Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 74

Văn bản gốc(Tây Tạng)

Trang 20 / 21 (50.000 ký tự/trang)
ས་པར་གནང་བར་བགྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་

པོ་དང་། དེ་བཞིན་གཤེགས་པ་རིན་པོ་ཆེ་དང་། ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་དང་། དེ་བཞིན་གཤེགས་པ་མྱ་ངན་མེད་མཆོག་དཔལ་དང་། དེ་བཞིན་
གཤེགས་པ་ཆོས་བསྒྲགས་རྒྱ་མཚོའི་དབྱངས་དང་། དེ་བཞིན་གཤེགས་པ་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པས་མངོན་པར་མཁྱེན་པ་དང་། དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་དང་། སྟོན་པ་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་
འཛོམ་པ་སྤྱན་དྲངས་ནས་མཚན་ནས་བརྗོད་པ་དང་། ཕྱག་འཚལ་ཞིང་མཆོད་པ་དང་། མདོ་དང་མཐུན་པར་སྨོན་ལམ་གསོལ་བ་དང་། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོའི་དོན་མཛད་པར་གསོལ་བའི་སྐབས་འདིར། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པར་
གྱུར་པས་མ་འཚལ་བ་དང་། བག་མ་མཆིས་པ་ལ་སོགས་པའི་དབང་གིས། ལུས་དང་། ངག་དང་། ཡིད་ཀྱི་སྤྱོད་པ་ཐམས་ཅད་ཉོན་མོངས་པ་རྣམས་དང་འདྲེས་པ་དང་། མཆོད་པའི་དངོས་པོ་ཆུང་ཞིང་ངན་ལ་གཙང་སྦྲས་མ་ཕྱེ་བ་དང་། མདོ་ལས་འབྱུང་བའི་ཆོ་ག་བཞིན་དུ་མ་ལྕོགས་པ་ལ་
སོགས་པ་འཁྲུལ་ཞིང་ནོངས་པར་གྱུར་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་མཛད་དེ་བཟོད་པར་བཞེས་ཤིང་འཕྲལ་ཡུན་གཉིས་སུ་བདག་ཅག་ལ་སྒྲིབ་པ་དང་གནོད་པར་མི་འགྱུར་བར་བྱིན་གྱིས་བརླབ་པར་
ཅི་གནང་། འཕགས་པ་རྣམས་ཀྱིས་དེང་ངམ་དགུང་འདིའི་བར་དུ་བདག་ཅག་ལ་སོགས་པ་འགྲོ་བ་ཕོངས་ཤིང་ཉམ་ཐག་པའི་སེམས་ཅན་ཐམས་ཅད་ཀྱི་ཕན་པ་དང་བདེ་བའི་དོན་མཛད་ཅིང་། བཀའ་སྩལ་པ་ཡང་ད་དུང་ཡང་བདག་ཅག་ལ་ཐུགས་བརྩེ་བས་ཡང་དང་ཡང་དུ་གདན་འཛོམ་པར་
མཛད་པར་དགོངས་ཤིང་། སོ་སོའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་རྣམས་སུ་འགྲོ་བའི་དོན་ལ་གཤེགས་པར་ཅི་གནང་། མཇུག་འདིར་བསྔོ་བའི་ཚིགས་བཅད་ཀྱང་བཀླག་གོ། །རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། དྷཱ་ར་ཎཱི་སརྦ་སཱ་དྷ་ན་ཀྲ་མ་དྭ་ཡ་ནཱ་མ། བོད་

སྐད་དུ། གཟུངས་ཐམས་ཅད་ཀྱི་སྒྲུབ་ཐབས་རིམ་པ་གཉིས་པ་ཞེས་བྱ་བ། སྒོ་དྲུག་ཞི་ཁྲོའི་ལྷ་ཚོགས་ལ། །ཀུན་ནས་དང་བས་ཕྱག་འཚལ་ཏེ། །སཉྩ་ལ་སོགས་དོན་དུ་ནི། །དུ་མ་གཟུངས་ཀྱི་སྒྲུབས་ཐབས་ནི། །སྤྱི་དང་བྱེ་བྲག་ལྡན་ཚུལ་གྱིས། །དེ་ནི་ང་ཡིས་བསྟན་
ཏེ་བྲི། །ཉམས་དགའ་བདེ་བའི་གནས་སུ་ནི། །སྤྱོད་གཉིས་ལྡན་པའི་རྣལ་འབྱོར་པས། །དཀྱིལ་འཁོར་ཆེན་པོ་བཤམ་པར་བྱ། །རས་རིས་མཆོད་པ་བཤམ་པར་བྱ། །བདེ་བའི་སྟན་ལ་འདུག་བྱས་ཏེ། །སྙིང་གར་ཟླ་དཀྱིལ་ཧཱུཾ་བསམས་ཏེ། །དེ་ཡི་འོད་ཀྱིས་ཕྱོགས་བཅུ་ཡི། །སངས་རྒྱས་འཁོར་བཅས་
མདུན་དུ་དགུག །བདུན་པོ་རྣམ་དག་རྫོགས་པར་བྱ། །དེ་རྗེས་སྟོང་པའི་ངང་ལ་གནས། །ཡཾ་དང་བཾ་དང་ལཾ་ལས་ནི། །རླུང་མཚོ་རིན་ཆེན་ས་གཞི་བསམ། །དེ་སྟེང་བྷྲཱུཾ་ཞུ་གཞལ་ཡས་ཁང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་མཛེས་པ། །འཁོར་ལོ་པདྨ་འདབ་
བརྒྱད་བསམ། །ཕོ་བྲང་དབུས་ཀྱི་ལྟེ་བ་ལ། །རང་གི་ཡི་དམ་ཨོཾ་དུ་བསམ། །དེ་ལས་འོད་འཕྲོས་ལས་གཉིས་བྱས། །སླར་འདུས་གསེར་གྱི་པུསྟིར་བསམ། །ཡང་འཕྲོས་སླར་འདུས་ཐིམ་གྱུར་པས། །གཙོ་ཆེན་ཕ་རོལ་ཕྱིན་མ་དེ། །གསེར་འོད་སྐྱིལ་ཀྲུང་འཁོར་ལོ་དང་། །མེ་ཏོག་
པུསྟི་མཉམ་གཞག་གོ། །དེ་ནས་ཞི་བའི་ལྷ་གནས་སུ། །པཾ་ལས་པདྨའི་གདན་དུ་བསམ། །ཁྲོ་བོ་ཡི་ནི་གནས་རྣམས་སུ། །མ་དང་ཨ་དང་པཾ་ལས་ནི། །ཉི་ཟླ་པདྨའི་གདན་དུ་བསམ། །གཙོ་བོའི་ཐུགས་ལས་འོད་ཟེར་འཕྲོས། །ལས་གཉིས་བྱས་ཏེ་ལྷ་གནས་སུ། །ཨཱཿདང་
ཨོཾ་དང་ཧྲཱིཿདང་ཨ། །དཀར་སེར་དམར་ལྗང་ཞི་གནས་སུ། །ཧཱུཾ་ནི་མཐིང་ནག་འཕྲོས་ནས་སུ། །དེ་དག་ལ་ཡང་འོད་འཕྲོས་པས། །ལས་གཉིས་བྱས་ཏེ་སླར་འདུས་པས། །སོ་སོའི་མཚན་མར་བསྒོམ་པར་བྱ། །དེ་ལས་ཀྱང་ནི་འོད་འཕྲོས་པས། །སླར་འདུས་དེ་ཉིད་ལ་ཐིམ་པས། །
སོ་སོའི་སྐུ་རུ་བསྒོམ་བྱ་སྟེ། །དབུས་ཀྱི་འདབ་མ་རྣམས་ལ་ནི། །ཡེ་ཤེས་དབང་བསྐུར་ལྡན་མ་དང་། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །རྡོ་རྗེ་མི་ཕམ་སོ་སོར་འབྲང་། །སྡིག་པ་སྤོང་བ་གདུགས་དཀར་མོ། །བདུད་འཇོམས་སྒོ་མཐའ་སྒྲུབ་པ་སྟེ། །ཀུན་ཀྱང་སྐུ་མདོག་གསེར་འོད་ལ། །

ཞལ་གཅིག་ཕྱག་གཉིས་བདག་ཉིད་ཅན། །གཡས་ན་རལ་གྲི་གཡོན་མེ་ཏོག །ཀུན་ཀྱང་དེ་ཐོགས་ཞི་འཛུམ་ཅན། །རིན་ཆེན་རྒྱན་ཀླུབས་བསམ་པར་བྱ། །ཤར་གྱི་པདྨའི་ལྟེ་བ་ལ། །གསེར་མདོག་ཤཱཀྱ་སེང་གེ་སྟེ། །སྐྱིལ་ཀྲུང་འཁོར་ལོ་བསྣམས་པར་བསམ། །དེ་ཡི་ཕྱོགས་ཀྱི་འདབ་མ་
ལ། །སྤྱན་རས་གཟིགས་དང་བྱམས་པ་དང་། །ནམ་མཁའི་སྙིང་པོ་ཀུན་ཏུ་བཟང་། །ལག་ན་རྡོ་རྗེ་འཇམ་པའི་དཔལ། །སྒྲིབ་པ་སེལ་དང་ས་ཡི་སྙིང་། །དཀར་སེར་མཐིང་སེར་ཡང་མཐིང་སེར། །ལྗང་གུ་སྔོན་པོ་མདོག་ཡིན་ནོ། །ཀུན་ཀྱང་རྒྱན་ཀླུབས་མེ་ཏོག་བསྣམས། །འཛུམ་བག་
བཞིན་རྒྱས་བསམ་པར་བྱ། །ལྷོ་ཡི་པདྨའི་ལྟེ་བ་ལ། །རིག་པའི་རྒྱལ་མོ་རྨ་བྱ་ཅན། །མཐིང་ག་ཞལ་གསུམ་ཕྱག་དྲུག་མ། །རྨ་བྱའི་མཇུག་སྒོ་མདའ་དང་ནི། །མཆོག་སྦྱིན་རྣམས་ནི་གོ་རིམས་གཡས། །རིན་ཆེན་གཞུ་དང་རྔ་ཡབ་བསྣམས། །གོ་རིམས་བཞིན་དུ་གཡོན་ནའོ། །
སྣ་ཚོགས་རྒྱན་དང་གོས་འཆང་བའོ། །དེ་ཡི་ཕྱོགས་ཀྱི་འདབ་མ་ལ། །དང་པོའི་འདབ་མ་སྟོང་ཆེན་མོ། །ཞལ་གཅིག་ཕྱག་དྲུག་དཀར་མོ་སྟེ། །རལ་གྲི་མདའ་དང་མཆོག་སྦྱིན་རྣམས། །གོ་རིམས་བཞིན་དུ་གཡས་ནའོ། །ཞགས་པ་གཞུ་དང་དགྲ་སྟ་བསྣམས། །གོ་རིམས་
བཞིན་དུ་གཡོན་ནའོ། །གཉིས་པ་སོ་སོར་འབྲང་མ་སྟེ། །ཞལ་བཞི་མ་ལ་ཕྱག་བརྒྱད་མ། །པདྨ་དང་རྒྱན་རྩེ་གསུམ་དང་། །འདབ་བརྒྱད་དགྲ་སྟ་བཅས་པ་ལ། །རལ་གྲི་པདྨར་བཅས་པ་དང་། །པདྨ་དུང་དང་བཅས་པའོ། །དང་པོ་གཉིས་གཡས་ཐ་མ་གཡོན། །གསུམ་པ་བསིལ་
ཚལ་མདོག་དམར་པོ། །ཞལ་གཅིག་ཕྱག་བཞིའི་བདག་ཉིད་ཅན། །ཕྲེང་བ་མཆོག་སྦྱིན་གཡས་ནའོ། །རྡོ་རྗེ་ལྕགས་ཀྱུ་གཡོན་ནའོ། །བཞི་པ་གསང་སྔགས་རྗེས་འཛིན་མ། །ལྗང་གུ་ཞལ་གཅིག་ཕྱག་བཞི་མ། །རྡོ་རྗེ་མཆོག་སྦྱིན་གཡས་ནའོ། །དགྲ་སྟ་ཞགས་པ་གཡོན་ནའོ། །
ཀུན་ཀྱང་སྣ་ཚོགས་རྒྱན་བརྒྱན་བསམ། །དེ་དག་བར་གྱི་འདབ་མ་ལ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་རྣམ་ཐོས་སྲས། །དཔའ་བོ་ཡི་ནི་ཆ་ལུགས་ལ། །པི་ཝང་རལ་གྲི་སྦྲུལ་ཞགས་དང་། །མཆོད་རྟེན་ཕྱག་ན་བསྣམས་པའོ། །ནུབ་ཀྱི་པདྨའི་ལྟེ་བ་ལ། །

མགོན་པོ་བདེ་གཤེགས་ཚེ་དཔག་མེད། །སྐུ་མདོག་དམར་པོ་ཏིང་འཛིན་རྒྱ། །དེ་ཡི་ཕྱོགས་ཀྱི་འདབ་མ་ལ། །འཁོར་ལོས་སྒྱུར་རྒྱལ་བཟང་པོ་མཆོག །གཟི་བརྗིད་ཅན་དང་ཟླ་བ་དང་། །སྙན་པ་དྲི་མེད་བཟང་པོ་ཏོག །བཀོད་པ་ཆེན་པོ་སྤྱན་རས་གཟིགས། །མཐུ་ཆེན་
ཐོབ་སྟེ་དེ་དག་ཀྱང་། །ཀུན་ཀྱང་དཀར་སེར་མེ་ཏོག་བསྣམས། །ཞི་བ་འཛུམ་བག་བསམ་པར་བྱ། །བྱང་གི་པདྨའི་ལྟེ་བ་ལ། །ཆོས་ཡུམ་དམར་སེར་པུསྟི་གསུམ། །མེ་ཏོག་སྟོང་ཐོགས་འཛུམ་བག་ཅན། །རྒྱན་ལྡན་པ་ནི་བསམ་པར་བྱ། །དེ་ཡི་ཕྱོགས་ཀྱི་འདབ་མ་ལ། །གདུགས་
དཀར་རྣམ་རྒྱལ་གཙུག་གི་ནོར། །དྲི་མ་མེད་པའི་གཙུག་ཏོར་ཏེ། །དཀར་དང་སྔོ་བསངས་དམར་སེར་མདོག །གདུགས་དང་རྒྱལ་མཚན་རལ་གྲི་དང་། །རིན་ཆེན་བསྣམས་ཏེ་འཛུམ་བག་ཅན། །དེ་ཡི་བར་གྱི་འདབ་མ་ལ། །འོད་ཟེར་ཅན་དང་པརྞ་དང་། །རི་ཁྲོད་ལོ་གྱོན་དཔལ་ལུང་
བསྟན། །མཐིང་ག་གཅིག་དང་གཞན་རྣམས་སེར། །ཕྱག་བཞི་དཱུཪྺ་ལྟར་སྔོ་གཅིག །དེ་ཡི་ཕྱག་མཚན་གྱུར་པ་ནི། །མཆོག་སྦྱིན་འབྲས་བུ་དགྲ་སྟ་བསྣམས། །ཞགས་པ་དབྱུག་ཏོ་གཡོན་ནའོ། །རི་ཁྲོད་ལོ་གྱོན་དགྲ་སྟའོ། །འོད་ཟེར་མྱ་ངན་མེད་ཤིང་བསྣམས། །མེ་ཏོག་
བསྣམས་པ་ཁྲོ་འཛུམ་བསམ། །བྱང་ཤར་པདྨའི་ལྟེ་བ་ལ། །བདེ་གཤེགས་ཙནྡན་ཡན་ལག་སེར། །ཞི་དེས་ཙནྡན་བསྣམས་པར་བསམ། །དེ་ཡི་ཕྱོགས་ཀྱི་འདབ་མ་ལ། །བློ་ཡངས་འབྲུག་སྒྲོགས་སྒྲིབ་པ་སེལ། །ཡོན་ཏན་འབྱུང་གནས་འོད་དཔག་མེད། །ཀུན་ནས་སྤོས་
མཆོག་རྒྱལ་མཚན་རྩལ། །ང་རྒྱལ་གནོན་དང་རྒྱ་མཚོ་དབྱངས། །ཀུན་ཀྱང་དམར་སེར་ཞི་ཚུལ་ལ། །ས་གནོན་པ་ཡི་ཕྱག་རྒྱའོ། །ཤར་ལྷོ་པདྨའི་ལྟེ་བ་ལ། །བདེ་བར་གཤེགས་པ་སྒྲོན་མ་མཆོག །ལྗང་གུ་འཛུམ་བག་ས་གནོན་བསམ། །དེ་ཡི་ཕྱོགས་ཀྱི་པདྨ་ལ། །སེམས་
དཔའ་འོད་ཆེན་འོད་དཔག་མེད། །མི་ཕམ་པ་དང་འཇམ་དཔལ་དང་། །དྲི་མ་མེད་དང་རྡོ་རྗེ་སྙིང་། །རྒྱལ་བ་ཅན་དང་མཚན་མོ་བཟང་། །ཀུན་ཀྱང་དམར་སེར་མེ་ཏོག་འཛུམ། །ལྷོ་ནུབ་པདྨའི་ལྟེ་བ་ལ། །མཁའ་ལྡིང་གསེར་གྱི་འདབ་མ་ཅན། །རྡོ་རྗེའི་མཆུ་ལ་ལུས་འབར་བ། །ཁྲོ་བོ་འཇིགས་

རུང་རྩལ་ཅན་ལ། །རྒྱན་བརྒྱན་ཀླུ་ལ་སྟན་བྱས་བསམ། །དེ་ཡི་ཕྱོགས་ཀྱི་འདབ་མ་ལ། །སྦས་པ་རྡོ་རྗེ་ཀུན་འབར་གློག །འབར་བའི་གཟི་བརྗིད་གནམ་ལྕགས་མཆུ། །དཀར་དམར་སེར་དང་སྔོན་པོ་སྟེ། །སྦྲུལ་ཟན་བཞི་ནི་བསམ་པར་བྱ། །དེ་ཡི་བར་གྱི་འདབ་མ་ལ། །ཁྱབ་འཇུག་ཚངས་པ་
དབང་ཕྱུག་དང་། །དྲང་སྲོང་རི་བྱི་བསམ་པར་བྱ། །ནུབ་བྱང་པདྨའི་ལྟེ་བ་ལ། །མགོན་པོ་སྤྱན་རས་གཟིགས་ཡུམ་ནི། །དཀར་འཛུམ་མེ་ཏོག་བསྣམས་པ་བསམ། །དེ་ཡི་ཕྱོགས་ཀྱི་འདབ་མ་ལ། །སྤྱན་རས་གཟིགས་དབང་བཅུ་གཅིག་ཞལ། །ཕྱག་དྲུག་ཕྱག་མཚན་བསྣམས་པ་
བསམ། །གཞན་གྱིས་མི་ཐུབ་རིན་ཆེན་ཕྲེང་། །སྟོབས་ཆེན་དང་ནི་མདངས་ཕྱིར་འཕྲོག །ཀུན་ཀྱང་མདོག་དཀར་རིན་ཆེན་ཕྲེང་། །འཁོར་ལོ་ལྕགས་ཀྱུ་བསྣམས་པའོ། །དེ་ཡི་བར་གྱི་འདབ་མ་ལ། །གསེར་ཅན་དང་ནི་རྣམ་རྒྱལ་ཅན། །འགྲོ་ལྡིང་བ་དང་དབྱིག་དང་ལྡན། །སེར་དང་
དཀར་དང་མཐིང་ལྗང་ངོ་། །ཀུན་ཀྱང་ཁྲོ་འཛུམ་འཁོར་ལོ་བསྣམས། །བཅུ་དྲུག་པ་ཡི་འདབ་མ་ལ། །རྣམ་པར་གཟིགས་དང་ཐམས་ཅད་སྐྱོབ། །ལོག་པར་དད་སེལ་གསེར་ཐུབ་དང་། །འོད་སྲུངས་དང་ནི་མར་མེ་མཛད། །ཀུན་ཀྱང་ཞི་ཚུལ་ས་གནོན་རྒྱ། །ཡོངས་གྲགས་དཔལ་
དང་རིན་ཆེན་ཟླ། །གསེར་བཟངས་དྲི་མེད་མྱ་ངན་མེད། །ཆོས་བསྒྲགས་རྒྱ་མཚོ་ཆོས་རྒྱ་མཚོ། །བཻ་ཌཱུར་འོད་ཀྱི་རྒྱལ་པོ་སྟེ། །ཀུན་ཀྱང་ནམ་མཁའི་མདོག་ལྟ་ལ། །སྨན་མཆོག་ཨ་རུ་བསྣམས་པའོ། །མི་འཁྲུགས་པ་དང་འོད་སྟོང་འབར། །སྣང་བ་མཐའ་ཡས་དེ་བསམ་བྱ། །སེར་
སྔོ་དམར་བའི་མདོག་ཡིན་ནོ། །ཀུན་ཀྱང་ཏིང་འཛིན་ཕྱག་རྒྱའོ། །སུམ་ཅུ་རྩ་གཉིས་རྩིབས་ལ་ནི། །ལག་ན་རྡོ་རྗེ་རྣམ་འཇོམས་དང་། །མེ་ལྟར་རྨོངས་བྱེད་བེ་ཅོན་དང་། །ཀུན་ཀྱང་མཐིང་ག་ཁྲོ་བོའི་ཆ། །རྡོ་རྗེ་བེ་ཅོན་བསྣམས་པའོ། །གཞོན་ནུ་བསོད་ནམས་རྒྱལ་མཚན་ནི། །
ཨེ་ནའི་ལྤགས་གྱོན་སྦྲུལ་གྱིས་བརྒྱན། །དུག་གི་མེ་ཏོག་ཐོགས་པའོ། །ཁྲོ་བོ་མེ་ཡི་ཁ་ལ་ནི། །མཐིང་ག་མེ་དཔུང་ལག་ན་ཐོགས། །ཚོགས་བདག་དཀར་པོ་ལྕགས་ཀྱུ་བསྣམས། །རྣམ་རྒྱལ་དབྱུག་པ་སྔོན་པོ་དང་། །གཤིན་རྗེ་གཤེད་དང་མི་གཡོ་མགོན། །རྟ་མགྲིན་གཞན་

གྱིས་མི་ཐུབ་དང་། །བདུད་རྩི་འཁྱིལ་དང་ཁམས་གསུམ་རྒྱལ། །ཀུན་ཀྱང་ཁྲོ་བོའི་ཚུལ་ཅན་ལ། །མཐིང་ག་རྡོ་རྗེ་བསྣམས་པ་བསམ། །ཕྱོགས་མཚམས་འཁོར་ལོའི་རྩིབས་ལའོ། །ཧཱུཾ་ཀཱ་ར་དང་སྟོབས་པོ་ཆེ། །ཆ་ལུགས་གོང་དང་མཐུན་ཚུལ་ལ། །འཁོར་ལོ་
གཉིས་ཀྱི་རྩིབས་ལ་བསམ། །རྒྱལ་བ་ཁྱུ་མཆོག་འབྲོག་གནས་དང་། །གངས་གནས་ལྔ་རྩེན་ནོར་བཟངས་དང་། །གང་བཟངས་དང་ནི་གྲགས་བཟངས་དང་། །ས་མཛེས་དང་ནི་ཕྲེང་མཛེས་དང་། །ཀུན་ཀྱང་ཁྲོ་ཚུལ་གནས་སེར་ལ། །ཐམས་ཅད་དབྱུག་ཏོ་བསྣམས་པའོ། །ནག་
པོ་ཆེ་དང་ལྷ་མོ་ནག །དབྱུག་ཏོ་ཞགས་པ་ཐོགས་པ་ལ། །ཁྲོ་བོའི་གཟུགས་ཅན་བསམ་པར་བྱ། །རྡོ་རྗེ་འཆང་ནི་གཏུམ་མོ་དང་། །རྡོ་རྗེ་ཁྲོ་མོ་ཕོ་ཉ་མོ། །ཁྲོ་བོ་རྡོ་རྗེ་ལུ་གུ་རྒྱུད། །རིག་སྔགས་ཁྲོ་བོ་རྒྱལ་བ་ཅན། །ཀུན་ཀྱང་མཐིང་ག་ཁྲོ་ཚུལ་ཅན། །རྡོ་རྗེ་རྡོ་རྗེའི་ལུ་གུ་རྒྱུད། །དེ་
དག་ཕྱག་ན་བསྣམས་པར་བསམ། །ཁྲོ་བོ་བར་དུ་གཅོད་སྦྱོང་དང་། །ཁྲོ་བོ་མི་འཇིགས་སྦྱིན་པ་སྟེ། །དཀར་སེར་ཁྲོ་ཚུལ་རྡོ་རྗེ་བསྣམས། །དེ་ཡི་ཕྱི་ཡི་ཁྱམས་ལ་ནི། །གཟུངས་རྣམས་ཀུན་ནི་ཐམས་ཅད་ནས། །མཚན་བརྗོད་བདེ་གཤེགས་མཐའ་དག་དམིགས། །ལྷ་མོ་སྒོ་བ་རང་བཞིན་
དམིགས། །དེ་ནས་ཕྱི་ཡི་རིམ་པ་ནི། །འཁོར་བའི་ལེ་ཙེ་ཁྲ་བོ་ལ། །གཟའ་དགུ་དང་ནི་རྒྱུ་སྐར་ནི། །ཉི་ཤུ་རྩ་བརྒྱད་བསམ་པར་བྱ། །དེ་ཡི་ཕྱི་ཡི་ཁྱམས་ལ་ནི། །དུ་མ་གཟུངས་ནས་བརྗོད་པ་ཡི། །གནོད་སྦྱིན་ཀླུ་ལ་སོགས་པ་ཡི། །མཐུ་ཆེན་ཐམས་ཅད་དམིགས་པར་བྱ། །སྒོ་དེ་རྒལ་བའི་
ཕྱི་རྣམས་སུ། །སྣ་ཚོགས་གཟུངས་ནས་བརྗོད་པ་ཡི། །སྙིང་རྗེའི་ཚོགས་རྣམས་ཐམས་ཅད་དམིགས། །གལ་ཏེ་བྱེ་བྲག་སྒྲུབ་བྱེད་ན། །ཚོགས་གཉིས་གདན་དང་ས་བོན་དང་། །གང་བསྐྱེད་པ་ཡི་སྐུ་དེ་རྣམས། །གོང་དུ་མཐུན་པའི་སྐུ་རུ་བསྐྱེད། །དེ་ལྟར་བསྡུས་ཏེ་བྱེ་བྲག་ལྷ། །གང་
འདོད་པ་ནི་བསྐྱེད་པར་བྱ། །དེ་ནས་ཡེ་ཤེས་ལྷ་ཚོགས་ནི། །ནམ་མཁར་བཀུག་སྟེ་མཆོད་ནས་ནི། །ཕྱག་རྒྱ་བཞི་ཡིས་གཉིས་མེད་བྱ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ། །དེ་ནས་ཕྱོགས་ཀྱི་སངས་རྒྱས་ཀྱིས། །བུམ་པའི་དབང་ནི་བསྐུར་བར་བསམ། །དེ་ལྟ་བུར་ནི་བསྒོམ་པར་བྱ། །དེ་

བསྐྱེད་བཟླས་པ་བྱ་བ་ཡིན། །ཐུན་མཚམས་གཏོར་བཏང་ཡེ་ཤེས་གཤེགས། །སྒྲུབ་པའི་ཐབས་ཀྱི་རིམ་པ་སྟེ་དང་པོའོ།། །།དེ་ནས་སྙིང་པོ་བསྡུས་པའི་རིམ་པ་ནི། དེ་ནི་རྒྱས་པ་བཏུ་བར་བྱ། །སོ་སོའི་གཟུངས་ཀྱི་ནང་ནས་ཏེ། །ཤཱཀ་ཐུབ་ཡུམ་གྱི་སྙིང་པོ་ནི། །ཡི་གེ་ཉུང་ན་མུ་ནེ་ཡིན། །ལྷ་
མོ་བརྒྱད་ཀྱི་སྙིང་པོ་ནི། །ལྷ་མོ་བརྒྱད་ཀྱི་གཟུངས་ནང་ནས། །ཡེ་ཤེས་དབང་བསྐུར་རྡོ་རྗེ་དབྱིངས། །སོ་སོར་འབྲང་གསུམ་སྙིང་པོ་ནི། །སོ་སོའི་གཟུངས་ཀྱི་ནང་ནས་ནི། །ཐ་མའི་སརྦ་མན་ཆད་ཡིན། །གཞན་རྣམས་མི་བཏུ་གཟུངས་ན་བཞིན། །སེམས་དཔའ་འཁོར་བརྒྱད་སྙིང་པོ་ནི། །དཀྱིལ་
འཁོར་བརྒྱད་པའི་ནང་བཞིན་ནོ། །ཡང་ན་མཚན་བརྒྱ་རྩ་བརྒྱད་ཀྱི། །ནང་གི་གཟུངས་རྣམས་བཞིན་དུའོ། །རྨ་བྱ་ཡི་ནི་སྙིང་པོ་ནི། །རྨ་བྱའི་སྙིང་པོའི་ནང་ནས་ཀྱང་། །ན་ར་ཡ་ཡི་སྔགས་ཡིན་ནོ། །སྟོང་ཆེན་གྱི་ནི་སྙིང་པོ་ནི། །གཟུངས་ན་སྔགས་ཀྱི་ཐ་མའོ། །སོ་སོར་འབྲང་མའི་སྙིང་པོ་ནི། །
སྙིང་པོ་གསུམ་གྱི་སྔགས་ནང་ནས། །རབ་ཏུ་གསང་བའི་སྙིང་པོའོ། །བསིལ་བའི་ཚལ་གྱི་སྙིང་པོ་ནི། །གཟུངས་སྔགས་གཉིས་པ་ཡིན་པར་འདོད། །གསང་སྔགས་གསུམ་པ་ཡིན་པར་འདོད། །ཚེ་དཔག་མེད་ཀྱི་སྙིང་པོ་ནི། །དེ་མདོའི་སརྦ་སཾ་སྐཱ་རི། །དེ་ཡི་འཁོར་གྱི་སྙིང་པོ་ནི། །
འཆི་མེད་རྔ་སྒྲའི་སྔགས་གཞུག་གི །ཨ་མྲྀ་ཏ་ཡི་སྔགས་ཡིན་ནོ། །ཆོས་ཡུམ་གཟུངས་ཀྱི་སྙིང་པོ་ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །གདུགས་དཀར་སྙིང་པོ་ཨ་ན་ལེ། །ཐ་མའི་སྔགས་གཞུག་ནང་བཞིན་ནོ། །རྣམ་པར་རྒྱལ་མའི་སྙིང་པོ་ནི། །གསང་སྔགས་དེ་ཡི་ཐ་མ་ཡི། །
སརྦ་ཏ་ཐཱ་མར་བཅད་དོ། །གཙུག་གི་ནོར་བུའི་སྙིང་པོ་ནི། །སྔགས་དེ་ཡི་ནི་ཐ་མ་ཡི། །སརྦ་རྣམ་གཉིས་མར་བཅད་དོ། །གཙུག་ཏོར་དྲི་མེད་སྙིང་པོ་ནི། །སྔགས་དེ་ཡི་ནི་ཐ་མ་ཡི། །སརྦ་རྣམ་གཉིས་མར་བཅད་དོ། །འོད་ཟེར་ཅན་གྱི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །པརྞའི་
སྙིང་པོ་དེ་ནང་བཞིན། །རི་ཁྲོད་ལོ་གྱོན་སྙིང་པོ་ནི། །ཏདྱ་ཐཱ་ནས་བཟུང་ནས་ནི། །སྭཱ་ཧཱ་དང་པོ་ཡན་ཆད་དོ། །དཔལ་ལྷ་ལུང་བསྟན་སྙིང་པོ་ནི། །སྔགས་དེ་ཡི་ནི་གཞུང་གི་ནི། །ཐ་མའི་སརྦ་མར་བཅད་དོ། །ཙནྡན་ཡན་ལག་སྙིང་པོ་ནི། །དེ་ཡི་སྔགས་ཀྱི་ནང་ནས་ནི། །སརྦ་བྷཱུ་ཏ་ཨ་ཏི་ཏ། །དེ་ནི་

མར་བཅད་ཡིན་པར་འདོད། །བདེ་གཤེགས་བདུན་གྱི་སྙིང་པོ་ནི། །ཁྱད་པར་ཅན་གྱི་མདོ་ཇི་བཞིན། །ནོར་གྱི་རྒྱུན་གྱི་སྙིང་པོ་ནི། །སྔགས་དེ་ཡི་ནི་ཐ་མ་ཡི། །ཨོཾ་བཞི་པོ་ནི་ཡིན་པར་འདོད། །སྒྲོལ་མ་མཆོག་གི་སྙིང་པོ་ནི། །དེ་ཡི་གཟུངས་ཀྱི་ནང་བཞིན་ནོ། །མི་ཕམ་
འཇམ་དཔལ་སྙིང་པོ་ཡང་། །སྒྲོལ་མ་མཆོག་གི་གཟུངས་ནང་བཞིན། །དྲི་མ་མེད་པའི་སྙིང་པོ་ནི། །དྲི་མེད་གཟུངས་སྔགས་ཐ་མའོ། །རྡོ་རྗེ་སྙིང་པོ་དེ་ནང་བཞིན། །རྒྱལ་བ་ཅན་གྱི་སྙིང་པོ་ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །མཚན་མོ་བཟང་པོའི་སྙིང་པོ་ནི། །གཟུངས་ནས་
སྔགས་ཀྱི་ཐ་མའོ། །མཁའ་ལྡིང་གཙོ་བོའི་སྙིང་པོ་ནི། །ཚངས་པ་ཁང་པར་གཟུངས་མཐུ་ཡིས། །སྔགས་རིངས་དེ་ཡི་མཇུག་གི་ནི། །ཏ་ཐཱ་ག་ཏ་མར་བཅད་དོ། །སྦས་པ་རྡོ་རྗེ་ཀུན་འབར་གློག །མཆུ་ཡི་ནང་ནས་འབྱུང་བཞིན་ནོ། །འབར་བ་གཟི་བརྗིད་སྙིང་པོ་ནི། །མཆུ་ཡི་
གཟུངས་སྔགས་ཐ་མ་ཡི། །ཨོཾ་དི་རི་དི་རི་མར་བཅད་ཡིན་པར་འདོད། །གནམ་ལྕགས་མཆུ་ཡི་སྙིང་པོ་ནི། །གནམ་ལྕགས་སྔགས་ཀྱི་ཐ་མ་ཡིན། །ཨོཾ་དི་རི་དི་རི་དེ་ནི་མར་བཅད་ཡིན་པར་འདོད། །རི་བྱིའི་སྔགས་ནི་དེ་ནང་བཞིན། །སྤྱན་རས་གཟིགས་ཡུམ་སྙིང་པོ་ནི། །སརྦ་གཉིས་
པོ་མར་བཅད་ཡིན། །བཅུ་གཅིག་ཞལ་གྱི་སྙིང་པོ་ནི། །དེ་ཡི་གཟུངས་ཀྱི་ནང་བཞིན་ནོ། །རིན་ཆེན་ཕྲེང་བའི་སྙིང་པོ་ནི། །གཟུངས་སྔགས་གཉིས་པ་ཡིན་པར་འདོད། །སྟོབས་ཅན་གྱི་ནི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །མདངས་ཕྱིར་འཕྲོག་གི་སྙིང་པོ་ནི། །དེ་ཡི་
གཟུངས་ཀྱི་ནང་བཞིན་ནོ། །གསེར་ཅན་གྱི་ནི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །རྣམ་རྒྱལ་ཅན་གྱི་སྙིང་པོ་ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །འགྲོ་ལྡིང་པ་ཡི་སྙིང་པོ་ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །དབྱིག་དང་ལྡན་པའི་སྙིང་པོ་ཡང་། །
དེ་ཡི་གཟུངས་ཀྱི་ནང་བཞིན་ནོ། །བདེ་གཤེགས་རབས་བདུན་སྙིང་པོ་ནི། །སངས་རྒྱས་བདུན་པའི་གཟུངས་ནང་བཞིན། །སྨན་བླ་མཆེད་བདུན་སྙིང་པོ་ནི། །གཟུངས་སྔགས་བར་མ་ཡིན་པར་འདོད། །མི་འཁྲུགས་པ་ཡི་སྙིང་པོ་ནི། །ལས་སྒྲིབ་སྦྱོང་བའི་གཟུངས་ནང་གི །ཀཾ་ཀ་ནི་ནི་ཡིན་

པར་འདོད། །འོད་སྟོང་འབར་གྱི་སྙིང་པོ་ནི། །རྒྱ་ཆེན་ཐོགས་མེད་གཟུངས་ནང་གི །མཇུག་གི་སྔགས་ཐུང་ཡིན་པར་འདོད། །སྣང་མཐའ་ཡས་ཀྱི་སྙིང་པོ་ནི། །དེ་ཡི་གཟུངས་སྔགས་ཐ་མའོ། །ལག་ན་རྡོ་རྗེའི་སྙིང་པོ་ནི། །ཏདྱ་ཐཱ་ནས་ཐ་མའོ། །རྣམ་པར་འཇོམས་པའི་སྙིང་པོ་ནི། །དེ་
ཡི་སྔགས་ཀྱི་གཞུག་གི་ནི། །ན་མཤྩཎྜ་མན་ཆད་དོ། །མེ་ལྟར་རྨོངས་བྱེད་སྙིང་པོ་ནི། །སྔགས་དེ་ཡི་ནི་ནང་ནས་ནི། །སརྦ་དེ་བ་ནཱ་ག་མན་ཆད་དོ། །བེ་ཅོན་ཆེན་པོའི་སྙིང་པོ་ནི། །གཟུངས་སྔགས་དང་པོའི་ནང་ནས་ཀྱང་། །སརྦ་ཨ་ཏ་ས་ཏ་ན། །དེ་ནི་མར་བཅད་ཡིན་པར་འདོད། །
དུག་སེལ་གྱི་ནི་སྙིང་པོ་ནི། །དེ་དག་གཟུངས་སྔགས་དང་པོ་ཡིན་པར་འདོད། །མེ་ཁ་ལ་ཡི་སྙིང་པོ་ནི། །གཟུངས་སྔགས་དང་པོའི་ནང་ནས་ཀྱང་། །ས་མན་ན་ས་རེ། །དེ་ནི་མར་ཆད་ཡིན་པར་འདོད། །ཚོགས་ཀྱི་བདག་པོའི་སྙིང་པོ་ནི། །དེ་ཡི་གཟུངས་ཀྱི་སྔགས་གཞུག་གི །
ཏདྱ་ཐཱ་ནས་ཐ་མའི་བར། །ཁྲོ་བོ་བཅུ་ཡི་སྙིང་པོ་ཡང་། །རང་རང་གཟུངས་ཀྱི་ནང་བཞིན་ནོ། །ཡང་ན་བསྐོར་བའི་གཟུངས་བཞིན་ནོ། །རྣམ་པར་འཇོམས་པའི་བཛྲ་བཅུ། །ཁྲོ་བཅུའི་སྔགས་སུ་འདོད་པ་ཡིན། །ལག་ན་རྡོ་རྗེ་བཅུ་ཡི་ནི། །སྙིང་པོ་གཟུངས་སྔགས་ཐ་མར་འདོད། །
ནག་པོ་ཆེན་པོའི་སྙིང་པོ་ནི། །དེ་ཡི་གཟུངས་ཀྱི་ནང་བཞིན་ནོ། །ལྷ་མོ་ནག་མོའི་སྙིང་པོ་ཡང་། །དེ་ཡི་གཟུངས་ཀྱི་ནང་བཞིན་ནོ། །རིག་སྔགས་རྒྱལ་བ་ཅན་ནང་ནས། །ཁྲོ་བཞིའི་སྔགས་ནི་བཏུ་བར་བྱ། །གཏུམ་པོ་ཡི་ནི་སྔགས་གཉིས་ལས། །སྔགས་ཚན་འོག་མ་ཡིན་པར་
འདོད། །རྡོ་རྗེ་ཁྲོ་བོའི་སྔགས་དེ་ཉིད། །རྡོ་རྗེ་ཕོ་ཉ་མོ་ཡི་སྔགས། །མདུང་རྩེ་གསུམ་པའི་སྔགས་ཡིན་ནོ། །ཁྲོ་བོ་ལུ་གུ་རྒྱུད་སྔགས་ནི། །གཟུངས་ཀྱི་ནང་བཞིན་ཁོ་ནའོ། །རིག་སྔགས་རྒྱལ་བ་ཅན་སྔགས་ནི། །ཛ་ཡ་ཛ་ཡེའི་སྔགས་ཡིན་ནོ། །ཁྲོ་བོ་བར་དུ་གཅོད་སྦྱོང་སྔགས། །
གཟུངས་སྔགས་ཐ་མ་ཡིན་པར་འདོད། །ཁྲོ་བོ་མི་འཇིགས་སྦྱིན་སྔགས་ནི། །སྔགས་དེ་ཉིད་ཀྱི་ནང་ནས་ཀྱང་། །སརྦ་དུར་ཤར་མར་བཅད་དོ། །དེ་དག་ལྷ་མངོན་ནང་ནས་བཏུ། །གཟུངས་ཆེན་པོ་ཡི་སྙིང་པོ་ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །སངས་རྒྱས་སྙིང་པོའི་སྙིང་པོ་

ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །དབང་ཕྱུག་ཆེན་པོ་དཀའ་ཐུབ་བཟང་། །དེ་ལ་བཅོམ་ལྡན་བཀའ་སྩལ་པའི། །སངས་རྒྱས་སྙིང་པོའི་གཟུངས་སྔགས་གཞུག །སརྦ་ཨ་ཀ་རྣམ་གསུམ་ཡིན། །དབང་བསྐུར་གཟུངས་ཀྱི་སྙིང་པོ་ནི། །དེ་ཡི་གཟུངས་ཀྱི་ནང་
བཞིན་ནོ། །ཀུན་བཟང་གཟུངས་ཀྱི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །རྟེན་འབྲེལ་གཟུངས་སྔགས་ཡེ་དྷརྨཱ། །མེ་ཏོག་བརྩེགས་གཟུངས་སྙིང་པོ་ནི། །སྔགས་དེ་ཉིད་ཀྱི་ནང་ནས་ཀྱང་། །ཨ་མྲྀ་ཏ་ནི་མར་བཅད་དོ། །ས་དབང་གཟུངས་ཀྱི་སྙིང་པོ་ནི། །སྔགས་དེ་ཡི་
ནི་གཞུག་གི་ནི། །སམྱཀ་སཾ་བུད་མར་བཅད་དོ། །ཡི་གེ་དྲུག་པའི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །ཤེས་རབ་ཉི་ཤུ་རྩ་ལྔའི་སྒོ། །སྙིང་པོ་ཨོཾ་དུ་འདོད་པ་ཡིན། །མིག་སྦྱོང་གཟུངས་ཀྱི་སྙིང་པོ་ནི། །དེ་ཡི་གཟུངས་ཀྱི་ནང་བཞིན་ནོ། །གཟི་ཅན་ཞུས་པ་དེ་ནང་བཞིན། །
སངས་རྒྱས་ཡན་ལག་སྙིང་པོ་ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །གཞང་འབྲུམ་སེལ་བའི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །སྒོ་དྲུག་སྙིང་པོ་དེ་ནང་བཞིན། །བུ་མང་བཏོན་པའི་སྙིང་པོ་ནི། །དེ་ཡི་གཟུངས་ཀྱི་ནང་བཞིན་ནོ། །རིམས་ནད་ཞི་གཟུངས་དེ་ནང་
བཞིན། །ཆོས་ཀྱི་རྒྱ་མཚོའི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །སྒོ་མཐའ་ཡས་ཀྱི་སྙིང་པོ་ནི། །སྔགས་དེ་ཡི་ནི་མཇུག་གི་ནི། །སརྦ་མན་ཆད་ཡིན་པར་འདོད། །ལུས་དབྱིབས་མཛེས་གཟུངས་སྙིང་པོ་ནི། །སྔགས་དེ་རང་གི་མཇུག་གི་ནི། །མ་ཧཱ་བོ་དྷི་སཏྭ་དང་། །དེ་
ནི་མར་བཅད་ཡིན་པར་འདོད། །དབུགས་ཆེན་གཟུངས་ཀྱི་སྙིང་པོ་ནི། །གཟུངས་སྔགས་ཐ་མ་ཡིན་པར་འདོད། །གཟའ་རྣམས་ཡུམ་གྱི་སྙིང་པོ་ནི། །གཟའ་ཡུམ་སྔགས་ཀྱི་གཞུག་གི་ནི། །སརྦ་རྣམ་གཉིས་ཡིན་པར་འདོད། །རི་རབ་ཁང་བརྩེགས་སྙིང་པོ་ནི། །གཟུངས་སྔགས་ཐ་མ་
ཡིན་པར་འདོད། །མཚན་བརྒྱ་རྩ་བརྒྱད་སྙིང་པོ་ནི། །དེ་རང་མཚན་གྱི་ནང་བཞིན་ནོ། །ཡངས་པའི་གྲོང་ཁྱེར་འཇུག་གཟུངས་ཀྱི། །གསང་སྔགས་དང་པོ་བི་ས་ར། །དེ་ཡི་སྙིང་པོ་ཡིན་པར་འདོད། །སངས་རྒྱས་བཅུ་གཉིས་སྙིང་པོ་ནི། །མི་བཏུ་དེ་ཡི་རང་བཞིན་ནོ། །སྒོ་བཟངས་གཟུངས་ཀྱི་

སྙིང་པོ་ནི། །གཟུངས་སྔགས་དང་པོ་ཡིན་པར་འདོད། །ནད་རྣམས་ཞི་གཟུངས་སྙིང་པོ་ནི། །མི་བཏུ་དེ་ཡི་རང་བཞིན་ནོ། །བྱང་ཆུབ་རྒྱན་འབུམ་སྙིང་པོ་ནི། །སྔགས་གཞུག་སརྦ་མན་ཆད་ཡིན། །ནཱི་ལ་ཀཎྛའི་སྙིང་པོ་ནི། །སྔགས་དེ་ཡི་ནི་མཇུག་གི་ནི། །ཨཱརྱཱ་བ་ལོ་ཀི་ཏེ། །དེ་ནི་མན་ཆད་
ཡིན་པར་འདོད། །ལག་ན་རྡོ་རྗེ་གསང་བའི་བདག །མིང་བརྒྱད་གསང་སྔགས་བསྐོར་བ་ཡིས། །དེ་ཡི་སྙིང་པོ་དེ་ནང་བཞིན། །མདོ་སྡོང་བརྒྱན་པའི་སྙིང་པོ་ནི། །གཟུངས་སྔགས་གསུམ་པོ་ཡིན་པར་འདོད། །མཆོད་པའི་སྤྲིན་གྱི་སྙིང་པོ་ནི། །མི་བཏུ་དེ་ཡི་རང་བཞིན་ནོ། །ཟ་མ་ཏོག་གི་
ཕྱག་རྒྱ་ཡི། །དེ་ཡི་གཟུངས་ཀྱི་སྔགས་གཞུག་གི །སརྦ་མན་ཆད་ཡིན་པར་འདོད། །དྲ་བྱི་རིག་པའི་རྒྱལ་མོའི་སྔགས། །གཟུངས་སྔགས་དང་པོ་ཡིན་པར་འདོད། །སྤྲིན་གྱི་གཟུངས་ཀྱི་སྙིང་པོ་ནི། །བདེ་སྦྱིན་སྔགས་ནི་ཡིན་པར་འདོད། །རླུང་གི་དཀྱིལ་འཁོར་སྙིང་པོ་ནི། །གཟུངས་
སྔགས་ཐ་མའི་ནང་ནས་ཀྱང་། །ན་མོ་རཏྣ་ཏྲ་ཡཱ་ཡ། །དེ་ནི་མར་བཅད་ཡིན་པར་འདོད། །ཨུཥྞཱི་ཥ་ལ་སོགས་པའི་གཟུངས། །སྙིང་པོ་རང་གཞུང་གསལ་བ་ཡང་། །དེ་ཡི་གཟུངས་ཀྱང་འགའ་ཞིག་མཆིས། །དེ་དག་མ་བཏུས་དེ་ནང་བཞིན། །དེ་ལྟར་སྣ་ཚོགས་གཟུངས་ནང་
ནས། །མཁས་པས་དེ་ལྟར་བཏུ་བར་བྱ། །སྙིང་པོ་བཏུ་བའི་རིམ་པ་སྟེ་གཉིས་པའོ།། །།ད་ནི་རིམ་གཉིས་མཇུག་བསྡུས་ཏེ། །གོང་བཞིན་སྒྲུབ་པའི་ཐབས་བསྒོམས་ནས། །སྙིང་པོ་བཏུ་རིམ་བཞིན་དུ་ནི། །གཙོ་བོ་ནས་ནི་འཁོར་གྱི་བར། །རྒྱས་དང་འབྲིང་དང་བསྡུས་པ་ཡིས། །
བསྙེན་པ་ཚད་དུ་བསྐྱལ་བར་བྱ། །དེ་ནས་ལས་ལ་སྦྱོར་བ་ནི། །དབང་བསྐུར་དུས་སུ་རིག་སྔགས་བཞིན། །ཁྲུས་ཀྱི་ཆོ་གའི་དུས་སུ་ནི། །ཀུན་ཁྱབ་གཟུངས་ཀྱི་ཆོ་ག་བཞིན། །གཟུངས་བརྗོད་མཇུག་གི་ཆོ་གའི་དུས། །རང་གི་ཆོ་གའི་གཞུང་བཞིན་ནོ། །དེ་བཞིན་ལས་ལ་སྦྱར་བར་བྱ། །
བྱེ་བྲག་ཏུ་ནི་སྒྲུབ་བྱེད་ན། །བྱེ་བྲག་སྒྲུབ་པའི་ཐབས་བསྒོམས་ནས། །བྱེ་བྲག་སྙིང་པོ་བཟླས་པར་བྱ། །དེ་ནས་ལས་ལ་སྦྱར་བ་ནི། །ཞི་བ་རིམ་དྲུག་གདོན་དགྲོལ་སོགས། །ཞི་བའི་ལས་ལ་སྦྱར་བར་བྱ། །དྲག་པོའི་རིམ་དྲུག་གདོན་དགྲོལ་སོགས། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཀུན་

ཁྱབ་ལས་སྦྱོར་ཐམས་ཅད་ཀྱིས། །ལས་རྣམས་ཐམས་ཅད་མཐར་འབྱུང་བའོ། །གཞན་ལས་སོགས་པའི་གཟུངས་རྣམས་ལ། །རྟེན་གྱི་གང་ཟག་མོས་བྱུང་ན། །དེ་ཡི་གཞུང་ན་ལྷ་གསལ་ན། །དེ་གཞུང་བཞིན་དུ་ལྷར་བསྐྱེད་དེ། །དེ་གཞུང་གསལ་བར་མ་གྱུར་ན། །ཞི་ལ་
བསྟན་བདག་དྲག་པོ་ལ། །ཁྲོ་བོ་ཕྱག་ན་རྡོ་རྗེ་ལ། །བསྐྱེད་ཚུལ་སྒྲུབ་པའི་ཐབས་བཞིན་ནོ། །ལས་སྦྱོར་སྙིང་པོ་གོང་བཞིན་ནོ། །དེ་ལྟར་སྒྲུབ་པའི་ཐབས་སྦྱངས་ནས། །ཀླུ་དང་གནོད་སྦྱིན་ལ་སོགས་པའི། །གདོན་རྣམས་ཐམས་ཅད་སེལ་བར་ངེས། །མཛེ་དང་ཕོལ་མིག་རིམས་ལ་སོགས། །
ནད་རྣམས་ཐམས་ཅད་སེལ་བར་ངེས། །ཚེ་འདིའི་འདོད་དགུ་ཐམས་ཅད་འགྲུབ། །སྡིག་པ་ཐམས་ཅད་ཟད་པར་བྱེད། །དྲི་མ་ཐམས་ཅད་འཁྲུད་པར་བྱེད། །སྡིག་པ་སྦྱོང་བའི་མཆོག་ཡིན་ནོ། །ཕྱི་མར་མཐོ་རིས་ཐར་པའི་རྒྱུ། །སྒྲུབ་པ་ཡི་ནི་མཆོག་ཡིན་ནོ། །དེ་ཡི་ཕན་ཡོན་མང་པོ་ནི། །
སོ་སོའི་སྣ་ཚོགས་གཟུངས་ནང་ནས། །རྒྱས་ཤིང་གསལ་བར་བསྟན་པ་སྟེ། །དེ་དག་དེ་རུ་བལྟས་ཏེ་སྒྲུབ། །ཕན་ཡོན་དེ་དག་བདེན་པ་སྟེ། །སངས་རྒྱས་བཀའ་ནི་མི་སླུ་སྟེ། །ཕན་ཡོན་དེ་དག་ཐམས་ཅད་ནི། །དོན་ཚིག་ལྡན་ལ་གཞུང་བཞིན་འབྱུང་། །ཚིག་ལྡན་པ་ལ་དེ་ཡི་ཆ། །མཁས་པས་
དེ་ལྟར་ཤེས་པར་གྱིས། །རྨོངས་པས་དེ་ལྟར་མ་ཤེས་པས། །ལོག་པའི་ཐེ་ཚོམ་ཟ་བ་ཡིན། །དེ་བས་སྒྲུབ་པའི་ཐབས་འདི་ལ། །སྒྲུབ་ཐབས་གྲངས་ནི་དཔག་མེད་ལྡན། །སྣ་ཚོགས་རྒྱུད་ལ་བརྟེན་བྱས་ནས། །ནོར་བུ་སྒྲུབ་ཐབས་རིམ་གཉིས་འདི། །རིན་ཆེན་གྲགས་པས་བསྟན་པ་ཡིན། །
དེ་ལས་དགེ་བ་ཅི་ཐོབ་པ། །ཀུན་གྱིས་གཟུངས་ཀྱི་དོན་རྟོགས་ཤོག །བདག་གི་བསྟན་བཅོས་རྒྱས་གྱུར་ཅིག །སློབ་དཔོན་མཁས་པ་རིན་ཆེན་གྲགས་པས་མཛད་པ་གཟུངས་འདུས་སྤྱིའི་སྒྲུབ་ཐབས་ཞེས་བྱ་བ་རྫོགས་སོ།། །།བལ་པོ་མ་ཧཱ་པཱ་ནས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། དྷཱ་ར་ཎཱི་སརྦ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། གཟུངས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། སྒོ་དྲུག་ཞི་ཁྲོའི་ལྷ་ཚོགས་ལ། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །རྒྱལ་པོ་ཙཉྩ་འཁོར་བཅས་ཀྱིས། །གཟུངས་རྣམས་དུ་མར་བརྗོད་བྱས་ཀྱང་། །

ནུས་པ་རྫོགས་པར་མ་ཐོན་ཏེ། །དེ་ནུས་རྫོགས་པར་གདོན་པའི་ཕྱིར། །རང་ལྷ་ཡི་ནི་བསྟེན་བཞིན་དུ། །དེ་ཆོག་ང་ཡིས་བསྟན་ཏེ་བྲི། །རྒྱལ་པོ་ལ་སོགས་ཕོ་བྲང་དུ། །སྣ་ཚོགས་གཟུངས་བརྗོད་མཇུག་ཐོགས་སམ། །ཡང་ན་གཟུངས་མཆོག་སྒྲུབ་དུས་སམ། །དབང་བསྐུར་བ་ཡི་དུས་དག་ཏུ། །དཀྱིལ་
འཁོར་ཆེན་པོ་བཤམ་པར་བྱ། །གཟུངས་སྒྲུབ་ཆོ་ག་བྱེད་འགྱུར་ན། །ཆོ་ག་བྱེད་པའི་དུས་དང་ནི། །རང་ཉིད་སྟན་ལ་འདུག་སོགས་པར། །ཀུན་ཁྱབ་གཟུངས་ཆོག་ནང་ན་གསལ། །དབང་བསྐུར་དུས་སུ་རིམ་ལྔ་བཞིན། །དུ་མ་གཟུངས་ཀྱི་མཇུག་ཏུ་ནི། །དེ་ཡི་བྱ་བའི་ཆོ་ག་སྤྱད། །དཀྱིལ་
འཁོར་བྲི་བའི་སྔ་གོང་དུ། །གཟུངས་རྣམས་མ་ལུས་ཐམས་ཅད་ཀྱི། །སྔགས་བཏུས་ཡུངས་ཀར་ལ་བཏབ་ནས། །བུམ་པ་རྣམས་སུ་བླུགས་པར་བྱ། །བསྙེན་པ་སྐྱེལ་བའི་སློབ་དཔོན་གྱིས། །དེ་ནས་དཀྱིལ་འཁོར་བྲི་བར་བྱ། །ཐིག་དང་རྡུལ་ཚོན་རིགས་ལྔ་བཞིན། །དེ་ནས་རྡུལ་
ཚོན་དགྱེ་བར་བྱ། །དབུས་སུ་འཁོར་ལོ་རྩིབས་བརྒྱད་བྲི། །འཁོར་ལོའི་ལྟེ་བ་མཐིང་གའོ། །རྩིབས་རྣམས་སེར་ཞིང་མུ་ཁྱུད་དཀར། །ཡང་ན་འདབ་བརྒྱད་ཅི་མཛེས་སོ། །འདབ་རྩིབས་ལྟེ་བ་རྣམས་ལ་ནི། །པདྨ་འདབ་བརྒྱད་ཅི་མཛེས་བྲིས། །དེ་སྟེང་གཙོ་བོའི་མདོག་དང་བསྟུན། །
འཁོར་ལོ་པདྨའི་ཕྱི་ཉིད་དུ། །བཅུ་དྲུག་འདབ་ལྡན་པདྨ་ནི། །ཅི་མཛེས་བ་རུ་བྲི་བར་བྱ། །པདྨ་དེ་ཡི་ཕྱི་ཉིད་དུ། །སུམ་ཅུ་རྩ་གཉིས་རྩིབས་ལྡན་པ། །མཚོན་ཆའི་འཁོར་ལོ་བྲི་བར་བྱ། །ལྟེ་བ་མཐིང་གའི་རྩིབས་རྣམས་ནི། །ཅི་མཛེས་པར་ནི་བྲི་བར་བྱ། །རྩིབས་མཆན་རིན་ཆེན་འབར་བ་བྲི། །
མུ་ཁྱུད་དཀར་པོ་དེ་ཕྱི་ཁྱམས། །སྒོ་སོགས་རིམ་པ་ལྔ་པ་བཞིན། །དེ་ཡི་ཕྱི་ཡི་རིམ་པ་ནི། །འཁོར་བའི་མུ་ཁྱུད་དགྲ་བོ་བྲི། །དེ་ཡི་ཕྱི་ནི་ཁྱམས་སུ་གནས། །སྒོ་ནི་གོང་དང་མཐུན་པ་སྟེ། །སྒོ་དེ་ཡི་ནི་ཕྱི་རོལ་དུ། །དྲུག་ཅུ་རྩ་བཞི་འདབ་ལྡན་ནི། །ཚོན་སྣ་ལྔ་ཡིས་སྡུ་གུར་བྲི། །རྡོ་རྗེ་མེ་རི་དེ་
བཞིན་བྲི། །དེ་ནས་ལྷ་ནི་དགོད་བྱ་བ། །སྒྲུབ་པའི་ཐབས་བཞིན་དགོད་པར་བྱ། །དཀྱིལ་འཁོར་གྱི་ནི་ཁྱམས་རྣམས་སུ། །ལྷ་མིང་གསལ་བའི་གཟུངས་རྣམས་བྲི། །སྙིང་པོ་བྲིས་ཏེ་ཁྱམས་སུ་གཟུག །དཀྱིལ་འཁོར་རྒྱན་བཀོད་མཆོད་རྟེན་ནི། །བཤམས་ཏེ་རང་ཉིད་སྟན་ལ་འདུག །རྣལ་

འབྱོར་ཡན་ལག་བསྐྱེད་ལྡན་པས། །ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་ཏེ། །རང་བཞིན་ཆོས་སྐུ་དབྱེར་མེད་ཀྱང་། །འགྲོ་བའི་དོན་ཕྱིར་ཡུམ་གྱི་སྐུ། །ཡུམ་ཆེན་ཕ་རོལ་ཕྱིན་མ་དང་། །ཡེ་ཤེས་དབང་བསྐུར་ལྡན་པ་དང་། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །རྡོ་རྗེ་མི་ཕམ་སོ་སོར་
འབྲང་། །སྡིག་པ་སྤོང་བ་གདུགས་དཀར་མོ། །བདུད་འཇོམས་སྒོ་མཐའ་སྒྲུབ་པ་སྟེ། །དེ་ལྟར་འགྲོ་མགོན་ཁྱེད་རྣམས་ཀྱང་། །རྒྱལ་པོའི་འཁོར་འབངས་བཅས་པ་ཡི། །ལུས་སྲོག་བར་ཆད་བསལ་བ་ལྟར། །དཔལ་དང་བསོད་ནམས་སྤེལ་བ་དང་། །ལས་ངན་སྡིག་པ་སྦྱང་བའི་ཕྱིར། །སྤྲུལ་
པའི་ཕོ་བྲང་དམ་པ་འདིར། །མཆོད་ཅིང་སྤྱན་འདྲེན་གཤེགས་སུ་གསོལ། །པདྨའི་གདན་ལ་བཞུགས་སུ་གསོལ། །དེ་བཞིན་སྦྲེལ་བར་བྱ་བ་ནི། །གསེར་འོད་ཤཱཀྱ་སེང་གེ་དང་། །སྤྱན་རས་གཟིགས་དང་བྱམས་པ་དང་། །ནམ་མཁའི་སྙིང་དང་ཀུན་དུ་བཟང་། །ལག་ན་རྡོ་རྗེ་འཇམ་པའི་
དཔལ། །སྒྲིབ་པ་སེལ་དང་སའི་སྙིང་པོ། །རིག་པའི་རྒྱལ་མོ་རྨ་བྱ་ཆེ། །སྟོང་ཆེན་སོ་སོར་འབྲང་མ་དང་། །བསིལ་བའི་ཚལ་དང་གསང་སྔགས་འཛིན། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །མིག་མི་བཟང་དང་རྣམ་ཐོས་སྲས། །མགོན་པོ་བདེ་གཤེགས་ཚེ་དཔག་མེད། །བཟང་
པོ་མཆོག་དང་གཟི་བརྗིད་དཔལ། །ཟླ་བ་སྙན་པ་དྲི་མེད་དང་། །བཟང་པོའི་ཏོག་དང་བཀོད་པ་ཆེ། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ། །ཆོས་རྣམས་ཐམས་ཅད་ཡུམ་དང་ནི། །གདུགས་དཀར་རྣམ་རྒྱལ་གཙུག་གི་ནོར། །འོད་ཟེར་ཅན་དང་པརྞ་དང་། །རི་ཁྲོད་ལོ་གྱོན་དཔལ་ལུང་
བསྟན། །བདེ་གཤེགས་ཙནྡན་ཡལ་ག་དང་། །བློ་ཡངས་འབྲུག་སྒྲ་སྒྲིབ་པ་སེལ། །ཡོན་ཏན་འབྱུང་གནས་འོད་དཔག་མེད། །ཀུན་ནས་སྤོས་མཆོག་རྒྱལ་མཚན་རྩལ། །ང་རྒྱལ་གནོན་དང་རྒྱ་མཚོ་དབྱངས། །བདེ་བར་གཤེགས་པ་སྒྲོན་མ་མཆོག །སེམས་དཔའ་འོད་ཆེན་འོད་དཔག་
མེད། །མི་ཕམ་པ་དང་འཇམ་དཔལ་དང་། །དྲི་མ་མེད་དང་རྡོ་རྗེ་སྙིང་། །རྒྱལ་བ་ཅན་དང་མཚན་མོ་བཟང་། །མཁའ་ལྡིང་གསེར་འདབ་རྡོ་རྗེ་མཆུ། །སྦས་པ་རྡོ་རྗེ་ཀུན་འབར་གློག །འབར་བ་གཟི་བརྗིད་གནམ་ལྕགས་མཆུ། །ཁྱབ་འཇུག་ཚངས་པ་དབང་ཕྱུག་དང་། །དྲང་སྲོང་རི་བྱི་ཆེན་པོ་སྟེ། །

མགོན་པོ་སྤྱན་རས་གཟིགས་ཡུམ་དང་། །སྤྱན་རས་གཟིགས་དབང་བཅུ་གཅིག་ཞལ། །རིན་ཆེན་ཕྲེང་དང་སྟོབས་ཆེན་དང་། །མདངས་ཕྱིར་འཕྲོག་དང་གསེར་ཅན་དང་། །རྣམ་རྒྱལ་ཅན་དང་འགྲོ་ལྡིང་དང་། །སྟོབས་ཅན་དབྱིག་དང་ལྡན་པ་སྟེ། །རྣམ་པར་གཟིགས་དང་ཐམས་ཅད་སྐྱོབ། །ལོག་དད་
སེལ་དང་གསེར་ཐུབ་དང་། །འོད་སྲུངས་དང་ནི་མར་མེ་མཛད། །ཡོངས་གྲགས་དཔལ་དང་རིན་ཆེན་ཟླ། །གསེར་བཟངས་དྲི་མེད་མྱ་ངན་མེད། །ཆོས་བསྒྲགས་རྒྱ་མཚོ་ཆོས་རྒྱ་མཚོ། །བཻ་ཌཱུར་འོད་ཀྱི་རྒྱལ་པོ་སྟེ། །མི་འཁྲུགས་པ་དང་འོད་སྟོང་འབར། །བདེ་བར་གཤེགས་པ་སྣང་མཐའ་ཡས། །
ལག་ན་རྡོ་རྗེ་རྣམ་འཇོམས་དང་། །མེ་ལྟར་རྨོངས་བྱེད་བེ་ཅོན་དང་། །བསོད་ནམས་རྒྱལ་མཚན་མེ་ཁ་ལ། །དཔལ་ལྡན་ཚོགས་ཀྱི་བདག་པོ་སྟེ། །རྣམ་རྒྱལ་དབྱུག་པ་སྔོན་པོ་དང་། །གཤིན་རྗེ་གཤེད་དང་མི་གཡོ་མགོན། །རྟ་མགྲིན་གཞན་གྱིས་མི་ཐུབ་དང་། །བདུད་རྩི་འཁྱིལ་དང་ཁམས་
གསུམ་རྒྱལ། །ཧཱུཾ་ཀ་ར་དང་སྟོབས་པོ་ཆེ། །རྒྱལ་བ་ཁྱུ་མཆོག་འབྲོག་གནས་དང་། །གངས་གནས་ལྔས་རྩེན་ནོར་བཟངས་དང་། །གང་བ་བཟང་དང་གྲགས་བཟངས་དང་། །ས་མཛེས་དང་ནི་ཕྲེང་མཛེས་དང་། །ནག་པོ་ཆེ་དང་ལྷ་མོ་ནག །རྡོ་རྗེ་གཏུམ་པོ་རྡོ་རྗེ་ཁྲོ། །རྡོ་རྗེ་ཕོ་ཉ་ལུ་གུ་རྒྱུད། །རིག་སྔགས་ཁྲོ་བོ་
རྒྱལ་བ་ཅན། །ཁྲོ་བོ་བར་དུ་གཅོད་སྦྱོང་དང་། །ཁྲོ་ཆེན་འབར་བ་མི་འཇིགས་སྦྱིན། །ཛཿཧཱུཾ་བཾ་ཧོཿཀུན་ལ་སྦྱར། །སྣ་ཚོགས་གཟུངས་ནི་བརྗོད་པ་ཡིས། །བདེ་བར་གཤེགས་པ་མཐའ་དག་ཀྱང་། །བདག་གིས་མཚན་ནས་མ་བརྗོད་ཀྱང་། །སྔོན་གྱི་སྨོན་ལམ་དབང་གིས་ནི། །རང་བཞིན་གནས་པ་མི་
མངའ་ཡང་། །ཀུན་རྫོབ་ཙམ་དུ་གནས་པ་སྟོན། །ཞིང་ཁམས་ཕོ་བྲང་ལ་སོགས་ནས། །འགྲོ་བའི་ཉོན་མོངས་སྦྱང་བ་དང་། །བགེགས་རྣམས་ཐམས་ཅད་བཟློག་པའི་ཕྱིར། །སྤྲུལ་པའི་ཕོ་བྲང་དམ་པ་འདིར། །མཆོད་སྦྱིན་སྤྱན་འདྲེན་གཤེགས་སུ་གསོལ། །ལྷ་རྣམས་ཁྱམས་ལ་བཞུགས་སུ་གསོལ། །
བདེ་གཤེགས་མཆོད་དང་སྒོ་སྐྱོང་བའི། །སྒོ་བཞིའི་ལྷ་མོ་ཁྱེད་རྣམས་ཀྱང་། །སྤྱན་འདྲེན་མཆོད་ཕྱིར་གཤེགས་སུ་གསོལ། །ཕོ་བྲང་གྲུ་བཞིར་གཤེགས་སུ་གསོལ། །སྒོ་བཞིའི་ནང་དུ་གཤེགས་སུ་གསོལ། །སྣ་ཚོགས་གཟུངས་ནས་བརྗོད་པ་ཡི། །གཟའ་དང་རྒྱུ་སྐར་གནོད་སྦྱིན་དང་། །ཀླུ་ལ་

སོགས་པའི་མཐུ་ཆེན་སོགས། །སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ། །ཁོར་ཡུག་ལེ་ཚེ་གཤེགས་སུ་གསོལ། །འཇིག་རྟེན་ཁམས་སུ་གཤེགས་སུ་གསོལ། །སྣ་ཚོགས་གཟུངས་ནས་བརྗོད་པ་ཡི། །ཁ་འབར་ལ་སོགས་སྙིང་རྗེའི་ཚོགས། །མཆོད་གཏོར་སྦྱིན་གྱིས་
འདིར་ཤོག་ཅིག །དེ་ནས་ཕྱག་རྒྱ་འདི་སྐད་དོ། །ཡུམ་ཆེན་ཕ་རོལ་ཕྱིན་མ་དང་། །ཡེ་ཤེས་དབང་བསྐུར་དཔལ་ལྡན་མ། །རྡོ་རྗེ་དབྱིངས་གྱི་དབང་ཕྱུག་མ། །རྡོ་རྗེ་མི་ཕམ་སོ་སོར་འབྲང་། །སྡིག་པ་སྤོང་བ་གདུགས་དཀར་མོ། །བདུད་འཇོམས་སྒོ་མཐའ་ཡས་པ་སྟེ། །དེ་ལྟའི་འགྲོ་མགོན་ཁྱེད་རྣམས་ལ། །
རིག་པའི་སློབ་དཔོན་ང་དང་ནི། །གཟུངས་འཛིན་སློབ་མ་རྣམས་ཀྱི་ནི། །བར་ཆོད་བགེགས་རྣམས་བཟློག་པ་དང་། །རྣམ་སྨིན་སྡིག་པ་སྦྱོང་བའི་ཕྱིར། །སྒོ་གསུམ་དང་བས་ཕྱག་འཚལ་ལོ། །སྤྱན་འདྲེན་སྐབས་སུ་སྨོས་བཞིན་དུ། །དེ་བཞིན་ཀུན་ལ་བསྒྲེ་བར་བྱ། །དེ་ནས་མཆོད་པ་འདི་སྐད་དོ། །དག་པ་
ཡི་ནི་ཡོན་ཆབ་འདི། །སྣ་ཚོགས་གཟུངས་ཀྱི་ལྷ་ལ་འབུལ། །སྣ་ཚོགས་གཟུངས་ཀྱི་གླེགས་བམ་ལ། །བཀླགས་དང་ཁབ་ཏུ་བཞུགས་པ་དང་། །རིག་པའི་སློབ་དཔོན་ང་ཡིས་ནི། །སྣ་ཚོགས་གཟུངས་ཆོག་བྱས་པ་ཡིས། །མི་མཐུན་བར་ཆོད་བཟློག་པ་དང་། །རྣམ་སྨིན་སྡིག་པ་སྦྱང་བའི་ཕྱིར། །
ཐུགས་རྗེའི་དབང་གིས་བཞེས་སུ་གསོལ། །མཆོད་རྫས་གཞན་ཡང་དེ་བཞིན་སྦྲེལ། །དེ་ནས་བསྟོད་པ་འདི་སྐད་དོ། །ཡུམ་ཆེན་ཕ་རོལ་ཕྱིན་མ་དང་། །ཡེ་ཤེས་དབང་བསྐུར་ལྡན་མ་དང་། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །རྡོ་རྗེ་མི་ཕམ་སོ་སོར་འབྲང་། །སྡིག་པ་སྤོང་བ་གདུགས་དཀར་མོ། །བདུད་
འཇོམས་སྒོ་མཐའ་སྒྲུབ་པ་སྟེ། །གཟུངས་འཆང་གཟུངས་སྔགས་བདག་ཉིད་ཅན། །སོ་སོ་རང་གི་གཟུངས་སྔགས་ཀྱིས། །ནུས་པ་སོ་སོར་འདོན་མཛད་ཚེ། །ཁྱོད་ཀྱི་ཡོན་ཏན་བསྐལ་པར་ནི། །བརྗོད་ཀྱིས་ལང་བར་མི་འགྱུར་ཏེ། །ཡོན་ཏན་ཆ་ཙམ་ཟུར་གྱིས་བསྟོད། །སྐུ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །
དེ་ལྟར་སྦྲེལ་བར་བྱ་བ་ནི། །སྤྱན་འདྲེན་སྐབས་ཀྱི་མཚན་སྨོས་བཞིན། །བདེ་གཤེགས་བྱ་རྒོད་རི་བོ་ཡི། །ལྷོ་ཕྱོགས་དགེ་སློང་སྟོང་ཉིས་བརྒྱ། །ལྔ་བཅུས་ཡོངས་བསྐོར་མ་ག་དྷཱའི། །མ་སྐྱེས་དགྲ་ཡིས་བསྙེན་བཀུར་ཚེ། །ས་གཡོས་སྤྲིན་འདུས་གློག་བྱུང་སྟེ། །ཡངས་པའི་མི་བྲེད་སྔངས་ཐོན་སྐྲག །དེ་

སླད་ཀུན་ཚོགས་སྟོང་ཆེན་གསུངས། །སྟོང་ཆེན་གླེགས་བམ་ཕྱག་འཚལ་བསྟོད། །བདེ་གཤེགས་མཉན་ཡོད་རྒྱལ་བྱེད་ཚལ། །བཞུགས་ཚེ་ས་རི་ཀླུས་ཟིན་ནས། །སྡུག་བསྔལ་ཉེན་པ་ཀུན་དགས་ཞུས། །སངས་རྒྱས་གཟུངས་གསུང་རྨ་བྱ་ཆེ། །རྨ་བྱའི་གླེགས་བམ་ཕྱག་འཚལ་བསྟོད། །བདེ་
གཤེགས་ལྷུན་ཟོམ་རྡོ་ཁྲི་ན། །སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ། །སྟོང་ཕྲག་བདུན་ཅུ་རྩ་བཞི་དང་། །ཉན་ཐོས་ལྟ་བུ་དབང་ཕྱུག་བསྐོར། །སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །སྟོན་པས་གསུངས་པའི་སོ་སོར་འབྲང་། །གླེགས་བམ་སོ་སོར་འབྲང་ལ་བསྟོད། །བདེ་གཤེགས་དུར་ཁྲོད་བསིལ་
ཚལ་དང་། །འཇིགས་རུང་སྐྱེ་བར་དགེ་སློང་ནི། །སྟོང་དང་ཉིས་བརྒྱ་ལྔ་བཅུ་དང་། །རྒྱལ་ཆེན་བཞི་ཡི་འཁོར་བཞི་པོ། །བསྲུང་བའི་སླད་དུ་ཡོངས་ཞུས་པ། །སྟོན་པས་གསུངས་པ་བསིལ་བའི་ཚལ། །གླེགས་བམ་བསིལ་བའི་ཚལ་ལ་བསྟོད། །བདེ་གཤེགས་མཉན་ཡོད་རྒྱལ་བྱེད་ཚལ། །
བཞུགས་ཚེ་ཚངས་པ་སོགས་རྣམས་ཀྱིས། །སྟོང་གསུམ་སྲུང་སླད་ཡོངས་ཞུས་པ། །ཅང་མི་གསུང་གི་ཚུལ་གནང་བ། །གསང་སྔགས་རྗེས་འཛིན་སྟོན་པས་གསུངས། །དེ་ཡི་གླེགས་བམ་ཕྱག་འཚལ་བསྟོད། །ལྷ་མོ་བརྒྱད་གཟུངས་ཕྱག་རྡོར་གྱིས། །འཇམ་དཔལ་ལ་ནི་གསུངས་པ་
ཡི། །ལྷ་མོ་བརྒྱད་གཟུངས་ཕྱག་འཚལ་བསྟོད། །བཅོམ་ལྡན་རྒྱལ་ཁབ་བྱ་རྒོད་ཀྱི། །ཕུང་རིར་དགེ་སློང་སྟོང་བཞུགས་ཚེ། །ལག་ན་རྡོ་རྗེས་ཞུས་པ་ཡི། །ཀུན་ཚོགས་རྒྱལ་བ་ཅན་གྱི་གཟུངས། །རྒྱལ་བ་ཅན་གྱི་གླེགས་བམ་བསྟོད། །བཅོམ་ལྡན་རིན་ཆེན་ཁང་བརྩེགས་ན། །སེམས་
དཔའ་སུམ་ཁྲི་ལྔ་སྟོང་དང་། །དགེ་སློང་ལྔ་བརྒྱ་ཉི་ཁྲི་སྟོང་། །བཞུགས་པའི་ཚེ་ན་བཅོམ་ལྡན་གྱིས། །འབྱུང་པོ་བསྐྱབ་ཕྱིར་གནང་བའི་གཟུངས། །རྡོ་རྗེ་འཆང་གིས་གསུངས་པ་ཡི། །མེ་ལྟར་རྨོངས་བྱེད་གཟུངས་ལ་བསྟོད། །བཅོམ་ལྡན་རྒྱལ་ཁབ་འོད་མའི་ཚལ། །བྱ་ཀ་ལནྡ་ཀ་
གནས་ན། །ལྷ་བུ་ཙནྡན་སྐྱེས་ནས་ནི། །དགེ་སློང་བཅོམ་ལྡན་ལ་ཞུས་པ། །དེ་ཕྱིར་བཅོམ་ལྡན་གསུངས་པ་ཡི། །མཚན་མོ་བཟང་མོའི་གཟུངས་ལ་བསྟོད། །བཅོམ་ལྡན་རྒྱལ་པོའི་ཁབ་ན་ནི། །དགེ་སློང་ལྔ་བརྒྱ་ཉི་ཁྲི་དང་། །སེམས་དཔའི་ལྷ་དང་ཐབས་ཅིག་སྟེ། །སྤྱན་རས་གཟིགས་

དང་ཟླ་འོད་དང་། །ཙནྡན་གྱིས་ནི་ཡན་ལག་གསུངས། །ཙནྡན་ཡན་ལག་ཕྱག་འཚལ་བསྟོད། །བཅོམ་ལྡན་མཉན་ཡོད་རྒྱལ་བྱེད་ཚལ། །མགོན་མེད་ཟས་སྦྱིན་ཀུན་ར་ན། །དགེ་སློང་ཉིས་བརྒྱ་ལྔ་བཅུ་སྟོང་། །བཅོམ་ལྡན་ཀུན་དགའ་བོ་ལ་གསུངས། །གཟུངས་ཆེན་མོ་
ལ་ཕྱག་འཚལ་ལོ། །བཅོམ་ལྡན་ལྷས་མ་ལྟ་བུ་དང་། །ལག་ན་རྡོ་རྗེ་ཐབས་ཅིག་ཚེ། །བརྒྱ་བྱིན་ཞུས་ཏེ་བཅོམ་ལྡན་འདས། །གསེར་ཅན་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་བྱ་རྒོད་སྤུངས་རི་ལ། །དགེ་སློང་ཉིས་བརྒྱ་ལྔ་བཅུ་སྟོང་། །སྒྲ་གཅན་ཟིན་སྟོང་གསུངས་པ་ཡི། །བེ་
ཅོན་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་གྲོང་ཁྱེར་ཡངས་པ་ཅན། །དགེ་སློང་ལྔ་བརྒྱ་སེམས་དཔས་བསྐོར། །བཅོམ་ལྡན་གནང་ཞིང་སེམས་དཔའ་ནི། །ཀུན་དུ་བཟང་པོས་གསུངས་པ་ཡི། །སྤྱན་རས་གཟིགས་ཡུམ་གཟུངས་ལ་བསྟོད། །བཅོམ་ལྡན་རྡོ་རྗེ་ལ་ཞུགས་ཏེ། །
ལག་ན་རྡོ་རྗེས་བྱིན་བརླབས་ཏེ། །རྡོ་རྗེ་སྙིང་པོས་གསུངས་པ་ནི། །རྣམ་འཇོམས་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཡུལ་འཕགས་བྲག་ཕུག་བཞུགས། །ལྷ་དབང་ཚེ་ཡི་འདུ་བྱེད་འཇིགས། །བཅོམ་ལྡན་དེ་ཡི་དོན་གསུངས་པ། །བར་དུ་གཅོད་སྦྱོང་གཟུངས་ལ་བསྟོད། །བཅོམ་
ལྡན་ཆོས་དབྱེ་དགོན་པ་ན། །སེམས་དཔའ་བྱེ་བ་ཁྲག་ཁྲིག་དང་། །འབུམ་ཕྲག་དུ་མ་ཐབས་ཅིག་ཚེ། །བཅོམ་ལྡན་སེམས་དཔའི་འཁོར་ཆེན་ལ། །སྐྱེ་བོ་མང་ལ་ཕན་ཕྱིར་གསུངས། །སངས་རྒྱས་སྙིང་པོའི་གཟུངས་ལ་བསྟོད། །བཅོམ་ལྡན་མ་ག་དྷཱ་ཡུལ་ནས། །ལུས་འཕགས་
བྲག་ཕུག་གཤེགས་བཞུགས་ཚེ། །ལྷ་དབང་དེར་ཕྱིན་ལྷ་མིན་དང་། །གཡུལ་འགྱེད་ཕྱིར་ཞུས་བཅོམ་ལྡན་གསུངས། །མི་འཇིགས་སྦྱིན་པའི་གཟུངས་ལ་བསྟོད། །བཅོམ་ལྡན་སྐྱེད་ཚལ་རྒྱ་མཚོའི་འགྲམ། །ལྷ་ཡི་འཁོར་བསྐོར་ཆོས་སྟོན་ཚེ། །གནས་གཙང་ལྷ་ལ་བཀའ་སྩལ་པའི། །
སངས་རྒྱས་སྙིང་པོའི་གཟུངས་ལ་བསྟོད། །བཅོམ་ལྡན་མཉན་ཡོད་རྒྱལ་བྱེད་ཚལ། །དགེ་སློང་བརྒྱ་སྟོང་སེམས་དཔའི་ཚོགས། །བསྐོར་ཚེ་ཤཱ་རིའི་བུ་ལ་གསུངས། །དབང་བསྐུར་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྒྱལ་ཁབ་བྱ་རྒོད་ཀྱི། །ཕུང་རིའི་དགེ་སློང་བརྒྱ་སྟོང་དང་། །

སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ། །དགུ་བཅུ་རྩ་དགུས་གནས་གཙང་ལྷས། །བསྐོར་ཚེ་སྤྱན་རས་གཟིགས་གསུངས་པའི། །ཀུན་དུ་བཟང་པོའི་གཟུངས་ལ་བསྟོད། །བཅོམ་ལྡན་སུམ་ཅུ་རྩ་གསུམ་གྱི། །ལ་བ་དཀར་པོའི་རྡོ་ལེབ་བཞུགས། །ལྷ་དབང་ལྷ་མིན་ལས་ཕམ་ནས། །བཅོམ་
ལྡན་འདས་ལ་ཞུས་གསུངས་པའི། །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གཟུངས། །གཟུངས་དེ་ལ་ཡང་ཕྱག་འཚལ་ལོ། །བཅོམ་ལྡན་ཙམ་པ་བསྐོས་རྫིང་འགྲམ། །དགེ་སློང་ལྔ་བརྒྱ་ཐབས་ཅིག་ཚེ། །བཅོམ་ལྡན་དགེ་སློང་རྣམས་ལ་བསྟོད། །འཆི་མེད་རྔ་སྒྲ་ཕྱག་འཚལ་བསྟོད། །བཅོམ་
ལྡན་ཉིད་ཀྱིས་བཀའ་སྩལ་པའི། །རྟེན་འབྲེལ་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་བཀའ་སྩལ་པའི། །རིམས་ཞི་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་རྒྱ་མཚོ་མ་དྲོས་ན། །དགེ་སློང་ལྔ་བརྒྱ་ཐབས་ཅིག་སྟེ། །སེམས་དཔའ་སྟོང་དང་དེ་ནང་ནས། །སེང་གེ་
རྣམ་རྩེས་རྒྱན་ནས་གསུངས། །མེ་ཏོག་བརྩེགས་གཟུངས་ཕྱག་འཚལ་བསྟོད། །བཅོམ་ལྡན་བྲམ་ཟེ་ཡངས་དབང་གནས། །བཞུགས་ཚེ་བྲམ་ཟེས་ས་དབང་ཞུས། །ས་དབང་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་མཉན་ཡོད་མིག་མངས་ཁྱམས། །བཞུགས་ཚེ་སྟོན་པས་
འཁོར་ལ་གསུངས། །ཀུན་ཚོགས་འགྲོ་ལྡིང་རིག་སྔགས་བསྟོད། །བཅོམ་ལྡན་རྒྱལ་ཁབ་བྱ་རྒོད་ཀྱི། །ཕུང་རིར་དགེ་སློང་ཉི་ཁྲི་སྟོང་། །ལྔ་བརྒྱ་སེམས་དཔའ་ཁྲག་ཁྲིག་འབུམ། །དུ་མ་བརྒྱ་བྱིན་ལྷ་ཚོགས་བསྐོར། །དེ་ཚེ་སྟོན་པས་བཅོམ་ལྡན་ལ། །སྤྱན་རས་གཟིགས་ཞུས་གསུངས་པ་ཡི། །
ཡི་གེ་ཉུང་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་དགེ་སློང་རྣམས་ལ་གསུངས། །ལྷ་མོ་འོད་ཟེར་ཅན་གཟུངས་བསྟོད། །བཅོམ་ལྡན་ཀུན་དགའ་བོ་ལ་གསུངས། །ཉིད་རྒྱུད་ཚོགས་བདག་གཟུངས་ལ་བསྟོད། །བཅོམ་ལྡན་ལེགས་པར་གནས་ལ་གསུངས། །དབྱིག་དང་ལྡན་པའི་གཟུངས་
ལ་བསྟོད། །བཅོམ་ལྡན་ཀུན་དགའ་བོ་ལ་གསུངས། །ཡི་གེ་དྲུག་པའི་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་གསུངས་ཕ་རོལ་སྒོ། །ཉི་ཤུ་རྩ་ལྔའི་གཟུངས་ལ་བསྟོད། །བཅོམ་ལྡན་ཤཱཀྱ་བདེ་ལྡན་དོན། །གསུངས་པ་རྣམ་སྦྱོར་གཟུངས་ལ་བསྟོད། །བཅོམ་ལྡན་ཀུན་དགའ་བོ་ལ་གསུངས། །ལག་

ན་རྡོ་རྗེ་བཅུ་གཟུངས་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །མདངས་ཕྱིར་འཕྲོག་པའི་རིག་སྔགས་བསྟོད། །བཅོམ་ལྡན་གཟི་ཅན་ལ་གསུངས་པའི། །གཟི་ཅན་ཞུས་པའི་གཟུངས་ལ་བསྟོད། །ཀུན་ནས་དེ་ནི་ཚོགས་པ་ཡི། །སངས་རྒྱས་ཡན་ལག་གཟུངས་ལ་བསྟོད། །
ཀུན་དགས་བཅོམ་ལྡན་ལ་ཞུས་པའི། །གཞང་འབྲུམ་སེལ་བའི་གཟུངས་ལ་བསྟོད། །བཅོམ་ལྡན་ཁྱིམ་བདག་ལ་གསུངས་པའི། །བུ་མང་རྟོན་པའི་གཟུངས་ལ་བསྟོད། །བཅོམ་ལྡན་དགེ་སློང་རྣམས་ལ་གསུངས། །ནད་རྣམས་ཞི་བའི་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །
དུག་སེལ་རིག་སྔགས་ཕྱག་འཚལ་བསྟོད། །བཅོམ་ལྡན་ཀུན་དགའ་བོ་ལ་གསུངས། །མི་རྒོད་འཇིགས་པའི་གཟུངས་ལ་བསྟོད། །དེ་དག་ཀུན་ནས་ཚོགས་པ་ཡི། །རྒྱལ་བ་ཅན་གྱི་རིག་སྔགས་བསྟོད། །ལྷ་བུ་རབ་བརྟན་དོན་གསུངས་པའི། །གཙུག་ཏོར་རྣམ་རྒྱལ་གཟུངས་ལ་བསྟོད། །སྤྱན་རས་
གཟིགས་ཀྱིས་གསུངས་པ་ཡི། །བཅུ་གཅིག་ཞལ་གྱི་གཟུངས་ལ་བསྟོད། །སྤྱན་རས་གཟིགས་ཀྱིས་གསུངས་པ་ཡི། །སྙིང་རྗེ་མི་ཤོལ་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །ཕྱིར་ལོག་རྣམ་པར་རྒྱལ་གཟུངས་བསྟོད། །བཅོམ་ལྡན་དབང་ལ་གསུངས་པ་ཡི། །གཙུག་
གི་ནོར་བུའི་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །རིན་ཆེན་ཕྲེང་བའི་གཟུངས་ལ་བསྟོད། །བཅོམ་ལྡན་འཇམ་དཔལ་ལ་གསུངས་པའི། །ཚེ་དཔག་མེད་པའི་གཟུངས་ལ་བསྟོད། །བཅོམ་ལྡན་ཀུན་དགའ་ལ་གསུངས་པའི། །མེ་ཁ་ལ་ཡི་གཟུངས་ལ་བསྟོད། །བཅོམ་
ལྡན་སེམས་དཔའ་རྣམས་ལ་གསུངས། །སྒོ་དྲུག་པ་ཡི་གཟུངས་ལ་བསྟོད། །བཅོམ་ལྡན་དགེ་སློང་རྣམས་ལ་གསུངས། །ཆོས་རྒྱ་མཚོ་ཡི་གཟུངས་ལ་བསྟོད། །བཅོམ་ལྡན་མེ་མིག་བུ་ལ་གསུངས། །སྒོ་མཐའ་ཡས་ཀྱི་གཟུངས་ལ་བསྟོད། །བཅོམ་ལྡན་འདས་གསུངས་ཕ་རོལ་ཕྱིན། །ཚུལ་
བརྒྱ་ལྔ་བཅུའི་གཟུངས་ལ་བསྟོད། །བཅོམ་ལྡན་སུམ་བརྩེགས་བསྲུང་སླད་དུ། །གདུགས་དཀར་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །ལུས་དབྱིབས་མཛེས་གཟུངས་ཕྱག་འཚལ་བསྟོད། །གཞན་གཟུངས་བཅོམ་ལྡན་བྱིན་རླབས་པའི། །དབུགས་ཆེན་

གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །ནག་པོ་ཆེན་པོའི་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །གོས་སྔོན་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །མི་འཇིགས་གཟུངས་ལ་ཕྱག་འཚལ་བསྟོད། །
བཅོམ་ལྡན་ཕྱག་རྡོར་ལ་གསུངས་པའི། །གཟའ་ཡུམ་གཟུངས་ལ་ཕྱག་འཚལ་བསྟོད། །གཞན་གསུངས་བཅོམ་ལྡན་བྱིན་རླབས་པ། །གནམ་ལྕགས་གཟུངས་ལ་ཕྱག་འཚལ་བསྟོད། །ཀུན་ཚོགས་རྡོ་རྗེ་མཆུ་ཡི་གཟུངས། །རྡོ་རྗེ་མཆུ་ཡི་གཟུངས་ལ་བསྟོད། །ཀུན་ཚོགས་རི་རབ་ཁང་པ་
བརྩེགས། །རྡོ་རྗེ་ཁང་བརྩེགས་གཟུངས་ལ་བསྟོད། །སངས་རྒྱས་ཀྱི་ནི་འཁོར་བརྒྱད་པོ། །སྡེ་ཚན་བརྒྱ་ནི་རྩ་བརྒྱད་དང་། །གཟུངས་སྔགས་བཅས་ལ་ཕྱག་འཚལ་བསྟོད། །ཀུན་ནས་ཚོགས་པ་སྟོབས་པོ་ཆེ། །སྟོབས་པོ་ཆེ་ཡི་གཟུངས་ལ་བསྟོད། །ནོར་བུ་དྲི་མེད་དོན་གསུངས་པའི། །
གཙུག་ཏོར་དྲི་མེད་གཟུངས་ལ་བསྟོད། །བཅོམ་ལྡན་ནམ་མཁའི་སྙིང་ལ་གསུངས། །སངས་རྒྱས་བདུན་པའི་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །སྒྲོལ་མཆོག་གི་ནི་གཟུངས་ལ་བསྟོད། །སྟོན་པས་ཀུན་དགའ་ལ་གསུངས་པ། །ཡངས་པའི་གྲོང་ཁྱེར་གཟུངས་ལ་
བསྟོད། །ཁྱིམ་བདག་ཟླ་བ་ལ་གསུངས་པའི། །ནོར་གྱི་རྒྱུན་གྱི་གཟུངས་ལ་བསྟོད། །བཅོམ་ལྡན་བྱམས་པ་ལ་གསུངས་པའི། །སངས་རྒྱས་བཅུ་གཉིས་གཟུངས་ལ་བསྟོད། །ལག་ན་རྡོ་རྗེ་ལ་གསུངས་པའི། །སྒོ་བཟངས་གཟུངས་ལ་ཕྱག་འཚལ་བསྟོད། །བློ་གྲོས་རྣམ་དག་ལ་གསུངས་
པའི། །དྲི་མ་མེད་པའི་གཟུངས་ལ་བསྟོད། །འཇམ་དབྱངས་གཞོན་ནུས་གསུངས་པ་ཡི། །ཁྱད་པར་ཅན་གྱི་གཟུངས་ལ་བསྟོད། །ཕྱག་སྟོང་སྤྱན་སྟོང་གསུངས་པ་ཡི། །རྒྱལ་ཆེན་ཐོགས་མེད་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །སྨན་བླ་མཆེད་བདུན་གཟུངས་
ལ་བསྟོད། །སྟོན་པ་ཉིད་ཀྱིས་གསུངས་པ་ཡི། །ལྷ་མོ་པརྞའི་གཟུངས་ལ་བསྟོད། །སྟོན་པ་ཉིད་ཀྱིས་གསུངས་པ་ཡི། །རི་ཁྲོད་ལོ་གྱོན་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །དཔལ་ལྷ་ལུང་བསྟན་གཟུངས་ལ་བསྟོད། །བདེ་གཤེགས་སྐུ་བསྡུ་བསོད་ནམས་ལྡན། །

ཨུཥྞཱི་ཥ་ཡི་གཟུངས་ལ་བསྟོད། །ཀུན་ཚོགས་དཀོན་མཆོག་ཏ་ལ་སྟེ། །དཀོན་མཆོག་ཏ་ལའི་གཟུངས་ལ་བསྟོད། །འཇིགས་བྱེད་རང་གིས་གསུངས་པ་ཡི། །འཇིགས་བྱེད་ཀྱི་ནི་གཟུངས་ལ་བསྟོད། །སྤྱན་རས་གཟིགས་ཀྱིས་གསུངས་པ་ཡི། །དོན་ཡོད་ཞགས་པ་
ཕྱག་འཚལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །སྟོབས་ཆེན་གཟུངས་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །དཀྱིལ་འཁོར་བརྒྱད་ཀྱི་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །སྤྲིན་ཆེན་ཉིད་ཀྱི་གཟུངས་ལ་བསྟོད། །སྟོན་པ་
ཉིད་ཀྱིས་གསུངས་པ་ཡི། །སྤྲིན་ཆེན་རླུང་འཁོར་གཟུངས་ལ་བསྟོད། །བཅོམ་ལྡན་ཉིད་ཀྱིས་གསུངས་པ་ཡི། །སྣང་མཐའ་གཟུངས་ལ་ཕྱག་འཚལ་བསྟོད། །གཞན་ཡང་བདེ་གཤེགས་གསུངས་པ་ཡི། །བདེ་གཤེགས་བྱིན་རླབས་གཞན་གསུངས་དང་། །གཞན་གསུངས་བདེ་
གཤེགས་བྱིན་རླབས་དང་། །ས་ཐོབ་སེམས་དཔས་གསུངས་པ་དང་། །དེ་དག་ཀུན་དང་ཚོགས་པ་སྟེ། །སངས་རྒྱས་ཞིང་རྣམས་ཐམས་ཅད་ནས། །གཟུངས་ཀྱི་གླེགས་བམ་ཇི་སྙེད་བཞུགས། །དེ་དག་མཚན་ནས་མ་སྨོས་ཀྱང་། །སྒོ་གསུམ་དང་བ་ཡིས་ནི་བསྟོད། །སྒོ་དྲུག་ཞི་ཁྲོའི་ལྷ་
ཚོགས་དང་། །དེ་ཡི་གསུང་གི་རྒྱུད་དྲུག་དང་། །དེ་འཛིན་སྒྲུབ་པ་ཕྱིར་མི་ལྡོག །ཡུལ་གསུམ་གྱི་ནི་སྤྱན་སྔར་ནི། །རིག་པའི་སློབ་དཔོན་ང་དང་ནི། །གཟུངས་འཛིན་སློབ་མ་རྣམས་ཀྱི་ནི། །མཚམས་མེད་ལྔ་དང་མི་དགེ་བཅུ། །སྡིག་པའི་ལས་ནི་ཅི་སྤྱད་པ། །མཐོལ་ལོ་བཤགས་སོ་ཡུལ་
གསུམ་ལ། །དེ་ནས་གླེགས་བམ་ཞལ་ཕྱེ་སྟེ། །རིམ་པ་བཞིན་དུ་འདི་སྐད་དོ། །སྟོང་ཆེན་མོ་ཡི་གླེགས་བམ་ལ། །གཟུངས་ནི་འཛིན་སློབ་རྣམས་ཀྱིས་ནི། །བཀླགས་དང་བཀླག་ཏུ་གསོལ་བ་དང་། །རིམ་པའི་ཆོ་ག་སྤྱད་པ་ཡིས། །སྟོང་ཆེན་མོ་ཡི་གླེགས་བམ་འདི། །ལུས་ལ་འཆང་ངོ་སེམས་
ལ་གནས། །ངག་གིས་བརྗོད་དང་ཕུད་དུ་ཁུར། །སྤྱི་བོར་ལེན་ནོ་གཟུངས་འདིའོ། །དེ་བསྒྲེས་རིམ་པས་སྤྱི་བོར་བླངས། །རིག་པ་གཏད་པའི་ཆོ་ག་ནི། །རྫས་ལྔར་ལྷར་བསྐྱེད་མཆོད་བསྟོད་བྱ། །དེ་ནས་འདོད་པའི་ལྷ་གཅིག་ནི། །སློབ་མའི་མིག་ལ་ཕབ་ནས་ནི། །འདི་སྐད་དུ་ནི་བརྗོད་པར་བྱ། །གཟུངས་འཛིན་

པ་ཡི་བུ་ཁྱོད་ནི། །རིག་པའི་སློབ་དཔོན་ང་ལ་ཉོན། །རང་འདོད་ལྷ་ལ་ལྟ་བར་གྱིས། །ལྷ་འདི་ཡིད་ལ་བསྒོམ་པར་གྱིས། །དང་པོ་མོས་ཡུལ་བྱེད་པ་ཡིན། །གཉིས་པ་གསལ་བར་བྱེད་པ་ཡིན། །གསུམ་པ་སྐུ་རྫོགས་དངོས་སུ་མཐོང་། །བཞི་པ་ལུང་བསྟན་ཐོབ་གྱུར་ནས། །རྒྱུད་རྣམས་ཀུན་ལ་ལོངས་སྤྱོད་དེ། །རྒྱུད་
དོན་ཐམས་ཅད་ཁྱོད་ཀྱིས་ཁྲོལ། །འདོད་ལྷ་འདི་ལ་མོས་སེམས་འབྱུང་། །ཁྱོད་ཀྱི་སྐྱེ་བ་སྔ་རོལ་གྱི། །ལས་འཕྲོ་འདིར་ནི་སད་པ་ཡིན། །སྒྲུབས་ཤིག་སྒྲུབས་ཤིག་རིམ་གྱིས་འབྱུང་། །སྐུ་ཡི་རིག་པ་དེ་གཏད་དོ། །དེ་བ་ཀ་ས་ཨོཾ། །དེ་ནས་བརྗོད་པའི་ཚིག་དེ་ནི། །སློབ་མའི་ལྕེ་ཐོག་བཞག་ནས་ནི། །
འདི་སྐད་དུ་ནི་བརྗོད་པར་བྱ། །གཟུངས་འཛིན་པ་ཡི་བུ་ཁྱོད་ནི། །རིག་པའི་སློབ་དཔོན་ང་ལ་ཉོན། །བརྗོད་པ་གསུང་གི་སྔགས་འདི་ནི། །སྔགས་མ་ཡིན་པའི་ཚིག་དང་ནི། །ནམ་ཡང་བསྲེ་བར་མ་བྱེད་ཅིག །བླ་མ་ཡིས་ནི་མ་གསུངས་པ། །དེ་ལ་བདག་པར་མ་བྱེད་ཅིག །གསུང་གི་རིག་པ་ད་གཏད་དེ། །ཕྲེང་
བ་སྙིང་ག་ལ་གཏད་ནས། །འདི་སྐད་དུ་ནི་བརྗོད་པར་བྱ། །གཟུངས་འཛིན་པ་ཡི་བུ་ཁྱོད་ནི། །རིག་པའི་སློབ་དཔོན་ང་ལ་ཉོན། །རིག་པ་གྲངས་སུ་འཛིན་བྱེད་ཅིང་། །སྦྱིན་དང་ལྡན་པའི་བགྲང་འཕྲེང་འདི། །བརྒྱན་ཕྱིར་འཆང་བར་མ་བྱེད་ཅིག །འགོམ་ཞིང་སྨད་པར་མ་བྱེད་ཅིག །སྡིག་ཅན་ལག་ཏུ་མ་གཏད་ཅིག །
ཐུགས་ཀྱི་རིག་པ་ད་གཏད་དོ། །དེ་བ་ཙིནྟ་ཧཱུཾ། །གླེགས་བམ་སྤྱི་བོའི་སྟེང་བཞག་སྟེ། །འདི་སྐད་དུ་ནི་བརྗོད་པར་བྱ། །གཟུངས་འཛིན་པ་ཡི་བུ་ཁྱོད་ནི། །རིག་པའི་སློབ་དཔོན་ང་ལ་ཉོན། །གསང་སྔགས་ཆོས་འདི་རྟོགས་དཀའ་སྟེ། །མི་ཤེས་རྨོངས་པ་མ་བྱེད་ཅིག །ཡིད་གཉིས་ཐེ་ཚོམ་མ་འཆའ་ཅིག །ལོག་པ་
ཡི་ནི་ཤེས་རབ་ཀྱིས། །མཁྱེན་ཆོས་རིག་པ་མ་གཟུང་ཅིག །བླ་མ་བསྟེན་ཅིང་སྤྲོས་པ་ཆོད། །གསང་སྔགས་ཆོས་ལ་ཐོགས་མེད་སྤྱོད། །རྒྱུད་ཉན་པ་ཡི་སྣོད་དུ་རུང་། །རྒྱུད་དོན་སློབ་མ་གསལ་བར་གྱིས། །ཡོན་ཏན་ཇི་སྙེད་གདེང་དུ་ལྡན། །ཡོན་ཏན་རིག་པ་ད་གཏད་དོ། །རཏྣ་སརྦ་མ་ཧཱ་ཨོཾ་ཨཱཿཧཱུཾ། །རྡོ་རྗེ་
དྲིལ་བུ་ལག་གཏད་དོ། །འདི་སྐད་དུ་ནི་བྱ་བ་ཡིན། །རྡོ་རྗེ་དྲིལ་བུ་རང་བཞིན་གྱིས། །ཐབས་དང་ཤེས་རབ་ཟུང་འབྲེལ་ལ། །ཕྲིན་ལས་རྣམ་པ་བཞིའི་སྒོ་ནས། །འགྲོ་བའི་དོན་ལ་དེང་དུ་བསྐུལ། །ཕྲིན་ལས་རིག་པ་ད་གཏད་དོ། །དེ་བ་ཀརྨ་ཨོཾ་ཨཱཿཧཱུཾ། །དེ་ནས་ཕྲིན་ལས་འདི་སྐད་བཅོལ། །ཡུམ་ཆེན་ཕ་རོལ་ཕྱིན་

མ་དང་། །ཡེ་ཤེས་དབང་བསྐུར་དཔལ་ལྡན་མ། །རྡོ་རྗེ་མི་ཕམ་སོ་སོར་འབྲང་། །སྡིག་པ་སྤོང་བ་གདུགས་དཀར་མོ། །བདུད་འཇོམས་སྒོ་མཐའ་སྒྲུབ་པ་སྟེ། །དེ་ལྟར་འགྲོ་མགོན་དེ་རྣམས་ཀྱི། །ཀླུ་དང་གནོད་སྦྱིན་མི་མིན་སོགས། །འབྱུང་པོ་གདོན་ཚོགས་བཟློག་པ་དང་། །འདོད་
ཆགས་ཞེ་སྡང་གཏི་མུག་ལས། །གྱུར་ན་སྡིག་པ་སྦྱོང་དུ་གསོལ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །རྣམ་ཐོས་སྲས་དང་མིག་མི་བཟང་། །ཕྱོགས་སྐྱོང་རྒྱལ་པོ་ཁྱེད་ཀྱིས་ཀྱང་། །གཟུང་འཛིན་ཕྱི་བཞིན་འབྲང་བ་དང་། །བསྲུང་བ་དུས་སུ་མཛད་དུ་གསོལ། །ཚངས་པ་དང་ནི་དབང་
ཕྱུག་དང་། །ཁྱབ་འཇུག་དང་ནི་དྲང་སྲོང་དང་། །གཟུང་འཛིན་ཕྱི་བཞིན་འབྲང་བ་དང་། །བསྲུང་བ་དུས་སུ་མཛད་དུ་གསོལ། །ལྷ་མོ་ནག་དང་མགོན་པོས་ཀྱང་། །གཟུང་འཛིན་ཕྱི་བཞིན་འབྲང་བ་དང་། །བསྲུང་བ་དུས་སུ་མཛད་དུ་གསོལ། །དེ་དག་སེམས་དཔའ་བདེ་གཤེགས་རྣམས། །
སྤྱན་འདྲེན་སྐབས་འདྲེས་ཕྲིན་ལས་བཅོལ། །རྨ་བྱ་ཆེ་དང་བསིལ་བའི་ཚལ། །གསང་སྔགས་རྗེས་སུ་འཛིན་མ་སྟེ། །བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ། །གླེགས་བམ་དེ་ལ་བཀླག་པ་དང་། །ཀློག་ཏུ་སྩལ་དང་ཆོ་ག་བརྒྱད། །དེ་ལྟ་བུ་ཡི་མཐུ་ཡིས་ནི། །གཟུངས་དང་མཐུན་པའི་
ཕན་ཡོན་སྩོལ། །རྡོ་རྗེ་མཆུ་དང་གནམ་ལྕགས་མཆུ། །སྤྲིན་ཆེན་རླུང་དཀྱིལ་སྤྲིན་ཆེན་མོ། །བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ། །རྒྱལ་བ་ཅན་དང་བེ་ཅོན་ཆེ། །བར་དུ་གཅོད་སྦྱོང་འགྲོ་ལྡིང་སྟེ། །བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ། །འོད་ཟེར་ཅན་དང་ཡི་གེ་དྲུག །གཟི་ཅན་
ཞུས་དང་མིག་རྣམས་སྦྱོང་། །བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ། །ལག་ན་རྡོ་རྗེ་བཅུ་གཟུངས་དང་། །མདངས་ཕྱིར་འཕྲོག་དང་གཞང་འབྲུམ་སེལ། །བུ་ནི་མང་པོ་རྟོན་པའི་གཟུངས། །བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ། །སྟོབས་ཆེན་དང་ནི་མེ་ཁ་ལ། །དབུགས་ཆེན་
གཟུགས་དང་གཟའ་ཀུན་ཡུམ། །བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ། །རྒྱལ་མཚན་དཔུང་རྒྱན་གཟུངས་དང་ནི། །གསེར་ཅན་དང་ནི་ནོར་གྱི་གཙུག །དགྲ་འཇོམས་པ་ཡི་གཟུངས་ཡིན་ཏེ། །ཚེ་འདི་ལ་ནི་སྨན་པ་ཡི། །ཇི་སྙེད་པ་ཡི་གཟུངས་བཞུགས་པ། །དེ་དག་མཚན་ནས་མ་སྨོས་ཀྱང་། །

བགེགས་འཇོམས་འབའ་ཞིག་གཟུངས་ཡིན་ཏེ། །སྤྱན་རས་གཟིགས་ཡུམ་མེ་ཏོག་བརྩེགས། །ཙནྡན་ཡན་ལག་དབང་བསྐུར་གཟུངས། །ཚོགས་སྤེལ་འབའ་ཞིག་གཟུངས་ཡིན་ཏེ། །ཡི་གེ་ཉུང་ངུ་སྒོ་དྲུག་གཟུངས། །ལས་ཀྱི་སྒྲིབ་པ་སྦྱོང་གཟུངས་དང་། །སྙིང་རྗེ་མི་བཤོལ་བ་ཡི་གཟུངས། །ཕྱི་མ་ལ་ནི་སྨན་པ་
ཡི། །ཇི་སྙེད་པ་ཡི་གཟུངས་བཞུགས་པ། །དེ་དག་མཚན་ནས་མ་སྨོས་ཀྱང་། །ཚོགས་སྤེལ་འབའ་ཞིག་གཟུངས་ཡིན་ཏེ། །གཙུག་ཏོར་གདུགས་དཀར་རིན་ཆེན་ཕྲེང་། །རྣམ་འཇོམས་རི་ཁྲོད་ལོ་མ་གྱོན། །བགེགས་འཇོམས་གཙོ་བོའི་གཟུངས་ཡིན་ཏེ། །ཚེ་འདི་ཉིད་ལ་སྨན་གཙོ་བ། །
ཇི་སྙེད་པ་ཡི་གཟུངས་བཞུགས་པ། །དེ་དག་མཚན་ནས་མ་བརྗོད་ཀྱང་། །བགེགས་འཇོམས་གཙོ་བོའི་གཟུངས་ཡིན་ཏེ། །སངས་རྒྱས་སྙིང་པོ་ས་དབང་གཟུངས། །སྒོ་མཐའ་ཡས་དང་དོན་ཡོད་ཞགས། །ཚོགས་སྤེལ་གཙོ་བོའི་གཟུངས་ཡིན་ཏེ། །གཙུག་ཏོར་རྣམ་རྒྱལ་དྲི་མ་མེད། །
སངས་རྒྱས་ཀྱི་ནི་འཁོར་བརྒྱད་ཀྱི། །མཚན་ནི་བརྒྱ་དང་རྩ་བརྒྱད་གཟུངས། །ཚོགས་སྤེལ་གཙོ་བོའི་གཟུངས་ཡིན་ཏེ། །ཕྱི་མའི་ཚོགས་སུ་གཙོ་བོ་ཡི། །ཇི་སྙེད་པ་ཡི་གཟུངས་བཞུགས་པ། །དེ་དག་མཚན་ནས་མ་སྨོས་ཀྱང་། །ཚོགས་སྤེལ་གཙོ་བོའི་གཟུངས་ཡིན་ཏེ། །འཆི་མེད་
རྔ་སྒྲ་གཟུངས་ཆེན་པོ། །ཀུན་དུ་བཟང་དང་རྟེན་འབྲེལ་གཟུངས། །ཆ་སྙོམས་པ་ཡི་གཟུངས་ཡིན་ཏེ། །སངས་རྒྱས་ཡན་ལག་དབྱིག་དང་ལྡན། །བཅུ་གཅིག་ཞལ་གཟུངས་ལྷ་མོ་ལྔ། །ཆ་སྙོམས་པ་ཡི་གཟུངས་ཡིན་ཏེ། །ལུས་ཀྱི་དབྱིབས་མཛེས་ཆོས་རྒྱ་མཚོ། །ཚེ་དཔག་མེད་
གཟུངས་ཁྱད་པར་ཅན། །སྟོབས་པོ་ཆེ་ཡི་གཟུངས་དང་ནི། །རྡོ་རྗེ་རི་རབ་ཁང་བརྩེགས་གཟུངས། །ཆ་མཉམ་པ་ཡི་གཟུངས་ཡིན་ཏེ། །འདི་དང་ཕྱི་མར་སྨན་པའི་གཟུངས། །ཇི་སྙེད་པ་ཡི་གཟུངས་བཞུགས་པ། །དེ་དག་མཚན་ནས་མ་སྨོས་ཀྱང་། །མ་མཉམ་པ་ཡི་གཟུངས་
ཡིན་ཏེ། །གོང་གི་ཚིག་གཞུག་ཀུན་ལ་གདགས། །དེ་ནས་རིག་པའི་སློབ་དཔོན་གྱིས། །སྒོ་ཡི་ཐེམ་པར་རྐང་བཞག་ལ། །ཡངས་པའི་གྲོང་ཁྱེར་འཇུག་གཟུངས་ཀྱིས། །གསང་སྔགས་དང་པོ་བི་ས་ནས། །ཉིན་མཚན་ཆོས་ཀྱང་སྤྱོད་པར་ཤོག །དངོས་སུ་གསུངས་པའི་བཀའ་ཚོ་ཡི། །

གསང་སྔགས་ཚིགས་བཅད་བཅས་པ་ཡིས། །ནང་དུ་ཁ་བལྟས་ལན་ཅིག་དང་། །དེ་བཞིན་ཕྱི་རུ་ལན་གཉིས་སོ། །གདུགས་དཀར་རྣམ་རྒྱལ་སྙིང་པོ་ཡང་། །གྲོ་ག་ཤོག་བུ་ལ་བྲིས་ལ། །གཏོར་མ་དང་བཅས་སྒོ་ཁར་གཟུང་། །དེ་རྩར་དེ་ནི་ཚར་རེ་གདོན། །དེ་ནས་
བསྲུང་བའི་འཁོར་ལོ་བྲི། །དཀྱིལ་འཁོར་ཕོ་བྲང་འདྲ་བ་བྲི། །འཁོར་ལོ་པདྨ་འདྲ་བ་བྲི། །དེ་དག་དགོད་པའི་ཡི་གེ་ནི། །སོ་སོའི་ལྷ་ཡི་མཚན་དང་ནི། །དེ་དེ་སོ་སོའི་སྙིང་པོ་དང་། །ཡང་ན་དེ་ཡི་སྔགས་བཞུགས་དང་། །མིང་རུས་སྲུངས་ཤིག་བཅས་པ་ཡི། །ཟེ་འབྲུ་ལ་ནི་ཨཱ་ལི་དང་། །
མུ་ཁྱུད་ལ་ནི་ཀཱ་ལིའོ། །ཐ་མ་མི་ཤིགས་མེ་རིའོ། །དེ་ནི་ཕྱི་ཡི་སྲུང་འཁོར་རོ། །དགྲ་འཇོམས་པ་ཡི་སྲུང་འཁོར་ནི། །ཁོར་ཡུག་གསུམ་པ་བྲི་བར་བྱ། །དེ་ནི་མཚོན་ཆ་སྣ་ཚོགས་ཀྱི། །ཁ་ཕྱིར་བསྟན་པས་མཐའ་སྐོར་བྲི། །དེ་ལ་དགོད་པའི་སྔགས་བྲི་བ། །དང་པོ་གསེར་ཅན་སྙིང་པོ་ནི། །གཉིས་
པ་རྒྱལ་མཚན་རྒྱན་ཡིན་ནོ། །གསུམ་པ་གཙུག་ཏོར་ནོར་བུའོ། །ཕྱིར་ཟློག་འཁོར་ལོ་བྲི་བྱ་བ། །འཁོར་ལོ་ལྟེ་རིམ་བཞི་པ་ལ། །བཅུ་དྲུག་རྩིབས་ལྡན་འཁོར་ལོ་བྲི། །དང་པོའི་ལྟེ་རིམ་གདུགས་དཀར་རོ། །གཉིས་པ་ཕྱིར་ཟློག་སྟོབས་ཅན་ནོ། །གསུམ་པ་ཕྱིར་ཟློག་རིན་ཆེན་ཕྲེང་། །བཞི་པ་
ཧཱུཾ་གིས་བསྐོར་བའོ། །རྩིབས་ལ་ཡང་ནི་ཧཱུཾ་དགོད་དོ། །དེ་བཞིན་དཔྱད་དེ་མཁས་པས་ཀྱང་། །མན་ངག་བཞིན་དུ་དཔྱད་དེ་བྲི། །བདེན་ཚིག་འདི་དང་བཅས་པ་ཡིས། །དེ་ལ་བསྲུང་བའི་འཁོར་ལོ་གདགས། །ན་མོ་སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་།
དགེ་འདུན་གྱི་བཀའ་བདེན་པ་དང་། སྒོ་དྲུག་ཞི་ཁྲོའི་ཚོགས་ཀྱི་བཀའ་བདེན་པ་དང་། བརྒྱུད་པའི་བླ་མ་མཁའ་འགྲོ་གསང་བའི་ཐོད་པ་ཅན་གྱི་བཀའ་བདེན་པ་དང་། རིག་པ་འཛིན་པ་བཞི་ཡི་བདེན་པ་ཡི། །གཟུང་འཛིན་སློབ་མ་འདི་ལ་སྲུངས་ཤིག །འབྱུང་པོ་མི་དང་མི་མ་ཡིན་
པས་འདི་ལ་ཐོ་འཚམས་པར་མ་བྱེད་ཅིག །ས་ཡི་དཀྱིལ་འཁོར་འདི་འབྲུབ་ཀྱང་སྲིད། ནམ་མཁའ་ནི་ལག་པས་མནན་དུ་བཏུབ་ཀྱང་སྲིད། སེམས་ཅན་གཅིག་ཏུ་གྱུར་ཡང་སྲིད། ཉི་ཟླ་ནི་ས་ལ་ལྟུང་ཡང་སྲིད། རླུང་ནི་ཞགས་པས་བཅིང་དུ་རུང་ཡང་སྲིད། མེ་ནི་ཆུ་རུ་འགྱུར་ཡང་

སྲིད། འབྱུང་བ་ཆེན་པོ་བཞི་གཞན་དུ་འགྱུར་ཡང་སྲིད་དེ། དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་མི་སྲིད་དོ། །དེ་བས་ན་ཁྱེད་ཀྱིས་འདི་ལ་གནོད་པ་མ་བྱེད་ཅིག །དེ་ནས་སྨོན་ལམ་འདི་སྐད་དོ། །སྣ་ཚོགས་པ་ཡི་གཟུངས་འདི་ལ། །རྡོ་རྗེ་སློབ་དཔོན་ང་ཡིས་ནི། །བཀླགས་དང་
བཀླག་ཏུ་སྩལ་བ་དང་། །མཆོད་བསྟོད་བཀུར་སྟི་བཅས་པ་དང་། །རིག་པའི་ཆོ་ག་སྤྱད་པ་ཡིས། །དགེ་བ་འདི་ཡི་སྟོབས་ཀྱིས་ནི། །སྣ་ཚོགས་གཟུངས་ནས་བརྗོད་པ་ཡི། །ཞིང་འདིར་བཞུགས་པའི་སངས་རྒྱས་དང་། །ཞིང་ཁམས་གཞན་བཞུགས་སངས་རྒྱས་ཀྱི། །དེ་དག་སྤྱན་
སྔར་སྐྱེས་ནས་ནི། །སྣ་ཚོགས་གཟུངས་ལ་སྤྱོད་པར་ཤོག །བསྐྱེད་རྫོགས་རྣམ་གཉིས་སྒོམ་པར་ཤོག །དེ་བསྒོམས་མངོན་པར་སངས་རྒྱས་ཤོག །སྔོན་ཚེ་དགེ་སློང་ས་རི་ལ། །གདུག་པ་ཀླུ་ཡིས་གཟིར་བའི་ཚེ། །རིག་པའི་རྒྱལ་མོ་རྨ་བྱ་ཆེས། །བསྲུང་ཞིང་སྦས་པ་བྱས་པ་ལྟར། །
གཟུང་འཛིན་སློབ་མ་འདི་ལ་ཡང་། །སྔོན་ཚེ་དགེ་སློང་ས་རི་བཞིན། །རིག་པའི་རྒྱལ་མོ་རྨ་བྱ་ཆེས། །བསྲུང་ཞིང་སྦ་བར་བྱེད་པར་ཤོག །སྔོན་ཚེ་བྲམ་ཟེ་ཁྱབ་འཇུག་ནི། །གདུག་པ་ཀླུ་ཡིས་གཟིར་བའི་ཚེ། །རིག་པའི་རྒྱལ་མོ་རྨ་བྱ་མཆུས། །བསྲུང་ཞིང་སྦ་བར་བྱས་པ་ལྟར། །གཟུང་འཛིན་
སློབ་མ་འདི་ལ་ཡང་། །སྔོན་ཚེ་ཁྱབ་འཇུག་ཇི་བཞིན་དུ། །རིག་པའི་རྒྱལ་མོ་རྡོ་རྗེ་མཆུས། །བསྲུང་ཞིང་སྦ་བར་བྱེད་པར་ཤོག །སྔོན་ཚེ་ཤཱཀྱའི་བུ་མོ་ནི། །ས་འཚོ་མ་ལ་སོགས་པ་ལ། །རིག་པའི་རྒྱལ་མོ་སོ་སོར་འབྲང་། །བསྲུང་ཞིང་སྦ་བར་བྱེད་པ་ལྟར། །གཟུང་འཛིན་
སློབ་མ་འདི་ལ་ཡང་། །ས་འཚོ་མ་ལ་སོགས་བཞིན་དུ། །རིག་པའི་རྒྱལ་མོ་སོ་སོར་འབྲང་། །བསྲུང་ཞིང་སྦ་བར་བྱེད་པར་ཤོག །སྔོན་ཚེ་ཁྱིམ་བདག་ཟླ་བཟངས་ལ། །ནོར་གྱི་རྒྱུན་གྱི་གཟུངས་ཀྱིས་ནི། །དབུལ་པོའི་བྲོ་ནད་བསལ་བ་ལྟར། །གཟུང་འཛིན་སློབ་མ་འདི་ལ་ཡང་། །
ཁྱིམ་བདག་ཟླ་བ་བཟང་པོ་བཞིན། །ནོར་གྱི་རྒྱུན་གྱི་གཟུངས་འདི་ནི། །དབུལ་དང་བྲོ་ནད་སེལ་བར་ཤོག །སྔོན་ཚེ་ལྷ་བུ་རབ་བརྟན་ལ། །རྒྱུད་བདུན་སྐྱེ་བོ་མྱོང་འགྱུར་བ། །གཙུག་ཏོར་རྣམ་རྒྱལ་ཞི་བྱས་བཞིན། །གཟུང་འཛིན་སློབ་མ་འདི་ལ་ཡང་། །ལྷ་བུ་རབ་ཏུ་བརྟན་པ་

བཞིན། །གཙུག་ཏོར་རྣམ་རྒྱལ་གཟུངས་ཀྱིས་ནི། །བསྲུང་ཞིང་སྦ་བར་བྱེད་པར་ཤོག །སྔོན་ཚེ་ལྷ་དབང་བརྒྱ་བྱིན་ལ། །ལྷ་མ་ཡིན་གྱིས་ཕམ་བྱས་ཏེ། །རིག་པའི་རྒྱལ་མོ་གསེར་ཅན་གྱིས། །གཡུལ་བཟློག་བསྲུང་བ་བྱས་པ་བཞིན། །གཟུང་འཛིན་སློབ་མ་
འདི་ལ་ཡང་། །ལྷ་དབང་བརྒྱ་བྱིན་བཞིན་དུ་ནི། །རིག་པའི་རྒྱལ་མོ་གསེར་ཅན་གྱིས། །གཡུལ་བཟློག་སྲུང་བ་བྱེད་པར་ཤོག །སྣ་ཚོགས་པ་ཡི་གཟུངས་ནང་ནས། །གང་ཟག་གཅིག་ལ་ཕན་བཏགས་དང་། །སེམས་ཅན་ཀུན་ལ་ཕན་བཏགས་གཟུངས། །སྙིང་རྗེ་ཕན་ཡོན་དེ་དག་ཀུན། །
བདག་དང་ཁམས་གསུམ་སེམས་ཅན་ལ། །འདི་དང་ཕྱི་མར་འབྱུང་བར་ཤོག །སྣ་ཚོགས་པ་ཡི་གཟུངས་ལ་ནི། །ཕྱིན་ཅི་མ་ལོག་སྤྱོད་པར་ཤོག །སྣ་ཚོགས་གཟུངས་མཆོག་སྤྱད་པ་ཡི། །ཉོན་མོངས་དྲི་མ་དག་པར་ཤོག །ཡེ་ཤེས་གཟུངས་དོན་བསྒོམས་པ་ཡི། །ཤེས་བྱའི་
སྒྲིབ་པ་དག་པར་ཤོག །སྨོན་ལམ་རྒྱ་ཆེན་བཏབ་པ་ཡིས། །སྙིང་རྗེ་བྱང་ཆུབ་སེམས་ལྡན་ཤོག །ཡེ་ཤེས་ཚོགས་ཀྱི་རྒྱུ་མཐུན་གྱིས། །ཐུགས་གསང་ཆོས་སྐུ་ཐོབ་པར་ཤོག །བསོད་ནམས་ཚོགས་ཀྱི་རྒྱུ་མཐུན་གྱིས། །གསུང་གསང་ལོངས་སྐུ་ཐོབ་པར་ཤོག །སྨོན་
ལམ་སྙིང་རྗེའི་རྒྱུ་མཐུན་གྱིས། །སྐུ་གསང་སྤྲུལ་སྐུ་ཐོབ་པར་ཤོག །བདག་དང་ཁམས་གསུམ་སེམས་ཅན་རྣམས། །སེམས་ཅན་དོན་ནི་ཐོགས་མེད་དུ། །བྱེད་པའི་རྫུ་འཕྲུལ་མ་ཐོབ་པར། །ཞིང་གཞན་དམ་པར་སྐྱེ་བར་ཤོག །དོན་བྱེད་རྫུ་འཕྲུལ་ཐོབ་ནས་ཀྱང་། །
གདུལ་དཀའི་སེམས་ཅན་གང་འདུལ་དུ། །དེར་སྐྱེས་དེ་རྣམས་འདུལ་བར་ཤོག །རྫོགས་པའི་སངས་རྒྱས་བསམ་མི་ཁྱབ། །མ་ལུས་ཀུན་གྱི་ཞལ་མཐོང་ཤོག །སངས་རྒྱས་ཞིང་ཁམས་བསམ་མི་ཁྱབ། །ཐམས་ཅད་ཁྱབ་པར་འགྲོ་བར་ཤོག །སངས་རྒྱས་
ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་ཉན་པར་ཤོག །གདུལ་བྱའི་སེམས་ཅན་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་འདུལ་བར་ཤོག །རྟག་ཏུ་ཚེ་རབས་གར་སྐྱེས་ཀྱང་། །རིགས་བཟང་དག་ཏུ་སྐྱེ་བར་ཤོག །གཞོན་ལ་རབ་ཏུ་འབྱུང་བར་ཤོག །བུད་

མེད་ཚོགས་ནི་ཐམས་ཅད་ལ། །མི་གཙང་ཕུང་པོར་ཤེས་པར་ཤོག །རྟག་ཏུ་ཚངས་པར་སྤྱོད་པར་ཤོག །སྙིང་རྗེ་ཚུལ་ཁྲིམས་རྒྱན་ལྡན་ཤོག །བཤེས་གཉེན་ཡོན་ཏན་ལྡན་པ་ལ། །རྟག་ཏུ་བསྙེན་བཀུར་བྱེད་པར་ཤོག །སྤྱོད་པ་ཡིད་འོང་གྲོགས་བཟངས་དང་། །རྟག་
ཏུ་རབ་ཏུ་འགྲོགས་པར་ཤོག །རྟག་ཏུ་ཉོན་མོངས་ཆུང་བར་ཤོག །ཀུན་ལ་མི་ཕོངས་སྤྱོད་པར་ཤོག །ཀུན་གྱིས་བཟང་པོར་མཐོང་བར་ཤོག །བུད་མེད་ཚོགས་ནི་ཡོང་མེད་ཅིང་། །གོས་ཟས་སེམས་བསྐྱེད་འབྱུང་བ་བཞིན། །ནུབ་ཕྱོགས་བདེ་བ་ཅན་ཞིང་དུ། །རིན་
ཆེན་པདྨ་ལས་སྐྱེ་ཤོག །སྣ་ཚོགས་གཟུངས་ཀྱི་དཀྱིལ་འཁོར་གྱི། །གསོན་ལ་དྲུག་དང་གཤིན་ལ་གཉིས། །རྟེན་ལ་གཅིག་དང་གསོན་གཤིན་རྟེན། །གསུམ་གྱི་ལས་ལ་འབད་པར་ཤོག །དག་ཅིང་གཙང་ལ་གཟུངས་ཀྱི་ཆོས། །སྤྱོད་ལམ་མཁས་པ་སློབ་དཔོན་
དང་། །རྟག་ཏུ་མི་འབྲལ་འགྲོགས་པར་ཤོག །དབེན་པའི་ནགས་ཁྲོད་ཉམས་དགའ་རུ། །གཉེན་འདུན་འབྱོར་པ་ཀུན་བོར་ཏེ། །འཇིག་རྟེན་ཆོས་བརྒྱད་ཕྱིར་སྤངས་ནས། །ཐར་པའི་ཡིད་ཆེས་མ་གཏོགས་པ། །རྣམ་རྟོག་གཞན་ནི་མི་འབྱུང་བར། །ཡེ་ཤེས་གཟུངས་
དོན་བསྒོམ་པར་ཤོག །སྣ་ཚོགས་གཟུགས་མཆོག་སྤྱོད་པར་ཤོག །མངོན་ཤེས་རྫུ་འཕྲུལ་མཐུ་ཐོབ་ཤོག །འཇུག་པ་བྱང་ཆུབ་སེམས་ཀྱི་ནི། །གཞན་དོན་ཐོགས་མེད་བྱེད་པར་ཤོག །བགེགས་འཇོམས་སྣ་ཚོགས་གཟུངས་ཐོབ་ཤོག །བགེགས་འཇོམས་སྣ་
ཚོགས་གཟུངས་ཐོབ་ནས། །འཇིགས་བྱེད་ཁྲོ་བོའི་སྐུར་སྤྲུལ་ཏེ། །འབྱུང་པོ་ཐམས་ཅད་འདུལ་བར་ཤོག །ཚོགས་སྤེལ་སྣ་ཚོགས་གཟུངས་ཐོབ་ཤོག །ཚོགས་སྤེལ་སྣ་ཚོགས་གཟུངས་ཐོབ་ནས། །འཕགས་པའི་ས་ལ་གནས་ནས་ནི། །ཡེ་ཤེས་བསོད་ནམས་ཚོགས་
ཐོབ་ཤོག །དེ་དག་སྤྱི་ཡི་ཆོ་གའོ། །བྱེ་བྲག་ཆོ་ག་བྱེད་གྱུར་ན། །རྒྱུད་ནི་རྣམ་པ་གཉིས་སུ་གནས། །ཆོ་ག་མངོན་རྟོགས་ལ་རྒྱུད་དང་། །ཟིན་པ་ཙམ་དུ་སྟོན་རྒྱུད་དོ། །མངོན་རྟོགས་གསལ་བ་འགའ་མི་སྣང་། །ཆོ་ག་གསལ་བའི་གཟུངས་བཞིན་དུ། །དེ་ནང་བཞིན་དུ་

བསམ་པར་བྱ། །སྒྲུབ་པའི་ཐབས་བཞིན་མངོན་རྟོགས་བསྒོམ། །དེ་ཡི་སྙིང་པོ་བཟླས་བྱས་ཏེ། །སྤྱི་ཡི་ཆོ་ག་འདི་ནང་ནས། །དགོས་པ་བཏུས་ཏེ་འདི་དང་སྦྱར། །བྱེ་བྲག་ཆོ་ག་ལྡན་པ་ཡིན། །ཟིན་པ་ཙམ་དུ་སྟོན་རྒྱུད་ཀྱི། །རྒྱུད་ཀྱི་ཟིན་ཚིག་ལ་
བརྟེན་ནས། །ཚད་ལྡན་བསྟན་བཅོས་རྒྱས་པར་དགྲོལ། །དེ་བཀྲོལ་བཞིན་དུ་ཆོ་ག་བཤད། །སྣ་ཚོགས་པ་ཡི་གཟུངས་འདི་ལ། །ཤེས་རབ་བློ་ཡི་མེ་ལོང་གིས། །རིན་ཆེན་གྲགས་པས་མཐོང་ནས་ནི། །སཉྩ་ཀླུས་ཟིན་དོན་དུ་ནི། །རང་ལྷ་ཡིས་ནི་སྣང་བཞིན་དུ། །
སྣ་ཚོགས་གཟུངས་ནས་བསྡུས་ནས་བྱས། །འཇིག་རྟེན་པ་ཡི་གྲགས་འདོད་ཅིང་། །ཟང་ཟིང་བསོད་ནམས་ཕྱིར་མ་ཡིན། །སྙིང་རྗེས་བརླན་སེམས་བསྟན་པ་ཡིན། །དེ་བསྟན་དགེ་བ་ཅི་ཐོབ་ཅིང་། །ཀུན་གྱི་རྣམ་སྨིན་དག་པ་དང་། །འགྲོ་བ་གནོད་ལས་རྒྱལ་གྱུར་
ཅིག །བདག་གི་བསྟན་བཅོས་རྒྱས་གྱུར་ཅིག །ཀུན་དོན་འདི་ཡིས་གྲུབ་པར་ཤོག །སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་གྲགས་པས་མཛད་པ། གཟུངས་སྤྱིའི་ཆོ་ག་ཀུན་སྣང་གསལ་བ་ཞེས་བྱ་བ་རྫོགས་སོ།། །།བལ་པོ་མ་ཧཱ་པཱ་ནའི་རང་འགྱུར་རོ། །ཚེག་
བར་བདུན་པའོ།། ༄༅༅། །རྒྱ་གར་སྐད་དུ། སཱ་དྷ་ནཾ་སརྦ་ཀརྨ་ནཱ་མ། བོད་སྐད་དུ། སྒྲུབ་ཐབས་ཐམས་ཅད་ཀྱི་ལས་ཀ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུས་གསུམ་མགོན་པོ་འགྲོ་དོན་མཛད། །སྟོན་པ་དེ་ལ་གུས་བཏུད་
དེ། །སྒྲུབ་པོས་ནང་དང་ནུབ་སོགས་སུ། །ཚོགས་ཆེན་དག་ནི་བསགས་པ་དང་། །སྒྲུབ་ཐབས་ཀུན་ན་མི་གསལ་བའི། །བདུན་པོ་རྣམ་དག་གསལ་བར་བསྟན། །བདེ་གཤེགས་མཐའ་དག་མཁའ་ལ་དམིགས། །དུས་གསུམ་གྱི་ནི་བླ་མ་དང་། །ཕྱོགས་རྣམས་ཀུན་གྱི་
བདེ་གཤེགས་དང་། །ཕྱག་འོས་ཀུན་ལ་ཕྱག་འཚལ་བསྟོད། །མི་མཇེད་འཇིག་རྟེན་འདི་འམ་ནི། །འཇིག་རྟེན་ཁམས་ནི་ཐམས་ཅད་ན། །མཆོད་པ་བླ་ན་ཡོད་པ་དང་། །མཆོད་པ་བླ་ན་མེད་པ་ཡིས། །དེ་དག་ལ་ནི་མཆོད་པར་བགྱི། །འཁོར་བ་ཐོག་མ་མེད་པ་ནས། །

ཉོན་མོངས་སྲད་བུས་བཅིངས་གྱུར་པས། །མི་ཤེས་དབང་གིས་བགྱིས་པ་ཡི། །ལྕི་དང་ཡང་བའི་སྡིག་བསགས་པ། །མགོན་པོའི་ཚོགས་ལ་སོ་སོར་བཤགས། །འདས་དུས་སངས་རྒྱས་ཇི་སྙེད་དང་། །ད་ལྟར་ཕྱོགས་བཅུའི་ཞིང་ན་བཞུགས། །དེ་བཞིན་གང་དག་མ་
བྱོན་དང་། །དུས་གསུམ་སངས་རྒྱས་དེ་དག་གིས། །ཟབ་ཅིང་རྒྱ་ཆེའི་ཆོས་བསྟན་གསོལ། །དུས་གསུམ་སངས་རྒྱས་དེ་དག་གིས། །འཁོར་བར་འཁྱམས་པའི་སེམས་ཅན་རྣམས། །ཐུགས་རྗེའི་དབང་གིས་གཟིགས་མཛོད་ལ། །མྱ་ངན་མི་འདའ་བཞུགས་
སུ་གསོལ། །དུས་གསུམ་སངས་རྒྱས་དགེ་བ་དང་། །བྱང་ཆུབ་སེམས་དཔའི་དགེ་བ་དང་། །ཉན་ཐོས་རང་རྒྱལ་དགེ་བ་དང་། །འཇིག་རྟེན་དགེ་བ་ཅི་སྤྱོད་པ། །དེ་དག་ལ་ཡང་ཡི་རང་ངོ་། །ཟག་བཅས་དགེ་བ་ཅི་བསགས་པ། །དེ་བཞིན་ཟག་མེད་དགེ་བ་
གང་། །དགེ་བའི་ཚོགས་ནི་ཅི་བསགས་པ། །བྱང་ཆུབ་སེམས་དཔར་བསྔོ་བར་གྱིས། །བདུན་པོ་རྣམ་དག་རེ་རེ་ལ། །སེ་གོལ་གྱི་ནི་སྒྲ་ཡང་བསྒྲགས། །དེ་ལྟར་བསོད་ནམས་ཚོགས་བསགས་ནས། །ཡེ་ཤེས་ཚོགས་ནི་འདི་ལྟ་སྟེ། །མུ་སྟེགས་སྐྱེ་བོ་ཐ་མལ་
བཞིན། །སྟོང་པ་ཙམ་གྱིས་བསྒྱུར་ནས་ནི། །ཕྱལ་བར་བྱ་བའི་མ་ཡིན་ཏེ། །དམན་པ་ཡི་ནི་བྱང་ཆུབ་བཞིན། །འགའ་ཞིག་སྟོང་པའི་ཚུལ་ལ་ནི། །འགའ་ཞིག་ཡོད་པ་མ་ཡིན་ཏེ། །ཤེས་རབ་ཕ་རོལ་ཕྱིན་པ་བཞིན། །གཟུགས་ལས་སྟོང་པ་གཞན་མི་བཙལ། །
འཁྲུལ་ངོར་བསྟན་པའི་གཟུགས་སུ་སྣང་། །གཟུགས་དང་སྟོང་པ་དབྱེར་མེད་ན། །གཟུགས་ནི་རྣམ་པར་དག་པ་ཡིན། །གཟུགས་ཉིད་སྟོང་པར་ཤེས་པར་བྱ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །དེ་ལྟར་ཡེ་ཤེས་ཚོགས་བསགས་བྱ། །ཚོགས་གཉིས་བསགས་
པས་སྒྲིབ་གཉིས་བྱང་། །བསྐྱེད་རིམ་འབྱུང་བའི་དགོས་པ་ཡིན། །དེ་ནས་སོ་སོའི་སྒྲུབ་ཐབས་བཞིན། །བསྐྱེད་ཚུལ་ལྷ་དེ་གསལ་བར་བསྐྱེད། །བསྐྱེད་རིམ་བསྒོམ་པའི་རྣམ་གཉིས་ཏེ། །རྟོགས་པ་ཅན་དང་རྟོགས་པ་དམན། །རྟོགས་པ་ཅན་གྱིས་འདི་ལྟར་བསྒོམ། །

གང་བསྐྱེད་པ་ཡི་ལྷ་དེ་ནི། །ནམ་མཁའ་ཡི་ནི་འཇའ་ཚོན་བཞིན། །གསལ་ལ་རང་བཞིན་མེད་པར་བསྒོམ། །ཆུ་ལ་ཟླ་བ་ཤར་བ་བཞིན། །སྣང་ལ་རང་བཞིན་མེད་པར་བསྒོམ། །རྟོགས་པ་དམན་པས་འདི་ལྟར་བསྒོམ། །ཡོད་པར་རག་པའི་རྣམ་པ་
དང་། །འབུར་བཏོད་རིས་སུ་བྲིས་བཞིན་དུ། །གོང་ལྟར་གསལ་བའི་རྣམ་པར་བསྒོམ། །དེ་ལྟར་བསྐྱེད་རིམ་བསྒོམས་ནས་ནི། །བཟླས་པའི་ཚུལ་ནི་རྣམ་པ་གཉིས། །དོན་དམ་དང་ནི་ཀུན་རྫོབ་དང་། །དོན་དམ་བཟླས་པ་འདི་ལྟ་སྟེ། །རྟོགས་པ་ཅན་གྱི་བསྐྱེད་རིམ་བཞིན། །
ཡེངས་མེད་གསལ་བར་བསྒོམས་ནས་ནི། །ཡུལ་གཟུང་འཛིན་པ་ཡོངས་སྤངས་ནས། །རྟོགས་པ་ཐམས་ཅད་བཀག་ནས་ནི། །ནམ་མཁའ་སྟོང་ལས་སྒྲ་འབྱུང་ཞིང་། །སྒྲ་དེ་ཡང་ནི་རང་བཞིན་མེད། །ཆོས་ཉིད་ཀྱི་ནི་རང་སྒྲའོ། །ཀུན་རྫོབ་ཕྲིན་ལས་བཞི་བཟླས་
པས། །ཞི་བའི་བཟླས་པ་འདི་ལྟ་སྟེ། །སྔགས་བརྗོད་སྔགས་ཀྱི་འོད་ཟེར་ནི། །ཉི་ཟེར་ལྟ་བུར་ཕྱོགས་བཅུར་འཕྲོ། །མ་ལུས་ཀུན་ལ་ཕོག་པས་ནི། །ཀུན་གྱི་གནོད་སེམས་ཞི་བྱས་ཏེ། །ཕན་སེམས་བྱམས་སེམས་ལྡན་གྱུར་ནས། །སྒྲུབ་པོ་ཉིད་ལ་འདུག་པར་བསམ། །
རྒྱས་པའི་བཟླས་པ་འདི་ལྟ་སྟེ། །སྔགས་འོད་ཉི་ཟེར་ལྟ་བུ་ནི། །འདོམ་གང་ཚད་ནས་ཁུགས་པའི་ཚུལ། །རང་གི་ལུས་ལ་ཕོག་པས་ནི། །ལུས་ཀྱི་ཚེ་བསོད་རྒྱས་པར་བསམ། །དབང་གི་བཟླས་པ་འདི་ལྟ་སྟེ། །སྔགས་འོད་ལྕགས་ཀྱུ་ལྟ་བུས་ནི། །ཕྱོགས་
བཅུར་འཕྲོས་ཏེ་མ་ལུས་བཀུག །སྒྲུབ་པའི་ལས་ཀ་ཅི་བྱ་ཞེས། །ཕྱག་དང་བཅས་པས་འདུད་པར་བསམ། །དྲག་པོའི་བཟླས་པ་འདི་ལྟ་སྟེ། །སྔགས་འོད་མེ་ལྕེ་ལྟ་བུས་ནི། །ཕྱོགས་བཅུ་ཀུན་དུ་འཕྲོས་པ་སྟེ། །རང་གནོད་བགེགས་རྣམས་ཐམས་ཅད་བསྲེག །
མི་བཟད་སྐད་ངན་ཆེན་པོ་ཡིས། །