Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 75

Văn bản gốc(Tây Tạng)

Trang 1 / 15 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། བཛྲ་ཨཱ་བ་ལི་ནཱ་མ་མཎྜ་ལ་ཨུ་པཱ་ཡི་ཀཱ། བོད་སྐད་དུ། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་
ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་དབང་ཕྱུག་ལ་འདུད་བདུད་རྣམས་སྲིད་དགྲའི་ཞབས་དྲན་གྱིས་ཤིག་ཀྭའི། །ཁྲོ་བོ་རྣམས་ནི་ཕྱོགས་སུ་རྒྱུག་མཛོད་རྡོ་རྗེ་ལྷ་མོ་བཀྲ་ཤིས་གླུ་དབྱངས་ལོང་། །དཔལ་ལྡན་
རྡོ་རྗེ་འཆང་གི་ཕུན་ཚོགས་དཀྱིལ་འཁོར་ཆེན་པོར་འགྲོ་བ་ཡོངས་གཟུང་ཕྱིར། །འཇིགས་པ་མེད་པའི་མཐུ་ཡིས་བགེགས་མེད་འདིར་ནི་རྡོ་རྗེ་ཕྲེང་བ་འདུ་བར་ཤོག །གང་གི་འོད་ཀྱིས་ནང་གི་མུན་བསལ་ནས། །རྡོ་རྗེ་
འཆང་དཔལ་སྐུར་བཅས་འཛིན་པ་འདི། །རྡོ་རྗེ་འཆང་གིས་ཕྱི་ནང་རྡོ་རྗེ་བཞིན། །རིམ་པར་བརྒྱུད་པ་སྙིང་ལ་གཟུང་བར་མཛོད། །དཀྱིལ་འཁོར་ལ་སོགས་ཆོ་ག་ནི། །སྟོན་པས་རྒྱུད་སྡེ་གཉིས་སུ་སྤྲོས། །དེ་
འདིར་བྱ་བ་ནུས་བསྡུས་ནས། །གསལ་བར་རིམ་པས་བཤད་པར་བྱ། །གཞན་ཡང་སློབ་དཔོན་རྣམས་ཀྱིས་བྱ་བའི་གཞུང་མཛད་རྣམས། །རྫོགས་དང་སྐབས་སུ་བབ་དང་གསལ་བར་བརྗོད་པ་མིན། །ཁ་ཅིག་ཀྱང་

ནི་གདམས་པ་དང་བྲལ་རིགས་པ་མེད། །དེ་ཕྱིར་ཁོ་བོའི་འདི་ནི་དེ་འདིར་ཡོན་ཏན་བརྒྱན། །འདིར་སེམས་ཅན་ཐམས་ཅད་ཐོག་མ་མེད་པའི་མ་རིག་པ་ལ་སོགས་པ་དོར་བར་དཀའ་བའི་འཆིང་བ་བརྒྱུད་པས་བཅིངས་པའི་བློ་ཅན་
བཟློག་པར་དཀའ་བའི་ལས་ཀྱི་རླུང་གི་ཤུགས་ཀྱིས་འཕངས་ལ། ཕལ་ཆེར་ངན་སོང་གསུམ་དང་བདེ་འགྲོ་གཉིས་ཀྱིས་འཁོར་བའི་རྒྱ་མཚོ་ཟབ་མོའི་དཔའ་ཀློང་ཤིན་ཏུ་རྒལ་དཀའ་བར་སོ་སོར་ཡང་དང་ཡང་དུ་ལྷུང་ཞིང་འཐོན་པས་དལ་སྐབས་མེད་ཅིང་
རང་དབང་མེད་པར་ལུས་ལེན་པ་རྣམས་སྙིང་རྗེ་མཆོག་ཏུ་གཞོལ་བས་ཡང་དག་པར་འདོན་པར་བརྩོན་པ་རྣམས་ཀྱིས། དང་པོར་མཆོད་ཡོན་ལ་སོགས་པ་ཉེ་བར་མཁོ་བ་བསགས་པ་ལ་སོགས་པའི་རིམ་པས་ཡིད་དུ་འོང་བའི་གཙུག་ལག་ཁང་ལ་སོགས་
པ་བྱ་བ་དང་། རབ་ཏུ་གནས་པ་བྱ་བ་ལ་སོགས་པ་བསྒྲུབ་པ་དང་། དབང་བསྐུར་དང་། ཐོས་བསམ་ལ་སོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་ཇི་ལྟར་རིགས་པར་སྤྲོ་བ་བསྐྱེད་དུ་གཞུག་གོ། །དེ་ནས་སློབ་དཔོན་མང་དུ་ཐོས་པ། གསང་
སྔགས་ཀྱི་ཚུལ་ལ་མཁས་པ། བློ་བརྟན་པ། སེར་སྣ་མེད་པ། སྤྲོ་བའི་ངང་ཚུལ་ཅན། སྙིང་རྗེ་དང་ལྡན་པས་རིམ་པ་བཞིན་དུ་གཙུག་ལག་ཁང་ལ་སོགས་པར་མཆོད་ཡོན་དང་། མཆོད་ཡོན་ལ་སོགས་པ་དབུལ་བའི་མཚན་ཉིད་དང་། སྔོན་དུ་

བསྙེན་པའི་དགོས་པ་དང་། སློབ་མ་བསྡུ་བ་དང་། ས་བརྐོ་བ་དང་། ས་སྦྱང་བ་དང་། ས་གཟུང་བ་དང་། བགེགས་ལ་ཕུར་བུ་གདབ་པ་དང་། སའི་ལྷ་མོ་ལྷག་པར་གནས་པ་དང་། བུམ་པ་ལྷག་པར་གནས་པ་དང་། ལྷ་ལྷག་པར་གནས་པ་དང་། དཀྱིལ་འཁོར་གྱི་ཐིག་གདབ་པ་དང་། ཚོན་དགྱེ་བ་
དང་། བུམ་པ་དགོད་པ་དང་། དཀྱིལ་འཁོར་བསྒྲུབ་པ་དང་། སྐུ་གཟུགས་ལ་སོགས་པའི་རབ་གནས་དང་། རྫིང་ལ་སོགས་པའི་རབ་གནས་དང་། ཨ་མྲའི་སྐྱེད་མོས་ཚལ་ལ་སོགས་པའི་རབ་གནས་དང་། སློབ་མ་ལྷག་པར་གནས་པ་དང་། སློབ་དཔོན་འཇུག་པ་དང་། སློབ་མ་འཇུག་པ་དང་།
ཕྲེང་བ་དང་། ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། དྲིལ་བུ་དང་། མིང་གི་དབང་དང་། དམ་ཚིག་གསུམ་སྦྱིན་པ་དང་། སློབ་དཔོན་གྱི་དབང་དང་། སྔགས་སྦྱིན་པ་དང་། མིག་སྨན་དང་། མེ་ལོང་གི་དབང་དང་། མདའ་འཕང་བ་དང་། གསང་བ་དང་། ཤེས་རབ་ཡེ་ཤེས་དང་། དབང་བཞི་
པ་དང་། རིག་མའི་བརྟུལ་ཞུགས་དང་། རྡོ་རྗེའི་བརྟུལ་ཞུགས་དང་། སྤྱོད་པའི་བརྟུལ་ཞུགས་དང་། ལུང་བསྟན་པ་དང་། རྗེས་སུ་གནང་བ་དང་། དབུགས་དབྱུང་བ་དང་། རང་དབང་བསྐུར་བ་དང་། སྦྱིན་སྲེག་དང་། དཀྱིལ་འཁོར་བསྡུ་བ་དང་། ཡིད་ཀྱི་དཀྱིལ་འཁོར་བསྡུ་བ་དང་། གཏོར་མ་དང་།
བགེགས་བཟློག་པ་དང་། རྡོ་རྗེ་དྲིལ་བུའི་མཚན་ཉིད་དང་། བཟུང་བ་སྟེ་ཆོ་ག་ལྔ་བཅུ་བསྒྲུབ་པར་བྱའོ། །དེ་ལ་ཉི་མ་བཟང་པོའི་སྔ་དྲོ་ལ། གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས་གཙུག་ལག་ཁང་ལ་སོགས་པའི་ས་བརྟག་པར་བྱའོ། །དེ་ལ་ཤར་དུ་ཤིང་ཨ་ཤྭདྠ་དང་། མེར་ཤིང་ཨརྫུན་དང་། ལྷོར་ཤིང་པ་
ལཀྵ་དང་། བདེན་བྲལ་དུ་ཤིང་པ་ལཱ་ཤ་དང་། ནུབ་ཏུ་ཤིང་ནྱ་གྲོ་དྷ་དང་། རླུང་དུ་ཤིང་ཤལ་མ་ལི་དང་། བྱང་དུ་ཤིང་བ་ཀུ་ལ་དང་། དབང་ལྡན་དུ་ཤིང་ཨུ་དུམྺཱ་ར་དང་། ས་ཤིན་ཏུ་རུས་སྦལ་གྱི་རྒྱབ་ལྟ་བུ་ནི་འཆི་བའམ་ནོར་ཉམས་པའི་རྒྱུ་ཡིན་པ་དང་། བྱང་མཐོ་བ་ནི་རིགས་ཆད་པས་འཇིགས་པ་དང་། ཤར་
མཐོ་བ་དང་། དབུས་དམའ་བ་ནི་སྒྲུབ་པ་པོ་ཉམས་པས་འཇིགས་པས་ཡོངས་སུ་དོར་ཏེ། རྒྱལ་སྲིད་དམ་རིག་པ་འཛིན་པ་ལ་སོགས་པའི་རྒྱུ་ཡིན་པས། གང་ཅུང་ཟད་དབུས་མཐོ་བ། དཀར་བ་གྲུ་བཞི་པ། །གཡས་སྐོར་གྱི་རྒྱུན་དབང་ལྡན་མཚམས་སུ་འབབ་ཅིང་འཇམ་པའོ། །དེར་ནི་མཐོ་གང་ཙམ་

དུ་ནི། ཁུང་བུར་བརྐོས་ནས་ས་དེ་ཉིད། །ཁུང་བུར་མྱུར་དུ་བཀང་བ་ན། །གལ་ཏེ་ས་དེ་ལྷག་གྱུར་ན། །དེ་ཚེ་ས་དེ་བཟང་ཞེས་བྱ། །སླར་ཡང་དོང་དེ་བཀང་བ་ཡི། །མཐོ་གང་ཙམ་དུ་བརྐོས་པ་ཡི། །ཁུང་བུ་དེ་ནི་ཆུས་བཀང་བ། །ཉ་ལྕིབས་དང་ནི་ཉ་གསོན་དང་། །ལྡན་པར་
ཞེས་ནི་ཁ་ཅིག་གོ། །གོམ་པ་བརྒྱར་ནི་ཡང་དག་ཕྱིན། །སླར་ཡང་འོངས་ནས་ཡང་དག་བརྟགས། །ཆུ་ཡིས་གང་ན་ས་བཟང་པོ། །དམའ་བ་ཕན་པ་འདོད་པས་སྡང་། །གལ་ཏེ་ཆུ་དེ་སྒྲ་དང་བཅས། །ཀླུ་རྣམས་འཇིགས་པ་ཡང་དག་སྟོན། །དེ་ལྟར་སའི་མཚན་ཉིད་ལེགས་པར་ཤེས་པའི་སློབ་དཔོན་ཁྲུས་
བྱས་ཏེ། མཆོད་པའི་ཡོ་བྱད་དྲུང་དུ་བྱས་པས། ཇི་ལྟར་རྙེད་པའི་གོས་དང་རྒྱན་ལ་སོགས་པའི་ཆས་སུ་ཞུགས་ལ་ལྷའི་རྣལ་འབྱོར་ཤིན་ཏུ་བསྒོམས་ཏེ། ཕྱི་དྲོའི་དུས་སུ་ས་དེའི་དབུས་སུ་བ་ལང་གི་པགས་པའི་ཁྱོན་ཙམ་ཞེས་པ་འདིས་དཀྱིལ་འཁོར་གྲུ་བཞི་པ་ཞེས་གསུངས་ཏེ། ས་དང་བའི་ལྕི་བ་
དག་གིས་བྱས་ལ། དེར་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམས་ཏེ་ཡང་དག་པར་མཆོད་ལ། ཕྱོགས་ཀྱི་གཏོར་མ་བྱིན་ཏེ། པུས་མོ་གཡས་པ་ས་ལ་བཙུགས་ལ་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པ་རྣམས་
ལས་བླང་བར་བྱའོ། །ཁམས་གསུམ་འདི་ནི་མགོན་གང་དག །ཆེན་པོས་མཆོད་པ་བཞུགས་རྣམས་དང་། །ལྷ་དང་ཀླུ་དང་གནོད་སྦྱིན་དང་། །དྲི་ཟ་དང་ནི་ལྷ་མིན་སོགས། །དེ་དང་དེ་ལ་འདི་གསོལ་བགྱི། །སེམས་ཅན་ཀུན་གྱི་དོན་བསྒྲུབ་ཕྱིར། །ས་ཡི་ཆ་ནི་མཛེས་པ་འདིར། །གཙུག་
ལག་ཁང་བཞེངས་འབྱོར་པ་ལ། །ཐོས་བསམ་ལ་སོགས་མཆོག་འཇུག་པས། །ཆོས་ཉིད་རྟོགས་པར་བྱ་བའི་ཕྱིར། །ཆེ་གེ་བདག་ནི་ཆེ་གེ་མོའི། །གྲགས་པ་དམ་པ་བྱ་བར་བརྩོན། །གལ་ཏེ་ཁྱོད་ཀྱིས་བཟོད་གནང་ན། །བགྱིད་དེ་གཞན་དུ་མ་ཡིན་ནོ། །རྨི་ལམ་ལ་སོགས་མཚན་མ་ཡིས། །ས་
བཟང་འདི་ནི་བདག་ལ་སྩོལ། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ་ཨོཾ་མུ་ཙི་ལི་སྭཱ་ཧཱ། ཨོཾ་མོ་ཧཱ་ནི་སྭཱ་ཧཱ། ཨོཾ་དཾ་ཏི་ལི་སྭཱ་ཧཱ། ཞེས་པ་རྨི་ལམ་བརྟག་པ་འདིས་ལག་པ་གཡོན་པས་ཁར་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་ལ། བཅོམ་ལྡན་འདས་ལོ་ཀེ་ཤྭ་རའི་དྲུང་དུ་མཆོད་པ་སྔོན་དུ་འགྲོ་བས་

མགོ་ལྷོར་བསྟན་ཅིང་ཁ་ཤར་དུ་ཕྱོགས་ལ་གོས་གཙང་མས་བརྒྱན་ལ། ཕྱོགས་གཙང་མར་ཇི་ལྟར་འདོད་པར་ཉལ་བར་བྱའོ། །རྨི་ལམ་ངན་ན་བདུད་རྩི་འཁྱིལ་པའི་སྔགས་བཟླས་པས་སམ། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པར་མོས་པས་སམ། ཡང་ན་སླར་ཡང་རྨི་ལམ་བརྟག་པར་
བྱས་པས་ལྷ་རྣམས་ཀྱིས་གནང་བའམ། མ་བཀག་པའི་ས་ལ་འོག་ནས་འཆད་པ་རྣམས་བྱའོ། །བཀག་པ་ལ་ནི་མ་ཡིན་པ་ཁོ་ནའོ། །རྨི་ལམ་བཟང་ན་ནི་ཉི་མ་གཉིས་པ་བཟང་པོའི་སྔ་དྲོའི་དུས་སུ་ས་གནོན་གྱི་ཕྱག་རྒྱ་དང་། རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ། རྡོ་རྗེ་སེམས་དཔའི་རྣལ་འབྱོར་དང་ལྡན་པས་
ཨོཾ་བྷུ་ཁཾ་ཞེས་པའི་སྔགས་ཀྱིས་ས་གཞི་སྟོང་པ་ཉིད་དང་། ཧཱུཾ་ལཾ་ཧཱུཾ་ཞེས་པས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དུ་བསྒོམས་ལ། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུྃ་ཞེས་པས་བྱིན་གྱིས་བརླབ་པོ། །ལག་པ་གཡས་པར་ཟླ་བ་ལ་ཧཱུཾ་གསུམ་བསམས་ལ་ལན་གསུམ་བརྗོད་པ་དང་། དེའི་འོད་ཟེར་དང་སོར་མོའི་རྩེ་མོས་
མནན་པ་དང་། དེའི་སྒྲ་རྣམས་ཀྱིས་བསྐུལ་བ་ལས་སའི་ལྷ་མོ་སེར་མོ་ལུས་ཕྱེད་དམ་ཐམས་ཅད་འཐོན་པ་ཕྱག་གཉིས་ན་གསེར་གྱི་བུམ་པ་དང་། མི་འཇིགས་པ་ཅན་རྒྱན་བཟང་པོས་བརྒྱན་པ་ལ་ཞབས་བསིལ་དང་ཞལ་བསིལ་དང་མཆོད་ཡོན་སྔོན་དུ་འགྲོ་བའི་མེ་ཏོག་ལ་སོགས་པས་མཆོད་དེ། སྐྱོབ་པ་སངས་
རྒྱས་ཐམས་ཅད་ཀྱིས། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་བཞིན་བདག་གིས་བདུད་ཀྱི་དཔུང་། །བཅོམ་ནས་གཙུག་ལག་ཁང་སོགས་བགྱི། །ཞེས་ལན་གསུམ་
དུ་གསོལ་བ་བཏབ་པས་གྱིས་ཤིག་ཅེས་གསུངས་ནས་དེ་ཉིད་དུ་ཐིམ་སྟེ་སའི་ངོ་བོར་གནས་པར་བསམ་མོ། །དེ་ནས་ས་གཞི་དེར་བཾ་ལས་བྱུང་བའི་འཁོར་ལོ་དང་། བྷྲུཾ་ལས་བྱུང་བའི་གཞལ་ཡས་ཁང་བསྒོམ་པར་བྱའོ། །ཁ་ཅིག་ཏུ་ཡཾ་རཾ་བཾ་ལཾ་སུཾ་རྣམས་ཡོངས་སུ་གྱུར་པ་ལས། རླུང་དང་མེ་དང་ཆུ་
དང་ས་དང་རིའི་རྒྱལ་པོ་རི་རབ་ཙམ་གྱི་སྟེང་དུ་བྷྲུཾ་ལས་བྱུང་བའི་རྒྱལ་བའི་ས་གཞིའོ་ཞེས་སོ། །དེ་ལ་གཞལ་ཡས་ཁང་གི་ནང་དུ་དྲིའི་དཀྱིལ་འཁོར་བྱས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོ་དང་། ཕྱོགས་སྐྱོང་ལ་སོགས་པ་རྣམས་སྤྱན་དྲངས་ལ་ཞབས་

བསིལ་དང་། ཞལ་བསིལ་དང་། མཆོད་ཡོན་དང་། མཆོད་པ་དང་གཏོར་མ་དབུལ་བ་སྔོན་དུ་འགྲོ་བས་ལྕེ་ཧཱུཾ་ལས་རྡོ་རྗེར་བྱས་ལ་སྤོས་ཕོར་བཟུང་སྟེ། དྲིལ་བུ་དཀྲོལ་ཞིང་བཅོམ་ལྡན་ཞེས་བྱ་བ་ལ་སོགས་པ་ནས། ཉེ་བར་གནས་པར་མཛད་པའི་རིགས། །ཉེས་པའི་བར་འཆད་པར་
འགྱུར་བའི་ཚིགས་སུ་བཅད་པའི་རབ་གནས་ཀྱི་སྒྲའི་གནས་སུ་གཙུག་ལག་ཁང་ལ་སོགས་པའི་སྒྲ་བཅུག་པས་ཉེ་བར་གནས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་ཀླུ་ལ་སོགས་པ་རྣམས་ཀྱིས་ཀྱང་ནམ་མཁའ་ཡོངས་སུ་གང་བར་བསམས་ལ། འཆད་པར་འགྱུར་བའི་རྣམ་པར་རྒྱལ་བ་
ལ་སོགས་པའི་བུམ་པའམ། ཡོན་བདག་གི་དབང་གིས་དེ་དག་མེད་ན་གཞན་གྱི་ཡང་ནང་དུ་ཉ་གསོན་བཅུག་པ་རྣམས་རིམ་པ་བཞིན་དུ་གཞག་པར་བྱའོ། །ལས་བྱེད་པ་རྣམས་བགེགས་མཐར་བྱེད་ལ་སོགས་པ་ལས་ཐམས་ཅད་པའི་ལྷའི་རྣམ་པར་སྤྲུལ་ཏེ། དེ་དག་གིས་ཁུང་བུ་གྲུ་བཞི་པ་རྒྱར་ཁྲུ་དོ་པ་ཟབས་
སུ་དེའི་ཕྱེད་པའི་དོང་བརྐོ་བར་བྱའོ། །དེའི་དབང་ལྡན་དུ་ཟླུམ་པོ་དེའི་ཚད་དམ་དེའི་ཕྱེད་པ་ཡང་ངོ་། །དེ་གཉིས་ཀ་ས་དང་བའི་ལྕི་བས་བྱུག་པར་བྱའོ། །དེ་ནས་ཁུང་བུ་གྲུ་བཞི་པར་འཆད་པར་འགྱུར་བའི་མཆོད་ཡོན་གྱི་སྔགས་ཉིད་ཀྱིས་མཆོད་ཡོན་གྱི་སྣོད་ནས་མཆོད་ཡོན་ནས་རིམ་པ་བཞིན་དུ་རྣམ་པར་རྒྱལ་བ་ལ་སོགས་པའི་
བུམ་པ་རྣམས་ཀྱིས་ཆུ་བླུགས་པས། ཇི་ལྟར་གྲུ་བཞི་པ་བཀང་ནས་དེའི་རྒྱུན་གྱིས་ཟླུམ་པོ་དགང་བར་བྱའོ། །དེའི་རྗེས་སུ་ཉ་ལྕིབས་དང་ཉ་གསོན་བཅུག་ལ་ཆུ་གཡས་སུ་འཁྱིལ་བར་བལྟས་ལ། ཤིང་འོ་མ་ཅན་གྱི་འདབ་མ་བཅུག་ནས། བདག་ཉིད་ཛཱཾ་ལས་སྐྱེས་པའི་རྡོ་རྗེ་དང་། ཛཱཾ་ལས་ཛཱཾ་གུ་ལི་སོར་མོ།
རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་སེར་བ་དང་། གནག་པ་དང་། དཀར་བ། གདེངས་ཀ་བདུན་པ། རིན་པོ་ཆེའི་ཅོད་པན་ཅན། ཕྱག་དྲུག་གི་གཡས་པ་གཉིས་ཀྱིས་རྡོ་རྗེ་དང་མདའ་དང་། ཅིག་ཤོས་དག་གིས་གཞུ་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་འཛིན་པ། རང་སྣང་གི་ཐབས་ལ་
འཁྱུད་པ། ན་བཟའ་སྣ་ཚོགས་དང་སྦྲུལ་གྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞུགས་པ། ཉི་མའི་འོད་ཅན་དུ་བསྒོམས་ཏེ། པད་སྐོར་ལན་ལྔ་བྱས་ལ་དབང་ཆེན་གྱི་བར་དུ་བལྟས་པས། ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བསམ་མོ། །ལྟད་མོ་པའི་མི་རྣམས་སོ་རྩི་དང་མེ་ཏོག་གི་ཕྲེང་

བ་དང་། ཙནྡན་ལ་སོགས་པས་ཚིམ་པར་བྱའོ། །བསྲུང་བའི་དོན་དུ་དབང་པོ་ལ་སོགས་པ་ཕྱོགས་སྐྱོང་བ་བཅུ་འཁོར་དང་བུ་དང་ཆུང་མ་དང་བཅས་པ་དབང་ལྡན་དུ་བསམས་ལ། དེ་རྣམས་ཀྱི་སྟེང་དུ་འོག་ནས་འཆད་པར་འགྱུར་བའི་ཕུར་པ་བཅུ་ལ་ལས་ཐམས་ཅད་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བསྔགས་
པ་དང་། དོན་གྲུབ་རྣམས་ཨོཾ་གྷ་གྷ་ཞེས་པ་ལ་སོགས་པའི་སྔགས་ཀྱིས་བསྲུང་བའི་དོན་དུ་གདབ་པར་བྱའོ། །དེ་ནས་བགེགས་དང་བྲལ་བའི་བསམ་པས་ས་བདག་དང་ཀླུ་བརྟག་པར་བྱའོ། །དེ་ཡང་ས་གང་དང་གཙུག་ལག་ཁང་ལ་སོགས་པ་བྱ་བ་ཉེ་འཁོར་དང་བཅས་པ་དེ་གྲུ་བཞིར་བཅལ་ལ། ས་དེའི་ནང་གི་ཕྱོགས་
སུ་ས་བདག་ཀླུ་ཉལ་བ་ལ་སོགས་པའི་མཚན་ཉིད་ངེས་པར་བཟུང་སྟེ་ས་འདུལ་བྱའོ། །དེ་ལ་ཉི་མ་རྒྱུ་བའི་སྟོན་ཟླ་ར་བ་ལ་སོགས་པ་ཟླ་བ་གསུམ་གསུམ་རིམ་པ་བཞིན། ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་སུ་མགོ་བསྟན་ཅིང་ལྷོ་ལ་སོགས་པར་ཁ་ཕྱོགས་ཏེ། ས་དེའི་ནང་དུ་ས་བདག་ཀླུ་ཉལ་ལོ་ཞེས་གྲགས་སོ། །
དེ་བརྟགས་ནས་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་སྟེ། །སྒྲུབ་པའི་གྲོགས་དང་བཅས་པ་གཡས་སྐོར་གྱིས་བགྲོད་པས་མེ་དང་རླུང་དུ་གནས་ཏེ། ཤར་དང་ནུབ་དང་བྱང་དང་ལྷོའི་ཕྱོགས་སུ་ཐིག་བཏབ་ནས། ཉི་མ་འཆར་བ་ནས་བརྩམས་ལ་ཀླུའི་མཚན་ལས་ཁྲུ་གང་དོར་བའི་མཚམས་ཀྱི་ཆར་གཡས་སྐོར་དུ་རྩིག་
རྨང་བརྐོ་བར་བྱའོ། །མཐོང་བའི་ཐད་ཀར་ཡང་ཞེས་པ་ནི་ཁ་ཅིག་གོ། །གང་གི་ཕྱིར་མགོ་ལ་བརྐོས་ན་ཕ་དང་བུ་ལ་སོགས་པ་ཉམས་པར་འགྱུར་རོ། །རྒྱབ་ཀྱི་ཆར་ནི་བདག་ཉིད་ཉམས་པའམ་ཡུལ་འཕོ་བའོ། །མཇུག་མར་ནི་བ་ལང་དང་མ་ཧེ་ལ་སོགས་པ་ཉམས་པར་འགྱུར་རོ། །ས་དེ་ལ་རྡོ་ཡོད་ན་རླུང་འབྱུང་
ངོ་། །རུས་པ་ཡོད་ན་ཟུག་གཟེར་རོ། །གྱོ་དུམ་ཡོད་ན་ལྐུགས་པ་ཉིད་དོ། །ཕུབ་མ་དང་སོལ་བ་ཡོང་ན་རིམས་སོ། །སྐྲ་དང་རྩྭ་དང་ཤིང་ལ་སོགས་པ་ཡོད་ན་ཉེ་བར་འཚེ་བ་ཕྲ་མོའོ་ཞེས་པས། སྡོང་དུམ་དང་རྩྭ་དང་གྲོག་སྦུར་དང་། ཀེང་རུས་དང་སོལ་བ་ལ་སོགས་པ་བསལ་ལ། ས་དང་མེ་དང་དེ་བཞིན་
གཤེགས་པ་རྣམས་དང་། གནས་དེའི་བདག་པོ་དང་། ཕྱོགས་སྐྱོང་དང་འཇིག་རྟེན་སྐྱོང་བ་དང་ཞིང་སྐྱོང་རྣམས་ཞི་བའི་སྦྱིན་སྲེག་གིས་ཚིམ་པར་བྱས་ཏེ་སའི་བདག་པོ་དང་ཡོན་བདག་གི་ཞི་བ་བྱའོ། །ཕྱི་ནས་གཏོར་མ་ཡང་དབུལ་ལོ། །ཆོ་ག་ཕྱི་མ་རྣམས་སུ་ཡང་ངོ་། །ནུས་པ་ཇི་ལྟ་བས་དགའ་སྟོན་དང་།

དགེ་འདུན་གྱི་སྟོན་མོ་བྱའོ། །བླ་མ་ལ་ཡོན་དབུལ་ལོ། །བཟོ་བོ་དང་ལས་བྱེད་པ་རྣམས་ཀྱང་མཉེས་པར་བྱའོ་ཞེས་པ། གཙུག་ལག་ཁང་དང་། མཆོད་རྟེན་དང་། གཙང་ཁང་ཕྱུར་བུ་དང་། ཁང་བཟངས་དང་། དགོན་གནས་རྣམས་ཀྱི་མཆོད་ཡོན་གྱི་ཆོ་གའོ། །རྫིང་དང་རྫིང་བུ་དང་ཁྲོན་
པ་ལ་སོགས་པ་བྱེད་པ་ལ་གཏོར་མ་དང་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་དེ་མ་ཐག་པ་བཞིན་དུ་མཆོད་ཡོན་བྱས་ལ་ཨོཾ་བཾ་བཛྲ་བ་རུ་ཎ་ཧཱུཾ་ཞེས་པས་རྡོ་རྗེ་ཆུ་བདག་གི་གཟུགས་ཅན་རྣམ་པར་སྣང་མཛད་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཀླུ་རིགས་བརྒྱད་ཀྱི་བདུད་རྩིའི་ཆུས་གང་བ། ཨོཾ་བཛྲ་སཏྭ་ས་མ་ཡ་སྟྭཾ་ཞེས་
བརྗོད་ཅིང་། དབང་ཆེན་གྱི་གཏིང་ལ་ཐུག་པར་ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བར་བལྟ་བར་བྱའོ། །ཞེས་པ་རྫིང་ལ་སོགས་པའི་མཆོད་ཡོན་གྱི་ཆོ་གའོ། །སྐུ་གཟུགས་དང་པུསྟི་ལ་སོགས་པ་བྱེད་པ་ལ་ནི་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བས། བཟོ་བོ་རྣམས་བྱེད་པར་འགྱུར་བའི་ལྷའི་རིགས་ཀྱི་བདག་
པོའི་གཟུགས་སུ་དང་། ཡིག་མཁན་རྣམས་སྣང་བ་མཐའ་ཡས་ཀྱི་ངོ་བོར་ཏེ། སྙིང་གར་རང་རང་གི་ས་བོན་དང་། སྙིང་ག་དང་མགྲིན་པ་དང་། མགོ་བོ་རྣམས་ལ་རིམ་པ་བཞིན་རྡོ་རྗེ་དང་པདྨ་དང་འཁོར་ལོ་རྣམས་ལ་གནས་པའི་ཧཱུཾ་ཨཱཿཨོཾ་རྣམས་དང་། གཡོན་པ་དང་ཅིག་ཤོས་ཀྱི་ལག་པ་དག་ལ་ཟླ་བ་དང་རྡོ་རྗེ་ངག་དང་
ལྡན་པར་སྐད་ཅིག་གིས་བསམས་ལ། སྙིང་ག་ལ་སོགས་པར་རེག་ཅིང་ཧཱུཾ་ཨཱཿཨོཾ་ཞེས་བརྗོད་པས་བྱིན་གྱིས་བརླབས་ནས། ཤིང་དང་འཇིམ་པ་དང་རྡོ་དང་རས་ལ་སོགས་པའི་རྫས་གཙང་མ་རྣམས་སྟོང་པ་ཉིད་དུ་ལྷག་པར་མོས་ནས་སྐད་ཅིག་གིས་སྙིང་གའི་ས་བོན་གྱིས་བྱེད་པར་འགྱུར་བའི་ལྷའི་གཟུགས་སུ་བསམས་
ལ། བཅོམ་ལྡན་འདས་ཞེས་པ་ལ་སོགས་པ་ནས། ཉེ་བར་གནས་པར་མཛད་པའི་རིགས། །ཞེས་པའི་བར་དུ་བརྗོད་པར་བྱའོ། །ཤོག་བུ་ནི་ཡི་གེ་དྷཱིཿབསྒོམས་པའི་འོད་ཟེར་གྱིས་སྤྱན་དྲངས་པའི་གསུང་རྡོ་རྗེ་ཡི་གེའི་རྣམ་པར་གྱུར་པར་བསྒོམ་མོ། །རང་ཉིད་ཀྱིས་ཀྱང་ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་པ་དང་། ཨོཾ་ཨཱཿ
བིགྷྣཱནྟ་ཀྲྀ་ཏ་ཧཱུཾ་ཞེས་ལན་ཉི་ཤུ་རྩ་གཅིག་ཏུ་བསྔགས་པའི་པིར་ལ་སོགས་པ་དང་། སྨྱུ་གུ་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་དུ་དང་། སྣག་ཚ་ཡང་རྡོ་རྗེའི་རྡུལ་ཕྲ་རབ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བསམ་ཞིང་། ཡང་ཨོཾ་དྷཱིཿཤུ་ཏི་སྨྲྀ་ཏི་བི་ཛ་ཡ་སརྦ་ཨ་ཛྙཱ་ན་པ་ཌ་ལ་ཨ་པ་ཧ་རི་ཎི་ཧྲཱིཿསྭཱ་ཧཱ་ཞེས་པས་

སྨྱུ་གུ་དང་སྣག་ཚ་ལ་བསྔགས་ལ་དེ་རྣམས་ལ་གཏད་དོ། །ཡི་གེ་བརྒྱ་པས་བརྟན་པར་བྱའོ། །བཟོ་བོ་མཉེས་པ་དང་དགེ་འདུན་ལ་སྟོན་མོ་ལ་སོགས་པ་བྱའོ། །ཐམས་ཅད་དུ་ཡང་འདིར་སྒོམ་པའི་ལྷ་གཤེགས་སུ་གསོལ་བར་བྱའོ། །ཞིག་པ་དང་གས་པའི་གཙུག་ལག་ཁང་ལ་སོགས་པ་ལྷར་འདུས་བྱ་བར་འདོད་
པས་གཏོར་མ་དང་མཆོད་པ་ལ་སོགས་པ་བྱས་ཏེ། རབ་གནས་ཀྱི་ཚེ་བཞུགས་སུ་གསོལ་བའི་ལྷ་རྣམས་གཤེགས་སུ་གསོལ་ལ། དེ་ཁོ་ན་བཞིན་དུ་འདུས་བྱ་བ་ལ་སོགས་པ་བྱའོ། །སྐུ་གཟུགས་ལ་སོགས་པའི་མཆོད་ཡོན་གྱི་ཆོ་གའོ། །འདིར་འཆད་བཞིན་པའི་ཆོ་ག་རྣམས་སུ་ཇི་ལྟར་རིགས་པར། གསེར་
དངུལ་རྡོ་དང་ཟངས་དང་ཤིང་། །སར་བྱས་ཉ་ཕྱིས་དུང་དང་ནི། །འདབ་མའི་སྐྱོང་བུ་ཞབས་བསིལ་དང་། །བསང་གཏོར་ཞལ་བསིལ་མཆོད་ཡོན་སྣོད། །དེ་དང་སྣོད་གཞན་དུ་ནས་དང་འོ་མ་དང་། མེ་ཏོག་དཀར་པོ་དང་། ཀུ་ཤ་དང་། ཏིལ་དང་། འབྲས་ཡོས་དང་། དྲི་དཀར་པོའི་ཆུ་བདུད་རྩི་དང་བཅས་
པ་རྣམས་བླུགས་ལ། ཨོཾ་ཨཱཿཧཱུཾ་ཞེས་པའི་སྔགས་དང་། རང་གི་རིགས་ཀྱི་བདག་པོའི་སྔགས་དང་། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ལན་བདུན་ནམ། བརྒྱ་རྩ་བརྒྱད་དུ་བསྔགས་ཏེ་ཞི་བའི་དོན་དུའོ། །རྒྱས་པའི་དོན་དུ་ཏིལ་དང་ཞོ་དང་མེ་ཏོག་སེར་པོ་དང་། ཀུ་ཤ་དང་། དྲི་སེར་པོའི་ཆུ་བདུད་རྩི་
དང་བཅས་པ་བླུགས་ལ་དེ་ལྟར་བཟླས་པར་བྱའོ། །དེ་ནས་རང་གི་གཡོན་ལོགས་སུ་མཆོད་ཡོན་གྱི་སྣོད་དང་། ཞབས་བསིལ་གྱི་སྣོད་དང་། བསང་གཏོར་དང་ཞལ་བསིལ་གྱི་སྣོད་གཞག་པར་བྱའོ། །དེ་རྣམས་ཀྱི་མདུན་དུ་བཟེད་ཞལ་གྱི་སྣོད་སྟོང་པ་གསུམ་ཡང་ངོ་། །དེ་ལ་ཁུ་ཚུར་གཡས་པའི་མཐེ་
བོང་དང་། མཛུབ་མོའི་སྐམ་པས་ཞབས་བསིལ་གྱི་སྣོད་ཀྱི་ཆུ་དང་མེ་ཏོག་འགྱིང་བའི་ཚུལ་གྱིས་སོར་མོ་རྣམས་བསྐོར་ཞིང་བླངས་ལ་འཆད་པར་འགྱུར་བའི་སྔགས་ཀྱིས་མཛུབ་མོ་དང་གུང་མོ་དང་སྲིན་ལག་དང་། མཐེའུ་ཆུང་རྣམས་རིམ་གྱིས་དགྲོལ་ཞིང་སྣོད་དུ་ལན་གསུམ་དབུལ་ལོ། །སྣོད་གཉིས་པའི་
ཆུ་ལག་པ་གཡས་པར་བཟུང་བའི་ཀུ་ཤའི་ཆུན་པོའི་རྩེ་མོས་བླངས་ཏེ་བཟེད་ཞལ་གྱི་སྣོད་གཉིས་པར་ལན་གསུམ་བསང་གཏོར་བྱའོ། །ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་གཏོར་བྱ་བ་ལ་ཡང་དེ་ལྟར་རོ། །སྣོད་གཉིས་པ་ཉིད་ཀྱི་ཆུ་གཡས་པའི་ཁུ་ཚུར་གྱི་མཐེ་བོང་དང་། མཛུབ་མོའི་སྐམ་པས་

མེ་ཏོག་བཟུང་ལ། ཞལ་བསིལ་གྱི་ཆེད་དུ་བཟེད་ཞལ་གཉིས་པ་དེ་ཉིད་དུ་འཆད་པར་འགྱུར་བའི་སྔགས་བརྗོད་ཅིང་། ཁ་འོག་ཏུ་ཕྱོགས་པའི་ཁུ་ཚུར་གྱི་མཐེ་ཆུང་དང་སྲིན་ལག་དང་གུང་མོ་དང་མཛུབ་མོ་རྣམས་རིམ་གྱིས་དགྲོལ་ཞིང་ལན་གསུམ་དུ་དབུལ་ལོ། །གསུམ་པ་མཆོད་ཡོན་གྱི་སྣོད་ཀྱི་
ཆུ་ལ་སོགས་པ་སྙིམ་པས་བཟུང་ལ། ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐཱ་རཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང་བཟེད་ཞལ་གྱི་སྣོད་གསུམ་པར་རྡོ་རྗེ་ཐལ་མོ་ཕྱེ་བས་ལན་གསུམ་དབུལ་ལོ། །གོང་གི་ཞབས་བསིལ་དང་། བསང་གཏོར་དང་། ཞལ་བསིལ་གསུམ་ནི་ཨརྒྷཾ་གྱི་སྒྲ་དོར་ནས་རིམ་པ་བཞིན་དུ་པཱ་དྱཾ་
དང་། པྲོཀྵ་ཎཾ་དང་། ཨཉྫ་མ་ནཾ་ཞེས་པ་བཅུག་པས་དབུལ་ལོ། །ཞབས་བསིལ་དང་། བསང་གཏོར་དང་། མཆོད་ཡོན་སྦྱིན་པའི་རིམ་པས་འདི་ནི་ཕལ་ཆེར་ལས་མཐོང་ངོ་། །ཁ་ཅིག་ཏུ་ནི་གཞན་དུའོ། །བསང་གཏོར་ནི་ཇི་ལྟར་རིགས་པའོ། །ཁ་ཅིག་ཏུ་ནི་དང་པོ་མཆོད་ཡོན་དབུལ་ལོ། །ཁ་ཅིག་
ཏུ་ནི་མཆོད་ཡོན་དབུལ་བ་ཁོ་ནའོ། །སྐབས་ཇི་ལྟ་བར་ཇི་ལྟར་འོས་པར་བྱའོ། །དེ་ལ་ཞབས་བསིལ་གྱི་ཆུ་ནི་ལྷ་རྣམས་ཀྱི་ཞབས་བཀྲུ་བའི་ཕྱིར་དབུལ་བར་བསམ་མོ། །བསང་གཏོར་ནི་སྐུ་ཐམས་ཅད་ལའོ། །ཞལ་བསིལ་ནི་ཕྱག་གམ་ཞལ་དུའོ། །མཆོད་ཡོན་ནི་མདུན་ནམ་དབུ་ལའོ། །མེ་ཏོག་ནི་དབུ་
ལའོ། །བདུག་སྤོས་དང་མར་མེ་ནི་མདུན་དུའོ། །ལྷ་བཤོས་ནི་མདུན་ནམ་ཕྱག་གམ་ཞལ་དུའོ། །དྲི་ནི་ཐུགས་ཀར་རོ། །དེ་ལྟ་བུ་ནི་ཆོ་ག་ཐམས་ཅད་དུའོ། །མཆོད་ཡོན་ལ་སོགས་པ་དབུལ་བའི་མཚན་ཉིད་ཀྱི་ཆོ་གའོ། །དེ་ནས་གཙུག་ལག་ཁང་ལ་སོགས་པ་རྫོགས་པའི་རབ་ཏུ་གནས་པའམ། དབང་
བསྐུར་བའི་དོན་དུ་གསོལ་བ་བཏབ་པར་གྱུར་པས་སམ། རང་ངམ་གཞན་གྱི་དངོས་གྲུབ་སྒྲུབ་པ་ལ་སོགས་པ་དོན་དུ་གཉེར་བས་སམ། སེམས་ཅན་གྱི་དོན་ཆེན་པོ་མཐོང་བས་སམ། གཞན་གྱིས་བསྐུལ་བས་ཀྱང་རུང་སྟེ་དཀྱིལ་འཁོར་བྲི་བའི་ཕྱིར། ཐམས་ཅད་མཁྱེན་པའི་ལམ་ཤེས་པས། །སྔོན་
དུ་བསྙེན་པའི་ཚོགས་བསགས་ཤིང་། །བགེགས་ནི་རྣམ་པར་ཉམས་བྱེད་བྱ། །བསྙེན་པ་མེད་པས་དངོས་གྲུབ་མེད། །དེ་ཕྱིར་རིམ་གཉིས་དེ་ཉིད་རིག །དབེན་པར་ཡང་དག་གནས་ནས་ནི། །ལྷ་ཡི་འཁོར་ལོ་བསྒོམ་པར་བྱ། །སྐྱོ་ན་དེ་ཡི་གསང་སྔགས་བཟླ། །འཁོར་ལོའི་གཙོ་བོའི་འབུམ་

བཟླས་ཤིང་། །ཡང་ན་རང་གི་ལྷག་ལྷའི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །དེ་ཡང་བསྐྱེད་པ་དང་རྫོགས་པའི་རིམ་པའི་ལྷ་རྣམས་ཀྱི་བསྒོམ་པའི་རིམ་པ་དང་སྔགས་དག་གཞན་དུ་ཚུལ་བཞིན་དུ་རྒྱས་པར་གསལ་བར་བྱས་པས་འདིར་མ་སྤྲོས་སོ། །
འཆད་པར་འགྱུར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་མང་པོ་རྣམས་ཀྱི་སོ་སོའི་དབྱིབས་དང་སྐུ་མདོག་དང་། ཞལ་དང་ཕྱག་དང་མཚན་མ་དང་སྔགས་ཙམ་བརྗོད་ཀྱང་གཞུང་མང་བར་འགྱུར་བས་ཉུང་ངུ་ལ་མོས་པ་རྣམས་མི་འཇུག་པར་དོགས་པས་དབྱིབས་ལ་སོགས་པ་ཙམ་ཡང་འདིར་མ་བསྟན་
ནོ། །ཁོ་བོ་ཅག་གིས་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བར་ནི་དབང་པོ་རྣོན་པོའི་བློ་ངོར་བྱས་ཏེ་དཀྱིལ་འཁོར་གྱི་ལྷ་བསྒོམ་པའི་རིམ་པ་དང་། སྙིང་པོ་བསྡུས་པ་བརྗོད་པ་ནི་ངེས་པར་བསྒོམ་པར་བྱའོ། །དེའི་ཕྱིར་འོད་ཀྱི་སྙེ་མ་དང་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ནི་རྡོ་རྗེ་ཕྲེང་བའི་ཆ་ལག་གོ། །དེ་ལྟར་
སྔོན་དུ་བསྙེན་པ་རྒྱས་པར་བྱས་པས་སྐད་ཅིག་གིས་དཀྱིལ་འཁོར་གྱི་ལྷའི་རྣལ་འབྱོར་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་སྤྲོ་བ་དང་བསྡུ་བ་མངོན་དུ་བྱ་བར་ནུས་པས་འཁོར་ལོར་གནས་པ་ཉིད་ཀྱི་འཁོར་ལོ་ཅན་གྱིས་མ་བཀག་པའམ། ཚོགས་བསགས་པ་ཉིད་ཀྱི་གནང་བས་ཀྱང་དཀྱིལ་འཁོར་དང་
རབ་ཏུ་གནས་པ་དང་སློབ་མ་བསྡུ་བ་ལ་སོགས་པ་བྱའོ། །སྔོན་དུ་བསྙེན་པའི་ངེས་པ་དང་དགོས་པའི་ཆོ་གའོ། །དེ་ལ་རབ་གནས་ཀྱི་ཆོ་ག་ནི། མགོའི་ཟླ་བ་དང་། མཆུའི་ཟླ་བ་དང་། དབོའི་ཟླ་བ་དང་། ས་གའི་ཟླ་བ་དང་། སྣྲོན་གྱི་ཟླ་བ་དང་། ཆུ་སྟོད་ཀྱི་ཟླ་བའམ། ནག་པའི་ཟླ་བའི་ཉ་ལ་ཞེས་དུས་ཀྱི་འཁོར་
ལོ་ལས་གསུངས་པས་ནག་པའི་ཟླ་བའམ། གཞན་དུ་གསུངས་པའི་སྨིན་དྲུག་གི་ཟླ་བ་དང་། དབྱུག་པའི་ཟླ་བ་ལ་ཚེས་གཉིས་དང་གསུམ་དང་། ལྔ་དང་བདུན་དང་བཅུ་གསུམ་དང་བཅོ་ལྔ་རྣམས་ལ། གཟའ་ཟླ་བ་དང་ལྷག་པ་དང་ཕུར་བུ་དང་པ་བ་སངས་རྣམས་སུ་སྣར་མ་ལ་ནོར་རྙེད་པར་འགྱུར་རོ། །མགོ་
ལ་ཞི་བའོ། །ལག་ལ་སྐལ་བ་བཟང་པོ་ཅན་ནོ། །རྒྱལ་ལ་རྒྱལ་བའོ། །དབོ་ལ་འཁོར་འཕེལ་ལོ། །མེ་བཞི་ལ་དངོས་གྲུབ་འགྲུབ་བོ། །ལྷ་མཚམས་ལ་འདོད་པ་འབྱུང་ངོ་། །སྣྲོན་ལ་བདེ་བའོ། །སྣྲུབས་དང་གྲོ་བཞིན་ལ་གཞུང་ལ་མཁས་པར་འགྱུར་རོ། །ཆུ་སྟོད་དང་ཆུ་སྨད་དག་ལ་བུ་འཕེལ་ལོ། །ཁྲུམས་

སྟོད་དང་ཁྲུམས་སྨད་ལ་ནོར་འཕེལ་ལོ། །ཞི་བའི་གཟའ་བསྟན་པའི་དུས་སྦྱོར་ལ་བྱ་བ་བཟང་བར་འགྱུར་རོ། །དགེ་བའི་བྱ་བ་ལ་དངོས་གྲུབ་ཀྱི་རྒྱུར། སྦྱོར་བ་ནི་རྣམ་པར་སེལ་བ་དང་། ཤིན་ཏུ་བསྐྲད་པ་དང་། ཟུག་རྔུ་དང་། འབྲས་དང་། བྱ་བ་མ་གྲུབ་པ་དང་། རྡོ་རྗེ་དང་། ཀུན་དུ་ལྟུང་དང་།
ཡོངས་སུ་བསྣུན་དང་། ཤ་ཁོན་འཛིན་པ་རྣམས་དང་བྲལ་བའོ། །བྱེད་པ་ཡང་འཇུག་ཕོད་དང་བྲལ་བའོ་ཞེས་པ་ཟླ་བ་དང་། ཚེས་དང་། གཟའ་དང་། རྒྱུ་སྐར་དང་། སྦྱོར་བ་དང་། བྱེད་པ་བཟང་པོ་རྣམས་རང་དང་གཞན་གྱི་གྲུབ་མཐའི་རིམ་པས་སམ། རྟེན་ཅིང་འབྲེལ་པར་འབྱུང་བའི་ཆོ་གས་ཀྱང་ཟླ་
བ་བཅུ་གཉིས་པོ་རྣམས་ལ་ཡང་ཡུད་ཙམ་བཟང་པོ་རྣམས་བརྟགས་ནས་དཀྱིལ་འཁོར་བྲི་བའི་དོན་དུ་སློབ་མས་ལན་གཉིས་སམ། ལན་གསུམ་དུ་གསོལ་བ་བཏབ་པ་ཙམ་གྱིས། གལ་ཏེ་མཁོ་བའི་ཡོ་བྱད་མ་ཚོགས་ན་དེའི་ཚེ་སློབ་མ་དེའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་གི་འོད་ཟེར་གྱིས་སྙིང་གར་
གནས་པའི་ཀཾ་ལས་བྱུང་བའི་སྡིག་པ་ཤ་ཟ་ལྟར་གནག་ཅིང་། གཟུགས་རྣམ་པར་འགྱུར་བ། གཅེར་བུ་འབྲས་འཆང་བ་སྐྲ་གྱེན་དུ་འགྲེང་བ་སྣ་རྩེ་ནས་ཕྱུང་ལ་ཡི་གེ་ཧཱུཾ་དེ་ཡང་སྙིང་ག་ནས་འོངས་ནས་ཡོངས་སུ་གྱུར་པ་ལས་འཆད་པར་འགྱུར་བའི་ཁྲོ་བོ་ཆེན་པོ་རྡོ་རྗེ་ཧཱུཾ་མཛད་དུ་རྣམ་པར་བསྒོམས་ནས་ཕྱིར་
འཐོན་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱ་རཱ་ཛ་ཆེ་གེ་མོའི་སརྦ་པཱ་པཾ་ན་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་ཕྱག་ན་གནས་པའི་རྡོ་རྗེ་འབར་བས་ཕྱུང་བའི་སྡིག་པ་སྟོང་པར་མཛད་པར་བསམ་མོ། །སློབ་མའི་སེམས་
ཀྱི་བགེགས་རྣམས་ཀྱང་བདུད་རྩི་འཁྱིལ་པ་ལྟེ་བ་ནས་འོག་ཕུར་བུའི་རྣམ་པ་ཅན་གྱིས། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སྱ་སརྦ་བིགྷྣཱན་བནྡྷ་བནྡྷ་ཧཱུཾ་ཧཱུཾ་ཕཊ། ཅེས་པས་རྡོ་རྗེ་ཧཱུཾ་མཛད་ཀྱིས་བཀའ་བསྒོ་བ་དང་། རང་ཉིད་ཀྱིས་ཀྱང་འདོན་ཞིང་ཕུར་བུ་བཏབ་ནས། ཕུར་བུའི་འོད་ཟེར་ཤིན་ཏུ་དྲག་པོ་རྣམས་
ཀྱིས་སྡང་བ་ཀུན་བསྲེག་པར་བྱའོ། །སློབ་མ་དེ་ཡང་སཾ་ལས་ཀུན་ཏུ་བཟང་པོའི་གཟུགས་སུ་བསམས་ཏེ། བསྲུང་བའི་དོན་དུ་སྙིང་གར་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་དབྱངས་ཐ་མ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེས་མཚན་པ་དང་། མགོ་བོ་ལ་ཟླ་བ་ལ་གནས་པའི་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་མོ་

ལྔ་པ་གྱེན་དུ་འགྲེང་བ་ལས་མཱ་མ་ཀཱི་དབུས་སུ་བཞུགས་པར་བསམས་ལ། དེའི་ཡེ་ཤེས་ཀྱི་ལྷ་མོའི་ཐུགས་ཀའི་ཟླ་བ་ལ་གནས་པའི་རྡོ་རྗེ་ལྟེ་བའི་ནང་དུ་ཆུད་པའི་སྔགས་ཀྱི་ཕྲེང་བ་ལས་བྱུང་བའི་རྡོ་རྗེ་སེར་པོ་ཕྲ་མོའི་འོད་ཟེར་སྤྲོས་པས་ལུས་ཐམས་ཅད་ཁྱབ་པར་བྱས་ཏེ། གོ་ཆ་བགོ་བར་བསམ་ཞིང་། ཨོཾ་
ཨཱཿཤཾ་ཀ་ར་ཤཱནྟིཾ་ཀ་རེ་གྷུཊྚི་ནི་གྷཱ་ཏ་ཡ་གྷཱ་ཏ་ཡ། གྷུཊྚ་ནི་ཆེ་གེ་མོ་ལ་རཀྵ་རཀྵ་སྭཱ་ཧཱ་ཧཱུཾ་ཞེས་བརྗོད་པས་བསྲུང་བར་བྱའོ། །འཁྱིལ་བའི་སྔགས་ཀྱང་བཟླས་པའི་ཆེད་དུ་འདི་ལ་སྦྱིན་ནོ། །དེ་ལྟར་བྱས་ན་འདི་ལ་བགེགས་རྣམས་ཀྱིས་མི་ཚུགས་ཤིང་མཁོ་བའི་ཡོ་བྱད་རྣམས་ཀྱང་བདེ་བར་རྙེད་པར་འགྱུར་རོ། །སློབ་
མ་བསྡུ་བའི་ཆོ་གའོ། །དེ་ནས་ཉེ་བར་མཁོ་བ་ཚོགས་པ་དང་། གྲོགས་ཤིན་ཏུ་ཡིད་གཞུངས་པ་དང་ལྡན་པས་ཉ་ནས་བཟུང་སྟེ། གཞན་ཉའི་བར་དུའམ་དཀར་པོའི་ཚེས་གཅིག་གམ། ལྔ་འམ། བརྒྱད་དམ། བཅུའམ། བཅུ་གསུམ་མམ། བཅུ་བཞི་ནས་བརྩམས་པས་སམ། ཉའི་ཚེ་ཡང་རུང་སྟེ་སྔ་དྲོ་ནས་
བརྩམས་ཏེ་དཀྱིལ་འཁོར་གྱི་ལས་བྱའོ། །དཀྱིལ་འཁོར་དུ་འཇུག་པའི་ཉིན་མོའི་སློབ་དཔོན་དང་སློབ་མར་བཅས་པ་སྨྱུང་བར་གནས་པར་བྱའོ། །དེ་ལ་ནི་གཟའ་དང་རྒྱུ་སྐར་དང་ཡུད་ཙམ་ལ་སོགས་པ་བཟང་པོའི་སྔ་དྲོའི་དུས་སུ་རིག་མ་དང་བཅས་པས་འཁོར་ལོའི་གཙོ་བོའི་ལྷའི་རྣལ་འབྱོར་བྱས་ཤིང་སྔོན་དུ་
བསྙེན་པ་བྱས་པས་ཤར་ཕྱོགས་སུ་དཀྱིལ་འཁོར་བྲིས་ན་སའི་བདག་པོ་འཆི་བ་དང་། ཡུལ་མི་ལ་ཉེ་བར་འཚེ་བ་སྣ་ཚོགས་འབྱུང་ངོ་། །ལྷོ་ཕྱོགས་སུ་ནི་གང་གི་དོན་དུ་དཀྱིལ་འཁོར་འདྲི་བ་དེ་འཆིའོ། །ཆུར་ནི་སློབ་དཔོན་ནོ། །གནོད་སྦྱིན་དུ་ནི་དེར་ཞུགས་པའོ། །མེར་ནི་ཆར་རོ། །བདེན་བྲལ་དུ་
ནི་མུ་གེའོ། །རླུང་དུ་ནི་ཆར་རླུང་ངོ་། །མཆོད་རྟེན་ལ་ཉེ་བར་ནི་འཆིའོ། །ཀླུ་གནས་པའི་ཆུ་དང་ཉེ་བར་ནི་ཆུ་འབྱུང་ངོ་། །ཤིང་གྲིབ་ཏུ་བྱས་པ་འཆིའོ་ཞེས་ཤེས་ནས། ཐམས་ཅད་དོར་ཏེ་གྲོང་རྡལ་དང་། གྲོང་ཁྱེར་དང་། གྲོང་དང་། སྐྱེད་མོས་ཚལ་དང་། གཙུག་ལག་ཁང་དང་། ཁྱིམ་རྣམས་ཀྱི་དབང་ལྡན་
གྱི་མཚམས་སུའམ། ཡང་ན་གང་དུ་ཡིད་ལ་འཐད་པར་གྱུར་ཅིང་ཤར་དང་བྱང་གཞོལ་བ་རབ་ཏུ་ཤེས་པའི་དཀྱིལ་འཁོར་གྱི་ས་གཞི་དེ་བརྟགས་ནས། དེར་དྲི་ལ་སོགས་པས་མཎྜལ་བྱས་ཏེ། དཀྱིལ་འཁོར་གྱི་ལྷ་རྣམས་མཆོད་ནས་གཏོར་མ་བྱིན་ལ་ནམ་མཁའ་ལ་བཏེག་སྟེ། དེར་གནས་པའི་ཞིང་སྐྱོང་ལ་སོགས་

པ་ལ་གཏོར་མ་དང་ཞལ་ཟས་ལ་སོགས་པས་མཆོད་དེ། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །ས་འདི་བདག་གིས་བསླང་བར་བྱ། །དཀྱིལ་འཁོར་དོན་དུ་ཁྱེད་ཀྱིས་སྩོལ། །ཞེས་ལན་གསུམ་གསོལ་བ་བཏབ་སྟེ་དེ་དག་གིས་རྨི་ལམ་
ལ་སོགས་པར་བྱིན་པའམ། མ་བཀག་པར་རིག་ནས་ཉི་མ་གཞན་གྱི་སྔ་དྲོ་ལ་ནམ་མཁའི་དཀྱིལ་ན་བཞུགས་པའི་དཔལ་རྡོ་རྗེ་འཆང་ལ་སོགས་པ་རྣམས་ལ་ཡིད་ཀྱིས་གསོལ་བ་བཏབ་ལ་རྗེས་སུ་གནང་བ་ཞུས་ཏེ། ཉི་མའི་གུང་ལ་སྲུང་བའི་འཁོར་ལོ་དང་བགེགས་ལ་ཕུར་བུས་བཏབ་པ་བསྒོམས་པས་
སམ། དྲག་པོའི་སྦྱིན་སྲེག་གིས་བགེགས་བསྐྲད་པར་བྱའོ། །སྦྱིན་སྲེག་གི་ཕྱོགས་ལ་སློབ་མ་བསྲུང་བའི་དོན་དུ་ཕྱི་དྲོའི་ཚེ། མེ་མཚམས་ན་གནས་པའི་ཐབ་ཁུང་དུ་ཞི་བའི་སྦྱིན་སྲེག་བྱས་ལ་ས་དེ་ཡང་ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་པ་ལ་སོགས་པ་ལས་ཐམས་ཅད་པའི་སྔགས་བཟླས་པའི་ཡུངས་ཀར་དང་།
ཆུ་དང་ཐལ་བ་རྣམས་ཀྱིས་བསང་ངོ་། །དེ་ནས་ས་དེར་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། སའི་ལྷ་མོ་མཆོད་པར་འགྱུར་བའི་གཟུགས་ཅན་བསྒོམས་ལ། ཞབས་བསིལ་དང་། ཞལ་བསིལ་དང་། མཆོད་ཡོན་དང་། མཆོད་པ་སྔོན་དུ་འགྲོ་བས། ཨོཾ་ཚུར་སྤྱོན་ཞེས་པ་ལ་སོགས་པས་སམ། སྐྱོབ་པ་ཞེས་བྱ་བ་ལ་
སོགས་པས་ལན་གསུམ་དུ་གསོལ་བ་བཏབ་པས་དེ་ལྟར་གྱིས་ཤིག་ཅེས་བརྗོད་པ་ཅན་ཡིད་ཀྱིས་བཏེག་ལ་ནམ་མཁའ་ལ་བཞུགས་སུ་གསོལ་ལོ། །དེ་ནས་ས་དེ་བགེགས་མེད་པར་རིག་ནས་གཏོར་མ་བྱིན་ཏེ་སྔར་བཞིན་དུ་ས་བདག་ཀླུའི་མཚན་གྱི་ཆར་མགྲིན་པ་ནུབ་ཙམ་མམ། ཆུ་ལ་ཐུག་པའམ། རྡོ་
ལ་ཐུག་པའམ། དངོས་གྲུབ་དམན་པ་དང་འབྲིང་དང་མཆོག་གི་དབྱེ་བས་པུས་མོའམ་དཀུའམ་ལྟེ་བ་ཙམ་དུ་བརྐོ་བར་བྱ་བའོ། །ས་རྐོ་བའི་ཆོ་གའོ། །དེ་ནས། རྡོ་བར་བཅས་ན་རླུང་ཆེན་པོ། །རུས་པར་བཅས་ན་ཟུག་གཟེར་འབྱུང་། །གྱོ་དུམ་དང་བཅས་ལྐུགས་པ་ཉིད། །ཕུབ་མ་སོལ་བ་ལྡན་ན་རིམས། །
སྐྲ་དང་རྩ་བ་ཤིང་སོགས་བཅས། །ཉེ་བར་འཚེ་བ་ཕྲ་མོ་འབྱུང་། །ཞེས་ཤེས་པར་བྱ་སྟེ། ཐལ་བ་དང་སོལ་བ་དང་སྐྲ་དང་ཕུབ་མ་དང་རྡོ་བ་དང་རུས་པ་དང་གྱོ་དུམ་དང་སོ་ཕག་དང་ཤིང་དུམ་ལ་སོགས་པ་བསལ་ལ། ས་དེ་ཉིད་དྲི་བཟང་པོའི་ཆུ་དང་སྦྱར་བས་དོང་དགང་ངོ་། །མ་ཁེངས་ན་གཞན་གྱིས་ཀྱང་ངོ་། །

དེ་ནས་ཡི་གེ་ཧཱུཾ་དང་ལས་ཐམས་ཅད་པའི་སྔགས་བཟླས་པའི་དྲི་བཟང་པོའི་ཆུས་གཏོར་ཞིང་བརྡུངས་ལ། ཁྲུ་ཕྱེད་ཙམ་དུ་མཐོ་ཞིང་མཉམ་ལ་ཅུང་ཟད་རུས་སྦལ་གྱི་རྒྱབ་ལྟར་མཐོ་བ་དང་། ཤར་དང་བྱང་གི་མཚམས་ཡིད་ཙམ་དམའ་བར་བྱའོ། །གཞན་ཡང་། ས་སེལ་ཉེས་པ་ཐམས་ཅད་ནི། །གལ་ཏེ་
འབྱུང་བར་མི་ནུས་ན། །ལག་པས་རེག་ལ་སྔགས་བཟླས་བྱ། །དེ་ཉིད་དག་པ་མཆོག་ཏུ་འགྱུར། །ཁང་བཟངས་བྲག་སྟེང་བ་གླང་ལྷས། །གཙུག་ལག་ཁང་སོགས་ཆུ་འགྲམ་མམ། །སྔོན་དུས་བྱས་པའི་གནས་དག་ཏུ། །མ་བརྐོས་ན་ཡང་དག་པ་ཡིན། །དེར་ནི་བདུད་རྩི་འཁྱིལ་པ་འབའ་ཞིག་གིས་སྡང་
བ་རྣམས་བསལ་ཞིང་། །ཡུངས་ཀར་དང་ཆུ་དང་ཐལ་བ་ལ་བཟླས་ལ་གཏོར་བར་བྱའོ། །ས་འདི་དང་བརྐོས་ཤིང་བརྡུངས་པ་ལ་ཤར་གྱི་ཕྱོགས་ནས་བརྩམས་ཏེ་བའི་རྣམ་ལྔ་ལ་དེ་བཟླས་པས་བྱུག་ཅིང་དྲིའི་ཆུས་ཀྱང་གཏོར་ལ། ཨོཾ་བྷུཿཁཾ་ཞེས་བརྗོད་པས་ནམ་མཁར་རོ། །དེ་ནས་ཧཱུཾ་ལཾ་ཧཱུཾ་ཞེས་བརྗོད་པས་
རྡོ་རྗེའི་རང་བཞིན་དུ་བསྒོམས་ཏེ། ཨོཾ་མེ་དི་ནཱི་བཛྲཱི་བྷ་བ་བཛྲ་བནྡྷ་ཧཱུཾ་ཞེས་པ་དང་། ཨོཾ་ཧ་ན་ཧ་ན་བཛྲ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་པ་དང་། ཨོཾ་ཨཱཿཧཱུཾ་ཤོ་དྷ་ཡ་ཤོ་དྷ་ཡ་རཀྵ་རཀྵ་ཧཱུཾ་ཧཱུཾ་ཕཊ་ཅེས་པས་བསྔགས་ཤིང་ལག་པས་རེག་སྟེ་བྱིན་གྱིས་བརླབ་པར་བྱའོ། །ས་དེའི་དབུས་སུ་ཇི་ལྟར་འོས་པར་རིན་པོ་ཆེ་ལྔ་དང་སྨན་ལྔ་
དང་། འབྲུ་ལྔ་ལ་ལས་ཐམས་ཅད་པ་བཟླས་པ་བཅུག་སྟེ། དེ་བཟླས་པའི་དྲིའི་ཆུས་བྱུགས་པར་ནམ་མཁའ་ལ་གནས་པའི་སའི་ལྷ་མོ་ལ་གཏོར་མ་དང་ཞལ་བསིལ་ལ་སོགས་པ་ཕུལ་ཏེ་བསྟིམས་ལ། ཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་ལག་པ་པད་སྐོར་གྱི་ཕྱག་རྒྱའོ། །ཡི་གེ་བརྒྱ་པ་ཡང་བརྗོད་པར་
བྱའོ། །སྣ་ཚོགས་པ་སྟོང་པ་ཉིད་དང་རོ་གཅིག་པའོ། །ཞེས་བསྟན་པར་མོས་པས་ས་དེ་ཉིད་ཀྱི་རང་བཞིན་དུ་རྣམ་པར་དག་པར་མོས་པར་བྱ་བ་ནི་བླ་ན་མེད་པའི་རྣམ་པར་དག་པའོ། །དེ་ནས་འཆད་པར་འགྱུར་བའི་རིམ་པས་ཤར་ལ་སོགས་པའི་ཕྱོགས་ངེས་པར་བྱས་ཏེ་དཀྱིལ་འཁོར་གྱི་གནས་དེ་
རྒྱར་ཇི་ལྟར་འདོད་པར་ཕུབ་པའི་སྒོ་བཞི་པའི་གཞལ་ཡས་ཁང་གི་དབུས་སུ་ཆུད་པ། ཕྱོགས་བཞིར་རྟ་བབས་དང་དྲ་བའི་ཁོར་ཡུག་གིས་བསྐོར་བ་ཐམས་ཅད་དུ་རྒྱན་སྣ་ཚོགས་དང་། མེ་ཏོག་གི་ཕྲེང་བ་དང་། དྲིལ་བུ་དང་ལྡན་པ། ཏོག་དམ་པ་དང་། བླ་རེས་སྤྲས་པའོ། །དེ་ལྟར་ས་སྦྱང་

བའི་ཆོ་ག་རྣམ་པ་གསུམ་ཡིན་ནོ། །དེར་དཀྱིལ་འཁོར་གྱི་སའི་དབུས་སུ་མེ་ཏོག་གཅལ་དུ་བཀྲམ་པར་འདུག་ལ་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ་འདྲི་བར་འགྱུར་བའི་དཀྱིལ་འཁོར་གྱི་རྣལ་འབྱོར་དང་ལྡན་པས། སྲུང་བའི་འཁོར་ལོ་ལ་སོགས་པས་བགེགས་བསལ་ཏེ། སྤོས་ཕོར་བཟུང་
ལ་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས་ནས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་རྣམས་ནི་བདག་ལ་དགོངས། །བདག་ནི་རྡོ་རྗེ་ཆེ་གེ་ཡིས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱི། །སངས་རྒྱས་ལ་སོགས་ཀུན་བྱོན་འཚལ། །དངོས་གྲུབ་འདི་ནི་ཡང་དག་སྩོལ། །ཞེས་སངས་
རྒྱས་ལ་སོགས་པ་རྣམས་ལ་སྙན་གསན་ཞིང་མཆོད་ལ། རྣམ་པར་སྣང་མཛད་ལ་སོགས་པ་ནམ་མཁའ་ལ་བཞུགས་པ་དང་། ཤར་ལ་སོགས་པའི་གནས་སུ་སློབ་མ་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་འཛིན་པ་ཅི་ལྟར་རིགས་པར་རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་དང་ལྡན་པ་བཞི་རྣམས་ཀྱིས་སམ།
སློབ་མ་གཅིག་ཉིད་རིམ་པ་བཞིན་དེ་དང་དེར་སོང་བས་ཀྱང་། དེ་བཞིན་གཤེགས་པ་ཀུན་ཞི་བ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་བདག་མེད་པ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚན་ཉིད་མིན་པ་ཐམས་ཅད་
སྤངས། །ཀུན་དུ་བཟང་པོ་སྐུ་ཡི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞི་བའི་ཆོས་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད། །ཀུན་དུ་བཟང་པོ་གསུང་གི་མཆོག །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་
ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་སྒྱུར། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པ་བཞི་རེ་རེ་སོ་སོ་ནས་བདག་ཉིད་ལ་གསོལ་བ་འདེབས་སུ་གཞུག་གོ། །རིགས་ལྔ་དང་ལྡན་པའི་ཕྱིར་དེ་བཞིན་གཤེགས་པ་ཀུན་གྱི་རང་བཞིན་ནོ། །རྣམ་པར་སྣང་མཛད་ལ་
སོགས་པ་ཞི་བ་ཆེན་པོའི་ཏིང་ངེ་འཛིན་འབྱུང་བས་ཞི་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་གནས་པས་ན་གནས་སོ། །དྲན་པ་ཉེ་བར་གཞག་པ་ལ་སོགས་པ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཀྱི་ངོ་བོས་ནི་ཆོས་ཀུན་བདག་མེད་པའི་མཆོག་གོ། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་བདེ་བ་ཆེན་པོའི་སྙིང་པོ་

ལེན་པ་གསལ་བར་བྱེད་པའི་ཕྱིར་རྡུལ་ཚོན་གྱི་དཀྱིལ་འཁོར་ཡང་དཀྱིལ་འཁོར་རོ། །གྲུ་བཞི་པ་ཉིད་ལ་སོགས་པའི་མཚན་ཉིད་དང་ལྡན་པས་རྫོགས་པའོ། །ཕྲ་བ་དང་སྦོམ་པའི་ཉེས་པ་དང་བྲལ་བས་ན་སྤངས་པའོ། །སྐུའི་མཆོག་སྐུ་རྡོ་རྗེའི་རང་བཞིན་འདི་ལ་ཡོད་པས་ན་སྐུའི་མཆོག་གོ། །དཀར་པོའི་ཆོས་
ཀྱི་ངོ་བོར་གསལ་བར་བྱུང་བས་ཆོས་མཆོག་ལས་འབྱུང་བའོ། །དེ་ལྟ་བུར་གྱུར་པའི་ཡེ་ཤེས་ཀྱི་ཆེད་དུ་སྤྱོད་པ་གང་ཡིན་པ་དེ་སྦྱོང་བར་བྱེད་པས་ན་ཡེ་ཤེས་སྤྱོད་པ་རྣམ་སྦྱོང་མཛད་དོ། །དེ་གསལ་བར་མཛད་པ་པོ་ཉིད་ཀྱིས་གསུང་རྡོ་རྗེའི་རང་བཞིན་ནོ། །ཆོས་ཐམས་ཅད་ཀྱི་ངོ་བོར་སྤྲོ་བས་ན་སེམས་ཆེན་
པོའོ། །དོན་དམ་པར་ཀུན་བརྟགས་ཐམས་ཅད་དང་བྲལ་བས་ཐུགས་རྡོ་རྗེའི་རང་བཞིན་ནི་རང་བཞིན་དག་ཅིང་དྲི་མ་མེད་དོ། །འདུལ་བར་འོས་པ་འདུལ་བ་ན་ཁ་ལོ་སྒྱུར་བ་སྟེ་བཤད་དུ་གསོལ་ཞེས་དེ་ལྟར་མངོན་དུ་བྱེད་ཅིང་ངོ་། །དངོས་སུ་གསོལ་བ་འདེབས་པ་པོ་མེད་ན་བསམ་གཏན་གྱིས་ཀྱང་དེ་ལྟར་བྱ་
སྟེ་འདི་ལྟར་མན་ངག་གོ། །དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་ལ་སོགས་པ་སྤྲོ་བ་ལ་སོགས་སྔོན་དུ་འགྲོ་བས་བསྒོམས་པའི་དཀྱིལ་འཁོར་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱང་ལ་རྩེ་མོ་སྦྱར་བ་འོག་ཏུ་ཕྱོགས་པར་སྤྱི་བོར་བཟུང་ཞིང་ཧཱུཾ་བཛྲ་ཨུ་ཏིཥྛ་ཞེས་བརྗོད་ཅིང་ནམ་མཁའ་ལ་བཏེག་སྟེ། དེ་
ནས་སྐྱིལ་ཀྲུང་བཤིག་ལ་ལངས་ཏེ། ཁ་ཤར་དུ་ཕྱོགས་པས་མཉམ་པའི་རྐང་སྟབས་བྱས་ལ། མགོ་བོར་ཐལ་མོ་སྦྱར་བས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས། སེམས་ཅན་མ་རིག་པའི་མུན་པར་སོང་ཞིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་ལ་མངོན་པར་བལྟས་ལ། བདུད་
བསལ་བར་བྱ་བའི་ཕྱིར། སྐད་ཅིག་གིས་མཆོད་པར་འགྱུར་བའི་རྡོ་རྗེ་ཧཱུཾ་མཛད་སྐུ་ཁྲོ་བོའི་ཆ་བྱད་ཅན། སྨིན་མ་གཉེར་ཞིང་མཆེ་བ་གཙིགས་པ། ཤིན་ཏུ་ཁྲོས་པའི་ཆ་བྱད་ཀྱིས་གཡོ་བ་ལ་སོགས་པ་དང་ལྡན་པས་ཡི་གེ་མས་མིག་གཡས་པ་ཉི་མར་བྱས་པ་དང་། ཡི་གེ་ཊས་མིག་གཡོན་པ་ཟླ་བར་
བྱས་པ་དང་། ཡི་གེ་ཧཱུཾ་གིས་མིག་འབྲས་གཉིས་དུས་མཐའི་མེ་ལྟར་བྱས་པའི་རྡོ་རྗེའི་བལྟ་བའི་ཕྱོགས་ཐམས་ཅད་དུ་འགྲོ་བ་ལ་བལྟ་བ་དང་། ང་རྒྱལ་བསྐྱེད་པར་བྱས་ཏེ། ང་ནི་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་རང་ཉིད་ང་། །ང་ནི་སངས་རྒྱས་རྒྱལ་པོ་ཆེ། །ང་ནི་སྟོབས་ཅན་རྡོ་རྗེ་ཅན། །

ང་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་སྟོན་པ་ང་། །བདག་པོ་རྡོ་རྗེ་བདག་པོ་སྟེ། །བྱིན་གྱིས་བརླབས་པ་མི་འདོར་རོ། །ཞེས་སོ། །དེ་ནས་རྐང་པའི་མཐིལ་དུ་རྡོ་རྗེ་འབར་བ་བསྒོམ་ཞིང་སྐབས་ཇི་ལྟར་བགྱི་བ་དང་བཅས་པའི་པད་སྐོར་བྱེད་ཅིང་། རྡོ་རྗེ་གསོར་ནས་
དྲིལ་བུ་དཀྲོལ་ཞིང་རྡོ་རྗེའི་རྐང་སྟབས་ཉིད་ཀྱིས་དབང་ལྡན་གྱི་ཕྱོགས་སུ་ཕྱིན་ལ་དེ་ནས་བརྩམས་ཏེ་སློབ་མ་དང་ལྷན་ཅིག་གཡས་སྐོར་དུ་དཀྱིལ་འཁོར་གྱི་ས་གཞིར་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱེད་ཅིང་། མིག་གཉིས་ལག་གཉིས་དེ་བཞིན་དཀུ། །རྐང་པ་གཞོགས་སུ་གཡས་སུ་བསྐོར། །
ཕེག་རྡོབ་སྦྱོར་བས་དགྱེར་བར་བྱ། །སླར་ཡང་གཡོན་དུ་དེ་བཞིན་ནོ། །དེ་ནས་རྒྱུག་པའི་གར་བྱེད་ནས། །དེ་ནས་གཡོ་ཞིང་གར་བྱའོ། །མྱུར་དུ་ཕེག་རྡོབ་དེ་བཞིན་དུ། །གར་བྱེད་འཁོར་ལོ་འདྲར་བསྐོར་ཞིང་། །གང་སུ་དག་ལྷ་དང་། ལྷ་མ་ཡིན་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་
དང་། ཤ་ཟ་དང་། བརྗེད་བྱེད་དང་། འབྱུང་པོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་དང་། གྲིབ་གནོན་རྒན་པོ་དང་། གྲིབ་གནོན་རྒན་མོ་དང་། གཡོག་དང་འཁོར་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། རིག་སྔགས་འཆང་གྲུབ་པ་ཁྱེད་རྣམས་དེངས་ཤིག །སའི་ཕྱོགས་འདིར་བདག་
རྡོ་རྗེ་སློབ་དཔོན་ཆེ་གེ་མོ་ཞེས་པས་སེམས་ཅན་ཐམས་ཅད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང་། སློབ་མ་ཆེ་གེ་མོ་ཞེས་བྱ་བའི་མངོན་པར་བྱང་ཆུབ་པ་རྫོགས་པར་བྱ་བའི་དོན་དུ་དཔལ་ཆེ་གེ་མོ་ཞེས་པའི་དཀྱིལ་འཁོར་ཆེན་པོ་བྲི་བར་བྱའོ། །དེའི་ཕྱིར་རྡོ་རྗེ་འཆང་ཆེན་པོའི་བཀའ་འདི་ཐོས་
ནས་མྱུར་དུ་དེངས་ཤིག །གང་དག་མི་འགྲོ་བ་དེའི་མགོ་བོ་བདག་གིས་ཧཱུཾ་མཛད་ཀྱི་རྡོ་རྗེ་འབར་བ་གསལ་ཞིང་རབ་ཏུ་གསལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོ་འདིས་རྣམ་པ་བརྒྱར་དགས་པར་བྱའོ་ཞེས་པའམ། ལུས་ངག་ཡིད་ལ་གནས་པ་ཡི། །བགེགས་ཀྱི་ཚོགས་ཀུན་ཡང་དག་ཉོན། །ང་ནི་དཔལ་
ལྡན་རྡོ་རྗེ་འཆང་། །བཀའ་ཡི་འཁོར་ལོ་སྦྱོར་བ་པོ། །རྡོ་རྗེ་འབར་བའི་གཟུགས་ཀྱིས་ནི། །ལུས་གསུམ་ལས་བྱུང་དགས་བྱ་སྟེ། །གལ་ཏེ་ཁ་ཅིག་བདག་ལ་འདས། །འདིར་ནི་འཇིག་འགྱུར་གཞན་དུ་མིན། །ཞེས་ལན་གསུམ་བརྗོད་ཅིང་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས་རྣམས་བསལ་

བར་བྱའོ། །དཀྱིལ་འཁོར་གྱི་ས་གཞི་ཡང་དབང་ཆེན་གྱི་གཏིང་གི་བར་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །འདིར་བསྐོར་བའི་དུས་སུ་སྒོ་སོ་སོར་བདག་ཉིད་གཡོན་དུ་གནས་པའི་སློབ་མས་དྲིལ་བུའི་ནང་དུ་རྡོ་རྗེ་གཞུག་པར་བྱའོ། །དེའི་རྡོ་རྗེ་ཡང་བདག་ཉིད་ཀྱི་དྲིལ་བུར་རོ། །
དེ་ལྟར་མདུན་དང་གཡས་དང་རྒྱབ་ཏུ་ཡང་ངོ་། །དེ་ལ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་རྐང་མཐིལ་དུ་བསམས་ནས། རྐང་མཐིལ་དེས་རྡོ་རྗེ་དེ་ས་ལ་བྲི་ཞིང་གར་གྱིས་བསྐོར་བར་བྱའོ། །དེ་ནས་དེ་བཞིན་དུ་རྩེ་གསུམ་པའོ། །དེ་ནས་དེ་བཞིན་དུ་རྩེ་ལྔ་པའོ། །དེ་ནས་སྣ་ཚོགས་རྡོ་རྗེ་ཡང་དེ་བཞིན་
དུ་སྟེ་འོན་ཀྱང་ཕྱིར་ལོག་ནས་བསྐོར་ཞིང་རྗེས་དགོད་དོ། །བཞི་པོ་འདི་རྣམས་རྡོ་རྗེས་མཚན་པ་དང་། རྡོ་རྗེ་འདྲི་བས་རྡོ་རྗེའི་རྐང་སྟབས་ཏེ་སོ་སོར་གཡས་སྐོར་དུ་གཡས་བརྐྱང་ལ་སོགས་པ་རྣམས་བྱེད་པས་ལན་རེ་བྱའོ། །དེ་ནས་གཡོན་པའི་བྱིན་པ་བསྐུམ་ནས་མཐོ་ལྔའི་བར་དུ་རྐང་པ་
གཡས་པ་འགྱིང་བ་དང་བཅས་པས་དྲང་པོར་བརྐྱང་བ་ནི་གཡས་བརྐྱང་ངོ་། །བྱིན་པ་གཡས་པ་བསྐུམ་ནས་གཡོན་པ་དེ་བཞིན་དུ་བྱས་པ་ནི་གཡོན་བརྐྱང་ངོ་། །སོར་ཉི་ཤུ་རྩ་དྲུག་གི་རྒྱར་བརྐྱང་བའི་སོར་མོ་ལོགས་སུ་བསྟན་ཅིང་། པུས་མོ་གཉིས་དྲང་པོར་བྱས་པ་ནི་ས་གའོ། །ས་གའི་
རྐང་སྟབས་ཉིད་བར་དུ་ཁྲུ་དོ་པ་ངང་པའི་གཤོག་པ་ལྟར་བྱས་པ་ནི་ཟླུམ་པོའི་རྐང་སྟབས་སོ། །རྐང་པ་གཉིས་ཀྱི་སོར་མོ་ཕན་ཚུན་སྦྱར་བ་ནི་མཉམ་པའི་རྐང་སྟབས་སོ། །ལྔ་པོ་འདི་རྣམས་བྱེད་པ་ན་རེ་རེ་བྱེད་ཅིང་བསྐོར་བ་ལན་རེ་རྫོགས་པར་བྱའོ་ཞེས་པ་ནི་ཁ་ཅིག་གོ། །རེ་རེ་བྱེད་ཅིང་བསྐོར་
བ་ལན་གསུམ་མོ་ཞེས་པ་ནི་གཞན་དག་གོ། །འདིར་ངེས་པ་ཅུང་ཟད་མེད་དོ་ཞེས་པ་ཁ་ཅིག་གོ། །རྟིང་པ་གཉིས་ཀྱི་བར་དུ་སོར་མོ་བཞི་བྱས་ཤིང་རྐང་པ་གཡོན་པ་དྲང་པོར་བྱས་ཏེ་འགྱིང་བ་དང་བཅས་པས་གཡས་པ་མཐོ་གང་གི་བར་དུ་ལོགས་སུ་བསྟན་ཅིང་ཡངས་པ་ཅན་གྱི་སྒྲོལ་མའི་
ཞབས་ལྟར་བྱས་པ་ནི་སྐྱེས་པའི་རྐང་སྟབས་སོ། །དེ་ཁོ་ན་བཞིན་དུ་གཡས་པ་དྲང་ཞིང་གཡོན་པ་ལོགས་སུ་བསྟན་པ་ནི་སྐྱེས་པའི་རྐང་སྟབས་ཀྱི་ཟླའོ། །མཉམ་པའི་རྐང་སྟབས་བྱས་ཏེ་མཐོ་གསུམ་གྱི་བར་དུ་རྐང་པ་གཡས་པ་གཡོན་པའི་མདུན་དུ་བཞག་པ་ནི་རྣམ་པར་གཙིགས་པའི་

རྐང་སྟབས་སོ། །དེ་ཁོ་ན་བཞིན་དུ་གཡས་པ་དྲང་པོར་བྱས་ཏེ། གཡོན་པ་གཡས་པའི་མདུན་དུ་མཐོ་གསུམ་གྱི་བར་དུ་བཞག་པ་ནི་རྣམ་པར་གཙིགས་པའི་རྐང་སྟབས་ཀྱི་ཟླའོ། །འདུག་ནས་ཀྱང་རྐང་པའི་མཐིལ་གཉིས་ཁ་སྦྱོར་བ་ནི་ཁ་སྦྱོར་གྱི་རྐང་སྟབས་སོ། །རྐང་པ་གཡས་
པས་རྐང་པ་གཡོན་པ་མནན་པ་ནི་རུས་སྦལ་གྱི་རྐང་སྟབས་སོ། །རྐང་པ་གཅིག་བཏེག་སྟེ་རྐང་པ་གཅིག་བསྐོར་བ་ནི་རྐང་གཅིག་གོ། །རྐང་སྟབས་བདུན་པོ་འདི་དང་བུད་བའི་དྲ་བ་ནི་གནས་ངེས་པ་མེད་པར་བྱའོ། །གཡས་པ་དང་གཡོན་པ་དག་གིས་ཀུན་ནས་ལུས་གཡོ་བ་ནི་བུང་བའི་དྲ་བའོ། །
གཡས་བརྐྱང་བ་ལ་སོགས་པ་བཅུ་གསུམ་པོ་འདི་དག་བྱེད་པ་ན་ཇི་ལྟར་རིགས་པར་རྒྱ་མཚོའི་རླབས་དང་། རི་བོ་འདེགས་པ་དང་། རོལ་པའི་བསྐྱོད་པ་དང་། ཁྲོ་བོའི་བསྐྱོད་པ་དང་། གོམ་པ་བགྲོད་པ་དང་། ཚུལ་བཞི་དང་། བསྣུན་པ་ལ་སོགས་པ་ཀུན་ནས་བསྐྱོད་པ་དགུ་དང་། རྡོ་རྗེ་བསྒྲེང་བ་ལ་
སོགས་པ་དྲུག་དང་། རལ་གྲི་ལ་སོགས་པའི་ཚུལ་བཅུ་གསུམ་བྱའོ། །དེ་ནས་གཡས་བརྐྱང་གི་གར་བྱས་ལ་ཁ་ལྷོར་ཕྱོགས་ཏེ། སྙིང་གར་གཡོན་པའི་སྡིགས་མཛུབ་བསྒྲེངས་ནས་གཞོགས་གཡོན་དུ་ས་ལ་འགྱེལ་བ་ལྟར་བྱས་ཏེ། ནམ་མཁར་བལྟ་ཞིང་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་བདུད་
ཐམས་ཅད་ལ་བསྣུན་ནོ། །བསྣུན་པའི་ཀུན་ཏུ་བསྐྱོད་པའོ། །པད་སྐོར་སྔོན་དུ་འགྲོ་བས་གར་བྱེད་ལ་རྡོ་རྗེ་བླངས་ཏེ་གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་ཤིང་། གཡས་རྡོ་རྗེ་དང་བཅས་པས་དབྱུག་པའི་ཕྱག་རྒྱ་བསྒྲེངས་ལ་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ། འགྱིང་བ་དང་བཅས་པའི་རྡོ་རྗེ་
རྐང་སྟབས་ཀྱིས་རྐང་པ་གཡས་པ་བསྐུམ་ལ། གཡོན་པ་མཐོ་ཕྱེད་དང་གསུམ་དུ་བཞག་སྟེ་བརྟན་པར་བྱས་ནས་རྐང་པ་གཉིས་གཤོག་པར་གནས་སོ། །དེ་ནས་པུས་མོ་གཡས་པ་བསྐུམ་ལ་དབྱུག་པའི་ཕྱག་རྒྱ་སྟེང་དུ་བརྐྱང་སྟེ། གཡོན་པའི་སྡིགས་མཛུབ་ཀྱིས་བསྡིགས་ཤིང་། ལྟོ་བ་གཡོན་པ་སྨད་ལ་
མིག་གཡོན་པ་བཙུམས་ཏེ་བསྐོར་ཞིང་དཀྱིལ་འཁོར་ལ་བལྟས་ནས་ཁྲོ་གཉེར་བྱའོ། །འདི་ནི་འདར་བར་བྱེད་པའི་ཀུན་དུ་བསྐྱོད་པ་སྟེ་དཀུ་གཡས་པའི་ཆར་བསྡུའོ། །དེ་བཞིན་དུ་རྡོ་རྗེ་བསླངས་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ་རྐང་པ་མཉམ་པར་མཐོ་ཕྱེད་དང་གསུམ་དུ་བརྐྱང་ནས་རྐང་པ་གཉིས་

ཟུར་གསུམ་དུ་བྱས་ཏེ་མདུན་དུ་ལག་པ་བརྡབས་ནས་དབྱུག་པའི་ཕྱག་རྒྱ་འཕྱར་ཞིང་སྡིགས་མཛུབ་ནུ་མ་གཡོན་པར་བཞག་སྟེ་བལྟ་བར་བྱའོ། །འདི་ནི་སྐྲག་པར་བྱེད་པའི་ཀུན་དུ་བསྐྱོད་པ་སྟེ་དཀུ་གཡོན་པའི་ཕྱོགས་སུ་བསྡུ་བའོ། །དེ་བཞིན་དུ་རྡོ་རྗེ་བསླང་བའི་ཕྱག་རྒྱ་བཅས་ནས་མཉམ་པའི་རྐང་
སྟབས་ཀྱིས་གནས་ཏེ་དབྱུག་པའི་ཕྱག་རྒྱ་ཕྱར་ལ། མིག་གཡས་པ་བཙུམས་ཏེ་མིག་གཡོན་པས་ནུ་མར་སྡིགས་མཛུབ་བཙུགས་ལ་བལྟའོ། །གཡོན་པ་རྡོ་རྗེའི་རྐང་སྟབས་བྱས་ཏེ་པུས་མོ་གཡས་པ་བསྐུམ་ལ་རྐང་པ་བཏེག་སྟེ་ཁྲོ་བ་དང་བཅས་པས། ཅིག་ཅར་གཡོན་ཕྱོགས་སུ་འཁོར་ལོ་བཞིན་
དུ་བསྐོར་རོ། །ཡང་རྐང་པ་དེ་བསྐུམ་ལ་གཡོན་བརྐྱང་ཕྱེད་པ་གཞག་པར་བྱ་སྟེ་རྐང་པ་གཉིས་གཤོག་པར་གནས་པ་བརྟན་པར་བྱས་ནས་གནས་སོ། །འདི་ནི་ཡང་དག་པར་དཀྲུགས་པའི་ཀུན་དུ་བསྐྱོད་པ་སྟེ། རྡོ་རྗེ་གར་གྱི་སྦྱོར་བས་དཀུ་གཡས་པའི་ཆར་བསྡུའོ། །དེ་བཞིན་དུ་རྡོ་རྗེ་
བསླངས་ནས་མཉམ་པའི་རྐང་སྟབས་ཀྱིས་གནས་ཏེ་དབྱུག་པའི་ཕྱག་རྒྱ་འཕྱར་ལ་མིག་གཡོན་པ་ནུ་མར་སྡིགས་མཛུབ་ལ་བལྟའོ། །པུས་མོ་གཡོན་པ་བསྐུམ་སྟེ་གཡས་པ་རྡོ་རྗེའི་རྐང་སྟབས་སུ་བྱས་ནས་གཡོན་པ་བཏེག་པ་དང་དུས་གཅིག་ཏུ་གཡས་ཕྱོགས་སུ་བསྐོར་ཏེ་དེ་ནས་
གཞག་པར་བྱའོ། །བཞག་པའི་རྐང་པ་བསྐུམ་ཞིང་གྲུ་གསུམ་དུ་བྱས་ལ་གཡས་པ་གཤོག་པའི་རྣམ་པར་བྱས་ཏེ་གཡས་བརྐྱང་དུ་བཞག་པར་བྱའོ། །རྣམ་པར་རྨོངས་བྱེད་ཀྱི་ཀུན་དུ་བསྐྱོད་པ་སྟེ་གར་བྱེད་ཅིང་དཀུ་གཡོན་པའི་ཕྱོགས་སུ་བསྡུའོ། །འདི་ཉིད་རྐང་པ་གཡོན་པས་བསྐོར་
བས་སླར་མདུན་དུ་ལག་པ་ས་ལ་བརྡབ་སྟེ་སླར་དབྱུག་པའི་ཕྱག་རྒྱ་བསྒྲེང་བར་བྱའོ། །འདི་ནི་ཁྱད་པར་དུ་མྱུར་བའི་ཀུན་དུ་བསྐྱོད་པའོ། །རྨོངས་པར་བྱེད་པའི་ལྟ་སྟངས་ཉིད་ཁ་གདངས་པའི་ཀུན་དུ་བསྐྱོད་པ་སྟེ། འོན་ཀྱང་ཁ་གདངས་ནས་ལྕེ་དྲིལ་བུ་དཀྲོལ་བཞིན་དུ་བྱས་ཏེ་འཁོར་ལོ་བཞིན་
བསྐོར་བར་བྱའོ། །དེ་བཞིན་དུ་རྡོ་རྗེ་བསླངས་ནས་རྐང་པ་གཉིས་མཐོ་གང་ཙམ་གྱི་བར་དུ་བྱས་ཏེ་གྲུ་གསུམ་བྱ་ཞིང་པུས་མོ་གཡས་པ་ཅུང་ཟད་བསྐུམ་ལ་པུས་མོ་གཡོན་པ་དང་གསུས་པ་དང་། ནུ་མ་གཡོན་པའི་ཆ་སྨད་དེ། ནུ་མར་སྡིགས་མཛུབ་བྱ་ཞིང་དབྱུག་པ་ལན་གཉིས་བསྒྲེང་ལ་དེ་མ་

ཐག་ཏུ་དབྱུག་པ་ལ་བལྟ་ཞིང་གདོང་བསྐོར་བ་ནི་ཀཱ་ལི་ཀཱི་ལ་ཞེས་པའི་ཀུན་དུ་བསྐྱོད་པ་སྟེ་དཀུ་གཡས་པའི་ཆར་བསྡུའོ། །དེ་ཉིད་ནི་ཀཱི་ལི་ཀཱི་ལི་ཆེན་པོ་ཡིན་ཏེ་གང་གི་ཚེ་དབྱུག་པ་ལ་བལྟ་བར་གནས་པ་གཡས་པའི་དཔུང་པའི་ཕྱོགས་ནས་རང་གི་རྒྱབ་ཏུ་ཁྱེར་ཞིང་མིག་གཡོན་པ་
བཙུམས་ཏེ་ཁྲོས་ཤིང་རྐང་པ་རྣམ་པར་རྐྱོང་བར་བྱེད་པའི་ཚེའོ། །བསྡུ་བ་ནི་སྔ་མ་བཞིན་ནོ། །གཡོན་པ་དཀུར་བྱས་ཏེ་གཡས་པ་རྡོ་རྗེ་སྙིང་གར་བསྒྲེང་བ་ནི་རྡོ་རྗེ་བསྒྲེང་བའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་བསྒྲེངས་པས་སྙིང་གར་སྡིགས་མཛུབ་བྱེད་ཅིང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བའི་རྡོ་རྗེ་
བརྡེག་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་འཕེན་པའོ། །སོར་མོ་བཞི་རྩེ་མོ་བསྐུམ་པས་མཐེ་བོང་མནན་པ་ནི་རྡོ་རྗེའི་ཁུ་ཚུར་རོ། །རྡོ་རྗེ་ཁུ་ཚུར་ལས་སྟེང་དང་འོག་ཏུ་ལག་པ་བརྐྱང་བས་ཁ་གདངས་པ་དང་སྣ་བུག་དང་འགྲམ་པ་དང་མིག་རྣམས་བསྡིགས་པའི་ཚུལ་དུ་བྱས་པ་ནི་རྡོ་རྗེ་འཇིགས་བྱེད་དོ། །ལག་པ་གཡས་པའི་རྡོ་རྗེ་
གཡས་སྐོར་དུ་བསྐོར་ནས་རིམ་གྱིས་ས་ལ་རྐང་པ་གཉིས་འཇོག་པ་ནི་རྡོ་རྗེ་འཁྱིལ་པའོ། །ལག་པ་གཡོན་པ་བརྐྱང་ལ་དེའི་མཁྲིག་མར་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཁྲིག་མར་སྦྱར་བས་གར་བྱེད་པ་ནི་རྡོ་རྗེའི་གར་རོ། །རྡོ་རྗེའི་གར་སྔོན་དུ་འགྲོ་བས་དཀུ་གཉིས་སུ་བཙུགས་ཏེ་མགོ་གཡོན་པར་སྨད་པ་
ནི་བུད་མེད་སྒྱུ་མ་བྱེད་པའོ། །དཀུ་གཉིས་སུ་བཙུགས་པ་ནི་རྡོ་རྗེ་སྒེག་མོའི་ཕྱག་རྒྱའོ། །རྡོ་རྗེ་ཁུ་ཚུར་གཡོན་པའི་སྦུབས་ལས་རྡོ་རྗེ་ཁུ་ཚུར་གཡས་པ་ཕྱུང་ནས་རལ་གྲིའི་ཚུལ་དུ་བཟུང་བ་ནི་རལ་གྲིའི་ཚུལ་ལོ། །སྙིང་གར་སྡིགས་མཛུབ་བྱེད་ཅིང་གཡས་པ་རྡོ་རྗེ་རྩེ་གསུམ་པ་ཀུན་དུ་བརྐྱང་བ་ནི་རྡོ་རྗེའི་ཚུལ་ལོ།
རྡོ་རྗེ་བསྡམས་པས་བཟུང་བའི་གཏུན་ཤིང་གིས་བགེགས་བརྡུང་བ་ནི་གཏུན་ཤིང་གི་ཚུལ་ལོ། །ཐལ་མོ་སྦྱར་ནས་སོར་མོའི་རྩེ་མོ་ཕན་ཚུན་བསྣོལ་བ་ནི་རྡོ་རྗེ་ཐལ་མོའོ། །དེ་ལྟར་རྩ་བ་ཡང་དག་པར་བསྡམས་པ་རྡོ་རྗེ་བསྡམས་པའོ། །སྙིང་གར་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཐེ་ཆུང་གཉིས་དང་མཛུབ་མོ་དག་རྡོ་རྗེ་
བསྡམས་པ་བྱས་ནས་འཁོར་ལོ་བཞིན་ཕྱེ་བ་ནི་འཁོར་ལོའི་ཚུལ་ལོ། །གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོ་གཉིས་གུང་མོ་དག་འགྱིང་བ་དང་བཅས་པས་བརྐྱང་ནས་སྟེང་དུ་བཞག་པ་ནི་བ་དན་གྱི་ཚུལ་ལོ། །ཐལ་མོ་སྙིམ་པ་ཁ་སྦྱར་ཏེ་པདྨ་བཞིན་ཁ་ཕྱེ་བ་ནི་པདྨའི་ཚུལ་ལོ། །ཁུ་ཚུར་གཡས་པའི་ནང་དུ་

མཐེ་བོང་བཅུག་སྟེ་མཛུབ་མོ་བརྐྱང་ལ་ལག་པ་སྟེང་དུ་བསྒྲེང་བ་ནི་དབྱུག་པའི་ཚུལ་ལོ། །གཡས་པའི་མཛུབ་མོ་ལྕགས་ཀྱུའི་ཚུལ་དུ་བཟུང་བ་ནི་ལྕགས་ཀྱུའི་ཚུལ་ལོ། །ལག་པ་གཡས་པའི་སོར་མོ་རྣམས་བརྐྱང་ལ་བཀུག་པ་ནི་གདེངས་ཀའི་ཚུལ་ལོ། །ལག་པ་གཡོན་པར་གཞུ་བླངས་ཏེ་གཡས་
པས་རྒྱུད་རྣ་བའི་བར་དུ་དྲང་ཞིང་རླུང་གཟུང་བར་བྱའོ། །འདི་ནི་གཞུའི་ཚུལ་ལོ། །གཡས་པའི་མཛུབ་མོ་དང་གུང་མོ་དག་གིས་གཡས་ཕྱོགས་ནས་མདའ་དྲང་བར་བྱ་བ་ནི་མདའ་དྲང་བའི་ཚུལ་ལོ། །དེ་དག་ཉིད་ཀྱིས་མདའ་འཕེན་པའི་ཚུལ་དུ་བྱས་པ་ནི་མདའ་འཕེན་པའི་ཚུལ་ལོ། །བསྟོད་པ་བྱེད་པའི་
ཚུལ་དུ་སྙིང་གར་ཐལ་མོ་སྦྱར་བ་གཟུང་བ་ནི་ཕྱག་འཚལ་བའི་ཚུལ་ལོ། །དེ་ནས་ཕྱག་འཚལ་བའི་ཚུལ་དང་པད་སྐོར་བྱས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ལ་རྡོ་རྗེའི་རྐང་སྟབས་ཀྱིས་གར་བྱས་ནས། དཀྱིལ་འཁོར་གྱི་ས་གཞིའི་དབུས་སུ་ཞུགས་ཏེ་འདུག་ལ་གདན་བཅུའི་ཚུལ་བྱེད་ཅིང་ཧཱུཾ་
བརྗོད་པ་སྔོན་དུ་འགྲོ་བས་ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས་རྣམས་བསལ་ཞིང་དབང་ཆེན་གྱི་བར་དུ་དཀྱིལ་འཁོར་གྱི་ས་རྡོ་རྗེའི་རང་བཞིན་དུ་བསྒོམ་མོ། །དེ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་ས་གནོན་གྱི་ཕྱག་རྒྱ་བཅིང་བ་ནི་རྡོ་རྗེའི་གདན་གྱི་ཚུལ་ལོ། །ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅིང་བ་ནི་བསམ་
གཏན་གྱི་ཚུལ་ལོ། །བརླ་གཡས་པ་དང་བྱིན་པའི་དབུས་སུ་རྐང་པ་གཡོན་པ་བཞག་ནས་དེའི་སྟེང་དུ་བརླ་གཡོན་པ་དང་བྱིན་པའི་དབུས་སུ་གཡས་པ་བཞག་པ་ནི་རྡོ་རྗེ་སྐྱིལ་ཀྲུང་ངོ་། །བྱིན་པ་གཡས་པ་བྱིན་པ་གཡོན་པར་བཞག་སྟེ་པུས་མོ་གཉིས་སྨད་པ་ནི་པདྨའི་གདན་ནོ། །བརླ་གཡོན་པའི་
སྟེང་དུ་རྐང་པ་གཡས་པ་གཞག་ལ་གཡོན་པ་བརླ་གཡས་པའི་འོག་ཏུ་གཞག་པ་ནི་སེམས་དཔའི་སྐྱིལ་ཀྲུང་ངོ་། །རྐང་པ་གཡོན་པས་སྐྱིལ་ཀྲུང་ཕྱེད་པ་བྱས་ཏེ་དེ་དང་ཉེ་བར་པུས་མོ་གཡས་པ་སྟེང་དུ་དྲང་བར་བྱ་བ་ནི་དཔའ་བོའི་འདུག་སྟངས་སོ། །གཡོན་པ་སྐྱིལ་ཀྲུང་ཕྱེད་པ་བྱས་ཏེ་དེའི་སྟེང་དུ་པུས་མོ་
གཡས་པ་བསྙལ་ལ། རྐང་པ་གཡས་པ་བརླ་གཡོན་པའི་རྩར་གན་རྐྱལ་དུ་བཞག་པ་ནི་དཔའ་བོའི་འདུག་སྟངས་སོ་ཞེས་ཁ་ཅིག་གོ། །སྟན་མཐོན་པོ་ལ་གནས་ཏེ་རྐང་པ་གཉིས་དྲང་པོར་བཟུང་བ་ནི་བཟང་པོའི་འདུག་སྟངས་སོ། །རྐང་པ་གཉིས་མཐོ་གང་གི་བར་དུ་སྟན་ལ་བཀོད་ལ་ཙོག་པུར་གནས་

པ་ནི་ཙོག་པུའི་འདུག་སྟངས་སོ། །རྐང་པ་གཡས་པ་སེམས་དཔའི་སྐྱིལ་ཀྲུང་བཅས་ལ་འགྱིང་བ་དང་བཅས་པས་གཡོན་པ་བརྐྱང་བ་ནི་རོལ་པའི་འདུག་སྟངས་སོ། །རྐང་པ་གཉིས་ཁ་སྦྱར་ལ་འདུག་པ་ནི་བཀྲ་ཤིས་ཅན་ནོ། །རྡོ་རྗེའི་རྐང་སྟབས་ལ་སོགས་པ་འདི་རྣམས་ཇི་ལྟར་
རིགས་པར་རྡོ་རྗེའི་ལྟ་སྟངས་གཉིས་ལས་མདུན་དུ་བལྟ་བ་ནི་མདུན་དུ་ཕྱོགས་པ་དང་། རྒྱབ་ཏུ་ཕྱིར་ཕྱོགས་པ་སྟེ་ལྟ་བ་རྣམ་པ་གཉིས་དང་། སྒེག་པ་དང་། དཔའ་བ་དང་། མི་སྡུག་པ་དང་། དྲག་པོ་དང་། བཞད་པ་དང་། འཇིགས་སུ་རུང་བ་དང་། སྙིང་རྗེ་བ་དང་། རྨད་དུ་བྱུང་བ་དང་། ཞི་བའི་
ཉམས་མན་ངག་གི་སྙེ་མར་རྣམ་པར་ཕྱེ་བ་རྣམས་བསྒྲུབ་པར་བྱའོ། །རྡོ་རྗེའི་རྐང་སྟབས་ལ་སོགས་པ་ནས་རྡོ་རྗེའི་ལྟ་བའི་བར་གྱི་སྟང་སྟབས་རྣམས་ནི་སྒྱུ་འཕྲུལ་དྲ་བ་དང་། དཔལ་མཆོག་དང་པོ་དང་། ཁྲོ་བོ་རྣམ་པར་རྒྱལ་བ་ལ་སོགས་པའི་རྒྱུད་དུ་གསུངས་པ་འདིར་ཆེ་བ་རྣམས་བསྒྲུབ་པར་བྱའོ། །ཡོངས་
སུ་མི་ཤེས་པས་སམ་མི་ནུས་པས་སམ་བྱ་བ་བསྡུས་པ་ལ་དགའ་བས་སམ་མི་འདོད་པས་ཀྱང་རུང་སྟེ། རྡོ་རྗེའི་རྐང་སྟབས་ལ་སོགས་པ་ཐམས་ཅད་དམ་ཉུང་ཟད་མ་བསྒྲུབས་ན་ཡང་སྐབས་སུ་བབ་པ་ཉམས་པར་མི་འགྱུར་ཏེ། བགེགས་བསལ་བ་ནི་བསྐོར་བ་ལ་སོགས་པས་ཀྱང་འགྲུབ་པའི་ཕྱིར་རོ་ཞེས་
མན་ངག་རིག་པ་རྣམས་གསུང་ངོ་། །དེ་ནས་དཀྱིལ་འཁོར་གྱིས་གཞི་དྲིས་བྱུགས་ལ་མེ་ཏོག་དང་སྤོས་ལ་སོགས་པ་དང་ཟུར་བཞི་དང་སྒོ་བཞིར་སྤོས་ཕོར་ལ་སོགས་པ་དང་། གར་དང་གླུ་ལ་སོགས་པས་ཡང་དག་པར་མཆོད་ནས་ལག་པས་རེག་ཅིང་དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང་།
ཡི་གེ་བརྒྱ་པ་ལན་བདུན་བཟླས་ལ་དེ་ཉིད་དུ་ལྷའི་འཁོར་ལོ་སྤྲོ་ཞིང་བསྡུ་བས་ཉལ་བར་བྱའོ། །ས་ཡོངས་སུ་བཟུང་བའི་ཆོ་གའོ། །དེ་ནས་སྔ་བར་ལངས་ནས་འགྲོ་བ་རྡོ་རྗེ་འཆང་གི་གོ་འཕང་ལ་དགོད་པར་བྱ་བའི་ཆེད་དུ་བགེགས་མེད་པར་བྱའོ་ཞེས་བསམས་ནས། སྐད་ཅིག་གིས་སྟོང་ཉིད་ཀྱི་རྗེས་ལ་རཾ་ལས་བྱུང་
བའི་ཉི་མ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ་ལ་གནས་པའི་ཧཱུཾ་གི་འོད་ལས་བྱུང་བའི་རྡོ་རྗེ་འབར་བ་འཕྲོས་པས་མཚམས་མེད་ཅིང་དུམ་བུ་གཅིག་ཏུ་གྱུར་པའི་རྡོ་རྗེའི་ར་བ་དང་། གུར་དང་མདའི་དྲ་བ་དང་བླ་རེ་དང་། འོག་ཏུ་ས་གཞི་འབར་ཞིང་འོད་ཟེར་བཟོད་པར་དཀའ་བའི་སྣ་ཚོགས་རྡོ་རྗེའི་རང་

བཞིན་དུ་བསྒོམ་མོ། །དེའི་དབུས་སུ་སྐད་ཅིག་གིས་བདག་ཉིད་རྡོ་རྗེ་སེམས་དཔའི་ངོ་བོ་ཡོངས་སུ་གྱུར་ནས། ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། མིང་གཞན་ནི་རྡོ་རྗེ་ཧཱུཾ་མཛད་ཅེས་པ་གཡས་བརྐྱང་བའི་ཞབས་ཀྱིས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་
མནན་པ། རབ་ཏུ་ཁྲོས་པ་བསྐལ་པའི་མཐའི་མེ་ལྟར་འོད་ཟེར་གྱི་ཕུང་པོ་འབར་བ། འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་ཟ་བ་ལྟ་བུ། སྔོ་བ་དང་སེར་བ་དང་། ལྗང་གུའི་མདོག་ཅན་གྱི་རྩ་བ་དང་། གཡས་པ་དང་། ཅིག་ཤོས་ཀྱི་ཞལ་གསུམ་གདངས་པ། མཆེ་བ་གཙིགས་པ། ལྗགས་འདྲིལ་
བ། ཞལ་རེ་རེ་ཞིང་སྨིན་མ་འཁྱུག་པ་ཁྲོ་གཉེར་དང་བཅས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཕྱག་རྒྱ་དྲུག་དང་ལྡན་པ། དཔྲལ་བར་ཐོད་པ་ལྔས་བརྒྱན་པ། ཁྲག་འཛག་པའི་མགོ་བོའི་ཕྲེང་བ་མགུལ་ལ་འཕྱང་བ། མགོ་བོ་དང་བཅས་པའི་སྐེ་རགས་ཅན། སྟག་གི་པགས་པའི་ན་བཟའ་འཕྱང་
བ། མཐའ་ཡས་ནག་པོས་བཅིངས་པའི་དབུ་སྐྲ་ཁམ་པ་གྱེན་དུ་འབར་བ། འཇོག་པོ་ལ་སོགས་པའི་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། རྡོ་རྗེ་དང་དྲིལ་བུ་དང་ལྡན་པའི་ཕྱག་རྒྱ་གཉིས་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་རྒྱབ་སྦྱར་ཏེ། མཐེའུ་ཆུང་གཉིས་སྤྲེལ་ཞིང་མཛུབ་མོ་གཉིས་བརྐྱང་བར་བྱས་པའི་འཇིག་
རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་རང་འོད་ཀྱི་ཤེས་རབ་དང་སྙོམས་པར་འཇུག་པ་ཕྱག་གཡས་པ་དག་གིས་ལྕགས་ཀྱུ་དང་ཞགས་པ་དང་། གཡོན་པ་དག་གིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཡི་གེ་ཧཱུཾ་དྲག་པོ་སྒྲོགས་ཤིང་ཕྱོགས་སུ་ལྟ་བས་རང་གི་སྙིང་གར་ཧཱུཾ་ལས་སྤྲོས་པའི་འོད་ཟེར་གྱིས་
ཕྱོགས་བཅུའི་བགེགས་རྣམས་བཀུག་སྟེ། ཧཱུཾ་ལས་སྤྲོས་པའི་ཁྲོ་བོ་བཅུ་ལ་གཏད་པར་བྱའོ། །ཁྲོ་བོ་དེ་རྣམས་ཀྱིས་ཀྱང་སྲིད་དུ་སོར་བཅོ་བརྒྱད་པའམ། བཅུ་གཉིས་པའམ། བརྒྱད་པ་སྦོམ་དུ་རིམ་པ་བཞིན་དུ་སོར་དྲུག་པ་དང་བཞི་པ་དང་། དྲུག་ཆ་དང་བཅས་པའི་ཕྱེད་དང་གསུམ་པ་སེང་ལྡེང་
ལས་བྱས་པའམ། རུས་པ་ལས་བྱས་པའམ། ལྕགས་ལས་བྱས་པའི་ཕུར་པ་བཅུ་སྣོད་གསར་པར་བཞག་ལ་ཡུངས་ཀར་དང་། ཙནྡན་དམར་པོས་བྱུགས་ནས་ཚོན་སྐུད་ལྔས་དཀྲིས་ལ་མཆོད་དེ། དེ་རེ་རེ་ལ་མེ་ཏོག་གི་ཕྲེང་བ་དམར་པོས་བཅིངས་ཏེ། ལྟེ་བ་ནས་འོག་ཏུ་རྩེ་གཅིག་པའི་རྣམ་པ་

སྟེང་དུ་བདག་ཉིད་ཀྱི་གཟུགས་ཅན་བསྐལ་པའི་མཐའི་མེ་ལྟར་འབར་བར་བསྒོམས་ནས་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་སྟེ། ཕྱག་གཡས་པས་མཚན་པའི་གཙོ་བོ་ཡོངས་སུ་གྱུར་པའི་ཐོ་བ་མེ་ཏོག་དམར་པོའི་ཕྲེང་བ་བཅིངས་པ་བཟུང་ནས། སྒྲ་རིང་པོར་བརྗོད་པའི་ཧཱུཾ་ལས་
བྱུང་བའི་ཁྲོན་པ་བཅུར་བགེགས་དེ་རྣམས་བཅུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བིགྷྣཱན་ཧཱུཾ་ཞེས་པའམ། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱཾ་ཕཊ་ཕཊ་ཀཱི་ལ་ཡ་སརྦ་པཱ་པཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་བཛྲ་དྷཱ་ར་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱ་ན་ཀཱ་ཡ་ཝཱཀྩིཏྟཾ་ཀཱི་ལ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་པ་སྔོན་དུ་འགྲོ་
བས་མགོ་བོར་ཕུར་བུས་བཏབ་ནས། ཨོཾ་བཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་བརྗོད་ཅིང་བརྡུང་བར་བསམས་ལ། དབང་ལྡན་ནས་བཟུང་ནས་གཡས་སྐོར་དུ་དཀྱིལ་འཁོར་གྱི་ཕྱིའི་རྡོ་རྗེ་ཕྲེང་བའི་ཕྱི་རོལ་གྱི་འོད་ཟེར་གྱི་ཕྲེང་བའི་ཕྱོགས་བརྒྱད་དུ་དང་པོར་སློབ་དཔོན་གྱིས་གདབ་པ་དང་བརྡུང་བར་བྱའོ། །མི་ནུས་
ན་དེའི་རྗེས་ལ་སྒོའི་སློབ་དཔོན་རྣམས་ཀྱིས་སོ། །གཙུག་ཏོར་གྱི་ཕུར་པ་ནི་ཤར་གྱི་ཕུར་པ་ལས་ཤར་དུའོ། །གནོད་མཛེས་ཀྱི་ནི་ནུབ་ཀྱི་ཕུར་པ་ལས་ནུབ་ཏུ་གདབ་པར་བྱའོ། །གལ་ཏེ་ཡང་དེ་ཉིད་བསྡུས་པ་ལ་སོགས་པར་ཕྱིའི་འོད་ཟེར་གྱི་ཕྲེང་བ་ལ་གདབ་པོ་ཞེས་གསུངས་སོ། །དེ་ལྟ་ན་ཡང་ད་ལྟར་གྱི་སློབ་
དཔོན་རྣམས་ནི་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་རོལ་དུ་ཕུར་པ་བཏབ་ནས། དེའི་སྟེང་དུ་སའི་གོང་བུ་བཅུ་བྱས་པར་ཕུར་པའི་གཟུགས་ཀྱི་ཁྲོ་བོ་རྣམས་ལ་ཐུན་སོ་སོ་ལ་མེ་ཏོག་ལ་སོགས་པ་དང་བདུག་པ་དང་གཏོར་མ་དབུལ་བ་རྣམས་ཀྱིས་མཉེས་པར་བྱའོ་ཞེས་གསུངས་ཤིང་མཛད་པ་ནི་མི་འགལ་ཏེ། གང་གི་ཕྱིར་
དེ་ལྟར་བྱས་ནས་ཡང་མངོན་པར་འདོད་པའི་དངོས་གྲུབ་འགྲུབ་པའི་ཕྱིར་རོ། །དེ་ལྟར་ཕུར་བུ་བཏབ་པ་དང་བརྡུང་བ་དག་གིས་བགེགས་ཀྱི་ཚོགས་བདེ་བ་ཆེན་པོས་དེ་བཞིན་ཉིད་དུ་རོ་གཅིག་པ་དང་། བགེགས་ལྷག་མ་རྣམས་ཀྱང་རིང་དུ་བྲོས་པར་བསམ་མོ། །དེ་ལྟ་བུས་སྟེང་དང་འོག་དང་ཕྱོགས་སུ་ཁོར་
ཡུག་ཆེན་པོའི་བར་དུ་འགྲོ་བ་རྣམས་རྣམ་པ་ཐམས་ཅད་དུ་བགེགས་མེད་པར་བརྟན་པར་མོས་པར་བྱའོ་ཞེས་རིམ་པ་གཅིག་གོ། །ཡང་ན་ཨོཾ་ཨཱཿཧཱུཾ་ཡ་མཱནྟ་ཀྲྀཏ་སརྦ་དུཥྚ་ཨིནྡྲ་ཨུ་པ་ཨིནྡྲ་ནཾ་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་པྲཛྙཱནྟ་ཀྲྀཏ་སརྦ་དུཥྚ་ཡ་མན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་པདྨཱནྟ་ཀྲྀཏ་

སརྦ་དུཥྚ་ནཱ་ག་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་བིགྷྣཱནྟ་ཀྲྀཏ་སརྦ་དུཥྚ་ཀུ་བེ་ར་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཨ་ཙ་ལ་སརྦ་དུཥྚ་ཨཱི་ཤྭ་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཊཀྐི་རཱ་ཛ་སརྦ་དུཥྚ་ཨགྣི་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ནཱི་ལ་དཎྜ་སརྦ་དུཥྚ་ན་ནཻཪྼྀ་ཏ་ན་ས་པ་རི་
བཱ་རཱ་ན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་མ་ཧཱ་བ་ལ་སརྦ་དུཥྚ་བཱ་ཡུ་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་ཙཀྲ་བརྟི་ན་སརྦ་དུཥྚ་ཨརྐ་ཙནྡྲ་པི་ཏ་མ་ཧཱ་ན་ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཨོཾ་ཨཱཿཧཱུཾ་སུམྦྷ་སརྦ་དུཥྚ་བེ་མ་ཙི་ཏྲི་པྲྀ་ཐི་བཱི་དེ་བ་ཏཱ། ས་པ་རི་བཱ་རཱན་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་པའི་སྔགས་ཀྱིས་ཤར་ལ་སོགས་
པར་དབང་པོ་ལ་སོགས་པའི་ངོ་བོ་བགེགས་རྣམས་ལ་ཕུར་བུ་གདབ་པ་དང་བརྡུང་བར་བྱའོ། །གཞན་ཐམས་ཅད་ནི་སྔ་མ་བཞིན་ནོ་ཞེས་པ་རིམ་པ་གཉིས་པའོ། །ཁ་ཅིག་ནི་མཚམས་བཞི་ཁོ་ནར་ཕུར་པ་བཞི་གདབ་པོ་ཞེས་ཟེར་རོ། །སྒོ་རྣམས་ཁོ་ན་ལ་ཞེས་པ་ནི་གཞན་ནོ། །ཁྲོ་བོ་རྣམས་དང་དབང་པོ་
ལ་སོགས་པ་རྣམས་ཀྱི་ཁ་དོག་དང་དབྱིབས་ལ་སོགས་པ་འདོད་པར་གྱུར་ན་སྲུང་བའི་འཁོར་ལོ་རྒྱས་པར་བསྒོམ་པ་ནི་མན་ངག་གི་སྙེ་མར་རིག་པར་བྱའོ། །ཡང་ན་སིང་ལྡེང་ལ་སོགས་པའི་ཕུར་པ་མེད་པར་ཇི་ལྟར་བརྗོད་པའི་སྒོམ་པ་ཁོ་ནས་ཕུར་པ་གདབ་པ་དང་། བརྡུང་བ་བྱས་ལ་ལག་པ་གན་རྐྱལ་དུ་
གནས་པ་བསྒྱུར་ནས་ཨོཾ་ཨཱཿབཛྲ་ཧཱུཾ་ཞེས་བརྗོད་ཅིང་ས་ལ་བསྣུན་ཅིང་དེ་ལྟར་མོས་པར་བྱའོ། །བགེགས་ལ་ཕུར་བུས་གདབ་པའི་ཆོ་གའོ། །དེའི་རྗེས་ལ་དཀྱིལ་འཁོར་གྱི་སའི་དབུས་སུ་འདུག་སྟེ། དྲིའི་དཀྱིལ་འཁོར་བྱས་པར་རང་གི་མདུན་དུ་སའི་ལྷ་མོ་བཾ་ལས་བྱུང་བར་བསྒོམས་ནས་ལག་པ་
གཡས་པའི་ཟླ་བར་ཧཱུཾ་བསམས་ཏེ། སོར་མོའི་རྩེ་མོ་ས་ལ་ལན་གསུམ་བསྣུན་པ་དང་། དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་བསྐུལ་བས་སའི་ལྷ་མོ་ཡེ་ཤེས་སེམས་དཔའི་ངོ་བོ་འཐོན་པ་དང་ལྷན་ཅིག་འདྲེས་པར་གྱུར་པ་དགའ་བ་དང་ལྡན་པའི་ཐུགས་ཅན་སེར་མོ་ཞི་བ་ན་བཟའ་དཀར་པོ་
བསྣམས་པ་རྒྱན་སྣ་ཚོགས་ཅན། ཕྱག་གཡོན་པ་གསེར་གྱི་བུམ་པ་བཟང་པོ་བསྣམས་ཤིང་། ཅིག་ཤོས་ཀྱིས་མི་འཇིགས་པ་མཛད་པ། ཞལ་གཅིག་མ་མདུན་དུ་གནས་པ་ལ་མཆོད་ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་པའི་མཇུག་ཐོག་ཏུ། ཨོཾ་ཚུར་སྤྱོན་ཚུར་སྤྱོན་ས་ཡི་ནི། །ལྷ་མོ་

ཆེན་མོ་འཇིག་རྟེན་ཡུམ། །རིན་ཆེན་ཀུན་གྱིས་རབ་གང་མ། །བཟང་པོའི་རྒྱན་གྱིས་རྣམ་བརྒྱན་མ། །དོ་ཤལ་རྐང་གདུབ་སྒྲ་ལྡན་མ། །རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཆོད་ཡོན་འདི་ནི་བཞེས་བྱས་ནས། །དཀྱིལ་འཁོར་ལས་ནི་ལེགས་བསྒྲུབ་མཛོད། ཧཱི་ཧཱི་ཧཱི་ཧཱི་ཧཱུྃ་སྭཱ་ཧཱ་
ཞེས་ལན་གསུམ་བརྗོད་ལ་སྤྱན་དྲངས་པ་དང་། ཉེ་བར་གནས་པར་གསོལ་བ་དང་བཅས་པའི་ལྷ་དང་གནས་པར་བྱའོ། །ལེགས་བསྒྲུབ་མཛོད་ཅེས་པའི་ཤུགས་ཀྱིས་ནི་ཉེ་བར་གནས་པར་བརྗོད་དོ། །ཡང་ན། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་རྣམས་
དང་། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །ཇི་ལྟར་བདུད་ཀྱི་དཔུང་བཅོམ་པ། །དེ་ལྟར་བདག་གིས་བདུད་ཀྱི་སྟོབས། །བཅོམ་ནས་དཀྱིལ་འཁོར་འདྲི་བར་བགྱི། །ཞེས་ལན་གསུམ་བརྗོད་ལ་ལྷག་པར་གནས་པར་བྱའོ། །དེ་ཡང་དེ་ལྟར་གྱིས་ཤིག་ཅེས་གསུངས་ནས་དེ་
ཉིད་དུ་ཐིམ་པར་བསམ་པར་བྱའོ། །དེ་ནས་རྡོ་རྗེ་བཅིང་བ་ནང་དུ་བྱས་ནས་དེས་ས་དེ་མནན་ལ་ཨོཾ་བཛྲཱི་བྷ་བ་ཧཱུཾ། ཞེས་ལན་གསུམ་བརྗོད་དེ་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ཡི་གེ་ཧཱུཾ་འབར་བ་འཕྲོས་པས་དབང་ཆེན་གྱི་འོག་གི་བར་རྡོ་རྗེར་བྱས་པར་བསམས་ནས་ཨོཾ་བཛྲ་ཌི་ཌ་ཏིཥྛ་ཞེས་ལན་གསུམ་བརྗོད་པས་བྱིན་
གྱིས་བརླབ་པོ། །དེ་ནས་ས་རང་གི་དབང་དུ་འགྱུར་རོ། །ནོར་འཛིན་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱི་ས་ལ་དྲི་ཞིམ་པོའི་བདུད་རྩི་ལྔ་དང་བཅས་པ་ལ་ཡི་གེ་གསུམ་གྱིས་བསྔགས་པས་བྱུག་ཅིང་། མེ་ཏོག་གཅལ་དུ་དགྲམ་དུ་བཅུག་ལ། ཕྱི་དྲོའི་དུས་སུ་ཁྲུས་བྱ་ཞིང་ལུས་ལ་དྲི་
བཟང་པོས་བྱུགས་ཏེ་གོས་དམར་པོ་བཟང་པོ་གྱོན་ལ། མེ་ཏོག་གི་ཕྲེང་བ་ཅན་གྱི་ཞལ་དྲི་ཞིམ་པོས་བགོས་ལ། དོ་ཤལ་དང་། རྐང་གདུབ་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། ལག་གདུབ་དང་། འོག་པག་དང་། སོར་གདུབ་ལ་སོགས་པའི་རྒྱན་གྱིས་བརྒྱན་ཏེ། ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་པ་དང་། ཨོཾ་བཛྲ་ཨུཥྞཱི་ཥ་
ཧཱུཾ་ཕཊ་ཅེས་པ་དག་གིས་གོ་རིམས་བཞིན་དུ་ལན་བདུན་དུ་བསྔགས་པའི་གོས་དམར་པོ་དང་ཅོད་པན་གྱིས་བརྒྱན་པ་དཀྱིལ་འཁོར་གྱི་གཞིའི་དབུས་སུ་ཤར་དུ་ཕྱོགས་པར་འདུག་པའམ། ཕྱོགས་གཞན་ལ་ནི་དཀྱིལ་འཁོར་གྱི་ཤར་ནས་ནུབ་ཏུ་ཕྱོགས་པས་འདུག་སྟེ། དཀྱིལ་འཁོར་གྱི་བདག་པོའི་རྣལ་

འབྱོར་དང་ལྡན་པས་ལྷ་རྣམས་ཀྱི་གནས་སུ་བདུད་རྩི་དང་། ཙནྡན་དང་། གུར་གུམ་ལ་སོགས་པས་མཎྜལ་རྣམས་བྱས་ལ་རང་གི་དམ་ཚིག་གི་འཁོར་ལོ་ཇི་ལྟ་བར་བསྒོམས་ནས་དེ་ལ་ནམ་མཁའ་ལ་གནས་པའི་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་བཅུག་སྟེ། མཆོད་པ་དང་བསྟོད་པ་དང་བདུད་རྩི་
མྱང་བ་བྱའོ། །དེ་ནས་བསྒོམས་པའི་དཀྱིལ་འཁོར་གྱི་ཕྱི་རོལ་དུ་ཤར་ལ་སོགས་པའི་ཕྱོགས་སུ་གནས་པའི་བུམ་པ་རྣམས་སམ། ཕྱོགས་གཞན་ལ་ནི་བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་ན་གནས་པའི་བུམ་པ་རྣམས་ལྷག་པར་གནས་པར་བྱའོ། །དེ་ལ་ཞི་བ་དང་། རྒྱས་པ་དག་གི་བུམ་
པའི་ལྟོ་བ་ནི་ཟླུམ་པོ་སོར་བཅུ་དྲུག་གོ། །ལྟོ་བའི་འོག་ནས་ཁ་དང་མཆུའི་བར་གྱི་དཔངས་སུ་ནི་སོར་ཉི་ཤུའོ། །ཁའི་མཚམས་ནས་འཕྱང་བའི་མཆུ་དག་ནི་སོར་གཉིས་སོ། །མགྲིན་པ་ནི་སོར་དྲུག་གོ། །མཆུའི་མཐའ་ནས་མཆུའི་མཐའི་བར་གྱི་ཁ་ནི་སོར་བརྒྱད་དོ། །སོར་བརྒྱད་ཀྱི་ཆ་
གཉིས་ནི་མགུལ་པའི་སྦུབས་སོ། །ཆ་གཅིག་གིས་ནི་བཅུ་གཉིས་ཀྱི་ཞེང་ངོ་། །དབྱེ་བ་དང་བསྐྲད་པ་དག་གི་ལྟོ་བ་ནི་ཟླུམ་པོར་སོར་བཅུ་གཉིས་སོ། །དཔངས་སུ་སོར་ཉི་ཤུ་རྩ་བཞིའོ། །སྐེ་བ་ཡོན་པོ་སྟེ་སོར་བརྒྱད་དོ། །ཁ་ནི་སོར་དྲུག་གོ། །མཆུ་གཉིས་ནི་སོར་རེ་རེའོ། །དབང་དང་
དགུག་པ་དག་གི་བུམ་པ་ནི་བཟོ་བོས་ཇི་ལྟར་བྱས་པའོ། །རེངས་པ་ལ་ནི་ཐུང་ཞིང་ཟླུམ་པ་དང་། དཔངས་སུ་སོར་བཅུ་དྲུག་གོ། །མགྲིན་པ་ནི་སོར་བཞིའོ། །ཁ་ནི་སོར་དྲུག་པའོ། །མཆུ་ནི་སྦོམ་ཞིང་སོར་གཉིས་པའོ། །ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པའི་ལས་ལ་བརྗོད་པའི་བུམ་
པ་རྣམས་གཟུང་བར་བྱའོ། །འདི་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པའོ། །དེ་ལས་གཞན་པའི་རྒྱུད་རྣམས་ལས་བུམ་པ་རྩ་བ་དང་ནག་ནོག་མེད་པ་ལ་མཆུ་འཕྱང་བ། མགྲིན་པ་རིང་བ། གསུས་པ་ཆེ་བ་རྣམས་ཞེས་གསུངས་པ་ཡང་སོར་བཅུ་དྲུག་པ་ལ་སོགས་པར་རིག་པར་བྱའོ། །འདིར་
ཀླུའི་བློ་གྲོས་ཞབས་ཀྱིས་གསུངས་པ། གསེར་རམ་དངུལ་ལམ་ཟངས་མའམ། །ཡང་ན་ས་ལས་བྱས་པ་ཉིད། །ཇི་ལྟར་རྙེད་པའི་བུམ་པ་ནི། །རབ་བཟང་བརྟུལ་ཞུགས་ཅན་གྱིས་དགོད། །ཅེས་སོ། །དེའི་ཕྱིར་གསེར་ལ་སོགས་པའི་བུམ་པ་བརྗོད་པའི་མཚན་ཉིད་དང་ལྡན་པ་སྟོང་པར་བྱས་

ནས། བཾ་ལས་རིན་པོ་ཆེའི་ངོ་བོར་བསྒོམས་ལ་ཞི་བ་དང་རྒྱས་པའི་དོན་དུ་འབྲས་བཏགས་པའམ། ཐོད་ལོ་ཀོར་རམ། ཙནྡན་གྱི་ལྡེ་གུས་དཀར་པོར་བྱས་ཏེ་ལྷའི་མཚན་མ་བྲིས་ཏེ་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུ་དང་། རིན་པོ་ཆེ་དང་། སྨན་དང་། འབྲུ་ལྔ་དང་ལྡན་པ་ཡལ་འདབ་
ཀྱིས་ཁ་བརྒྱན་པ། སྐེ་ལ་མེ་ཏོག་ཕྲེང་བ་དང་བཅས་པའི་གོས་ཟུང་བཅིངས་པ་རྣམས་བླ་རེའི་འོག་ཏུ་འཆད་པར་འགྱུར་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་གྱི་མཚན་མ་དགོད་པའི་རིམ་པས་སོ་སོར་དྲིའི་མཎྜལ་གྱི་སྟེང་དུ་རང་དང་མཐུན་པའི་གདན་ལ་དཀྱིལ་འཁོར་གྱི་རྣམ་པར་མདུན་དུ་བཀོད་ནས། ཆོ་ག་མཁས་
པས་གོས་སྟེང་དུ། །སྲད་བུ་དཀར་བཟང་དགོད་པར་བྱ། །ཞེས་གླུའི་བློ་གྲོས་ཞབས་ཀྱིས་གསུངས་ཤིང་མན་ངག་དེའི་ཕྱིར། ཧཱུཾ་ལན་བདུན་བཟླས་པའི་སྲད་བུ་དཀར་པོ་བདུན་གྱིས། ཨོཾ་བཛྲ་ཤི་ཁ་ར་རུ་ཊ་མ་ཊ་དི་ཤཾ་བནྡྷ་བནྡྷ་ཧཱུཾ་ཞེས་པའི་སྔགས་ཀྱིས་དཀྲི་བར་བྱའོ། །རྒྱུད་གཞན་དུ་ཞི་བ་ལ་སོགས་
པའི་ལས་དང་མཐུན་པའི་ཁ་དོག་ཅན་ལྔ་རྣམས་ཀྱིས་ཞེས་སོ། །རིན་པོ་ཆེ་ལྔ་ནི་མུ་ཏིག་དང་། གསེར་དང་། པདྨ་རཱ་ག་དང་། བྱེ་རུ་དང་མུ་མེན་ནོ། །པདྨ་རཱ་ག་མ་རྙེད་ན་དངུལ་ལམ་ཟངས་སམ་དུང་ངོ་། །མུ་མེན་གྱི་གནས་སུ་ནོར་བུ་ཡང་རུང་ངོ་། །འབྱོར་པ་ཆུང་ན་རྣམ་པར་རྒྱལ་བ་དང་། ལས་ཐམས་ཅད་
པའི་བུམ་པ་དག་ལ་རིན་པོ་ཆེ་སྙིང་བོར་བྱའི། བུམ་པ་གཞན་ལ་ནི་མ་ཡིན་ནོ། །དེ་ཡང་རྣམ་པར་རྒྱལ་བའི་བུམ་པ་ལ་ངེས་པར་རིན་པོ་ཆེའི་སྙིང་པོར་བྱའོ། །སྨན་ལྔ་ནི་བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། དཎྜ་ཨུཏྤ་ལ་དཀར་དམར་དང་། ཨ་པ་ར་ཛི་ཏ་དཀར་པོ་རྣམས་སོ། །འབྲུ་ལྔ་ནི་ཏིལ་དང་། ནས་དང་། མོན་
སྲན་དང་། འབྲས་སོ་བ་དང་། གྲོ་རྣམས་སོ། །ཁ་ཅིག་ཏུ་ནི་གྲོའི་གནས་སུ་མོན་སྲན་གྲེའུའོ། །ཨ་མྲ་དང་། ནཱ་ག་གེ་སར་དང་། ཨ་ཤོ་ཀ་དང་། ཨ་ཤྭདྠ་དང་། ཨུ་དུམྺཱ་ར་སྟེ་ལྔ་པོ་རྣམས་གང་ཡང་རུང་བའི་ཡལ་འདབ་པོ། །ནཱ་ག་གེ་སར་མེད་ན་ནྱ་གྲོ་དྷའམ། ཛམྦུའི་ལོ་མའོ། །གོས་ནི་དམར་པོ་
འམ། སེར་པོའམ་དཀར་པོའོ། །ཁ་ཅིག་ཏུ་ནི་ལྗང་གུ་དང་སྔོན་པོ་ཡང་གསུངས་སོ། །རྣམ་པར་རྒྱལ་བའི་བུམ་པ་ལ་ཆོས་འབྱུང་གི་དབུས་སུ་པདྨ་ལ་ཇི་ལྟར་རིགས་པར་ཟླ་བའམ་ཉི་མར་བདག་པོའི་མཚན་མའམ་ས་བོན་ནོ། །བུམ་པ་གཞན་རྣམས་ལ་ནི་པདྨ་ལ་གནས་པའི་ཟླ་བའམ་ཉི་མར་ཇི་ལྟར་

རིགས་པར་ལྷ་རྣམས་ཀྱི་རང་རང་གི་མཚན་མའམ་ས་བོན་ནོ། །དེ་སྐད་དུ་ཡང་ཀླུའི་བློའི་ཞབས་ཀྱིས། དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱི། །ས་བོན་ཡང་ན་མཚན་མའང་རུང་། །གུར་གུམ་ལ་སོགས་མངོན་འདུས་བྱས། །མཁས་པས་བུམ་པའི་ལོགས་ལ་བྲི། །ཞེས་གསུངས་སོ། །དཀྱིལ་
འཁོར་གང་དུ་ལྷ་ཇི་སྙེད་ཡོད་པ་དེ་སྙེད་དུ་དེ་རྣམས་ཀྱི་བུམ་པའོ། །ཡང་ན་དབུས་ཀྱི་ཕོ་བྲང་གི་ལྷ་རྣམས་ཁོ་ནའིའོ། །དེ་ལ་རིགས་ཀྱི་ཡུམ་རྣམས་ཀྱི་བཞིའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་ལྔའོ། །ཡང་ན་དེ་བཞིན་གཤེགས་པ་ཁོ་ནའི་ལྔའོ། །ཡང་ན་བདག་པོའི་གཅིག་དང་། དེ་བཞིན་
གཤེགས་པ་བཞིའི་གཅིག་དང་རིགས་ཀྱི་ཡུམ་བཞིའི་གཅིག་དང་། གཟུགས་རྡོ་རྗེ་ལ་སོགས་པ་དྲུག་གི་གཅིག་དང་། ཁྲོ་བོ་བཞིའི་གཅིག་སྟེ་ལྔའོ། །ཡང་ན་གཙོ་བོ་ཁོ་ནའི་གཅིག་གོ། །ཕྱོགས་འདི་རྣམས་ལ་ལས་ཐམས་ཅད་པའི་བུམ་པ་ལྷག་པར་བྱ་སྟེ། སློབ་མ་ལ་སོགས་པ་བསང་བའི་དོན་
དུའོ། །ཁ་ཅིག་གིས་ནི་འདི་མི་འདོད་དོ། །བུམ་པ་གཉིས་པ་ཡང་མེད་ན་རྣམ་པར་རྒྱལ་བའི་