སོ། །དེ་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཡི་གེ་ཏྲཾ་གིས་བསྔགས་པ་ལས་ཡང་ཞིང་མ་རྙིངས་པའི་མེ་ཏོག་ཅིག་བཏོན་ལ། དེའི་ལག་པ་ཐལ་མོ་སྦྱར་བར་སྦྱིན་པར་བྱ་ཞིང་དེས་དེའི་ཚེ་མེ་ཏོག་གི་ཕྲེང་བར་ལྷག་པར་མོས་ཏེ།
བདག་ཉིད་ཀྱང་ཡི་གེ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་དང་བྲལ་བར་མོས་ལ། བླ་མས་དེ་ལྟར་བྱིན་གྱིས་བརླབས་པ་དང་གུས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་ན་གནས་བཞིན་པར་དམིགས་པའི་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་
ནས་དེའི་དབུ་ལ་མེ་ཏོག་དོར་བར་བྱ་སྟེ། ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་ཝ། ཤཱ་ཤྭ་ཏོ་མེ་བྷ་ཝ། ཧྲྀ་ད་ཡཾ་མེ། ཨ་དྷི་ཏིཥྛ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཨཱ་ཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿཞེས་པའི་སྔགས་བརྗོད་པས་སོ། །རེ་ཁཱ་ལྔའི་ནང་དུ་མེ་ཏོག་ལྷུང་བ་དང་རྗེས་སུ་མཐུན་པར་
འདིའི་རིགས་ལ་སོགས་པ་བསྟན་པར་བྱ་ཞིང་། དེའི་རྣལ་འབྱོར་ཀྱང་སྦྱིན་ནོ། །དངོས་གྲུབ་མཚོན་པར་བྱ་སྟེ། གལ་ཏེ་སངས་རྒྱས་ཀྱི་དབུའམ་གཙུག་ཏོར་རམ། མཛོད་སྤུ་ལ་མེ་ཏོག་ལྷུང་ན་དེའི་ཚེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བོ། །སྤྱན་ནམ་ཞལ་ལ་ལྷུང་ན་དེའི་ཚེ་སྔགས་ཀྱི་དངོས་གྲུབ་བོ། །

སྐུའི་སྟོད་ལ་ནི་མཆོག་སྟེ། བར་ལ་ནི་འབྲིང་དང་། འོག་གི་ཆ་ལ་ནི་དམན་པའོ། །སྐུ་ལས་ཤིན་ཏུ་རིང་བར་གྱུར་པ་ལ་ནི་ཡུན་རིང་པོས་ཏེ། ཉེ་བ་ལ་ནི་མྱུར་བར་རབ་ཏུ་འགྲུབ་བོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེའུ་མིག་ལ་སོགས་པས་རྣམ་པར་བཅད་པ་ལས་ཤེས་པར་བྱ་སྟེ། གལ་ཏེ་ལྷ་གཉིས་
ཀྱི་བར་དུ་ལྷུང་ན་དེའི་ཚེ་མེ་ཏོག་གང་ལ་ཉེ་བར་གྱུར་པ་དེའི་རིགས་སུ་འགྱུར་རོ། །མཉམ་པ་ཉིད་ལ་ནི་གཉི་གའི་ཆོ་ག་འགྲུབ་སྟེ་དེའི་ཚེ་དེ་རྣམས་གང་དད་པ་དེའི་རིགས་སུ་འགྱུར་རོ། །རེ་ཁཱ་ལྔའི་ཕྱི་རོལ་དུ་ལྷུང་ན་སླར་ཡང་ལན་གསུམ་གྱི་བར་དུ་དོར་བར་བྱ་སྟེ། དེ་ལ་ཡང་ཕྱི་རོལ་དུ་ལྷུང་ན་ནི་དངོས་གྲུབ་
ཕྲ་མོའོ། །ཕྱིའི་རེ་ཁཱ་ཟླུམ་པོ་རྣམས་དང་རྡོ་རྗེ་ཕྲེང་བའི་ཕྱི་རོལ་དུ་ལྷུང་ན་ནི་དངོས་གྲུབ་མེད་དེ་འདི་ལ་དཀྱིལ་འཁོར་ཡང་བསྟན་པར་མི་བྱའོ། །སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་དེ་གཞུག་པར་བྱའོ། །དེ་ནས་མེ་ཏོག་དེ་བཟུང་ནས་ཨོཾ་
པྲ་ཏི་གྲྀཧྞ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། ཞེས་བརྗོད་དེ་སློབ་མའི་མགོ་བོ་ལ་བཅིང་། འདི་ནི་ཕྲེང་བའི་མངོན་པར་དབང་བསྐུར་བའི་ཆོ་གའོ།། །།འདིར་ཕེབས་པར་གྱུར་པ་ན་དགེ་བ་ལ་སོགས་པ་སྨྲས་པའི་མཐར་ཨོཾ་ཏིཥྛ་བཛྲ་ཞེས་པ་འདིས་ཕེབས་པ་བརྟན་པར་བྱ་ཞིང་མིག་གི་སྣང་བ་དྲི་བ་ལ་སོགས་
པ་ནས་མགོ་བོར་བཅིང་བའི་མཐར་ཐུག་པར་ཏེ། ངེས་པར་ཞུགས་པའི་ལྷ་གཤེགས་སུ་གསོལ་བར་བྱའོ། །མི་ནུས་པས་ནི་འབེབས་པའི་ཆོ་ག་མ་བྱས་པར་དམ་ཚིག་གི་ཆུ་བྱིན་པའི་མཇུག་ཐོགས་སུ་མིག་གི་སྣང་བ་དྲི་བ་ལ་སོགས་པ་བྱའོ་ཞེས་འཆད་དོ། །དེའི་རྗེས་སུ་སློབ་མའི་མིག་གཉིས་
ལ་འབར་བ་དང་བཅས་པའི་ཨོཾ་གཉིས་རྣམ་པར་བསྒོམས་ཏེ། དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེ་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་དབྱེ་བར་མཛོད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཿཞེས་བརྗོད་ཅིང་གདོང་གཡོགས་བསལ་བར་བྱའོ། །དེ་ནས་ཀྱེ་རྡོ་རྗེ་
ལྟོས་ཤིག་ཅེས་སྨྲས་ནས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །གསང་སྔགས་རྣམས་ལ་བསྒྲུབ་པར་བགྱིས། །ཞེས་བརྗོད་དོ། །དེ་ནས་རིམ་བཞིན་དཀྱིལ་འཁོར་གྱི། །དེ་ཉིད་རབ་ཏུ་བསལ་བར་བྱ། །ལྷ་རྣམས་

དེ་དག་ཐམས་ཅད་ཀྱི། །ངོ་བོའང་ཉེ་བར་བསྟན་པར་བྱ། །འཕགས་པའི་བདེན་པས་གྲུ་བཞིར་འགྱུར། །ཚངས་པའི་གནས་པས་ཟུར་རྣམས་ཏེ། །སྒོ་རྣམས་བསྡུ་བའི་དངོས་པོར་བརྗོད། །སོ་སོར་བཞིར་ནི་ཡང་དག་ཤེས། །དད་དབང་ལ་སོགས་སེམས་གང་ཡིན། །ར་བ་ལྔར་
ནི་ཡང་དག་བྱུང་། །རྫུ་འཕྲུལ་རྐང་པ་བཞི་པོ་ནི། །སྒོ་ཁྱུད་རྣམ་བཞི་དེ་རྣམས་སོ། །དེ་ཡི་དབུས་སུ་འཁོར་ལོ་གང་། །དཀྱིལ་འཁོར་བརྒྱད་ལ་མཚུངས་པ་སྟེ། །རྣམ་པར་ཐར་པ་བརྒྱད་པོ་འདིས། །དངོས་གྲུབ་ཐམས་ཅད་རབ་ཏུ་བསྒྲུབ། །དངོས་གྲུབ་ཆེན་པོའི་ཕུང་པོ་ཀུན། །ཀ་བ་ལྟ་བུར་
རྟག་ཏུ་འགྱུར། །འཕགས་ལམ་ཡན་ལག་བརྒྱད་པོ་འདི། །ཀ་བ་བརྒྱད་ཅེས་བྱ་བར་བཤད། །ཆོས་ཀྱི་དབྱིངས་ཀྱི་དོན་གྱི་བརྡར། །འཁོར་ལོའི་ནང་དུ་དཀྱིལ་འཁོར་ཏེ། །ཐུགས་ཀྱི་དཀྱིལ་འཁོར་འདི་ཉིད་ནི། །ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །བསམ་གཏན་རྣམས་ནི་རྟ་
བབས་འདིར། །བ་དན་རང་བཞིན་དེ་བཞིན་ཏེ། །བྱང་ཆུབ་འབྲས་བུ་ར་བ་ནི། །སྒོ་རྣམས་སུ་ནི་དཔག་བསམ་ཤིང་། །ཕུང་པོ་ལྔ་ཡི་རང་བཞིན་གྱིས། །སངས་རྒྱས་ལྔ་ནི་རབ་ཏུ་བསྟན། །སྤྱན་མ་ལ་སོགས་ལྷ་མོ་བཞི། །ས་ལ་སོགས་པའི་རང་བཞིན་ཉིད། །འདོད་པ་ལྔ་ཡི་རང་
བཞིན་གྱིས། །གཟུགས་ཀྱི་རྡོ་རྗེ་སོགས་དེ་བཞིན། །མིག་ལ་སོགས་པའི་རང་བཞིན་ཡང་། །ས་ཡི་སྙིང་པོ་ལ་སོགས་སོ། །ལག་སོགས་ངོ་བོ་ཁྲོ་བོའི་དབང་། །གཤིན་རྗེའི་དགྲ་སོགས་རབ་བསྟན་ཏེ། །སྐུ་ཡི་འཁོར་ལོར་གནས་སངས་རྒྱས། །རིམ་བཞིན་མི་བསྐྱོད་ལ་སོགས་
མགོན། །ཕྱི་ཡི་འཁོར་ལོར་སློབ་མ་ལ། །གསལ་བྱ་སྙིང་རྗེའི་བདག་ཉིད་ཅན། །ཞེས་པའོ། །རྡོ་རྗེའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་
བསྐུར། །ཞེས་བརྗོད་དུ་བཅུག་ནས་དམ་ཚིག་བསྒྲགས་པར་བྱ་སྟེ། ཧོཿཧོཿཧོཿཞེས་པའོ། །སློབ་མ་གཞུག་པའི་ཆོ་གའོ།། །།དེའི་རྗེས་ལ་ཆུའི་དབང་གི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས། པུས་མོ་ས་ལ་བཙུགས་ཤིང་ཐལ་མོ་སྦྱར་ཏེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་

ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་བསྐྱབ་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བརྗོད་ཅིང་གསོལ་བ་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་ཕྱི་རོལ་དུ། །ཤར་གྱི་ཕྱོགས་སུ་དཀྱིལ་འཁོར་ཏེ། །ཡང་ན་དབང་ལྡན་སྔགས་པས་བྲི། །གྲུ་བཞི་པ་ལ་སྒོ་བཞི་པ། །
ཁྲུ་དོ་རིམ་པ་གཉིས་པ་ཉིད། །དེ་དབུས་སྣ་ཚོགས་འདམ་སྐྱེས་ཏེ། །དཀར་དམར་དེ་བཞིན་ནག་པོ་ཡི། །ར་བ་གསུམ་ནི་དེ་ལ་བྲི། །ར་བའི་རྡུལ་ཚོན་ལྡན་བྱས་ནས། །ཕྱག་རྒྱ་བཞི་ནི་དགོད་བྱ་སྟེ། །ཤར་དུ་འཁོར་ལོ་ལྷོར་རིན་ཆེན། །ནུབ་ཏུ་ཆུ་སྐྱེས་གེ་སར་བཅས། །ནོར་སྦྱིན་སྣ་ཚོགས་རྡོ་རྗེ་
གཞག། །བུམ་པ་ཡང་ནི་དགོད་པར་བྱ། །ཞེས་པ་ཁྲུས་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།ཕྲེང་བའི་དབང་བསྐུར་བྱས་ནས་ནི། །སློབ་མ་བཟུང་ནས་མཎྜལ་གྱི། །དབུས་སུ་པདྨར་ཡང་དག་གཞག །ལྷ་ཡི་ང་རྒྱལ་འཛིན་པས་སོ། །སློབ་དཔོན་ཚོགས་དང་བཅས་རྣམས་ཀྱིས། །ཤིས་
བརྗོད་ཚིགས་བཅད་སྔོན་འགྲོ་བས། །བུམ་པ་ལས་བྱུང་རྣམས་ཀྱིས་ནི། །རྡོ་རྗེ་སློབ་མ་བཀྲུ་བར་བྱ། །ཏིལ་གྱི་གང་བུ་ལྟར་གང་བའི། །བུམ་པ་འཛིན་པའི་རྒྱལ་བ་རྣམས། །དེ་རིང་ཁྱོད་ལ་དབང་བསྐུར་གྱི། །ཤེས་ནས་ཡིད་ནི་བདེ་བར་གྱིས། །ཞེས་བརྗོད་ནས་སློབ་མ་རྡོ་རྗེ་འཆང་གི་
གཟུགས་སུ་བསྒོམས་ཏེ་སྔར་བརྗོད་པའི་ཆོ་གས་སྦྱང་བར་བྱའོ། །དེ་ནས་གཞན་ཡང་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཕྱོགས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་རིག་པའི་ལྷ་མོ་རྣམས་ཀྱང་སྤྱན་དྲངས་ནས་ཡང་དག་པར་མཆོད་དེ། སློབ་མ་དབང་བསྐུར་བའི་དོན་དུ། །
རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པ་དང་། དེ་བཞིན་གཤེགས་པ་དེ་རྣམས་ཤེས་རབ་དང་སྙོམས་པར་ཞུགས་པས་འདོད་
ཆགས་ཆེན་པོས་ཞུ་བར་གྱུར་པ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས་ཏེ་རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བ་དེ་རྣམས་ཀྱི་ཁ་ནས་ལྷ་མོའི་པདྨར་ཞུགས་པའི་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པ་ཤེས་རབ་དང་བཅས་པའི་གཟུགས་ཡེ་ཤེས་

སེམས་དཔའ་དང་དབྱེར་མེད་པ་ལ་མངོན་པར་དབང་བསྐུར་ནས། སླར་ཡང་ཕྱག་དང་ཞལ་ལ་སོགས་པའི་སྐུ་རྣམས་ཀྱི་པདྨ་ལས་བྱུང་སྟེན་མ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་རྣམས་དང་ལྷན་ཅིག་པས་གདུགས་དང་རྒྱལ་མཚན་དང་བ་དན་དང་ན་བཟའ་དང་
རོལ་མོའི་སྒྲ་དང་། གླུ་དང་གར་དང་མེ་ཏོག་དང་བདུག་སྤོས་དང་གུར་གུམ་གྱི་ཆར་རྣམས་དང་། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་ཅུང་ཟད་ཡོ་བ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རྣམས་པདྨ་ནས་ཕྱུང་བའི་སློབ་མ་དེ་རྣམས་ལ་མངོན་པར་དབང་བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་
ལ་སོགས་པའི་ལྷ་མོ་རྣམས་ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་མཛད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་ཞི་བྱེད་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་
རྡོ་རྗེའི་རིགས་དང་ལྡན། །ཞེ་སྡང་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བ་པོ། །དེ་ནི་མི་བསྐྱོད་མགོན་པོ་ཞེས་བྱའི་མཚན་འཆང་བ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་གཏི་མུག་རིགས་དང་ལྡན། །རྣམ་པར་སྣང་མཛད་རྟག་ཏུ་སྲིད་པའི་སྡུག་
བསྔལ་འཕྲོག །གཏི་མུག་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བ་པོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་རིན་ཆེན་རིགས་དང་ལྡན། །དབུལ་བའི་སྡུག་བསྔལ་ཡོངས་སུ་གྲོལ་བའི་ཆེད་དུ་བརྩོན། །ང་རྒྱལ་ཟིལ་གནོན་སྐྱེ་བོ་ཡོངས་
སུ་སྦྱོང་བ་བོ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་རྣམས་འཇོམས་ཤིང་། །འདོད་ཆགས་ཟིལ་གནོན་སྐྱེ་བོ་ཡོངས་སུ་སྦྱོང་བ་པོ། །དེས་ནི་དེང་ཁྱོད་དབང་བསྐུར་
མཆོག་ལ་བཀྲ་ཤིས་ཤོག །བཀྲ་ཤིས་གང་ཞིག་མཐའ་དག་ལས་ཀྱི་རིགས་དང་ལྡན། །བརྫུན་སྨྲར་དགའ་བ་རྣམས་ལ་སྙིང་རྗེའི་བདག་ཉིད་ཅན། །དེ་རྣམས་ཕྲག་དོག་སྡིག་ལས་གྲོལ་བའི་གཉེན་པོ་སྟེ། དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་

ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་
ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་དམ་པ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དགེ་འདུན་དམ་པའི་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་
གཞི། །དེས་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཅེས་པ་ལ་སོགས་པའི་བཀྲ་ཤིས་ཀྱི་གླུ་རྣམས་ཀྱིས་བཀྲ་ཤིས་ཉེ་བར་སྦྱོར་བཞིན་པ་ལ། རང་གིས་ཀྱང་དེ་རྣམས་ཀྱི་གླུ་ཉེ་བར་བླང་ཞིང་། །དང་པོར་རྣམ་པར་རྒྱལ་བའི་བུམ་པ་དང་། དེ་བཞིན་གཤེགས་པ་བཞིའི་བུམ་པ་དང་། དེ་ནས་ལྷ་
མོ་བཞིའི་བུམ་པ་དང་། དེ་ནས་ཇི་ལྟར་རིགས་པར་དཀྱིལ་འཁོར་པའི་བུམ་པའི་ཆུ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་རྣམས་ཡལ་འདབ་དང་བཅས་རྡོ་རྗེ་ལག་པ་གཡས་པའི་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་རྩེ་མོ་ལས་བླུགས་ཏེ་ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ་ཨ་བྷི་ཥེ་ཀེ་ཎ་སྟྭཾ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་
ག་ཏ་ཨ་དྷི་པ་ཏི་ཏྭེ་ན་དྲི་དྷོ་བྷ་ཝ་ཞེས་བརྗོད་ཅིང་། དབང་བསྐུར་ཆེན་པོ་རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེའི་གསང་གསུམ་ཡང་དག་བྱུང་། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏེ་ཨ་ཧཾ་ཞེས་བརྗོད་པས་མངོན་པར་དབང་
བསྐུར་བར་བྱའོ། །ཡང་ཁྲུས་ཀྱི་དཀྱིལ་འཁོར་མེད་ན་དཀྱིལ་འཁོར་གྱི་ཤར་གྱི་སྒོར་སློབ་མ་ཉེ་བར་གཞག་པ་ལ་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ལས་ཆུ་ཉུང་ཟད་པ་བསྡུས་ཏེ་པདྨའི་སྣོད་དམ་དུང་ཆོས་སུ་བཟུང་བ་རྣམས་བླུགས་ཤིང་དབང་བསྐུར་བར་བྱའོ། །རྡུལ་
ཚོན་གྱི་དཀྱིལ་འཁོར་མ་འབྱོར་ན་ཡང་རས་ལ་སོགས་པ་ལ་གནས་པའི་དཀྱིལ་འཁོར་འབའ་ཞིག་ཏུ་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཉིད་མི་བསྐྱོད་པའི་བདག་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོས་མངོན་པར་དབང་བསྐུར་བར་བྱའོ། །དེའི་ཚེ་དེ་རྣམས་བདེ་བ་ཆེན་པོ་ལ་མཉམ་པར་འགྱུར་རོ། །

ཞེས་བསམ་པར་བྱའོ་ཞེས་པ་ནི་ཆུའི་དབང་བསྐུར་བ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །འགའ་ཞིག་ནི་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ་ཞེས་སོ། །ཁྲུས་ཀྱི་དཀྱིལ་འཁོར་རིམ་པ་ལས། །ཆུ་ཡི་དབང་བསྐུར་ཡང་དག་ཐོབ། །རྒྱན་རྣམས་རབ་འཛིན་
གང་ཡིན་པ། །དཀྱིལ་འཁོར་ཆེན་པོའི་ངོས་སུའོ། །དམར་པོའི་གོས་ནི་འཛིན་གྱུར་པ། །རྒྱལ་བའི་རྒྱན་རྣམས་ཀྱིས་ནི་བརྒྱན། །ཅོད་པན་དཀར་པོ་ཡང་དག་འཛིན། །གླུ་འདི་ཡིས་ནི་དགའ་བར་བྱ། །བདེ་བ་ཆེན་པོ་ཆགས་པ་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེན་པོ། །ཤེས་རབ་ཆེན་
པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔར་དེང་བདག་བསྒྲུབ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །རྡོ་རྗེའི་དབང་ཕྱུག་བླ་ན་མེད། །དབང་བསྐུར་ཐམས་ཅད་ཀུན་དོན་དུ། །དངོས་གྲུབ་ཐམས་ཅད་བདེ་རབ་སྩོལ། །ཇི་བཞིན་དང་པོའི་སངས་རྒྱས་དོན་དམ་བདེ་བ་སྟེར་བ་པོ། །ཇི་བཞིན་འདོད་པ་ཐར་པ་ནོར་དང་ཆོས་
རྣམས་སྟེར་བ་པོ། །ཇི་བཞིན་ཡེ་ཤེས་ལྔ་དང་ཤིན་ཏུ་དགའ་བའི་གྲོགས་བྱེད་པ། །ཇི་བཞིན་ཕྱག་ན་རྡོ་རྗེ་བདེ་བ་ཆེན་པོའི་མགོན་པོ་ཉིད། །ཛ་ཨ་ཨཱ་ཨི་བུདྡྷཱ་ས་ར་མ་ཐེ་དེ་ཧ་ཨོ། །ཛ་ཨ་ཀཱ་མོ་མོཀྑ་དྷ་ཎ་དྷརྨ་དཱ་ཨ་ཨོ། །ཛ་ཨ་པཉྫ་ཉ་ཎ་སུ་ར་ཨ་ས་ཧཱ་ཨ་ཨོ། །ཛ་ཨ་བཛྲ་པཱ་ཎི་མ་ཧཱ་སུ་
ཧ་ཎ་ཨོ། །སླར་ཡང་འདིར་ནི་བླ་མ་ཡི། །དཀྱིལ་འཁོར་བསྐོར་བ་གསུམ་བྱས་ཏེ། །དེ་ནས་ཤར་དུ་གནས་པ་ཡིས། །སྒོ་ཕྱེ་ནས་ནི་རྣམ་པར་གཞུག །སངས་རྒྱས་ཀུན་གྱི་དབང་བསྐུར་གྱིས། །བླ་མས་སློབ་མ་བསྡུ་བྱ་སྟེ། །མགོ་བོའི་དབུས་སུ་དཔྲལ་བ་དང་། །ལོགས་གཉིས་དེ་བཞིན་
སྤྱི་བོ་དང་། །རྒྱབ་ཏུ་འང་ཕྱག་རྒྱ་ཡང་དག་གཞག །སྔགས་འདི་རྗེས་སུ་བརྗོད་པར་བྱ། །ཨོཾ་བཛྲ་དྷཱ་ཏཱི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་བྷྲཱུཾ། ཨོཾ་རཏྣ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ། ཨོཾ་དྷརྨ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿ། ཨོཾ་ཀརྨ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ། དབང་བསྐུར་ཆེན་པོ་ཞེས་པ་ལ་སོགས་པའི་
ཚིགས་སུ་བཅད་པ་དང་། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ། ཞེས་བརྗོད་ཅིང་། སླར་ཡང་། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཿཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིངས་ལ། བཛྲ་ཏུ་ཥྱ་ཧོཿཞེས་བརྗོད་པས་མཉམ་པ་ཉིད་དུ་དགྱེས་པར་བྱའོ་ཞེས་པ་ནི་ཅོད་པན་གྱི་དབང་

བསྐུར་བ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ནས་སློབ་མ་ཧྲཱིཿདང་པདྨ་ཡོངས་སུ་གྱུར་པ་ལས། །སྣང་བ་མཐའ་ཡས་ཀྱི་གཟུགས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དེ། སློབ་མའི་སྙིང་གར་བཟུང་ནས། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་
དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་གཟུང་། །ཞེས་བརྗོད་ཅིང་སློབ་མའི་སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་ལ་རྡོ་རྗེ་རེག་ནས་ལག་པ་གཡས་པར་རྡོ་རྗེ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་བསྐུར་བ་སྟེ་སོ་སོར་རྟོག་པའི་ཡེ་ཤེས་
སོ། །དེ་ནས་སློབ་མ་ཁཾ་དང་རལ་གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་གཟུགས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་ལ་དྲིལ་བུའང་དོན་ཡོད་གྲུབ་པ་ཡོངས་སུ་གྱུར་པ་སྟེ་ལག་པ་གཡོན་པར་བྱིན་པ་ལ། རྡོ་རྗེ་དང་དྲིལ་བུར་ལྡན་པའི་ལག་པ་དག་གིས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་
ནས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་། ཨོཾ་བཛྲ་གྷཎྜེ་ཨཿཨཿ། བཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། །ཅེས་ཀྱང་འདོན་དུ་གཞུག་གོ་ཞེས་པ་ནི། དྲིལ་བུའི་དབང་བསྐུར་བ་སྟེ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེའི་རྗེས་
སུ་ཨོཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བསམས་ལ་མགོ་བོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་གཟུང་སྟེ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་
པ་སིདྡྷི་ས་མ་ཡ་སྟྭཾ་བྷུརྦྷུ་ཝ་སྭཿཞེས་པས་མེ་ཏོག་ལྷུང་བའི་རྗེས་སུ་འབྲངས་ནས་རང་གི་རིགས་ཀྱི་མིང་གི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཅན་གྱིས་མངོན་པར་དབང་བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའི་མིང་རྣམས་ནི་མཆོག་གི་དང་པོ་དང་། དཔེ་མེད་པ་དང་། ཤིན་ཏུ་དགའ་བ་
དང་། རོ་མཉམ་པ་དང་། རྣམ་པར་རྒྱལ་བ་དང་། ཨ་ལ་ལ་དང་། སེམས་དཔའ་དང་། བདེ་བ་ཆེན་པོ་དང་། ཡན་ལག་མེད་པ་དང་། ཡེ་ཤེས་དང་། ལྷན་ཅིག་སྐྱེས་པའི་རྡོ་རྗེ་རྣམས་སོ། །རེ་རེ་ལ་ཡང་རྡོ་རྗེའི་སྒྲ་མངོན་པར་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་མིང་

རྣམས་ཁོ་ནའོ། །མི་བསྐྱོད་པའི་བཞད་པ་དང་། རྣམ་པར་སྒེག་པ་དང་། དགའ་བ་དང་། སྒེག་པ་དང་། རོལ་པ་དང་། རང་བྱུང་དང་། ཞེ་སྡང་དང་། ཧེ་དང་། སྙིང་རྗེ་དང་། ཐུགས་དང་། ཧཱུཾ་མཛད་དང་། མིང་རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི། ཨོཾ་མཛད་དང་། རྟག་པ་དང་།
དེ་བཞིན་གཤེགས་པ་དང་། གཏི་མུག་དང་། སྒྱུ་མ་དང་། སངས་རྒྱས་དང་། གཟུགས་དང་། སྐུ་དང་། རྣམ་པར་སྣང་མཛད་དང་། རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་ཡིད་བཞིན་ནོར་བུ་དང་། མཁའ་དང་། ནམ་མཁའ་དང་། གཟི་བརྗིད་དང་། བདུད་ལས་རྒྱལ་བ་དང་། འོད་ཅེས་དང་།
ང་རྒྱལ་དང་། རིན་ཆེན་རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི་འདོད་ཆགས་དང་། སྤྱན་རས་གཟིགས་དང་། ཆོས་དང་། པདྨ་དང་། རྡོ་རྗེ་མྱུ་གུ་དང་། ཤིན་ཏུ་དགའ་བའི་མྱུ་གུ་དང་། དཔག་མེད་དང་། པདྨའི་མྱུ་གུ་དང་། མཆོག་གི་དགའ་བ་དང་། ཤིན་ཏུ་དགའ་བའི་དགའ་བ་དང་། སྙིང་
རྗེའི་མྱུ་གུ་དང་། གསུང་དང་། སྣང་བ་མཐའ་ཡས་རྡོ་རྗེ་རྣམས་སོ། །དོན་ཡོད་གྲུབ་པའི་རྟ་མཆོག་དང་། དམ་ཚིག་དང་། མཆོག་དང་། ཕ་རོལ་ཏུ་ཕྱིན་པ་དང་། ལས་དང་། རླུང་དང་། རེག་བྱ་དང་། ཕྲག་དོག་དང་། དོན་ཡོད་རྡོ་རྗེ་རྣམས་སོ། །བུད་མེད་རྣམས་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེ་
ཤུགས་མ་དང་། རྡོ་རྗེ་རོལ་མ་དང་། རྡོ་རྗེ་མྱོས་མ་དང་། རྡོ་རྗེ་ཀོངྐ་ཎ་དང་། རྡོ་རྗེ་བཞིན་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་འཆང་མ་ཞེས་པའོ། །མི་བསྐྱོད་པའི་རྡོ་རྗེ་བདག་མེད་མ་དང་། རྡོ་རྗེ་ཕྱག་མ་དང་། རྡོ་རྗེ་ཕྲེང་མ་དང་། རྡོ་རྗེ་མཱ་མ་ཀཱི་དང་། ཞེ་སྡང་དགའ་མ་ཞེས་པའོ། །རྣམ་པར་
སྣང་མཛད་ཀྱི་རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་གཽ་རཱི་དང་། སངས་རྒྱས་མཁའ་འགྲོ་མ་དང་། རྡོ་རྗེ་རྣམ་སྣང་མ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་སྤྱན་མ་དང་། གཏི་མུག་དགའ་ཞེས་པའོ། །རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་དབུགས་འབྱིན་མ་དང་།
རྡོ་རྗེ་འབར་མ་དང་། རྡོ་རྗེ་ང་རྒྱལ་མ་དང་། ང་རྒྱལ་མ་རྡོ་རྗེ་དང་། རྡོ་རྗེ་ནམ་མཁའ་མ་དང་། ནམ་མཁའ་རྡོ་རྗེ་མ་དང་། ནམ་མཁའ་དགའ་མ་ཞེས་བྱ་བའོ། །སྣང་བ་མཐའ་ཡས་ཀྱི་འདོད་ཆགས་མ་དང་། འདོད་ཆགས་རྡོ་རྗེ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་ཨེ་མ་བདེ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་

བློ་གྲོས་མ་དང་། རྡོ་རྗེ་བཞད་མ་དང་། རྡོ་རྗེ་གོས་དཀར་མོ་དང་། འདོད་ཆགས་དགའ་མ་ཞེས་པའོ། །དོན་ཡོད་གྲུབ་པའི་རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་སྒྱུ་མ་དང་། རྡོ་རྗེ་རྒོད་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། དམ་ཚིག་རྡོ་རྗེ་མ་དང་། རྡོ་རྗེ་དགའ་མ་ཞེས་པའོ། །མིང་གི་དབང་བསྐུར་བ་སྟེ། ཤིན་ཏུ་རྣམ་པར་
དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྔར་བཤད་པའི་དབང་བསྐུར་བ་འདི་རྣམས་ལ་སོ་སོར། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་ཅིང་། དབང་བསྐུར་ཆེན་པོ་རྡོ་རྗེ་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་ཀྱང་བཀྲུ་བར་བྱའོ། །
ཕྲེང་བ་དང་ཆུ་ལ་སོགས་པའི་དབང་བསྐུར་དྲུག་པོ་འདི་རྣམས་ནི། མ་རིག་པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པའི་རིག་པའི་དབང་བསྐུར་བ་ཞེས་བརྗོད་དོ། །དབང་འདི་རྣམས་བསྐུར་བའི་རིམ་པ་ནི། བྱ་བ་དང་སྤྱོད་པའི་རྒྱུད་ཉན་པ་དང་འཆད་པ་དང་སྔགས་བསྒྲུབ་པ་ལ་དབང་བསྐུར་བར་འགྱུར་རོ། །
སླར་ཡང་རྣལ་འབྱོར་བ་དང་རྣལ་འབྱོར་མའི་རྒྱུད་ཀྱང་ངོ་ཞེས། སློབ་དཔོན་གྱི་དབང་དུ་རློམ་པ་འདོད་པ་ནི་ལུང་དང་མི་ལྡན་ཏེ། ལྷན་ཅིག་སྐྱེས་དབང་དང་སྡོམ་པ་བྲལ་བ་རྣམས་ལ་དེའི་རང་གི་ངོ་བོ་མངོན་པར་བརྗོད་པར་བཅོམ་ལྡན་འདས་ཀྱིས་རྒྱུད་གང་དུ་ཡང་མ་བསྟན་ཅིང་རིགས་པ་ཡང་མ་ཡིན་ནོ། །དབང་
འདི་རྣམས་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་ལ་ནི་ཐུན་མོང་གི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བས་བསྐུར་བར་བྱའོ། །དོན་དུ་གཉེར་བ་ལ་ནི་གཉིས་ཀའི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བས་སོ། །དེ་ནས་སློབ་མས་ཡོན་ཕུལ་ལ་ཐལ་མོ་སྦྱར་ཏེ། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་
ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ་དུ་གསོལ། །ཞེས་བརྗོད་ཅིང་བླ་མ་ལ་གསོལ་བ་བཏབ་པ་དེ་ལ། རྡོ་རྗེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་བསམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་
བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སེམས་དཔའ་བདག་པོའི་བདག །བཅོམ་ལྡན་འདས་མཆོག་གི་དང་པོའི་སྐྱེས་བུ་ཞེས་བརྗོད་ཅིང་ལག་པ་གཡས་པར་རྡོ་རྗེ་སྦྱིན་པར་བྱ་སྟེ་རྡོ་རྗེའི་དམ་ཚིག་གོ། །དེ་ནས་དྲིལ་བུ་ཨ་ལས་སྐྱེས་པར་བསམས་ནས། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་

དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་གཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཅེས་བརྗོད་ཅིང་ལག་པ་གཡོན་པར་དྲིལ་བུ་སྦྱིན་པར་བྱ་སྟེ་དྲིལ་བུའི་དམ་ཚིག་གོ། །སློབ་མས་ཀྱང་དྲིལ་བུ་དེ། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས། །
རང་བཞིན་དག་མཆོག་སེམས་དཔའ་ཡི། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ་བར་བྱའོ། །དེ་ནས་གཞན་ཡང་ཕྱག་རྒྱའི་དམ་ཚིག་གསུངས་པ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་འདི་ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་
རབ་ཏུ་བསྒྲགས། །འདིས་ནི་ལྷག་པའི་བདག་ཉིད་ཡེ་ཤེས་ཀྱི་ཕྱག་རྒྱར་བྱིན་གྱིས་བརླབས་པ་ལ་ལག་པས་འཁྱུད་པའི་ཚུལ་བྱའོ་ཞེས་པ་ཕྱག་རྒྱའི་དམ་ཚིག་གོ། །མཆོག་གི་དང་པོ་ལས་གང་གསུངས་པ། རྡོ་རྗེ་དེ་ཉིད་ཀྱིས་ནི་གཟུང་། །དྲིལ་བུ་ཆོས་ཀྱིས་དཀྲོལ་ནས་ནི། །དམ་ཚིག་གི་ནི་ཕྱག་རྒྱ་ཆེ། །
བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། ཞེས་སོ་དམ་ཚིག་གསུམ་སྦྱིན་པའི་ཆོ་གའོ།། །།དེ་ནས་དམ་ཚིག་གསུམ་གཟུང་བ་ནི། སློབ་མ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ཏེ། སྙིང་གའི་ས་བོན་གྱིས་བསྐུལ་བའི་ལྷ་མོ་རྣམས་དང་དེ་བཞིན་གཤེགས་པ་ནམ་མཁར་བཞུགས་པ་རྣམས་
ཀྱིས་མངོན་པར་དབང་བསྐུར་བཞིན་པར་རྣམ་པར་བསམས་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་གསུམ་ཡང་དག་འབྱུང་བའི་གནས། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ།
ཞེས་བརྗོད་པས་དབང་བསྐུར་བར་བྱའོ། །དེ་ནས་མི་བསྐྱོད་པ་ཅོད་པན་དུ་བསམས་ཏེ། གཞན་དེ་བཞིན་གཤེགས་པ་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོས་བཅུག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་ཅིང་། དེ་རྣམས་ལ་མེ་ཏོག་ལ་
སོགས་པ་དབུལ་བར་བྱའོ། །གང་གསུངས་པ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་སོ། །དེའི་རྗེས་སུ་མདོར་བསྡུས་པས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དཀྱིལ་འཁོར་གྱི་

རྣམ་པར་དག་པ་ཡང་བརྗོད་པར་བྱའོ། །ཕུང་པོ་དྲི་མེད་ཉིད་ནི་དཀྱིལ་འཁོར་ཏེ། །མཐའ་དག་ལྷ་མོའི་ཚོགས་ཀྱི་རྣམ་པར་ངེས། །ཧེ་རུ་ཀ་དང་དཔའ་བོ་དེ་བཞིན་གཤེགས། །དེར་ཡང་ལུས་དང་རོ་ཡི་རྒྱུན་ལས་རྟོགས། །ཞེས་པ་ཕྱིར་མི་ལྡོག་པའི་དབང་བསྐུར་བ་སྟེ། །མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་
གའོ།། །།དེ་ནས་རྡོ་རྗེ་སེམས་དཔའི་རྣམ་པར་བལྟས་ནས། མེ་ཏོག་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ཅིང་བསྟོད་དེ། སྒེག་པ་དང་བཅས་པའི་མེ་ཏོག་གཅིག་གིས་སློབ་མ་ལ་བསྣུན་ནས་འདི་རྣམས་བརྗོད་པར་བྱའོ། །དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པ་རྣམ་རོལ་ཕྱིར། །
རྡོ་རྗེ་བསྙེམས་མའི་རྣལ་འབྱོར་གྱིས། །དགའ་མཆོག་བདེ་བའི་མཆོད་པ་གྱིས། །ཨཱཿ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །འདི་རྣམས་འབྲལ་བར་མི་འགྱུར་ཏེ། །ཕྲེང་བ་འདི་ནི་རྒྱན་ཡིན་ནོ། །ཨོཾ། །ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་གྱིས། །དེ་
ཡིས་བདེ་གཤེགས་དངོས་གྲུབ་ནི། །ཤིན་ཏུ་བདེ་བ་ཐོབ་པར་འགྱུར། །གཱི། དེ་ཉིད་ཐལ་མོའི་གར་གྱིས་ནི། །རྫོགས་སངས་རྒྱས་ལ་རྗེས་ཆགས་པའི། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་བསྒྱུར་བར་གྱིས། །ཧོ། །རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །དམ་ཚིག་བརྟུལ་ཞུགས་
ལེགས་བསྒོས་པའི། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱི་ནི་ཚུལ་དུ་བགྱིས། །ཨཱཿ། སངས་རྒྱས་རྣམས་ལ་མེ་ཏོག་དོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུཾ། ཆོས་ཀྱི་མེ་ནི་ལེགས་སྦར་བས། །རྡོ་རྗེ་
ཆོས་དང་འདྲ་བར་རང་། །སེམས་ཅན་མ་རིག་ལྡོངས་རྣམས་ལས། །ཡེ་ཤེས་སྣང་བས་གསལ་བར་གྱིས། །པྲ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་གཟིགས་པ་ཡིས། །བྱང་ཆུབ་ལུས་ཅན་རྣམས་ལ་བསྐོར། །གཿ། དེ་ནས་རང་གི་སྙིང་
པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་ཏེ། བཅོམ་ལྡན་གྱིས་གཟུངས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་པར་བྱའོ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་

མཛད་དུ་གསོལ། །ཞེས་འདིས་གཟུངས་ལན་གསུམ་བཟླས་སོ། །སྔགས་གཏད་པའི་ཆོ་གའོ།། །།འདིའི་རྗེས་སུ་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་སྦྲང་རྩི་དང་མིག་སྨན་ཐུར་མས་བླངས་ནས་དེ་དག་ཉིད་ཀྱིས་བསྐུ་ཞིང་སྔགས་ཀྱི་དེ་ཁོ་ན་ཉིད་རིག་པས། ཨོཾ་བཛྲ་
ནཻ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱིཿ། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ཞེས་བརྗོད་པར་བྱ་སྟེ་མིག་སྨན་གྱི་ཆོ་གའོ།། །།དེ་ནས་མེ་ལོང་བླངས་ལ། ཨཿཡིག་གིས་མངོན་པར་བསྔགས་ནས་
སློབ་མའི་གདོང་ལ་བསྟན་ཞིང་ཚིགས་སུ་བཅད་པ་འདི་བརྗོད་པར་བྱ་སྟེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེ་ནི་དག་གསལ་རྙོག་
པ་མེད། །སངས་རྒྱས་ཀུན་བདག་བདག་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་པའོ། །མེ་ལོང་བསྟན་པའི་ཆོ་གའོ།། །།དེ་ནས་
ཧོཿཡིག་ལས་བྱུང་བའི་གཞུ་ཧོཿཞེས་བརྗོད་ཅིང་། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭ་ཞེས་པས་བྱིན་ནས་མདའ་འཕང་བའི་ཚེ་ཡང་སློབ་མས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་ཞེས་པས་བྱིན་ནས། བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་འཕང་བར་བྱ་སྟེ་སྟེང་དུ་
གཅིག་དང་འོག་ཏུ་གཞན་ནོ་ཞེས་པ་མདའ་འཕང་བའི་ཆོ་གའོ།། །།དབང་བསྐུར་བ་འདི་རྣམས་ཐམས་ཅད་དུ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་དབང་བསྐུར་བར་བྱའོ་ཞེས་སློབ་དཔོན་གྱི་དབང་བསྐུར་ཏེ་ལུས་རྣམ་པར་སྦྱོང་བའོ། །དེ་
ནས་འཆད་པར་འགྱུར་བའི་དམ་ཚིག་འཁོར་ལོའི་ཚོགས་དམ་ཚིག་བྱས་ནས་ཡོལ་བས་བཅད་པ་ལ་སོགས་པ་དབེན་པར་བྱས་ནས་སློབ་མ་ལ་རབ་ཏུ་བསྟན་པའི་ཆེད་དུ་གཟུགས་དང་ལང་ཚོ་ལ་སོགས་པས་བརྒྱན་ཅིང་། དམ་ཚིག་དང་སྡོམ་པ་དང་སྐལ་བར་ལྡན་པ་འམ་མ་རྙེད་ན་གཞན་

ཡང་རུང་བའི་ཤེས་རབ་མ་བླ་མ་ལ་གསང་བའི་དོན་དུ་དབུལ་བར་བྱའོ། །དེ་ལ་བླ་མ་རྡོ་རྗེ་སེམས་དཔའི་ངོ་བོར་ལྷག་པར་མོས་པས་ཐལ་མོ་སྦྱར་ཏེ། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོ་རྗེས་སུ་གཟུང་བར་
མཛོད། །ཅེས་པ་ལན་གསུམ་གྱིས་གསོལ་བ་གདབ་པར་བྱའོ། །དེ་ནས་རིམ་པས་དམ་ཚིག་ལ་ཉེ་བར་བཞག་སྟེ། དེ་ལ་ཏིང་ངེ་འཛིན་གསུམ་གྱིས་དགེ་བའི་བླ་མས། ཐ་མལ་བའི་བུད་མེད་ཀྱི་གཟུགས་སྟོང་པ་ཉིད་ཀྱི་རྗེས་ལ་ལྷ་མོའི་གཟུགས་སུ་བསྐྱེད་པ་དེ་དང་། རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་
བས་སྙོམས་པར་འཇུག་པར་བྱ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པས་སྤྱན་མ་ལ་སོགས་པ་དང་སྙོམས་པར་འཇུག་པ་བཀུག་སྟེ། རྣམ་པར་སྣང་མཛད་ཀྱི་སྒོ་
ནས་བདག་ཉིད་ལ་བཅུག་པ་རྣམས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་པ་ཨ་ཝ་དྷཱུ་ཏཱི་ནས་འགྲོ་བར་བསམས་ལ། རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པ་བསྟན་པར་བྱ་ཞིང་། མཐེ་བོང་དང་མིང་མེད་དག་གིས་རྡོ་རྗེ་ནོར་བུ་བཙིར་ནས་པདྨ་ལས་བྱུང་བའི་དེ་བཞིན་གཤེགས་པ་ཞུ་བ་དེ་རྣམས་རང་གི་བྱང་ཆུབ་ཀྱི་
སེམས་དང་དབྱེར་མེད་པར་མོས་པར་བྱ་སྟེ། གསུང་རྡོ་རྗེའི་ངོ་བོས་སློབ་མ་རྣམས་ལའོ། །ཐབས་དང་ཤེས་རབ་སྦྱོར་བ་མཐོང་ནས་མ་དད་པར་དོགས་པར་གདོང་གཡོགས་བཅིངས་ལ། དེར་འཇུག་པ་རྣམས་རྣལ་འབྱོར་མའི་ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་ནས་གཞུག་པར་བྱ། པུས་མོ་བཙུགས་ནས་མེ་ཏོག་
དང་བཅས་པའི་ཐལ་མོ་སྦྱར་ཞིང་། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེའི་སྦྱོར་ལས་ཡང་དག་བྱུང་། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །ཁྱབ་བདག་བདག་ཀྱང་དེ་འདྲར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་
སྐྱབས་མེད་བདག་ལ་སྐྱོབས། །ཞེས་པས་བླ་མ་ལ་བསྟོད་པ་བྱའོ། །དེ་ནས་བླ་མས་ལངས་ཏེ། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་བཞིན་བུ་ཁྱོད་དབང་བསྐུར་བགྱི། ཞེས་པའི་ཚིགས་བཅད་བརྗོད་པ་སྔོན་

དུ་འགྲོ་བས། ཨོཾ་ཨཱཿབཛྲ་དྷྲྀ་ཀ་ཧཱུཾ་ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་དབང་ཕྱུག་གི་སྔགས་རྣམས་ཇི་ལྟ་བ་བཞིན་དུ་བརྗོད་པས་སློབ་མའི་ཁར་དབབ་པར་བྱའོ། །དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པའི་སློབ་མ་ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་
བཏུང་བར་བྱའོ། །ཤེས་རབ་ཀྱིས་ཀྱང་ལངས་ནས་གོས་མེད་པ་ཉིད་དུ་ལྷུང་བའི་ཆུ་སྐྱེས་ན་གནས་པ་དེ་བཞིན་གཤེགས་པའི་བདུད་རྩིའི་ཐིག་ལེ་རྣམས་དེའི་ཁར་གཞུག་པར་བྱ་སྟེ། དེས་ཀྱང་དེ་བཞིན་དུ་བཏུང་བར་བྱའོ་ཞེས་པ། གསང་བའི་མངོན་པར་དབང་བསྐུར་བ་སྟེ་ངག་རྣམ་པར་སྦྱོང་བའོ། །དེའི་རྗེས་ལ་
དེའམ་གཞན་ཡང་རུང་བའི་ཤེས་རབ་མ་དམ་ཚིག་དང་སྡོམ་པ་ལ་གནས་པའམ། གཞན་ཡང་རུང་སྟེ་གཟུགས་དང་ལང་ཚོ་ཅན་ལ་སོགས་པ་དང་ལྡན་ཞིང་། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་ལས། གསང་བའི་དབང་བསྐུར་བླ་མེད་ཐོབ། །ཤེས་རབ་ཡེ་ཤེས་དབང་བསྐུར་གྱིས། །མགོན་པོ་རྗེས་སུ་གཟུང་
བར་མཛོད། །ཅེས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པ་ཅན་གྱིས་སློབ་མ་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟན་བྱར་སངས་རྒྱས་རྣམས་ཀྱིས་བསྟན། །འཁོར་ལོའི་རིམ་པ་སྦྱོར་བ་ཡིས། །དམ་པའི་བདེ་བ་མྱོང་བར་གྱིས། །དགའ་སྦྱིན་གནས་སྦྱིན་ལྷ་མོ་འདི། །
སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཟུང་ཞིག་ཟུང་ཞིག་སེམས་དཔའ་ཆེ། །ཞེས་གོ་བར་བྱས་ནས་གཏད་པར་བྱའོ། །དེ་ནས་རིག་མས་ཀྱང་འདོད་ལྷ་བཞིན་དུ་སྒྲུབ་པ་པོ་ལ་རྣམ་པར་བལྟ་ཞིང་། གོས་དང་བྲལ་བ་ལ་མེ་ཏོག་གི་རྒྱན་རྣམས་ཀྱིས་བརྒྱན་ཏེ་ལངས་ནས་གཡོན་བརྐྱང་ལ་སོགས་
པ་རྣམས་ཀྱིས་སྒེག་པར་བྱས་ལ་གཡས་བརྐྱང་གི་རྐང་སྟབས་ཀྱི་ཚུལ་དང་། ཟླུམ་པོའི་རྐང་སྟབས་དང་། ཙོག་པུ་རྣམས་ཀྱང་བྱ་ཞིང་། བཞི་མཉམ་ལ་སོགས་པ་རྣམས་ཀྱིས་དྲི་ཞིམ་པར་བྱས་ཏེ། ཆུ་སྐྱེས་གསལ་པོར་ཉེ་བར་བསྟན་ནས་དགའ་བས་འདི་ཉིད་བརྗོད་པར་བྱའོ། །ཨེ་
མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་གས་སྟེན་བྱེད་པ། །དེ་ཡི་མདུན་ན་ང་གནས་སོ། །སངས་རྒྱས་བསྟན་པ་ལ་སོགས་པ། །བྱ་བ་པདྨར་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ཀྱང་། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། །བྷཉྫ་མོཀྵ་ཧོཿཞེས་འདོན་

པས་སོ། །དེས་ཀྱང་ལངས་ནས་འོ་བྱས་ལ་ཡང་དག་པར་འཁྱུད་དེ་གནས་པར་བྱའོ། །དེ་ལ་བླ་མས་དགའ་བ་ལ་སོགས་པའི་དབྱེ་བ་བཤད་པར་བྱ་སྟེ། རྡོ་རྗེ་པདྨར་རབ་བཞག་ནས། །བྱང་ཆུབ་སེམས་ནི་སྤྲོ་མི་བྱ། །བསྐྱོད་བྱས་དེ་ནི་དགའ་བ་ཡི། །སེམས་ནི་བསྐྱེད་ཅིང་བསྒོམ་པར་བྱ། །རྣལ་
འབྱོར་ཅན་གྱིས་བྱང་ཆུབ་སེམས། །ཇི་སྲིད་གཤེགས་པར་མི་བྱ་བར། །གང་ཡང་དགའ་བདེ་སྐྱེས་ཐོབ་པ། །དེ་སྲིད་རྒྱུན་མི་འཆད་པར་བསྟེན། །དངོས་གྲུབ་ཀུན་གྱི་བསྟེན་གྱུར་པ། །བྱང་ཆུབ་སེམས་ནི་ལྷུང་བ་ན། །རྣམ་ཤེས་ཕུང་པོ་བརྒྱལ་འགྱུར་བས། །མ་སྨད་དངོས་གྲུབ་ག་ལ་ཡོད། །
མཁའ་དབྱིངས་རྡོ་རྗེ་སྦྱོར་བ་ཡིས། །རེག་པ་རྨད་བྱུང་ཆེན་པོ་སྟེ། །བདེ་བ་སྐྱེས་པ་གང་དེ་ནི། །མཆོག་ཏུ་དགའ་བའི་བྱེད་པ་པོ། །ཞེས་པ་དང་། ནམ་མཁའ་ནོར་བུ་པདྨ་ཡི། །ཟེའུ་འབྲུ་བལྟམས་པའི་གནས་དག་ལ། །རྡོ་རྗེ་སྐྱིལ་ཀྲུང་གིས་ནི་སེམས། །ནོར་བུའི་ནང་དུ་གནས་པར་བལྟ། །
ངེས་པར་སྐྱེས་པའི་ཡེ་ཤེས་གང་། །ཡེ་ཤེས་དེ་ནི་དྲི་མེད་གཟུགས། །མཆོག་དང་དགའ་བྲལ་དག་པའི་དབུས། །མཚན་ཉིད་བལྟས་ཏེ་བརྟན་པར་བྱ། །ཞེས་པས་བླ་མའི་བཀའ་དྲིན་ལས་དགའ་བ་སོ་སོའི་དབྱེ་བ་དང་ལྡན་པར་རང་ཉིད་ལྷའི་སྐུ་དང་ཤེས་རབ་མ་ལྷ་མོའི་གཟུགས་སུ་བསྐྱེད་ནས།
ཧྲཱིཿདང་ཧཱུཾ་དག་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་གི་ཟེའུ་འབྲུ་དང་ནོར་བུ་དག་ཨཿདང་ཨོཾ་དག་ལས་སྐྱེས་པ་དང་། །རྡོ་རྗེའི་ཁར་ཕཊ་ཡིག་སེར་པོ་རྣམ་པར་བསྒོམས་ལ་གཡོན་གྱི་ཆར་གནས་པའི་རྩ་དང་མཛུབ་མོ་དང་ལྕེ་རྣམས་ཀྱི་རྩེ་མོར་ཡང་ཧྲཱིཿཡིག་དམར་པོ་གནས་ཤིང་། ཤཱིཏ་ཡིག་སྔོན་དུ་
འགྲོ་བས་ཡང་དག་པར་བསྐུལ་སྟེ། ཨོཾ་ཤཱི་ཤཱི་ཤཱི་ཤཱི་ཧ་ཧ་ཧ་སྭཱ་ཧཱ། ཞེས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཏོ། ཞེས་པའི་སྔགས་བཟླས་ཤིང་། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ལུས་ལ་བཅུག་སྟེ།
བླ་མས་ཀྱང་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པ་དཔག་ཏུ་མེད་པ་བཅུག་པ་དང་རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱའོ། །གང་ཚེ་རྣལ་འབྱོར་ཡེ་ཤེས་མཐོང་། །བདེ་བས་གནས་ཏེ་འགྱུར་བ་མེད། །ཐུན་ཚོད་ཡང་ན་ཉིན་ཞག་གམ། ཕྱོགས་དང་ཟླ་བ་ལོ་ཡིས་སམ། །

བསྐལ་པའམ་བསྐལ་པ་སྟོང་ཕྲག་ཏུ། །ཡེ་ཤེས་མངོན་སྦྱོར་གནས་པར་བྱ། །ཞེས་པ་དང་། སློབ་མས་དེ་ཡི་ཆ་གཟུང་སྟེ། །པདྨའི་ནང་དུ་སྤྲོ་བར་བྱ། །དེ་ནས་བཅུད་ལེན་སེམས་ཀྱིས་ནི། །བྱང་ཆུབ་སྔོན་དུ་གཟུང་བར་བྱ། །ཞེས་པ་ཤེས་རབ་ཡེ་ཤེས་ཀྱི་མངོན་པར་
དབང་བསྐུར་བ་སྟེ་ཐུགས་རྡོ་རྗེ་རྣམ་པར་སྦྱོང་བའོ། །དེའི་རྗེས་སུ། ཤེས་རབ་ཡེ་ཤེས་དབང་བསྐུར་གྱིས། །སེམས་ཀྱི་རྡོ་རྗེ་རྣམ་པར་སྦྱངས། །ད་ནི་བདག་ལ་བཞི་པ་ཡང་། །འདྲེན་པས་བཀའ་དྲིན་མཛད་དུ་གསོལ། །ཞེས་པ་གསོལ་བ་བཏབ་བ་ཅན་གྱི་སློབ་མ་ལ། སྔར་གྱི་དོན་གྱི་ཡང་དག་
པའི་དེ་ཁོ་ན་ཉིད་ཚིག་གིས་བསྟན་པར་བྱ་སྟེ། ཇི་སྐད་གསུངས་པའི་ཆོ་གས་མངོན་སུམ་དུ་གཟུང་བའི་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་དེ་བཞིན་དུ་བཞི་པར་མངོན་པར་བརྗོད་ཅིང་འབྲས་བུར་གྱུར་པའི་དབང་བསྐུར་བ་རིན་པོ་ཆེ་བཤད་པར་བྱའོ། །མ་ཡིན་པར་གཞན་དུ་ན་དམ་ཚིག་ཟད་པའི་འཇིགས་
པ་དེ་ནི་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཇི་ལྟར་གསུངས་པའི་ཆོ་གས་དབང་བསྐུར་སྦྱིན། །སློབ་མའི་མོས་པའི་ཡིད་ནི་ཡང་དག་བརྟག །རྒྱ་ཆེན་ཟབ་མོའི་ཚུལ་ལ་ལྷག་མོས་ན། །དབང་བསྐུར་རིན་ཆེན་དེ་ཉི་ཚིག་གིས་སྦྱིན། །ཞེས་པ་དང་སླར་ཡང་། དབང་བསྐུར་མེད་ན་རྣལ་འབྱོར་བ། །
རྣལ་འབྱོར་ཉིད་ལ་སླུ་བར་བྱེད། །མཁའ་ལ་ཁུ་ཚུར་བསྣུན་པ་དང་། །རི་དགས་སྐོམ་ནི་འཐུང་བའོ། །བྱང་ཆུབ་སེམས་དཔའི་འདུལ་བ་ལ་ཡང་སྡོམ་པ་མེད་ན་ནི་ཐར་པ་འཛིན་པ་མ་ཡིན་ནོ་ཞེས་སོ། །འོ་ན་འདི་ནི་རྒྱ་ཆེན་པོ་ལ་ལྷག་པར་མོས་པའོ་ཞེས་བྱ་བར་ཇི་ལྟར་ཁོང་དུ་ཆུད་པར་བྱ་ཞེ་ན།
དེ་གསུངས་པ། ཆུ་སྐྱར་ལས་ནི་ཆུ་ཡོད་དང་། །དུ་བ་ལས་ནི་མེར་ཤེས་བཞིན། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཤིན་ཏུ་རབ་དང་ཆུ་སྐྱེས་གདོང་། །དགའ་བ་རབ་རྒྱས་ལུས་ལས་སྐྱེས། །དེ་ཉིད་བལྟས་ན་མཁས་པ་ཡིས། །དམ་པའི་
སློབ་མ་རྗེས་སུ་གཟུང་། །ཞེས་སོ། །དེ་ཉིད་ཀྱེའི་རྡོ་རྗེར་ཡང་གསུངས་པ། །དབང་བསྐུར་རྣམ་གསུམ་དབྱེར་མེད་པ། །རྒྱུད་འདི་ལས་ནི་རྣམ་པར་གནས། །སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ཡང་དེ་བཞིན་ནོ། །སྐད་ཅིག་དགོད་དང་ལག་པས་ཐོབ། །དེ་ཡང་འཁྱུད་པ་

རྒྱུད་ལས་ཏེ། །དགོད་པ་དག་ལ་སློབ་དཔོན་ཉིད། །ལྟ་བ་གསང་བ་དེ་བཞིན་ཏེ། །ལག་བཅངས་ལས་ནི་ཤེས་རབ་ཉིད། །གཉིས་གཉིས་འཁྱུད་ལ་དེ་ཡང་ངོ་། །དགའ་བ་དང་ནི་མཆོག་དགའ་ཉིད། །དགའ་བྲལ་ལྷན་སྐྱེས་དེ་བཞིན་ཏེ། །སྣ་ཚོགས་དང་ནི་རྣམ་སྨིན་དང་། །རྣམ་ཉེད་དེ་བཞིན་མཚན་ཉིད་
བྲལ། །དབང་གི་རིམ་པའི་ཆོ་ག་ཀུན། །ཤེས་རབ་ཡན་ལག་ཆགས་ལས་སྐྱེས། །དགའ་བའི་བདེ་བ་ཅུང་ཟད་སྐྱེ། །མཆོག་ཏུ་དགའ་བ་དེ་བས་ལྷག །དགའ་བྲལ་དགའ་བ་ཆགས་བྲལ་ཡིན། །ལྷག་མ་ལྷན་ཅིག་སྐྱེས་དགར་འགྱུར། །དང་པོ་རེག་པར་འདོད་པ་སྟེ། །གཉིས་པ་བདེ་བར་འདོད་པ་ཡིན། །
གསུམ་པ་འདོད་ཆགས་འཇིགས་པ་ཉིད། །དེ་ནས་བཞི་པ་བསྒོམ་པར་བྱ། །སྣ་ཚོགས་དང་པོའི་དགའ་བ་སྟེ། །རྣམ་སྨིན་ལ་ནི་མཆོག་དགའ་བ། །རྣམ་ཉེད་དགའ་བྲལ་དགའ་བ་ཡིན། །མཚན་བྲལ་ལྷན་ཅིག་སྐྱེས་དགའ་ཉིད། །འཁྱུད་དང་འོ་བྱེད་ལ་སོགས་པ། །སྣ་ཚོགས་རྣམ་པ་སྣ་ཚོགས་
བརྗོད། །རྣམ་སྨིན་དེ་ལས་བཟློག་པ་སྟེ། །ཡང་དག་བདེ་བའི་ཡེ་ཤེས་སྤྱོད། །རང་ཉིད་བདེ་བ་སྤྱད་པ་ཡི། །གོས་ནི་རྣམ་པར་ཉེད་པར་གསུངས། །མཚན་ཉིད་བྲལ་བ་གསུམ་ལས་གཞན། །ཆགས་དང་ཆགས་བྲལ་རྣམ་པར་སྤངས། །དེ་ཉིད་ཀྱི་ཕྱིར་གསུངས་པ། འདོད་ཆགས་མ་ཡིན་ཆགས་
བྲལ་མིན། །དབུ་མར་དམིགས་པ