Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 74
Văn bản gốc(Tây Tạng)
Trang 21 / 21 (50.000 ký tự/trang)
སྒྲུབ་པ་པོ་ལ་སྐྱབས་གསོལ་བསམ། །དེ་སྐྱེ་ཐུན་མཚམས་འདི་ལྟ་སྟེ། །གཏོར་དབུལ་ཡེ་ཤེས་ནམ་མཁར་དབྱུང་། །ཡིད་ཀྱིས་ཕར་མཆོད་བྱིན་གྱིས་ཚུར་བརླབས་བསམ། །སེ་གོལ་སྒྲ་དང་བཅས་པ་ཡིས། །ཡེ་ཤེས་མཆོག་ འབྱུང་མགོན་པོ་ཁྱོད་ཀྱིས་ནི། །དངོས་གྲུབ་ཆེན་པོ་སྩལ་དུ་གསོལ། །སླར་གཤེགས་སླར་ཡང་འབྱོན་དུ་གསོལ། །བསྟན་བཅོས་བརྩམ་པ་རྣམ་གཉིས་ཏེ། །སྒྲ་ཚད་དག་ལས་ཕུལ་བྱུང་བས། །ལུང་དང་མི་འགལ་དོན་དེ་གཏན་ལ་འབེབས། །མདོ་རྒྱུད་ལུང་དང་བསྟན་ བཅོས་ནས་དྲངས་ཏེ། །དེ་ནས་རྟེན་དང་དེ་དང་མི་འགལ་བ། །དེས་ཀྱང་འགའ་ཞིག་བརྩམ་པར་རིགས་པ་ཡིན། །སྒོ་དྲུག་གིས་ནི་བསྟན་བཅོས་བརྩམ་པ་ནི། །ཡི་དམ་ལྷ་ཡི་ཞལ་མཐོང་དང་། །དེ་ཡིས་གནང་བ་བྱིན་པ་དང་། །དངོས་གྲུབ་ཀུན་ལ་དབང་ཐོབ་ པས། །མདོ་རྒྱུད་ལུང་དང་བསྟན་བཅོས་ལས་དྲངས་ནས། །དེ་ལ་རྟེན་དང་དེ་དང་མི་འགལ་བས། །དེས་ནི་བརྩམ་པར་རིགས་པ་ཡིན། །བདེ་གཤེགས་རྣམས་ཀྱི་བཀའ་ལས་ཀྱང་། །བསྐྱེད་རིམ་གསལ་བར་མ་བསྟན་ཏེ། །བསྐྱེད་རིམ་གསལ་བར་མ་གྱུར་ ན། །དོན་རྣམས་འགྲུབ་པར་མི་འགྱུར་ཏེ། །དེ་བསྐྱེད་གསལ་བར་བསྟན་གྱུར་ནས། །ཤེས་རབ་འཆལ་བའི་གང་ཟག་གིས། །སློབ་དཔོན་མེད་པར་ཞུགས་གྱུར་ནས། །བདག་ཉིད་ཕུང་བ་ཁོ་ནར་ཟད། །ཡང་ན་དེ་དུས་འཁོར་རྣམས་ཀྱིས། །བདེ་གཤེགས་ ཀྱི་ནི་བྱིན་རླབས་ཀྱིས། །དེ་ནི་གསོལ་བ་ཁོ་ན་ཡིན། །བདེ་གཤེགས་མྱ་ངན་འདས་འོག་ཏུ། །བློ་ཆུང་སེམས་ཅན་མང་གྱུར་ཏེ། །མདོ་སྡེ་རྣམས་ལས་ལུང་བསྟན་ཏེ། །ད་ནི་མྱ་ངན་འདས་འོག་ཏུ། །བློ་ཆུང་སེམས་ཅན་མང་གྱུར་ཏེ། །དེ་ལ་དགོངས་ཏེ་བདེ་ གཤེགས་ཀྱིས། །ང་དང་འདྲ་བའི་གང་ཟག་གིས། །ང་ཡི་ལུང་རྣམས་འགྲོལ་བར་བྱ། །དེ་སྐད་ལུང་ནས་འབྱུང་བ་སྟེ། །མཚན་ཉིད་ལྡན་གྱིས་བསྟན་བཅོས་བརྩམ། །མཚན་ཉིད་མི་ལྡན་བརྩམས་གྱུར་ནས། །ཀུན་ཀྱང་དགོངས་པར་མ་གྱུར་པས། ། དེ་དོན་གཞན་དུ་བསྟན་བྱས་ནས། །སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར། །སློབ་དཔོན་ཆེན་པོ་རཏྣ་ཀཱིརྟིས་མཛད་པ་སྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀ་གསལ་བྱེད་ཅེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏཱི་ཏྱ་ས་མུཏྤཱ་ད་ཧྲྀ་ད་ཡ་ ཀལྤཾ། བོད་སྐད་དུ། རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཆོས་གང་རྒྱུས་འབྱུང་དེ་དག་གི །རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པས་བཀའ་ སྩལ་ཏེ། །དེ་སྐད་གསུངས་པ་དགེ་སྦྱོང་ཆེ། །ཚིགས་བཅད་འདི་ཡི་ཆོ་ག་ནི། །སེམས་ཅན་རྣམས་ལ་ཕན་བྱེད་པ། །ལས་ཀུན་འགྲུབ་པར་བྱ་བའི་ཕྱིར། །ཆོ་ག་བཞིན་དུ་བཤད་པར་བྱ། །དེ་ལ་རེ་ཞིག་སྒྲུབ་པ་པོའི་སྐྱེས་བུས་དང་པོར་སངས་རྒྱས་བཅོམ་ལྡན་འདས་ལ་སེམས་རབ་ཏུ་ དང་བ་ཆེན་པོས་བསྐྱེད་པར་བྱའོ། །འདི་སྙམ་དུ་ཡང་སེམས་བསྐྱེད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདིས་སེམས་ཅན་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པའི་སྒོ་ནས་འཇུག་པ་དང་། ལྡོག་པ་གསུངས་ཏེ་འདི་ ལྟར་ལས་དང་ཉོན་མོངས་པ་ཡོད་ན་ནི་སེམས་ཅན་རྣམས་འཁོར་བར་འཇུག་པར་འགྱུར་ལ། ལས་དང་ཉོན་མོངས་པ་མེད་ན་ནི་སེམས་ཅན་རྣམས་འཁོར་བ་ལས་ལྡོག་གོ་ཞེས་བྱ་བའི་བདེན་པའི་ཚིག་འདིས་བདག་གི་ཆོ་ག་ཞིབ་མོ་ཞིག་གྲུབ་པར་གྱུར་ཅིག་ཅེས་སེམས་བསྐྱེད་པར་བྱའོ། །དེའི་ འོག་ཏུ་འདི་སྐད་ཅེས་ཚིག་བརྗོད་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ་ཕྱག་འཚལ་ལོ། །རང་སངས་ རྒྱས་རྣམས་ལ་ཕྱག་འཚལ་ལོ། །དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ནོར་བུ་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བརྗོད་པར་བྱའོ། །རིམ་པ་འདིས་དེ་དག་གི་ལས་ཐམས་ ཅད་ཚིགས་སུ་བཅད་པ་འདིའི་ཆོ་ག་བཞིན་དུ་སྦྱར་བར་བྱ་སྟེ། དེ་ལྟ་བུ་ནི་ཆོ་ག་ཞིབ་མོ་དང་པོ་ཡིན་ནོ། །དེ་ནས་རང་གི་ལག་མཐིལ་ལམ་ལུས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་ མེའི་ཁམས་ལ་སྙོམས་པར་བཞུགས་པར་བསམ་པར་བྱ་སྟེ། དེ་ལྟ་བུ་ནི་ལྷ་རྗེས་སུ་དྲན་པའི་ཆོ་ག་ཡིན་ནོ། །ད་ནི་སྦྱོར་བ་བྲི་བར་བྱ་སྟེ། རིམས་ཀྱིས་བཏབ་པ་དང་། ཀླད་པ་ན་བ་དང་མིག་ན་བ་ལ་སོགས་པ་ཇི་ལྟར་འདོད་པ་ཚིགས་སུ་བཅད་པ་འདིས་ལག་པ་གཡས་པའི་ཁུ་ཚུར་གྱིས་དབྱུང་ བའི་ཚུལ་དུ་བྱབ་པར་བྱའོ། །རིམས་ཉིན་གསུམ་པ་དང་། ཉིན་བཞི་པ་དང་། རྟག་པ་དང་། རིམས་མི་བཟད་པས་ཐེབས་པ་རྣམས་ལ་བུ་མོ་གཞོན་ནུས་བཀལ་བའི་སྐུད་པ་ལ་བཟླས་བརྗོད་བརྒྱ་བྱས་པ་གདགས་པར་བྱའོ། །དེ་བཞིན་དུ་རིམས་སེལ་བའི་བདུག་པའི་རི་ལུ་དག་ཇི་ ལྟར་འདོད་པར་བཟླས་བརྗོད་བྱས་ནས་བདུག་པར་བྱའོ། །སྙིང་ནད་དང་རྩིབ་ལོགས་ན་བས་ཐེབས་པ་རྣམས་ལ་ཆུ་ལ་བཟླས་བརྗོད་བཅུའམ་བཅུ་གཉིས་བཟླས་ནས་བླུད་པར་བྱའོ། །ཡང་ན་ནད་དེ་ལ་ཕན་པའི་སྨན་དང་བཅས་ལ་བཟླས་བརྗོད་བྱས་ལ་བླུད་དོ། །གཡེན་པ་དང་། རྡོ་དང་། འབྲུམ་བུ་དང་། ཕོལ་མིག་ལ་སོགས་པ་དང་། རྨ་རེད་པ་ལ་གྲོག་ཚང་གི་ས་ལ་སྔ་མ་བཞིན་དུ་བཟླས་བརྗོད་བྱས་ནས་བསྐུ་བར་བྱའོ། །གཞང་འབྲུམ་མམ་ཕོ་མཚན་འབྲུམ་བུས་ཐེབས་པ་རྣམས་ལ་སྐྱེར་ཁཎྜའི་རི་ལུའམ་བྱང་ཆུབ་སེམས་དཔའི་རི་ལུ་ལ་བཟླས་བརྗོད་ བྱས་ནས་བསྐུ་བར་བྱའོ། །མདོར་ན་ནད་ཀྱི་རྣམ་པ་གང་གིས་ཐེབས་པ་དེ་ལ་བདག་ཉིད་ཀྱིས་ཚབ་ཆེ་ཆུང་ཤེས་པར་བྱས་ལ་ཚིགས་སུ་བཅད་པ་འདིས་བཟླས་བརྗོད་མང་བའམ་ཉུང་ངུ་ཉི་ཤུ་སུམ་ཅུ་བཟླས་པས་བྱུག་པའམ་བསྐུ་བར་བྱའོ། །འཁྲུ་བས་ཐེབས་པ་རྣམས་ལ་སྨན་ཁུའམ་ རི་ལུའི་རྫས་ཀྱི་རིགས་གཞན་ལ་བཟླས་བརྗོད་ལྔའམ་དྲུག་བཟླས་ནས་ཟར་གཞུག་སྟེ། དེ་ལྟ་བུའི་ནད་གསོ་བའི་ཆོ་ག་ཡིན་ནོ། །དེ་ནས་ལོ་ཏོག་ནས་དང་། གྲོ་དང་། འབྲས་དང་། སྲན་མུངྒ་དང་། མོན་སྲན་དྲེའུ་དང་། རས་བལ་གྱི་ཤིང་དང་། རྒུན་འབྲུམ་དང་། ཨ་རུ་ར་ལ་ སོགས་པ་ལ་ཟ་པའི་སྲིན་བུ་དང་སྦྱར་བ་དང་། ཕྱེ་མ་ལེབ་དང་། བྱི་བ་དང་། ནེ་ཙོ་དང་། རི་སྐེགས་ལ་སོགས་པ་ཁ་བཅིང་བའི་ཕྱིར་ཞིང་གི་ཁྱོན་ཤེས་པར་བྱས་ནས་བྱེ་མའམ་ཐལ་བ་བྲེ་གང་ངམ། དེ་ལས་ལྷག་ཙམ་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ནས་ཞིང་ལ་གཏོར་བར་ བྱའོ། །དེ་ལྟ་བུ་ནི་ལོ་ཐོག་ལ་ཕན་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་ཧ་ཅང་ཆར་ཆེས་ན་བཅོམ་ལྡན་འདས་ལ་ཕུལ་བའི་མེ་ཏོག་དམན་མ་རེ་རེ་ལ་བཟླས་བརྗོད་ཉི་ཤུ་རྩ་གཅིག་བྱས་ནས། བླ་གབ་མེད་པའི་ཕྱོགས་སུ་བ་ལང་གི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་ཞིག་ བྱས་ལ། དབུས་སུ་བུམ་པ་བཞག་ནས་སྟེང་དུ་ཁམ་ཕོར་གཞག་པར་བྱའོ། །ཁམ་ཕོར་གྱི་ནང་དུ་མེ་ཏོག་དམན་པ་བཟླས་བརྗོད་བྱས་པ་བསྲེགས་པས་འཆད་པར་འགྱུར་ཏེ། འདི་ནི་ཆར་བཅད་པའི་ཆོ་གའོ། །དེ་བཞིན་དུ་སེར་བ་བཟློག་པ་ལ་སེའུའི་ལྕུག་མའམ་ཉ་ཕྱིས་ལྕུག་མ་ལ་ བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ནས་སྤྲིན་བཟློག་པར་བྱའོ། །ཡང་ན་ཡུངས་ཀར་ལ་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ནས་ཐུམ་པོར་བྱས་ཏེ། སེའུའི་ལྕུག་མའི་ཐོར་ཐོ་ལ་བཅིངས་ནས་བླ་གབ་མེད་པར་གཟུགས་ཏེ། དེ་ལྟ་བུ་ནི་སྤྲིན་བཟློག་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་འབྱུང་ པོ་དང་། ཤ་ཟ་དང་། བརྗེད་བྱེད་ཀྱི་གདོན་གྱིས་ཟིན་པ་རྣམས་བུམ་པའམ་ཟངས་ཀྱི་རིལ་བར་ཡུངས་ཀར་ཡང་བླུགས། དྲིའི་རྫས་ག་པུར་དང་། ཙནྡན་དང་། གླ་རྩི་ལ་སོགས་པ་ཡང་བཅུག་ནས་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་ཏེ། སྐུ་གདུང་དང་བཅས་པའི་མཆོད་ རྟེན་ནམ། དྲི་གཙང་ཁང་ངམ། ས་ཕྱོགས་བདེ་བ་ཞིག་ཏུ་བཞག་ལ། ཕྱིས་ས་ཕྱོགས་གཞན་པར་བ་ལང་གི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ། མེ་ཏོག་གིས་གཏོར་ལ་ཕྱོགས་བཞིར་བུམ་པ་གང་བ་བཞག་སྟེ། གུ་གུལ་གྱི་བདུགས་པས་བདུག་པར་བྱའོ། །དེ་ནས་ བཀྲུ་བར་བྱ་བ་དེ་གོས་དཀར་པོ་བསྐོན་ནས་དཀྱིལ་འཁོར་གྱི་ནང་དུ་བཞག་ལ། བུམ་པར་ས་བོན་ཐམས་ཅད་དང་རིན་པོ་ཆེ་ཐམས་ཅད་བཅུག་ལ། རྗེ་བཙུན་སངས་རྒྱས་ལ་རེག་པར་བྱས་པའི་ཆུའི་རྒྱུན་གྱིས་བཀྲུས་ན། ནད་ཐམས་ཅད་ལས་ཐར་བར་འགྱུར་རོ། །ནད་འགོ་བ་ ཐམས་ཅད་དང་འཚེ་བ་ཐམས་ཅད་ཐག་རིང་པོར་འགྱུར་རོ། །རིམ་པ་དེ་ལྟར་བྱས་ན་འབྱུང་པོའི་གདོན་དང་། བརྗེད་བྱེད་དང་། ཤ་ཟ་ལ་སོགས་པས་ཀྱང་གླགས་རྙེད་པར་མི་འགྱུར་ཏེ། དེ་ལྟ་བུ་ནི་བུམ་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་སྦྱོར་བ་གཞན་ཡང་བྱིས་པས་ འཇིགས་པ་རྣམས་ལ་གི་ཝང་ལ་བཟླས་བརྗོད་ལན་ཉི་ཤུ་རྩ་གཅིག་བྱས་པས། འཕགས་པ་སྟོབས་པོ་ཆེ་བྲིས་ལ་གཙང་སྦྲ་བྱས་ལ་མགུལ་བར་གདགས་སོ། །དེ་བཞིན་དུ་ཡུངས་ཀར་ལ་བཟླས་བརྗོད་བྱས་ནས་མགུལ་དུ་གདགས་སོ། །གུ་གུལ་གྱི་བདུག་པ་ལ་ཡང་ དག་པར་བཟླས་བརྗོད་གཉིས་སམ་གསུམ་བྱས་ནས་བདུག་གོ། །མཁའ་འགྲོ་མས་ཟིན་པ་ལ་ཡུངས་ཀར་དང་གུ་གུལ་གྱི་བདུག་པ་ལ་དེ་བཞིན་དུ་བཟླས་བརྗོད་བྱས་པས་བདུག་པར་བྱའོ། །ཡང་ན་སྐུད་པ་ལ་སྔ་མ་དེ་བཞིན་དུ་བཟླས་བརྗོད་བྱས་ནས་མགུལ་དུ་གདགས་ ཏེ། དེ་ལྟ་བུ་ནི་བྱིས་པ་གསོ་བའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་བུད་མེད་བུ་ཐོགས་པ་ལ་ཆུ་ལ་བཟླས་བརྗོད་ལྔའམ་དྲུག་བྱས་ནས་བླུད་ན་ལེགས་པར་བཙའ་བར་འགྱུར་རོ། །དེ་བཞིན་དུ་བུད་མེད་མོ་གཤམ་ལ་རྗེ་བཙུན་སངས་རྒྱས་ཀྱི་སྐུ་བསིལ་བའི་ཆུ་ལ་བཟླས་བརྗོད་ ཉི་ཤུ་རྩ་གཅིག་བྱས་ཏེ། ཁྲུས་བྱས་པས་ལུས་གཙང་མར་གྱུར་པ་ལ་བླུད་ན་བུ་ཚ་བྱུང་ཞིང་ཕན་པར་འགྱུར་ཏེ། དེ་ལྟ་བུ་ནི་རིགས་རྒྱུད་སྤེལ་བའི་ཆོ་ག་ཡིན་ནོ། །ལམ་དུ་ཞུགས་པ་རྣམས་ཀྱིས་སྐུད་པ་ལ་བཟླས་བརྗོད་ལན་བདུན་བྱས་ནས་རེ་རེ་བཞིན་མདུད་པ་དོར་བར་བྱའོ། ། ཡང་ན་གོས་ཀྱི་མཐའ་ལ་ལན་གཉིས་སམ་གསུམ་བཟླས་བརྗོད་བྱས་ཏེ། མདུད་པ་བོར་ན་བདེ་བར་འགྲོ་བར་འགྱུར་ཏེ། དེ་ལྟ་བུ་ནི་ལམ་དུ་ཉེས་པ་མི་འབྱུང་བའི་ཆོ་ག་ཡིན་ནོ། །ཤུ་དག་ཚོན་གང་ཙམ་ལོ་གཅིག་གི་ཉི་མའི་གྲངས་དང་མཉམ་པ་བླངས་ནས་གྲངས་དེ་ཙམ་དུ་ བཟླས་བརྗོད་བྱས་ལ། མར་ཡང་སྲང་དེ་ཙམ་ཞིག་ལ་བཟླས་བརྗོད་བྱས་ནས་བུམ་པ་གཅིག་ཏུ་བླུགས་ཏེ། བཀྲུས་ནས་ཉི་མ་རེ་རེ་ཞིང་ཤུ་དག་གི་དུམ་བུ་དང་། མར་སྲང་གཅིག་ལ་བཟླས་བརྗོད་བྱས་ནས་ཟོས་ན་ཡིད་གཞུངས་པའི་མཆོག་ཏུ་འགྱུར་རོ། །དེ་བཞིན་དུ་བ་ སེར་སྐྱའི་འོ་མ་དང་མར་དང་བཟླས་བརྗོད་བརྒྱ་རྩ་བརྒྱད་བྱས་པའི་འོ་ཐུག་སྣ་མའི་མགོ་ལྕོགས་ཀྱིས་དཀྲུགས་ཏེ་ཟོས་ན་ཡིད་གཞུངས་པའི་མཆོག་ཏུ་འགྱུར་ཏེ། དེ་ལྟ་བུ་ནི་ཡིད་གཞུངས་པའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་མེ་ཏོག་དང་། འབྲས་བུའམ། རྩྭའམ། ཤིང་ངམ་ འཇིམ་པ་ལག་པ་གཡས་པའི་ཆང་པར་བཅུག་ལ་ལན་ཉི་ཤུ་རྩ་གཅིག་ཆང་པར་བཅུག་པ་བྱིན་པ་དེ་དང་མཛའ་བར་འགྱུར་རོ། །དེ་ནི་མཛའ་བར་འགྱུར་བའི་ཆོ་ག་ཡིན་ནོ། །དེ་བཞིན་དུ་བ་ལང་དང་རྟ་ལ་སོགས་པ་ཕྱུགས་འཆི་བར་ཉེ་བར་གནས་པའི་ཚེ་ཆུ་ཡུངས་ཀར་ དང་བཅས་པ་ལ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་པའི་ཐུམ་པོ་གདགས་སོ། །དེ་བཞིན་དུ་མི་རྣམས་འཆི་བའི་གནོད་པ་འབྱུང་བ་ལ། ཡུངས་ཀར་ལ་དེ་བཞིན་དུ་བཟླས་བརྗོད་བྱས་པའི་ཐུམ་པོ་མགོ་སྐྱོབ་ཀྱི་ཐོག་ཏུ་གདགས་པར་བྱ་སྟེ། འདི་ལྟ་བུ་ནི་རེ་ཞིག་མི་ངས་དང་ ཕྱུགས་ངས་གསོ་བའི་ཆོ་ག་ཡིན་ནོ། །རེ་ཞིག་ནེ་རྦན་རཀྵི་ཏ། བདག་གིས་རང་གི་བླ་མ་ལས་ཚིགས་སུ་བཅད་པ་མཐུ་བསམ་གྱིས་མི་ཁྱབ་པའི་སྦྱོར་བ་བརྒྱ་ཐོས་སོ། །དེ་ཡང་ཡུན་རིངས་པས་ཁ་ཅིག་ནི་བརྗད་དེ། ཆེ་ལོང་ཀུན་བསྡུས་པ་ཡིན་ནོ། །འདི་ཐམས་ཅད་ འགྲུབ་པ་ལ་ཐེ་ཚོམ་མི་བྱའོ། །ནངས་ན་ཡང་གང་ལ་ཡིད་ཆེས་པས་དད་པ་ཡོད་པ་དེ་ལ་ལྷག་པར་འགྲུབ་པར་འགྱུར་རོ་ཞེས་བྱ་བར་ངེས་སོ། །བཟླས་བརྗོད་འབུམ་བྱས་ནས་དགོས་པ་ཅི་ཡང་མི་འགྲུབ་པ་མེད་དོ། །ཐོ་གར་ཡུལ་ནས་སྐྱེས་གྱུར་པ། །དགེ་སློང་ནེ་རྦན་རཀྵི་ ཏས། །ཆོ་ག་བཟང་པོ་ཚུལ་བཞིན་དུ། །རབ་ཏུ་འབད་ནས་བཤད་པ་ཡིན། །རྟེན་ཅིང་འབྲེལ་པར་འབྱུང་བའི་སྙིང་པོའི་ཆོ་ག་ཞིབ་མོ། །མཁན་པོ་ནེརྦན་རཀྵི་ཏས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷིཿ། བོད་སྐད་དུ། རབ་ཏུ་གནས་པའི་ཆོ་ག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དེ་ལ་རེ་ཞིག་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཐོབ་པའི་དགེ་བསྙེན་ནམ། དགེ་ཚུལ་ལམ། དགེ་སློང་གི་དགེ་འདུན་ནམ། གང་ཟག་གི་མཆོད་རྟེན་ནམ། བྲིས་ སྐུ་ལ་སོགས་པ་རབ་ཏུ་གནས་པ་བྱེད་པས་གང་རབ་ཏུ་གནས་པར་བྱ་བ་མཚན་ཉིད་དང་ལྡན་པ་དེའི་ཉེ་འཁོར་ཅིག་སྐྱང་ནུལ་བྱས་ཏེ། མཐར་ཙནྡན་ལ་སོགས་པའི་དྲི་ཞིམ་པོའི་ཆུས་བྱུགས་ནས། མདུན་དུ་མཎྜལ་གྲུ་བཞི་པ་ཁྲུ་གང་ཡན་ཆོད་ནས་ཇི་ཙམ་ནུས་པར་བྱུགས་ནས། དེར་པདྨ་བདབ་མ་བརྒྱད་པ་ཚོན་གྱིས་བྲི་བར་བྱའོ། །དེའི་སྟེང་དུ་མཚན་ཉིད་དང་ལྡན་པའི་བུམ་པ་གསེར་ལ་སོགས་པའི་རྒྱུ་ལས་བྱས་པ་ཁ་རྒྱན་དང་། མགུལ་དཀྲིས་དང་བཅས་པར་རིན་པོ་ཆེ་དང་། སྨན་དང་། འབྲུ་རྣམས་གཞུག་ཅིང་ཙནྡན་དང་། ག་བུར་ལ་སོགས་པ་ དྲི་ཞིམ་པོ་དང་སྦྱོར་བའི་ཆུ་ཀླུང་གི་ཆུ་གཙང་མས་དགང་ཞིང་། གྲངས་ཀྱང་གཅིག་ནས་བརྩམས་ཏེ་ཇི་སྙེད་འབྱོར་པ་གཞག་པར་བྱའོ། །མེ་ཏོག་ལ་སོགས་པའི་ཡོ་བྱད་ཅི་འབྱོར་པ་རྣམས་ཀྱང་མདུན་དུ་སྟ་གོན་དུ་བྱས་ལ། ནང་པར་སྔ་དྲོའི་དུས་སུ་ཡིད་དུ་འོང་བའི་བླ་རེ་བྲེས་ པས་མཛེས་པའི་གནས་སུ་སྒྲུབ་པ་པོས་སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་ལ་སོགས་པ་མཉམ་པར་གཞག་པའི་སྤྱོད་ལམ་གྱིས་གནས་ཏེ། འཇིག་རྟེན་སྐྱོང་བ་རྣམས་ལ་གཏོར་མ་བྱིན་ལ། གསེར་རམ་དངུལ་གྱི་གཞིའམ་གྲོ་ག་ལའང་རུང་། ཙནྡན་དཀར་པོས། ཡེ་དྷརྨཱ་ཧེ་ཏུ་ པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཿ ཞེས་པ་ཚར་བདུན་དུ་བྲིས་ལ། ཚར་རེ་རེ་ཞིང་ལན་བདུན་བདུན་བཀླགས་ཏེ། བུམ་པའི་ཆུས་བཀྲུས་ལ་བུམ་པ་དེ་ཉིད་དུ་བཞུགས་པར་བྱའོ། །དེ་ནས་བུམ་པའི་སྟེང་དུ་ཟླ་བ་ལ་སྔགས་ ཀྱི་ཕྲེང་བ་དཀར་པོ་འོད་དང་བཅས་པ་སྐད་ཅིག་གིས་བསམས་ཏེ། དེའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་ལྷའི་བདུད་རྩིའི་རྒྱུན་རྣམས་བཀུག་ལ་བུམ་པའི་ཆུ་དེ་སྔགས་ཀྱི་ཕྲེང་བ་ཞུ་བ་དང་ལྷན་ཅིག་རོ་གཅིག་ཏུ་གྱུར་པས་བུམ་པ་གང་བར་དམིགས་ནས། དེ་ལག་པས་ རེག་ནས་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེའི་རྗེས་ལ་མཆོད་རྟེན་ལ་སོགས་པའི་ནང་ངམ་སྙིང་གར་ཟླ་བ་ལ་སྔ་མ་ལྟར་སྔགས་ཀྱི་ཕྲེང་བ་དམིགས་ལ། དེའི་འོད་ཀྱིས་འཇིག་རྟེན་ཁྱབ་པར་བལྟས་ཏེ། དེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྐུལ་ནས། གང་ཞིག་ རབ་ཏུ་གནས་པར་བྱ་བ་མཆོད་རྟེན་ལ་སོགས་པ་དེའི་གཟུགས་ཀྱིས་བྱོན་ནས་དེ་དང་དེ་ལ་ཐིམ་པ་དང་། སྔགས་ལ་སོགས་པ་ཐམས་ཅད་རོ་གཅིག་ཏུ་གྱུར་པར་བསམས་ནས། ལུགས་སུ་བླུགས་པ་རྣམས་ལ་ནི་དངོས་སུ་ཁྲུས་བྱའོ། །གླེགས་བམ་ལ་སོགས་པ་རྣམས་ལ་ནི་མེ་ ལོང་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་། གླུ་དང་། སྒྲ་དང་བཅས་པས་སྔགས་བཟླས་བཞིན་དུ་སྔར་གྱི་བུམ་པའི་ཆུས་ཁྲུས་གསོལ་བར་བྱའོ། །དེ་ནས་དྲི་ཞིམ་པོས་བསྒོས་པའི་གོས་ཀྱིས་སྐུ་ཕྱི་བ་བྱས་པའི་རྗེས་ལ་ཅི་འབྱོར་པའི་ན་བཟའ་དང་ རྒྱན་རྣམས་དབུལ་བར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ཅི་འབྱོར་པ་རྣམས་དབུལ་ལོ། །དེའི་རྗེས་ལ་ལག་པས་རེག་ནས་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །དེ་ནས་མཆོད་རྟེན་ནམ་ལུགས་སྐུའི་ནང་དུ་གྲོ་ག་ལ་སྙིང་པོ་བྲིས་ཏེ་གཞུག་གོ། །གླེགས་ བམ་བྲིས་སྐུའི་ནི་མཐའ་མར་བྲིའོ། །དེ་ལྟར་བྱས་ནས་སླར་ཡང་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་ཅིང་རོལ་མོའི་སྒྲ་ཡང་བསྒྲགས་ཏེ། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། །སའམ་འོན་ཏེ་བར་སྣང་འཁོད་པ་དག །སྐྱེ་དགུ་ཀུན་ལ་རྟག་ཏུ་ བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །རྒྱལ་བ་དགྲ་རྒྱལ་བདེན་པའི་བྱིན་གང་གིས། །བདེན་འདི་གསུངས་པ་འདི་ལ་སྡིག་མེད་ཅིང་། །ལྷར་བཅས་ལྷ་མིན་གྱིས་རྟག་མཆོད་འོས་པའི། །བདེན་པ་དེས་ནི་དེང་འདིར་བདེ་ལེགས་ཤོག །དམ་ཆོས་བདུད་རྩི་ ཐམས་ཅད་མཁྱེན་པ་ཡིས། །ཞལ་ནས་གསུངས་པ་བསིལ་བའི་རོ་འདི་ཡི། །ཉོན་མོངས་འབར་བའི་མེ་ཡིས་གདུངས་པ་ཡི། །འགྲོ་ཀུན་སྡུག་བསྔལ་རྟག་ཏུ་ཞི་བྱེད་ཤོག །ཅེས་བརྗོད་ཅིང་སྔར་གྱི་བུམ་པའི་ཆུའི་ལྷག་མས་རབ་ཏུ་གནས་པའི་ས་གཞི་དང་། གནས་ཁང་དག་ཏུ་ཉུང་ ཟད་གཏོར་བར་བྱའོ། །བྱ་བ་རྣམས་རྫོགས་པ་ན་རྡུལ་ཚོན་ལ་སོགས་པ་རྣམས་ཆུ་བོ་ཆེན་པོའམ། ཁྲོན་པ་རྙིང་པར་དོར་ནས་ས་གཞི་ལྕི་བ་སར་པས་བྱུགས་ཏེ། རབ་གནས་བྱེད་པའི་སློབ་དཔོན་དང་། དགེ་སློང་ལ་མཆོད་སྟོན་དང་། ཡོན་དབུལ་བ་ལ་སོགས་པ་བྱའོ། །དེ་ནས་རྟེན་དེ་ལ་མཆོད་ པ་ཕུལ་ཏེ། ཡོན་བདག་འདིའི་ཆེད་དུ་བཞུགས་ལ་སེམས་ཅན་གྱི་དོན་མཛད་པར་གསོལ་བ་གདབ་པོ། །རབ་ཏུ་གནས་པའི་ཆོ་ག་ཐུན་མོང་པ་པཎྜི་ཏ་དཔལ་སུ་མ་ཏི་ཀཱིརྟིས་མཛད་པ་རྫོགས་སོ།། །།མཁས་པ་དེ་ཉིད་དང་ལོ་ཙཱ་བ་པྲཛྙཱ་ཀཱིརྟིས་བསྒྱུར་བའོ།། །།