Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 74
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
ིག །བྷྲྀ་གུའི་བུ་མཆོད་ཡོན་སོ་སོར་བཞེས་ཤིག་དང་། མཆོད་པ་ལྔས་མཆོད། སྣ་ཚོགས་སྟོན་པ་ལེགས་པར་འབྱེད། །དཀར་པོར་སྣང་ཞིང་རྟ་ལ་ཞོན། །བུམ་པ་དང་ནི་ཕྲེང་བའི་ཕྱག །ལྷ་མིན་བླ་མར་བདག་ཕྱག་འཚལ། །ཨོཾ་པ་བ་སངས། བྷྲྀ་གུའི་བུ། ལྷ་མ་ཡིན་གྱི་བླ་ མ་དང་མཁན་པོ། རིགས་ཀྱི་ལྷ་རྣམ་པར་སྣང་མཛད། ཆེ་གེ་མོའི་ཚེ་དང་། ནད་མེད་པ་ཉིད་དང་། འདོད་པའི་དོན་དང་། ནད་ཐམས་ཅད་ཉེ་བར་ཞི་བའི་དོན་དུ། བདག་གིས་ཁྱེད་ལ་དངུལ་ལས་བསྒྲུབས་པའི་རྟ་འདི་དབུལ་བར་བགྱིའོ། །འདོད་པའི་ཡོན་རྟ་རབ་ཏུ་གནས་པའི་སླད་དུ་ བདག་གིས་ཡོན་སྟོབ་པར་བགྱིའོ། །དེའི་བདུག་སྤོས་ནི་གུ་གུལ་དང་། ཤྲཱི་བ་ས། མཆོད་ཡོན་གྱི་སྣོད་ནི་དངུལ། འབྲས་དཀར་པོ་དང་། བུ་རམ་དང་། ཁུར་བ་དང་། མར་གྱི་གཏོར་མ་ཡོན་ནི་རྟའོ། །ཨོཾ་ཀྲྀཥྞ་བརྞཱ་ཡ་སྭཱ་ཧཱ། མེ་ཏོག་གིས་མཆོད། ཨོཾ་ལེགས་ལྡན་སྤེན་པ་ལ་ ཕྱག་འཚལ་ལོ། །ཉི་མའི་བུ། གྲིབ་མའི་མངལ་ལས་ཡང་དག་པར་བྱུང་བ། ཌ་བི་ཌའི་ཡུལ་ནས་ཡང་དག་པར་བྱུང་བ། གཤིན་རྗེའི་རིགས། རིགས་ཀྱི་ལྷ་མི་བསྐྱོད་པ། གོས་སྔོན་པོ་ཅན། མེ་ཏོག་དང་། བདུག་པ་དང་། སྒྲོན་མ་དང་། དྲི་དང་། མཆོད་ཕྱིར་ཐོགས་ལ་དགའ་ བ། རུས་སྦལ་གྱི་ཤིང་རྟ་ལ་ཀུན་དུ་ཞོན་པ། ལྷ་དང་། སྦྱིན་མའི་བུ་དང་། ལྷ་མ་ཡིན་དང་། དྲི་ཟ་དང་། གྲུལ་བུམ་དང་། མཁའ་འགྲོ་མ་སྟེ་བཞོན་པ་དང་བཅས་པ། གཤེགས་ཤིང་གཤེགས་པའི་ལེགས་ལྡན། སྦྱིན་པའི་བདག་པོ་ལ་ཕན་པའི་དོན་གྱི་སླད་དུ་གཟའི་དཀྱིལ་ འཁོར་གྱི་དབུས་འདིར། རྗེས་སུ་ཞུགས་ཤིང་རྗེས་སུ་ཞུགས་ནས་མ་ཉམས་པ་དང་། དྲི་དང་། མེ་ཏོག་དང་། བདུག་པ་དང་། སྒྲོན་མེའི་མཆོད་པ་དང་། གཏོར་མ་འདི་ཡང་སོ་སོར་གཟུང་བར་མཛོད་ཅིག །སོ་སོར་གཟུང་བར་མཛོད་ཅིག །གང་གིས་ཕྱག་འཚལ་ཞིང་སྟོད་པར་བྱེད་པ་དེ་ དགའ་བར་མཛོད་ཅིག །ཞི་བ་དང་རྒྱས་པར་མཛོད་ཅིག །སྤེན་པའི་མཆོད་ཡོན་སོ་སོར་བཞེས་ཤིག་སྭཱ་ཧཱ། མཆོད་པ་ལྔས་མཆོད། ལུས་རྩུབ་སྔོ་བསངས་སྣང་བ་ནི། །རུས་སྦལ་ལུས་ནི་ཡང་དག་གནོན། །ཁ་དོག་གནག་ཅིང་ལག་ན་མདུང་། །དལ་འགྲོ་ལ་ནི་བདག་ཕྱག་འཚལ། ། ཨོཾ་དལ་འགྲོ་ཉི་མའི་བུ། གྲིབ་མའི་མངལ་ལས་ཡང་དག་པར་བྱུང་བ། ཌ་བི་ཊའི་ཡུལ་དུ་ཡང་དག་པར་སྐྱེས་པ། རིགས་ཀྱི་ལྷ་མི་བསྐྱོད་པ། ཆེ་གེ་མོའི་ཚེ་དང་། ནད་མེད་པ་ཉིད་དང་། འདོད་པའི་དོན་དང་། ནད་ཐམས་ཅད་ཉེ་བར་ཞི་བའི་དོན་དུ། དངུལ་ལས་གྲུབ་པའི་བ་ནག་མོ་འདི་དང་། རྒྱན་ཐམས་ཅད་དང་བཅས་པ་བདག་གིས་ཁྱེད་ལ་དབུལ་བར་བགྱིའོ། །འདོད་པའི་བ་ནག་མོ་རབ་ཏུ་གནས་པའི་སླད་དུ་བདག་གིས་ཡོན་སྟོབ་པར་བགྱིའོ། །དེའི་བདུག་སྤོས་ནི་གནྡྷ་ར་ས་དང་བིལ་བ། མཆོད་ཡོན་གྱི་སྣོད་ནི་སའི་རང་བཞིན། མཆོད་ཡོན་ནི་ལྕགས། སྲན་མ་ཥ་དང་། མུངྒ་དང་། ཏིལ་དང་། འབྲས་ཆན་གྱི་གཏོར་མ། ཡོན་ནི་བ་ནག་མོའོ། །ཨོཾ་ཨ་མྲྀ་ཏ་པྲི་ཡཱ་ཡ་སྭཱ་ཧཱ། མེ་ཏོག་གིས་མཆོད། ཨོཾ་ལེགས་ལྡན་སྒྲ་གཅན་ལ་ཕྱག་འཚལ་ལོ། །སེང་གེ་མོའི་བུ། བདུད་རྩི་ལ་དགའ་བ། རིགས་ཀྱི་ལྷ་རྡོ་རྗེའི་དབང་ཕྱུག །གོས་ནག་ པོ་དང་། མེ་ཏོག་དང་། བདུག་པ་དང་། སྒྲོན་མ་དང་། དྲི་དང་། མཆོད་ཕྱིར་ཐོགས་ལ་དགའ་བ། ཉི་མའི་ཤིང་རྟ་ལ་ཡང་དག་པར་ཞོན་པ། ལྷ་དང་སྦྱིན་མའི་བུ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། མཁའ་འགྲོ་མ་སྟེ་བཞོན་པ་དང་བཅས་པ། གཤེགས་ཤིང་གཤེགས་ པའི་ལེགས་ལྡན། སྦྱིན་པའི་བདག་པོ་ལ་ཕན་པའི་དོན་གྱི་སླད་དུ། གཟའི་དཀྱིལ་འཁོར་གྱི་དབུས་འདིར་ཞུགས་ཤིང་ཞུགས་ནས་མ་ཉམས་པ་དང་། དྲི་དང་། མེ་ཏོག་དང་། བདུག་པ་དང་། སྒྲོན་མེའི་མཆོད་པ་དང་། གཏོར་མ་འདི་ཡང་སོ་སོར་གཟུང་བར་མཛོད་ཅིག །སོ་སོར་ གཟུང་བར་མཛོད་ཅིག །གང་གིས་ཕྱག་འཚལ་ཞིང་སྟོད་པར་བྱེད་པ་དེ་དགའ་བར་མཛོད་ཅིག །ཞི་བ་དང་རྒྱས་པར་མཛོད་ཅིག །སྒྲ་གཅན་གྱི་མཆོད་ཡོན་སོ་སོར་བཞེས་ཤིག་སྭཱ་ཧཱ། མཆོད་པ་ལྔས་མཆོད། གཉིས་སྐྱེས་གཤིན་རྗེ་མི་རྣམས་ནི། །ཤིན་ཏུ་འཇིགས་ཤིང་འཇིགས་པར་ བྱེད། །ལུས་བྱེད་མཁར་གནས་ཟླ་བ་ནི། །གཟིར་བྱེད་དེ་ལ་བདག་ཕྱག་འཚལ། །ཨོཾ་སྒྲ་གཅན། སེང་གེ་མོའི་བུ། བདུད་རྩི་ལ་དགའ་བ། རིགས་ཀྱི་ལྷ་རྡོ་རྗེའི་དབང་ཕྱུག །ཆེ་གེ་མོའི་ཚེ་དང་། ནད་མེད་པ་ཉིད་དང་། འདོད་པའི་དོན་དང་། ནད་ཐམས་ཅད་ཉེ་བར་ཞི་བའི་དོན་དུ། དངུལ་ལས་བསྒྲུབས་པའི་རལ་གྲི་ཁྱེད་ལ་བདག་གིས་དབུལ་བར་བགྱིའོ། །འདོད་པའི་རལ་གྲི་རབ་ཏུ་གནས་པའི་སླད་དུ་བདག་གིས་ཡོན་སྟོབ་པར་བགྱིའོ། །དེའི་བདུག་སྤོས་ནི་བིལ་བའི་ས་བོན། མཆོད་ཡོན་གྱི་སྣོད་ནི་སའི་རང་བཞིན། མཆོད་ཡོན་ནི་ཞ་ཉེ། སྲན་མ་མ་ཤའི་གཏོར་མ་ ཡོན་ནི་རལ་གྲིའོ། །ཨོཾ་ཛྱོ་ཏི་ཀེ་ཏ་བེ་སྭཱ་ཧཱ། མེ་ཏོག་གིས་མཆོད། ཨོཾ་ལེགས་ལྡན་མཇུག་རིངས་ལ་ཕྱག་འཚལ་ལོ། །ཀཱ་ཤའི་བུ། རལ་གྲི་དང་ཞགས་པ་ནག་པོ་ཕྱག་ན་འཛིན་པ། རིགས་ཀྱི་ལྷ་རལ་གྲི། གོས་དུད་ཀ་དང་། མེ་ཏོག་དང་། བདུག་པ་དང་། སྒྲོན་མ་དང་། དྲི་དང་། མཆོད་ ཕྱིར་ཐོགས་ལ་དགའ་བ། དུ་བའི་ཤིང་རྟ་ལ་ཡང་དག་པར་ཞོན་པ། ལྷ་དང་སྦྱིན་མའི་བུ་དང་། གྲུལ་བུམ་དང་། མཁའ་འགྲོ་མ་དང་བཅས་པ། གཤེགས་ཤིང་གཤེགས་པའི་ལེགས་ལྡན། སྦྱིན་པའི་བདག་པོ་ལ་ཕན་པའི་དོན་གྱི་སླད་དུ། གཟའི་དཀྱིལ་འཁོར་གྱི་དབུས་ འདིར་རྗེས་སུ་ཞུགས་ཤིང་རྗེས་སུ་ཞུགས་ནས། མ་ཉམས་པ་དང་། དྲི་དང་། མེ་ཏོག་དང་། བདུག་པ་དང་། སྒྲོན་མེའི་མཆོད་པ་འདི་དང་། གཏོར་མ་འདི་ཡང་སོ་སོར་གཟུང་བར་མཛོད་ཅིག །སོ་སོར་གཟུང་བར་མཛོད་ཅིག །གང་གིས་ཕྱག་འཚལ་ཞིང་སྟོད་པར་བྱེད་པ་དེ་དགའ་ བར་མཛོད་ཅིག །ཞི་བ་དང་རྒྱས་པར་མཛོད་ཅིག །མཇུག་རིངས་ཀྱི་མཆོད་ཡོན་སོ་སོར་བཞེས་ཤིག་སྭཱ་ཧཱ། མཆོད་པ་ལྔས་མཆོད། ཕྱག་ན་རལ་གྲི་ཞགས་པ་འཛིན། །ལུས་ཀྱི་ཕྱེད་ནི་མཇུག་མས་བརྒྱན། །རྣམ་བཀྲ་རི་མོའི་ལུས་སུ་སྣང་། །འོད་ཀྱི་ཏོག་ལ་བདག་ཕྱག་འཚལ། ། ཨོཾ་མཇུག་རིངས་ཕྱག་ན་རལ་གྲི་དང་ཞགས་པ། རིགས་ཀྱི་ལྷ་རལ་གྲི །ཆེ་གེ་མོའི་ཚེ་དང་། ནད་མེད་པ་ཉིད་དང་། འདོད་པའི་དོན་དང་། ནད་ཐམས་ཅད་ཉེ་བར་ཞི་བའི་དོན་དུ་འདོད་པའི་ཡོན་དངུལ་ལས་བསྒྲུབས་པའི་ར་སྐྱེས་ཁྱེད་ལ་བདག་གིས་དབུལ་བར་བགྱིའོ། །འདོད་པའི་ར་ སྐྱེས་རབ་ཏུ་གནས་པའི་སླད་དུ། བདག་གིས་ཡོན་སྟོབ་པར་བགྱིའོ། །དེའི་བདུག་སྤོས་ནི་བིལ་བའི་ས་བོན། མཆོད་ཡོན་གྱི་སྣོད་ནི་སའི་རང་བཞིན། མཆོད་ཡོན་ནི་རིན་པོ་ཆེ་ལྔ། ཏིལ་ནག་དང་། འོ་མ་དང་། བུ་རམ་གྱི་གཏོར་མ། ཡོན་ནི་ར་སྐྱེས་སོ། །དེ་ནས་སྐྱེས་སྐར་ལ་མཆོད་དེ། ཨོཾ་ཛནྨ་ན་ཀྵ་ཏྲཱ་ཡ། བཛྲ་པུཥྥཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་སྐྱེས་སྐར་ལ་ཕྱག་འཚལ་ལོ། །མཆོད་ཡོན་སོ་སོར་བཞེས་ཤིག །ཨོཾ་སྐྱེས་སྐར་ཆེ་གེ་མོའི་ཚེ་དང་། ནད་མེད་པ་ཉིད་དང་། འདོད་པའི་དོན་དང་། ནད་ཐམས་ཅད་ཉེ་བར་ཞི་བའི་དོན་དུ། དངུལ་ལས་བསྒྲུབས་པའི་པདྨ་ཁྱེད་ལ་བདག་ གིས་དབུལ་བར་བགྱིའོ། །པདྨ་རབ་ཏུ་གནས་པའི་སླད་དུ། བདག་གིས་ཡོན་སྟོབ་པར་བགྱིའོ་ཞེས་པ་གཟའ་དགུ་མཆོད་པའི་ཆོ་གའོ། །འདི་ནི་རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ནགས་ཀྱི་རིན་ཆེན་གྱིས། ཉིད་ཀྱི་སློབ་དཔོན་ཧང་ས་ཞེས་བྱ་བའི་གསུང་ཟིན་བྲིས་སུ་བགྱིས་པའི་ཡི་གེ་ ལས་གཞོན་ནུ་དཔལ་གྱིས་བསྒྱུར་བའོ།། ༄༅༅། །འཕགས་པ་དྲཱ་བི་དའི་བུམ་པའི་ཆོ་ག་བསྟན་པ། ཕྱུགས་ལྷས་ཤིང་གཅིག་ལྷ་ཡི་ཁང་པའམ། །ལམ་གྱི་བཞི་མདོའམ་ཁང་སྟོང་ནགས་ཚལ་དུ། །དཀྱིལ་འཁོར་གྲུ་བཞི་ལྷམ་པ་ཁྲུ་བཞིའི་ ཚད། །ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲི། །ཕྱོགས་ཀྱི་ལྷ་རྣམས་གནས་ནི་ཡོངས་སུ་གཟུང་། །སྒོ་བཞི་པ་ལ་ཀུ་ཤའི་རྩྭ་ཡང་དགྲམ། །བཟའ་དང་བཏུང་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །བུམ་པ་པདྨ་དམར་པོའི་མདོག་འདྲ་བ། །ནག་ པོ་ར་རི་མེད་པ་རིན་ཆེན་བཅས། །སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བཞི། །ལྡུམ་བུས་ཁ་བཀང་རས་ཀྱིས་མགུལ་པ་དཀྲི །རཀྟཾ་ཀ་དང་ཀེ་ལི་ཀི་ལི་ཀི་ལི་དང་། །དྲ་བི་ད་ལ་སོགས་པ་བརྒྱར་བཟླས་ཏེ། །དཀྱིལ་འཁོར་ཁོར་ཡུག་དག་པར་གཞག་པར་བྱ། །དེ་ནས་བྱུག་སྤོས་བདུག་ སྤོས་ལ་སོགས་དབུལ། །བགེགས་ཀྱིས་བརླབས་པ་ཤར་ཕྱོགས་ཁ་བསྟན་ཏེ། །དཀྱིལ་འཁོར་དབུས་སུ་བདེ་བའི་སྟན་ལ་གཞག །བཟླས་བརྗོད་བྱེད་ཅིང་བུམ་པ་རེ་རེས་བཀྲུ། །འོན་ཀྱང་ལོག་འདྲེན་རྣམས་ལས་ཐར་བར་འགྱུར། །སྒྲུབ་པ་པོ་ཡི་མིང་ནི་འབའ་ཞིག་ལ། །བགེགས་ རྣམས་གཞིག་ཕྱིར་ཕན་པར་མ་ཟད་ཀྱི། །རྒྱལ་པོ་འཁོར་དང་བུད་མེད་བུད་མེད་དང་། །བུ་མོ་དང་ནི་རོལ་མོ་མཁན་རྣམས་དང་། །བུད་མེད་ཕལ་དང་ཚོང་པ་རྣམས་ཀྱང་རུང་། །ཞིང་པ་རྣམས་དང་དབུལ་ཞིང་ཕོངས་པ་དང་། །གདོན་གྱིས་ཟིན་ཅིང་རིམས་ཀྱིས་བཏབ་པ་དང་། །བྱིས་པའི་ གདོན་དང་མེ་ཏོག་འབྲས་བུ་འཕྲོག །རྨི་ངན་སྨྱོ་དང་སེམས་ནི་གཡེར་བ་དང་། །དུག་ཀྱང་སེལ་ཏེ་ཁྲུས་འདིས་དག་པར་བྱེད། །རྒྱུད་ལས་འབྱུང་བའི་བུམ་པའི་ཆོ་ག་ཡིས། །སྡིག་པ་ཞི་བར་བྱ་བའི་ཆེད་དུ་བརྗོད་པར་བྱ། །ལུས་ཅན་རྣམས་ལ་ཕན་ཕྱིར་བདེ་བར་གཤེགས་པ་ཡིས། ། སྡིག་པ་དག་དང་བཀྲ་མི་ཤིས་པ་ཞི་བྱེད་པ། །ཁྲུས་བྱ་གཙུག་ལག་དག་གི་རྒྱུད་ལས་ལེགས་གསུངས་པ། །ཤིན་ཏུ་བསྒྲིམས་ཏེ་ཉམས་སུ་བླང་བར་བྱ། །ཁྲུས་ནི་རྒྱལ་པོ་རྣམས་ཀྱི་གཟི་བྱིན་བསྐྱེད་པ་དང་། །རྒྱལ་སྲིད་བསྒྲུབས་པས་བསོད་ནམས་ཆེ་བར་བྱེད་པ་དང་། །བསོད་ནམས་ ཉམས་པ་དང་། དུས་མ་ཡིན་པར་འཆི་བ་དང་། སྡིག་པ་རྣམས་མ་ལུས་པར་ཞི་བར་བྱེད་པ་དང་། བུད་མེད་བུ་ལ་གདུ་བ་རྣམས་དང་། གང་དག་རིག་སྔགས་ལེགས་པར་མི་འགྲུབ་པ་རྣམས་དང་། རིམས་ནད་ཉིན་གཅིག་པ་ལ་སོགས་པ་ཞི་བར་བྱེད་པ་དང་། རྟག་པའི་རིམས་ནད་ཞི་ བར་བྱ་བ་ལ་ཤིས་པ་ཡིན་ནོ། །སྨྱོ་བྱེད་དང་། བརྗེད་བྱེད་དང་། གྲིབ་གནོན་གྱི་གདོན་དང་། འཐབ་པ་དང་། རྩོད་པ་དྲག་པོ་དང་། སྐྱེ་བོ་སྣང་བ་ཞི་བར་བྱེད་པ་དང་། སྒྲུབ་པ་པོ་བགེགས་ཀྱིས་ཟིན་པ་ལ་ཤིས་པ་ཡིན་ནོ། །རྒྱལ་པོ་ལ་བརྟེན་པའི་མི་རྣམས་དང་། བུད་མེད་བུ་འདོད་ པ་རྣམས་དང་། བུད་མེད་ཁྱིམ་ཐབ་མི་འདོད་པ་དེ་དག་དང་། ཕྱུག་པོ་རྣམས་དང་། རྩིས་བྱེད་པ་དང་། ཚོང་པ་རྣམས་དང་། ཞིང་པ་ཕོངས་པ་དང་། མཐུ་ཉམས་པ་དང་། རྨི་ལམ་ངན་པ་དང་། བྱིས་པའི་གདོན་དང་། ཁྲག་འཕྲོག་པ་དང་། སེམས་ཁོང་དུ་ཆུད་པ་དང་། འབྱུང་ པོས་ཐེབས་པ་དང་། གདོན་ཐམས་ཅད་ཀྱིས་ཟིན་པ་ཞི་བར་བྱ་བའི་ཕྱིར་ཡང་བྱའོ། །ཐོག་མར་སྔགས་པས་གསེར་རམ། དངུལ་ལམ། ཟངས་སམ། ཁམ་པ་ལས་བུམ་པ་མཉམ་ཞིང་ལེགས་པར་བྱ་བ་དང་། མ་ཆག་མ་ཞོམ་པ་དང་། མ་སྣོལ་བ་དང་། དབྱིབས་ལེགས་ཤིང་ཤིན་ ཏུ་མཛེས་པ་བཞི་ནན་ཏན་བྱའོ། །དབུལ་པོ་རྣམས་ཀྱིས་ནི་གསེར་དང་དངུལ་དང་ཟངས་ལས་བྱས་པའི་བུམ་པ་མི་རྙེད་པས། དེའི་ཕྱིར་ཁམ་པ་ལས་བྱས་པའི་བུམ་པ་ཤིན་ཏུ་མཚན་དང་ལྡན་ཞིང་སྤ་བ། པདྨ་དམར་པོའི་མདོག་ལྟར་དམར་ཞིང་བྱི་རུ་དང་ལི་ཁྲི་དང་། མཚལ་གྱི་མདོག་འདྲ་ བ་བཞི་བྱའོ། །བུམ་པ་རྣམས་ཀྱི་ཞབས་ཀྱི་གདུབ་ཀོར་ནི་འཕངས་སུ་སོར་གཅིག་གི་ཚད་དུ་བྱས་ཏེ་གདགས་སོ། །དབུས་ཀྱི་དབྱིབས་ནི་ལྷུང་བཟེད་འདྲ་བར་བྱའོ། །མགྲིན་པ་ནི་འཕོངས་སུ་སོར་བཞི་པ་སྟེ། མགྲིན་པའི་སྟེང་ཁའི་ཕྱི་རོལ་གྱི་ཁ་ཁྱེར་འདབ་མ་སོར་གཉིས་ཀྱི་ཚད་དུ་ མཉམ་པར་བྱ། ཁ་ནི་སོར་བཞིའི་ཚད་དུ་མཉམ་པར་བྱའོ། །བུམ་པ་མཚན་ཉིད་དང་མི་ལྡན་པ་ཡང་ཆག་ཅིང་ཞོམ་པ་དང་། གནག་པ་དང་། ཐག་ཐུག་ཅན་རྣམས་ནི་སྤང་བར་བྱའོ། །མཚན་ཉིད་རྫོགས་པ་ནི་དབང་བསྐུར་བའི་ཆོ་ག་ལ་བཀྲ་ཤིས་པར་གསུངས་སོ། །དཀྱིལ་འཁོར་མེད་ པར་བུམ་པ་འབའ་ཞིག་གིས་འདོད་པའི་ལས་མྱུར་དུ་འགྲུབ་པར་མི་འགྱུར་བས། དེའི་ཕྱིར་ཐོག་མར་དཀྱིལ་འཁོར་བྲི་བའི་སྔོན་རོལ་དུ་བརྟག་པར་བྱའོ། །བ་ལང་ལྷས་སམ། ཤིང་གཅིག་འགྲེང་དྲུང་ངམ། ལྷ་ཁང་ངམ། ལམ་གྱི་བཞི་མདོའམ། ཁང་སྟོང་ ངམ། ནགས་ཚལ་དུ་ཡང་རུང་སྟེ། གནས་དེ་དག་ཏུ་དཀྱིལ་འཁོར་བྲི་བར་བྱའོ། །ས་གཞི་རབ་ཏུ་བརྟགས་ཏེ་ཤིན་ཏུ་དག་པར་བྱས་ལ་ཐིག་གདབ་པར་བྱ་སྟེ། གྲུ་བཞིའི་ཚད་ཀྱི་གྲུ་བཞི་པར་བྱས་ལ་ཕུར་བུས་ངེས་པར་གདབ་པར་བྱའོ། །དེའི་དབུས་སུ་སྔགས་ཤེས་པས་ཁྲུས་བྱ་བའི་ས་ཁྲུ་ དོ་གཞག་པར་བྱའོ། །དཀྱིལ་འཁོར་ནི་གྲུ་བཞི་ལྷམ་པ་སྒོ་བཞི་པ་བཀྲ་ཤིས་ཀྱི་སྒོ་བཞིས་མཛེས་པར་བྱས་པ་བྲི་བར་བྱའོ། །ཕྱི་རོལ་ཐོག་ཐག་ཏུ་ཡང་རྩྭ་ཀུ་ཤས་འཁོར་བར་དགྲམ་མོ། །སྟེང་དུ་ནི་བླ་རེ་ལེགས་པར་དགྲམ་ཞིང་མེ་ཏོག་གི་ཕྲེང་བ་དང་། བ་དན་དང་། དར་གྱི་ལྔ་ལྡི་དང་། མེ་ལོང་དག་གིས་ལེགས་པར་ནན་ཏན་དུ་བརྒྱན་ན། དབང་བསྐུར་བའི་ཆོ་ག་ལ་བཀྲ་ཤིས་སོ། །དེ་ནས་ཚོན་སྣ་ལྔའི་སྐུད་པ་བླངས་ཏེ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་བཏབ་ནས་དེས་སྒོ་ལོགས་ནས་བརྩམས་ཏེ་བསྐོར་བར་བྱའོ། །དེ་ནས་ཚོན་རྩི་ལྔ་སྟེ། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། ནག་པོའི་ཕྱེ་མ་རྣམས་ཀྱིས་དཀྱིལ་འཁོར་རྣམས་བྲིས་ལ། བྲིས་པ་དེའི་ནང་རིམ་དུ་དབང་ལྡན་གྱི་ཕྱོགས་ནས་བརྩམས་ནས། དྲ་བི་ད་ལ་སོགས་པའི་ཕྱག་རྒྱ་གོ་རིམས་བཞིན་བྲི་བར་བྱའོ། །དྲ་བི་དའི་ཕྱག་རྒྱ་ནི་རྡོ་རྗེ་རྩེ་གསུམ་པའོ། །གཏུམ་མོ་ཆེན་མོའི་རྡོ་རྗེ་ རྩེ་གཅིག་པའོ། །སྟོབས་པོ་ཆེའི་ནས་འབྲས་ཀྱི་དབྱིབས་སུ་གསུངས་སོ། །དཔལ་ལྡན་གཞན་གྱིས་མི་ཐུབ་པའི་ཕྱག་མཚན་ནི་རྡོ་རྗེ་རྩེ་གསུམ་པར་བྱའོ། །རྡོ་རྗེ་རྣམ་པར་འཇོམས་པའི་རྡོ་རྗེ་རྒྱ་གྲམ་ལ་ར་ཕྱོགས་གཅིག་མེད་པར་གསུངས་སོ། །རྡོ་རྗེ་ཡངས་པའི་ནི་རྡོ་རྗེ་རྒྱ་གྲམ་མཛེས་ པར་བྱས་པའོ། །བྱིས་པ་ཀཱི་ལི་ཀཱི་ལིའི་ནི་རྡོ་རྗེ་རྩེ་གཅིག་པའོ། །སྙིང་པོ་མཆོག་གི་ནི་རྡོ་རྗེ་རྩེ་གསུམ་པར་བྱའོ། །ཕྱག་རྒྱ་འདི་དག་ཐམས་ཅད་མཚན་ཉིད་དང་ལྡན་ཞིང་དཔའ་བ་དང་། ཁྲིའུའི་སྟེང་ན་གནས་པར་བྱའོ། །དྲ་བི་ད་ལ་སོགས་པའི་ཕྱག་རྒྱ་རྣམས་ལེགས་པར་བྲིས་ནས་ ལངས་ཏེ། དེའི་ཕྱི་རོལ་དུ་བྱུང་ལ་དཀྱིལ་འཁོར་ཕྱི་རོལ་དུ་ཕྱོགས་ཀྱི་ལྷ་རྣམས་དགོད་པར་བྱ་སྟེ། ཤར་ཕྱོགས་སུ་དབང་པོའི་རྡོ་རྗེ་བྲིའོ། །མེའི་མཚམས་སུ་ནི་མེའི་ཐབ་ཁུང་བྲིའོ། །ལྷོའི་ཕྱོགས་སུ་ནི་གཤིན་རྗེ་བེ་ཅོན་ནོ། །བདེན་བྲལ་གྱི་ཕྱོགས་སུ་ནི་བདེན་བྲལ་གྱི་རལ་གྲིའོ། །ནུབ་ ཕྱོགས་སུ་ནི་ཆུ་ལྷའི་ཞགས་པའོ། །རླུང་གི་ཕྱོགས་ནི་རླུང་གི་བ་དན་ནོ། །བྱང་ཕྱོགས་སུ་ནི་ཀུ་བེ་རའི་དབྱུག་ཏོའོ། །དབང་ལྡན་གྱི་ཕྱོགས་སུ་ནི་དབང་ཕྱུག་ཆེན་པོའི་མདུང་རྩེ་གསུམ་པ་བྲིའོ། །ཟླ་བ་ནི་ཤར་ཕྱོགས་སུ་བྲི་སྟེ་དཀར་པོར་བྱའོ། །ཉི་མ་ནི་ནུབ་ཕྱོགས་སུ་བྲི་སྟེ་ཤིན་ཏུ་ དམར་པོར་བྱའོ། །སའི་ལྷའི་ཕྱག་རྒྱ་བུམ་པ་སྟེ་ཞགས་པའི་གོང་དུ་བྲིའོ། །ཕྱོགས་ཀྱི་ལྷ་འདི་དག་ཀྱང་རང་རང་གི་ཚོགས་དང་བཅས་པ་མཆོད་པ་བྱ་སྟེ། བརྒྱ་བྱིན་གྱི་འཁོར་ནི་ལྷ་རྣམས་སོ། །མེའི་འཁོར་ནི་དྲང་སྲོང་རྣམས་སོ། །གཤིན་རྗེའི་འཁོར་ནི་མ་མོ་རྣམས་སོ། །བདེན་བྲལ་ གྱི་འཁོར་ནི་སྲིན་པོ་རྣམས་སོ། །ཆུ་ལྷའི་འཁོར་ནི་ཀླུ་རྣམས་སོ། །རླུང་ལྷའི་འཁོར་ནི་རིག་སྔགས་འཆང་རྣམས་སོ། །རྣམ་ཐོས་ཀྱི་བུའི་འཁོར་ནི་གནོད་སྦྱིན་རྣམས་སོ། །དབང་ལྡན་གྱི་འཁོར་ནི་འབྱུང་པོ་རྣམས་སོ། །སའི་ལྷ་མོའི་འཁོར་རྣམས་ནི་ས་བདག་རྣམས་སོ། །ཉི་མ་དང་ཟླ་བ་ གཉིས་ཀྱང་རང་རང་གི་ལྷའི་ཚོགས་དང་བཅས་པ་མཆོད་པར་བྱའོ། །དེ་ལྟར་ཕྱི་རོལ་གྱི་འཁོར་དུ་ཕྱོགས་ཀྱི་ལྷ་དགོད་པའི་གོ་རིམས་ནི་བསྟན་ཟིན་ཏོ། །དཀྱིལ་འཁོར་བྲིས་ཟིན་ནས་བུམ་པ་ཆོ་ག་བཞིན་དུ་དག་པར་བྱས་ཏེ། ཆུ་ལ་སྔགས་ཀྱིས་བཏབ་པའི་བུམ་པ་བསངས་ལ་ལག་པ་ དྲི་ཡིས་བསྐུས་པས་བླངས་ཏེ། བུམ་པའི་ངོས་རྣམས་སུ་ཀཀྐོ་ལ་དང་། ཙནྡན་དཀར་པོ་ལ་སོགས་པ་ཤིན་ཏུ་དྲི་ཞིམ་པོ་བཀྲ་ཤིས་པ་གང་ཡང་རུང་བ་དག་གིས་རྡོ་རྗེ་ལ་སོགས་པ་ཕྱག་རྒྱའི་རི་མོ་རྣམས་ལེགས་པར་བྲི་བར་བྱའོ། །དེ་ནས་བདུད་རྩི་ཐབ་སྦྱོར་གྱི་སྔགས། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་ བྱ་བ་འདི་ཕྱག་རྒྱ་དང་ལྡན་པས་གུ་གུལ་བཏབ་སྟེ། དེས་བུམ་པ་བདུགས་ནས་ཆུ་མིག་གམ། རྫིང་བུ་འམ། ཆུ་ཀླུང་བཀྲ་ཤིས་པ་གང་ཡང་རུང་བའི་ཆུ་གཙང་མ་བླངས་ནས་སྲོག་ཆགས་མེད་པ་ལེགས་པར་བཙགས་པ་དེས་བཀང་བའི་བུམ་པའི་ནང་དུ་རིན་པོ་ཆེ་སྣ་ལྔ་སྟེ། དུང་དང་། ནོར་བུ་ དང་། མུ་ཏིག་དང་། བྱི་རུ་དང་། གསེར་ཏེ་རིན་པོ་ཆེ་དེ་ལྟ་བུ་དག་དང་། སྨན་ལྔ་སྟེ། གོ་རི་ཀ་རྞི་དང་། སིཾ་ཧ་དང་། བྱ་གྷྲྀ་དང་། ཧ་ས་དང་། ཧ་ས་དེ་བ་འདི་རྣམས་དང་། ས་བོན་སྣ་ལྔ་སྟེ། ནས་དང་། འབྲས་དང་། མོན་སྲན་གྲེའུ་དང་། གྲོ་དང་། ཏིལ་ཏེ་འདི་ རྣམས་དང་། སྤོས་ལྔ་སྟེ། ཙནྡན་དང་། གུར་གུམ་དང་། ཏུ་རུ་སྐ་དང་། ཨ་ཀ་རུ་དང་། ག་པུར་རོ། །དྲི་དང་ལྡན་པ་འདི་རྣམས་ཀྱང་གཞག་གོ། །བུམ་པའི་མགུལ་པ་ལ་ཡང་ཚོན་སྣ་ལྔ་པའི་སྐུད་པ་ལ་ཡང་བདུད་རྩི་ཐབ་སྦྱོར་གྱིས་བཏབ་པས་བཅིངས་ལ། དར་རམ་རས་དཀར་པོ་ སར་པས་ཡང་བཅིངས་ཏེ། བུམ་པའི་ཁ་ཤིང་ཨ་མྲའི་རིགས་ཧ་ས་ཀ་ར་ཞེས་བྱ་བ་ཡལ་ག་དང་། མེ་ཏོག་དང་། འབྲས་བུར་ལྡན་པའམ། ཡང་ན་ཞིམ་པོ་འཁྲི་ཤིང་དང་ཡལ་ག་གཞན་གང་ཡང་རུང་བ་དག་ཀྱང་གཞུག་གོ། །བུམ་པ་ལེགས་པར་བཀང་ནས་དེའི་འོག་ཏུ་ལེགས་ པར་ཁྲུས་བྱའོ། །ཁྲུས་བྱས་ནས་གོས་གཙང་མ་བགོས་ཏེ་ཐོགས་ནས་དཀྱིལ་འཁོར་གྱི་སར་སོང་ནས་དཀྱིལ་འཁོར་གྱི་ནུབ་ཕྱོགས་ཀྱི་སྒོར་འགྲེང་སྟེ། དེའི་སྔགས་ཀྱིས་འབར་བའི་མིག་གིས་ཤར་ཕྱོགས་སུ་བལྟས་ལ་བགེགས་བསལ་བའི་སྔགས་ཀཱི་ལི་ཀཱི་ལི་སེ་གོལ་དང་ལྡན་པར་བརྗོད་ དོ། །ཡུངས་ཀར་གྱིས་ཀྱང་བགེགས་བསལ་བར་བྱའོ། །བགེགས་ཐམས་ཅད་བསལ་ནས་དྲ་བ་དང་ར་བ་ཕུར་བུ་བྱ་སྟེ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་ཏ་ཐཱ་ག་ཏེ་བྷི་ཀཾ་པ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་ཀ་ར་ཨ་སྭཱ་ཧཱ། རྡོ་རྗེ་ཕུར་བུའི་སྔགས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་བཛྲ་པྲཱ་ཀཱ་ར། སརྦ་ཏ་ཐཱ་ག་ཏ་གརྦྷ་ཙ་ན་ཀ །ཀུ་རུ་ཀུ་རུ་ཙཀྲ་ནཱ་ཡ་སྭཱ་ཧཱ། རྡོ་རྗེ་ར་བའི་སྔགས་སོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿ། སརྦ་མུ་ཁེ་བྷྱཿ། སརྦ་ཐཱ་བཛྲ་ར་པཉྩ་ར་ཎི་ཀྵི་པ་ག་ག་ན་ཀ་སྭཱ་ཧཱ། རྡོ་རྗེ་ར་བའི་སྔགས་སོ། །ཆོ་ག་ལྷག་ཆད་དུ་གྱུར་པའི་ཕྱིར། ཞི་བའི་སྦྱིན་སྲེག་ ལེགས་པར་བྱས་ནས་དབང་ལྡན་གྱི་ཕྱོགས་ལ་སོགས་པ་དཀྱིལ་འཁོར་གྱི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དྲ་བི་ད་ལ་སོགས་པ་ལྷ་རྣམས་སོ་སོའི་ཕྱག་རྒྱ་དང་སྔགས་ཀྱི་ཚིག་གིས་སྤྱན་དྲང་བར་བྱའོ། །དེ་ལ་ལག་པ་གཡས་པ་ཁུ་ཚུར་བཅངས་ཏེ་མཛུབ་མོ་དང་གུང་མོ་གཉིས་ རལ་གྲི་ལྟར་བསྒྲེང་བ་འདི་ནི་དྲ་བི་དའི་ཕྱག་རྒྱའོ། །སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་དྲ་བི་ད་པ་ར་ཧཱུཾ་ཕཊ། ལག་པ་གཡོན་མཛུབ་མོ་གཉིས་ཀ་ལོགས་སུ་གཞུག་ལ་ལག་པ་གཡས་པ་རྡོ་རྗེ་རྩེ་གསུམ་པར་བྱས་པ་འདི་ནི་ གཏུམ་པོ་ཆེན་པོའི་ཕྱག་རྒྱའོ། །སྔགས་ནི། ཨོཾ་མ་ཧཱ་ཙཎྜ་ཧཱུཾ་ཕཊ། གོང་མ་བཞིན་དུ་ཕྱག་འཚལ་བའི་ཚིག་དང་ཡང་ལྡན་པར་བྱའོ། །ལག་པ་གཉིས་སྙིམ་པ་ཁོང་སྟོང་དུ་སྦྱར་བ་འདི་ནི་སྟོབས་པོ་ཆེའི་ཕྱག་རྒྱ་སྟེ། སྔགས་ལ། ཨོཾ་མ་ཧཱ་བ་ལ་ཧཱུཾ་ཕཊ། སྙིམ་པ་བཀན་ལ་མཐེའུ་ཆུང་ གཉིས་ཀྱི་རྒྱབ་ཏུ་སྲིན་ལག་གཉིས་སྦྱར་ཏེ། གུང་མོ་གཉིས་ཡང་དེ་བཞིན་དུ་དེའི་རྒྱབ་ཏུ་སྦྱར་ནས་ནང་དུ་བཀུག་ལ་མཛུབ་མོ་གཉིས་རྩེ་སྤྲད་དེ་མཐེ་བོ་གཉིས་སོ་སོའི་ངོས་ལ་གཞར་བ་འདི་ནི་གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་སྟེ། སྔགས་ལ། ཨོཾ་ཨ་པ་རཱ་ཛི་ཏེ་ཧཱུཾ་ཕཊ། ལག་པ་ གཉིས་སྙིང་གར་བྱས་ལ་སྲིན་ལག་གཉིས་ནང་དུ་བཀུག་སྟེ་ཕན་ཚུན་བསྣོལ་བའི་རྩེ་མོ་མཐེ་བོ་དང་། མཛུབ་མོའི་དྲུང་དུ་ཅུང་ཟད་འདུད་པར་བྱས་ལ། གུང་མོ་གཉིས་གཤིབས་པའི་ཕྱི་རོལ་ནས་མཛུབ་མོ་གཉིས་བཀུག་པ་ནས་གང་གིས་མ་རེག་པར་བྱ་སྟེ། མཐེ་བོ་གཉིས་དང་། མཐེ་ ཆུང་གཉིས་ཀྱང་གཤིབས་པ་འདི་ནི། རྡོ་རྗེ་རྣམ་པར་འཇོམས་པའི་ཕྱག་རྒྱ་ལས་ཐམས་ཅད་བྱེད་པ་ཡིན་ཏེ། སྔགས་ལ། ཨོཾ་བཛྲ་ཛྭ་ལ་ནཱི་ཡ་སྭཱ་ཧཱ། གཞན་གྱིས་མི་ཐུབ་པའི་ཕྱག་རྒྱ་ལས་མཛུབ་མོ་གཉིས་ཕྱེ་སྟེ་བཀུག་ནས་ནས་ཙམ་གྱིས་མ་རེག་པར་བྱ་སྟེ། མཐེ་བོ་གཉིས་བར་དུ་ གཤིབས་པ་ནི་རྡོ་རྗེ་ཡངས་པའི་ཕྱག་རྒྱ་སྟེ། སྔགས་ལ། ཨོཾ་ཧ་ན་ཧ་ན་ཧཱུཾ་ཕཊ། སྙིམ་པ་བཀན་ལ་མཐེའུ་ཆུང་གཉིས་ནང་དུ་བསྣོལ་ཏེ་བཞག་པའི་བར་དུ་མཐེ་བོ་གཉིས་ཀྱིས་བཀབ་ལ་མཛུབ་མོ་གཉིས་ཀྱི་རྩེ་མོའི་ཚིགས་དབུ་མ་ལ་གཟུགས། སྲིན་ལག་གཉིས་གཤིབས་ཏེ་བསྒྲེང་ བའི་ཚིགས་དང་པོར་གུང་མོ་གཉིས་བཀུག་པའི་རྩེ་མོས་བཙུགས་པ་ནི་ཀཱི་ལི་ཀཱི་ལིའི་ཕྱག་རྒྱ་སྟེ། སྔགས་ལ། ཨོཾ་ཀཱི་ལི་ཀཱི་ལི་བ་ལ་ཀཱི་ལི་ཡེ་སྭཱ་ཧཱ། ལག་པ་གཉིས་སོར་མོའི་ནང་དུ་བསྣོལ་ཏེ་ཁུ་ཚུར་བཅངས་ལ་མཐེ་བོ་དང་། གུང་མོ་དང་མཐེའུ་ཆུང་རྣམས་སོ་སོར་གཤིབས་ཏེ་ བསྒྲེང་བ་འདི་ནི་རྡོ་རྗེ་འཛིན་པའི་ཕྱག་རྒྱ་སྟེ། སྔགས་ལ། ཨོཾ་བཛྲ་དྷྲྀ་ཀ་འདི་ལ་རེ་རེ་ནས་ལག་པའི་ཕྱག་རྒྱ་སྔར་བཅིངས་ལ་ཨེ་ཧྱེ་ཧི་ཞེས་བྱ་བ་སྟེ། རེ་རེ་ལ་ཡང་བསྐུལ་བའི་སྔགས་དང་སྦྱར་ལ་མཆོད་ཡོན་ལ་སྔགས་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཏབ་ལ་དབུལ་ ལོ། །དེ་ནས་དབང་པོ་ལ་སོགས་པ་རྣམས་སོ་སོའི་སྔགས་དང་ཕྱག་རྒྱས་སྤྱན་དྲང་བ་དང་། གདན་བསྟན་པ་དང་། མཆོད་ཡོན་ལ་སོགས་པ་དབུལ་བར་བྱའོ། །ཤར་ཕྱོགས་སུ་ཁ་བལྟས་ཏེ་རྐང་པ་གཡས་བརྐྱང་བའི་ཚུལ་གྱིས་ལག་པ་གཡོན་པ་རྡོ་རྗེའི་ཕྱག་རྒྱ་བསྟན་ལ། ལག་པ་ གཡས་པའི་ཕྱག་རྒྱ་སྟ་ཟུར་ཕྱོགས་སུ་གཞག་པར་བྱ། སྔགས་ལ། ཨོཾ་ཧ་ན་ཧ་ན་བྷིནྡ་བཛྲ་ཧཱུཾ་ཕཊ། རྐང་པ་གཡོན་པ་བརྐྱང་བའི་ཚུལ་གྱིས་ལག་པ་གཡོན་པའི་མཛུབ་མོ་ལྕགས་ཀྱུ་ལྟར་བསྐྱོད་དེ་གཡས་པས་ནི་བརྒྱ་བྱིན་སྤྱན་དྲང་ངོ་། །ལག་པ་གཉིས་བརྐྱང་ལ་ཕྱག་རྒྱ་བཀྲོལ་ལ་སླར་ བཏང་ངོ་། །མེའི་ཕྱོགས་སུ་བལྟས་ཏེ་ལག་པ་བརྐྱང་ལ་མཛུབ་མོ་བཀུག་སྟེ་རྩེ་མོ་གུང་མོའི་ཚིགས་གསུམ་པར་གཟུགས་སོ། །སྔགས་ལ། ཨོཾ་བཛྲ་ན་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་མ་ཧཱ་བྷསྨི་ཀུ་རུ་སརྦ་དུཥྚཱཾ་ཧཱུཾ་ཕཊ། མཐེ་བོ་ལག་མཐིལ་དུ་སྦྱར་ཏེ་བརྟན་པོར་བཞག་ལ་གཡབས་པས་ནི་ སྤྱན་དྲང་ངོ་། །མཛུབ་མོ་མཐེ་བོའི་ངོས་ལ་བཙུགས་ལ་ཕྱིར་དྲག་ཏུ་བརྐྱང་བས་ནི་སླར་བཏང་ངོ་། །གཤིན་རྗེའི་ཕྱོགས་སུ་བལྟས་ཏེ་འགྲེང་ལ་སྙིམ་པ་མདུན་དུ་གཞག་སྟེ། སོར་མོ་ཕན་ཚུན་བསྣོལ་ལ་ཁུ་ཚུར་དམ་དུ་བཅངས་ཏེ་སྲིན་ལག་གཉིས་གཤིབས་ཏེ་བསྒྲེངས་ནས་སྙིང་གར་ གཞག་པར་བྱའོ། །ཨོཾ་བཛྲ་ཀཱ་ལ་དཎྜ་ཧ་ན་ཧ་ན་ཧཱུཾ་ཕཊ། སྲིན་ལག་གཤིབས་པ་ལས་ནང་དུ་བཟློག་པས་ནི་སྤྱན་དྲང་བའོ། །ནང་དུ་བཟློག་པ་ལས་ཕྱིར་ཕྱུང་བ་གཤིབས་པས་ནི་སླར་བཏང་ངོ་། །བདེན་བྲལ་གྱི་ཕྱོགས་སུ་རྐང་པ་མཉམ་པར་བཞག་ལ། ལག་པ་གཡས་པ་ཁུ་ཚུར་ བཅངས་པ་ལ་མཛུབ་མོ་དང་གུང་མོ་གཉིས་རལ་གྲི་འདྲ་བར་གཤིབས་ཏེ་བསྒྲེངས་ལ། ལག་པ་གཡོན་པ་ཡང་དེའི་ཚུལ་གྱིས་ཞགས་པ་འདྲ་བར་བྱས་ཏེ་སྟ་ཟུར་ལོགས་སུ་གཞག་པར་བྱའོ། །སྔགས་ལ། ཨོཾ་ནཻ་རི་ཏེ་རཱཀྵ་ས་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། གཡོན་པའི་མཛུབ་མོ་བཀུག་སྟེ་ གཡབས་པས་སྤྱན་དྲང་ངོ་། །ཕྱིར་བཀྱེད་དེ་བཀྲོལ་བས་ནི་སླར་བཏང་ངོ་། །ཆུ་ལྷའི་ཕྱོགས་སུ་རྐང་པ་མཉམ་པར་བཞག་ལ། ལག་པ་གཡས་པ་ཁུ་ཚུར་བཅངས་ནས། མཐེ་བོ་དང་མཛུབ་མོ་ཞགས་མིག་ལྟར་བྱ། གཡོན་པ་ལ་ཡང་དེ་ལྟར་བྱས་ཏེ། སྙིང་གར་གཞག་གོ། །སྔགས་ ནི། ཨོཾ་ནཱ་ག་བཛྲ་ཨཱ་ན་ཡ་སརྦ་དྷ་ན་ད་ནྱ་ནི་དྱ་ནྱ་སུ་བརྞ་མ་ཎི། མུཀྟི་ཀརྡྷི་ནི། སརྦོ་ཀ་ར་ནིཤྩ། བཛྲ་དྷ་ར་ས་མ་ཡ་མ་ནུ་སྨ་ར་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། བནྡྷ་བནྡྷ། ཧ་ར་ཧ་ར། པྲཛྙཱ་ནཱཾ་མ་ཧཱ་ཙེ་ད་ཧཱུཾ་ཕཊ། གཡོན་པའི་མཛུབ་མོའི་ལྕགས་ཀྱུས་གཡབས་པས་ནི་སྤྱན་དྲངས་པའོ། །ཕྱིར་ བཀྱེད་དེ་བཀྲོལ་བས་ནི་སླར་བཏང་ངོ་། །རླུང་ལྷའི་ཕྱོགས་སུ་འགྲེང་ལ་ལག་པ་གཡོན་པ་ཁུ་ཚུར་བཅངས་ཏེ་གུང་མོ་བསྒྲེང་བའི་ཚིགས་དང་པོར་མཛུབ་མོ་བཀུག་པའི་ཐོར་ཐོ་བཙུགས་ལ། ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ། སྟ་ཟུར་ལོགས་སུ་གཞག་གོ། །སྔགས་ལ་ ཨོཾ་བཛྲ་ཨ་ནཱི་ལ་མ་ཧཱ་དྷེ་ག་ཨ་ནཱི་ལ་མ་ཧཱ་དྷེ་ག་ཨཱ་ན་ཡ་སརྦ་དུཥྚཱཾ་ཧཱུཾ་ཕཊ། མཛུབ་མོ་དེ་ཉིད་ཀྱིས་སྤྱན་དྲང་བ་དང་སླར་གཏང་བར་བྱའོ། །ཀུ་བེ་རའི་ཕྱོགས་སུ་རྡོ་རྗེ་བཅིངས་པ་ནང་དུ་བཟློག་ནས་མཐེའུ་ཆུང་གཉིས་གཤིབས་ཏེ་བརྐྱང་བའི་རྒྱབ་ཏུ་སོ་སོའི་སྲིན་ལག་གཞག་པར་བྱའོ། ། སྔགས་ལ། ཨོཾ་ཀུ་བེ་ར་ཡཀྵཾ་ཨ་དྷི་པ་ཏ་ཡེ་སྭཱ་ཧཱ། གུང་མོ་གཉིས་རྡོ་རྗེ་ལྟར་བཀུག་སྟེ་གཡབས་པས་སྤྱན་དྲང་ངོ་། །དེ་ཕྱིར་བཀྱེད་དེ་བཀྲོལ་བས་ནི་སླར་གཏང་ངོ་། །དབང་ལྡན་གྱི་ཕྱོགས་སུ་ཁ་བལྟས་ཏེ་འགྲོང་ལ་སྙིམ་པ་བཀན་ནས་སྲིན་ལག་དང་མཐེའུ་ཆུང་ནང་དུ་བཅུག་སྟེ་ བསྣོལ། གུང་མོ་གཉིས་གཤིབས་ཏེ་བསྒྲེང་བའི་རྒྱབ་ལོགས་སུ་རྡོ་རྗེ་ལྟར་བྱ། མཐེ་བོ་གཉིས་བར་དུ་གཤིབས་ཏེ་གཞག་གོ། །སྔགས་ལ། ཨོཾ་དྲི་ཧཱུཾ་བི་ལ་བཛྲ་ཤཱུ་ལ་སྭཱ་ཧཱ། མཛུབ་མོ་གཉིས་ཀྱི་སེན་མོ་སྤྲད་པ་ལས་ནང་དུ་གཡབས་པས་ནི་སྤྱན་དྲང་ངོ་། །ཕྱིར་བཀྱེད་དེ་བཀྲོལ་ བས་ནི་སླར་བཏང་ངོ་། །འོག་གི་ནི་ལག་པ་གཉིས་པདྨ་ལྟར་བྱས་ལ་སྤྱན་དྲང་བ་དང་སླར་གཏང་བར་བྱ་བ་ལ་ཡང་ནང་དུ་གཡབས་པ་དང་ཕྱིར་བཀྲོལ་བར་བྱའོ། །སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་དྲ་བི་ཏི་སྭཱ་ཧཱ། སྟེང་གི་ནི་གྲ་ཧ་ཤྭརྱ་པྲ་བ་ཏ་ཛྱི་ཏིར་མ་ཡ་སྭཱ་ཧཱ། ཕྱོགས་ཀྱི་ལྷ་ རྣམས་ཀྱི་ཕྱག་རྒྱ་དང་། སྔགས་འདི་དག་ཀྱང་བཤད་ཟིན་ཏོ། །དེ་ནས་ཡང་མཆོད་ཡོན་ཕུལ་ནས་དྲ་བི་ད་ལ་སོགས་པ་ལེགས་པར་མཆོད་དེ། མེ་ཏོག་ཆུ་ལས་སྐྱེས་པ་དང་། ཐང་ལས་སྐྱེས་པ་དང་། བདུག་པ་སྲོག་ཆགས་ཀྱི་ཡན་ལག་མ་ཡིན་པའི་དྲི་ཡིད་དུ་ འོང་བ་དག་དང་། མར་དང་། འབྲུ་མར་གྱི་མར་མེ་དང་། ཙནྡན་དང་། ག་པུར་དང་། གུར་གུམ་ལ་སོགས་པའི་དྲི་བསུང་ཅན་དང་། ཁུར་བ་བཀྲ་ཤིས་ལྡན། འབྲས་ཆན་ཞོ་དང་སྦྱར་བས་མཆོད་ནས། དབང་པོ་ལ་སོགས་པ་རྣམས་ལ་ཤ་ཆང་མ་ཡིན་པ་དང་། ཤ་ཆང་དེ་དང་སྦྱར་ བ་མ་ཡིན་པའི་བཤོས་ཆ་མང་པོ་དབུལ་ལོ། །དེ་དག་གི་འཁོར་གྱི་གདོན་རྣམས་ལ་ནི་ཤ་ཆང་དང་ལྡན་པར་སྦྱིན་ནོ། །དེ་ལྟར་ཤ་དང་ཆང་རྩ་བ་དང་། འབྲས་བུ་དང་། བགེགས་ཀྱི་ཁ་ཟས་ཅི་ཡང་རུང་བ་བྱིན་ན་ཕྱི་རོལ་གྱི་འཁོར་བ་བགེགས་ཀྱི་གཟུགས་ཅན་གང་ཡིན་པ་དེ་དག་དེས་ དགའ་བར་འགྱུར་རོ། །ཕྱོགས་བཅུའི་ལྷ་རྣམས་དགའ་བར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་འདི་ཡང་བསྒྲག་པར་བྱ་སྟེ། དབང་པོ་རྡོ་རྗེ་འཆང་བའི་ལྷ། །ལྷ་ཡི་རྒྱལ་པོ་གདོན་གྱི་བདག །ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། ། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །མེ་ལྷའི་རྒྱལ་པོ་གདོན་གྱི་བདག །ཕྱོགས་མཚམས་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །གཤིན་རྗེ་བེ་ཅོན་འཆང་བའི་ལྷ། །མ་མོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ཕྱོགས་གདོན་གྱི་ཚོགས་བཅས་ལ། ། མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །བདེན་དང་བྲལ་བ་ལེགས་ལྡན་ལྷ། །སྲིན་པོའི་རྒྱལ་པོ་གདོན་གྱི་བདག །ལྷོ་ནུབ་གདོན་གྱི་ཚོགས་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །ཞགས་པ་ཐོགས་པ་ཆུ་ཡི་ལྷ། །བདེན་པ་བསྲུང་བ་གདོན་གྱི་བདག །ནུབ་ ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །རླུང་སྟེ་སྲོག་ཀྱང་འཛིན་པའི་ལྷ། །ཚིག་སྲུང་གདོན་གྱི་བདག་པོ་སྟེ། །རླུང་གི་ཕྱོགས་ཀྱི་གདོན་བཅས་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །གནོད་སྦྱིན་ལག་ན་དབྱུག་ཏོ་ཐོགས། ། ནོར་སྲུང་གདོན་གྱི་བདག་པོ་སྟེ། །བྱང་ཕྱོགས་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །དབང་དང་ལྡན་པ་འདྲེན་པའི་ལྷ། །བགེགས་ཀྱི་རྒྱལ་པོ་གདོན་གྱི་བདག །བྱང་ཤར་གདོན་དང་བཅས་པ་ལ། །མཆོད་པ་བགྱིད་ཅིང་ཕྱག་ཀྱང་འཚལ། །འོག་ གི་ས་ཡི་ལྷ་མོ་བ། །ཀླུ་མོ་ཆེན་མོ་ཞི་བ་སྟེ། །ས་བདག་འགྲོ་བ་འཛིན་པའི་མཆོག །ས་ཡི་ལྷ་མོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །སྟེང་གི་ལྷ་ཆེན་ཐམས་ཅད་དང་། །ཉི་མ་ཟླ་བ་གཟའ་ཆེན་དང་། །གཟའ་དང་རྒྱུ་སྐར་བཅས་པ་ལ། །མཆོད་ཅིང་བསྟོད་ དེ་ཕྱག་ཀྱང་འཚལ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་བུམ་པ་རྣམས་ཕྱོགས་བཞིར་བཞག་ནས། དེ་ན་འདུག་བཞིན་དུ་སྔགས་དང་ལྡན་པར་ཕྱག་རྒྱ་བཅིངས་ལ། བུམ་པ་རྣམས་ཀྱི་ནང་དུ་ལྷ་རྣམས་བཀོད་ནས་གོ་རིམས་ཇི་ལྟ་བ་བཞིན་དུ་མཚན་རངས་པས་བཟླས་བརྗོད་ བྱའོ། །ཡང་ན་སྙིང་པོ་བརྒྱད་པོ་རེ་རེ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས། རྩ་བའི་ས་བོན་དང་། སྡོང་བུའི་ས་བོན་དང་། སྙིང་པོའི་ས་བོན་དང་། འབྲས་སཱ་ལུའི་ས་བོན་དང་། མེ་ཏོག་གི་ས་བོན་དང་། གེ་སར་གྱི་ས་བོན་དང་། ལོ་མའི་ས་བོན་ཏེ། ས་བོན་སྣ་བདུན་གྱི་ཕྱེ་མ་ཞིབ་མོ་ཏིལ་ མར་གྱིས་སྦྱར་ཏེ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་ལེགས་པར་བཏབ་ལ། དེ་ནས་ཁྲུས་བྱེད་པ་ལ་ལོགས་ཤིག་ཏུ་ལུས་བཀྲུས་ཤིང་དྲིལ་ཏེ། ཁྲུས་བྱས་ལ་གོས་གཙང་མ་གོན་ཏེ་དཀྱིལ་འཁོར་གྱི་སྒོར་བཀུག་ནས་དེ་ལ་བསྲུང་བ་ཆེན་པོ་བྱའོ། །དེ་ནས་གསུམ་ལ་སྐྱབས་སུ་འགྲོ་ བ་ལ་སོགས་པ་བྱིན་ཏེ་དཀྱིལ་འཁོར་དུ་དེ་བཅུག་ལ། གུས་པས་ཕྱག་བྱས་ནས་ཆོ་ག་བཞིན་དུ་ནང་དུ་ཞུགས་ཏེ་འདུག་པའི་འོག་ཏུ་སྔགས་བཟླས་ཤིང་བུམ་པ་རེ་རེ་ནས་ལེགས་པར་ཁྲུས་བྱེད་དུ་གཞུག་གོ། །ཤིན་ཏུ་བདེ་བ་དང་། ལེགས་པ་དང་། བཀྲ་ཤིས་པ་དང་། རྒྱལ་བར་གྱུར་ཅིག ། རྒྱལ་བར་གྱུར་ཅིག་ཅེས་བྱ་བའི་ཚིག་དང་། རོལ་མོའི་སྒྲ་སྐད་རབ་ཏུ་སྙན་པ་དང་ཡང་ལྡན་པར་བྱའོ། །ཡུངས་ཀར་དང་། ཞོ་དང་། རྩྭ་དཱུར་བ་དང་། ལི་ཁྲི་དང་། མེ་ལོང་དང་། དུང་དང་། བིལ་བའི་འབྲས་བུ་དང་། གི་ཝང་རྣམས་ཀྱང་སློབ་མའི་ནང་དུ་རས་ཁྲིའུ་ཚང་བཏིང་བའི་སྟེང་ དུ་རྫས་དེ་བཞག་སྟེ། སློབ་མ་དེ་བཀྲ་ཤིས་འདོན་པའི་ལག་ཏུ་བཞག་ལ། དེ་ལས་ཡུངས་ཀར་ལ་སོགས་པ་བླངས་ཤིང་དེ་ལ་སྦྱིན་ནོ། །དེ་ནས་ཡང་བསྲུང་བ་བྱས་ལ་རྡོ་རྗེ་ཕྱེད་དེའི་ལག་ཏུ་བྱིན་ཏེ་ཞི་བ་དང་དགའ་བའི་སེམས་དང་ལྡན་པས་ལོངས་ཤིག་ཅེས་བྱ་བའི་ ཚིག་ཀྱང་བརྗོད་པར་བྱའོ། །རྡོ་རྗེ་ཕྱེད་པོ་དེ་ལ་འཛིན་པའི་བགེགས་ཐམས་ཅད་ལས་ཐར་ནས་ལྡང་བར་བྱེད་དེ། ཟླ་བ་སྒྲ་གཅན་གྱིས་བཏང་བ་བཞིན་དུ་ལུས་སྡིག་པ་དང་བྲལ་ཞིང་མཛེས་སོ། །དེ་ནས་ཡང་འབྱོར་ན་མར་ལ་སོགས་པས་ཞི་བའི་སྦྱིན་སྲེག་བྱའོ། །བླ་མའི་ཡོན་ཡང་ཁྲུས་ བྱེད་པ་དེས་ཤིན་ཏུ་བཟང་པོ་ལེགས་པར་དབུལ་བར་བྱའོ། །དེ་ནས་མཆོད་ཡོན་ལ་སོགས་པ་ཕུལ་ཏེ་སླར་གཤེགས་སུ་གསོལ་ལོ། །འཕགས་པ་དྲ་བི་དའི་བུམ་པའི་ཆོ་ག་རིམ་པར་ཕྱེ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པྲ་ཏིཥྛ་བི་དྷིཿ། བོད་སྐད་དུ། རབ་གནས་ཀྱི་ཆོ་ག །དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བྱ་བའི་རྒྱུད་ཀྱི་རྗེས་འབྲངས་ནས། །རབ་གནས་ཆོ་ག་བརྗོད་པར་བྱ། །སྙན་གྲགས་མི་སྙན་རྙེད་མ་རྙེད། །བདེ་སྡུག་བསྟོད་དང་དེ་བཞིན་སྨོད། །འཇིག་རྟེན་ཆོས་ཀྱིས་མ་གོས་པའི། །རྡོ་རྗེ་སློབ་དཔོན་དག་གིས་ བྱ། །དཀྱིལ་འཁོར་དང་། ཏིང་ངེ་འཛིན་དང་། ཕྱག་རྒྱ་དང་། བྱེད་པ་དང་། གདན་དང་། བཟླས་པ་དང་། སྦྱིན་སྲེག་དང་། གཏོར་མ་དང་། མཆོད་པའི་ལས་དང་ཕབ་ཅིང་བསྡུ་བ་སྟེ། དེ་ཁོ་ན་ཉིད་བཅུ་རིག་པ་རྟག་ཏུ་སྡིག་པ་ལ་འཇིགས་ཤིང་དྲན་པ་དང་། ལུས་དང་སྲོག་ལ་མི་ལྟ་ བ་བློ་བརྟན་པ། འཇིག་རྟེན་ཕ་རོལ་ལ་ལྟོས་པ་དང་བཅས་པའོ། །ཉལ་བ་དང་། གཉིད་དང་། རེག་པའི་བདེ་བ་དང་། བཟའ་བ་དང་བགོ་བ་ལ་སོགས་པའི་ཉེ་བར་ལོངས་སྤྱོད་པ་རྣམས་ལ་ཆགས་པ་མེད་པ། ཕྱིན་ཅི་མ་ལོག་པ་སྒྲུབ་པ་ལ་སྙིང་པོར་བྱེད་པ། ཕྱི་རོལ་ལ་མ་ཆགས་པ། སངས་རྒྱས་ཉིད་སྒྲུབ་པར་བྱེད་པ། འཁོར་བས་འཇིགས་པ། སེམས་ཅན་ལ་ལྟོས་པ་དང་བཅས་པ། ཁ་ན་མ་ཐོ་བ་མེད་པ། སྡིག་པ་ཐམས་ཅད་སྤངས་པ། འདོད་པའི་ཆགས་པ་ལ་སོགས་པ་ལ་ཡང་དག་པར་མི་རྟོག་པ། མི་གཙང་བ་དང་བྱམས་པ་ལ་སོགས་པའི་ ཉོན་མོངས་པའི་གཉེན་པོའི་ཕྱོགས་སུ་གྱུར་པའོ། །དགེ་བ་དང་ལྡན་པ་མཚན་ཉིད་འདི་རྣམས་དང་ལྡན་པ་ལ། སློབ་མས་གསོལ་བ་བཏབ་སྟེ། ལུགས་མའམ་འབུར་དུ་བྱས་པའམ། འདུས་བྱས་ལ་སོགས་པ་རབ་ཏུ་གནས་པར་བྱ་བའི་དོན་དུ་རབ་ཏུ་གནས་པའི་ས་གཞི་ མངོན་པར་འདུས་བྱས་པ། བླ་རེ་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པ་བསླང་ཞིང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། རྒྱན་མེད་ན་གསེར་གྱི་སོར་གདུབ་གཅིག་ཐོགས་ཏེ། དེ་ལ་རབ་ཏུ་གནས་པའི་ས་གཞི་ལ་སྐུ་གཟུགས་དང་། པུསྟི་དང་། ཐང་གའམ་མཆོད་རྟེན་ལ་ སོགས་པ་མདུན་དུ་ཡང་དག་པར་བཞག་སྟེ། དེ་ལ་སྐུ་གཟུགས་སམ། ཐང་གའམ། པུསྟི་དང་། མཆོད་རྟེན་ལ་བསང་བ་དང་། ཁ་བཤལ་བ་དང་། མེ་ཏོག་ལ་སོགས་པ་རྣམ་པར་སྦྱིན་པར་བྱའོ། །ཕྱིས་ནི་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་རྣམས་ལ་རྣམ་པ་ ལྔས་ཡང་དག་པར་མཆོད་དེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པའི་སློབ་དཔོན་གྱིས་བདུག་སྤོས་ཀྱི་སྣོད་གཟུང་ཞིང་། ནམ་མཁའི་ཁམས་པའི་དེ་བཞིན་གཤེགས་པ་རྣམས་ལ་འདི་སྐད་བརྗོད་པར་བྱའོ། །ས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ་ཨ་ཧཾ་ཞེས་པ་ལན་གསུམ་བརྗོད་དོ། ། ཇི་ལྟར་སངས་རྒྱས་ཐམས་ཅད་ཀྱིས། །དགའ་ལྡན་གནས་སུ་རབ་གནས་ནས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་ཡི་རྣམ་པར་འདིར་ཞུགས་ཤིག །རྟག་ཏུ་མགོན་པོ་འདིར་བཞུགས་ནས། །ཆེ་གེ་མོ་ཡི་དོན་ཕྱིར་དང་། །བྱང་ཆུབ་སེམས་ནི་འཕེལ་བྱའི་ཕྱིར། །མེ་ཏོག་ ལ་སོགས་འདི་བཞེས་ཤིག །ཅེས་བྱ་བ་འདིས་དེ་བཞིན་གཤེགས་པ་རྣམས་ལྷག་པར་གནས་པར་བྱའོ། །ཕྱིས་ནི་བསྟོད་ཅིང་སྦྱིན་སྲེག་གི་དུས་སུ་ཡང་ཇི་ལྟ་བའི་བསྟོད་པ་བྱའོ། །སྐུ་གཟུགས་ལ་སོགས་པའི་མདུན་དུ་ཡང་། ཡུངས་ཀར་ལག་པ་གཡོན་པ་དང་གཡས་པ་གཉིས་ སུ་གཟུང་སྟེ། གཡས་པའི་ཁུ་ཚུར་གྱིས་གཡས་སྐོར་དུ་ལན་གསུམ་དུ་བསྐོར་ཞིང་ཡུངས་ཀར་དེ་རྣམས་མེ་ལ་བླུགས་པར་བྱའོ། །གཡོན་པའི་ཁུ་ཚུར་གྱིས་གཡོན་དུ་ལན་གསུམ་དུ་བསྐོར་ཞིང་ཡུངས་ཀར་མེར་བླུགས་པར་བྱ་སྟེ། འདི་ནི་རྟོག་པ་མེད་པ་ཁམས་གསུམ་དུ་སྐྱོན་བསལ་ བའི་ཆེད་དུ་བསྐོར་བར་བྱ་བ་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སྭཱ་ཧཱ། ཞེས་བརྗོད་དོ། །དེ་ནས་ཁྱོར་བ་དང་བཅས་པས་ཆུ་བླངས་ཏེ་མེ་དེ་ཉིད་དུ་བླུགས་པར་བྱའོ། །དེ་སྔོན་དུ་སོང་བས་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་བྱའོ་ཞེས་བྱ་བ་ནི་ལྷག་པར་གནས་ པའི་རིམ་པའོ། །དེ་ནས་ཕྱི་དྲོའི་དུས་སུ་བུམ་པ་ནི་ལྔའམ་བརྒྱད་དམ་གཅིག་ཀྱང་རུང་སྟེ། དྲི་ཞིམ་པོ་དང་བཅས་པའི་ཆུས་ཡོངས་སུ་བཀང་ལ། རྐེ་ལ་གོས་གཉིས་ཀྱིས་དཀྲིས་ཏེ། ཨཾ་པའམ་པ་ལ་ཤ་ལ་སོགས་པའི་ཡལ་གས་ཁ་ལེགས་པར་བརྒྱན་ལ། ཡུངས་ཀར་དང་ཀུ་སུ་ མའི་མེ་ཏོག་དང་བཅས་པའི་གསེར་དང་། དངུལ་དང་། མུ་ཏིག་དང་། མུ་མེན་དང་། བྱི་རུ་དང་ཞེས་བྱ་བ་རིན་པོ་ཆེ་སྣ་ལྔ་དང་། གྲོ་དང་། ནས་དང་། མོན་སྲན་གྲེའུ་དང་། ཏིལ་དང་། འབྲས་སོ་བ་དང་། འབྲུ་སྣ་ལྔ་དང་། རྣམ་པར་རྒྱལ་བ་དཀར་པོ་དང་། བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། ཧ་ས་དེ་བ་དང་། དཎྜོཏྤ་ལ་དང་སྨན་ལྔའོ། །དེ་རྣམས་དང་ཡང་དག་པར་ལྡན་པར་བྱས་ལ། ཟླུམ་པོར་བྱས་ལ་གཞག་པར་བྱའོ། །བུམ་པ་སོ་སོར་བླངས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་སིདྡྷ་ལོ་ཙ་ནི་སརྦྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མངོན་པར་བསྔགས་པར་བྱས་པའམ། ཡང་ན་བྱིན་པའི་སྔགས་ཡི་གེ་གསུམ་དང་སྤེལ་བ་འདིས་ཕྱི་དྲོའི་དུས་སུ་བུམ་པ་མངོན་པར་བྱའོ། །ནང་པར་སྔ་བར་སྐུ་གཟུགས་གོས་སེར་པོས་དཀྲིས་ཏེ། ཁ་ཤར་ཕྱོགས་སུ་བསྟན་ཏེ་བཞག་ལ་ཁྲུས་བྱའོ། །དེའི་ཁྲུས་ཀྱི་རིམ་པ་ནི་འདི་ཡིན་ཏེ། བའི་རྣམ་པ་ལྔ་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨཿ། ཞེས་བྱ་བའི་ས་བོན་གྱིས་མངོན་པར་བསྔགས་ཤིང་དཱུར་བའི་ཆང་བུས་གཞུག་པར་བྱའོ། །དེ་ནས་དྲི་ཞིམ་པའི་མར་ནག་གིས་བྱུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱིས་མངོན་པར་བསྔགས་ཤིང་དཱུར་བའི་ཆང་བུས་གཞུག་པར་ བྱའོ། །དེའི་རྗེས་སུ་ཨུ་དུམྺཱ་ར་དང་། ནྱ་གྲོ་དྷྱ་ལས་སྐྱེས་པའི་ཤིང་ཤུན་ལེགས་པར་བཏགས་པ་འཁོར་བའི་སྣོད་ཀྱི་དབུས་སུ་བཞག་སྟེ་གཡས་ཕྱོགས་ཀྱི་གློར་བཞག་ལ། མར་ནག་དབྱུང་བའི་དོན་དུ་སྐུ་གཟུགས་ལ་བྱུག་པར་བྱའོ། །དེ་ནས་བུམ་པ་རེ་རེའི་ཆུས་སྐུ་གཟུགས་ ལ་ཁྲུས་གསོལ་བར་བྱ་སྟེ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་རྣམས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་གསོལ་ལོ། །ཞེས་བྱ་བའི་ཚིག་བརྗོད་ཅིང་། ཨོཾ་སརྦ་ཏཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱང་བརྗོད་པར་བྱའོ། །ནམ་མཁའ་ལ་གནས་པའི་རིག་པ་ཕབ་སྟེ། བུམ་པའི་བདུད་རྩིའི་ཆུས་སྐུ་གཟུགས་ལ་ཁྲུས་བྱེད་པར་བསྒོམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་དེ་ལ་གོས་ཀྱི་ཆུ་བླངས་ཤིང་བླ་ན་མེད་པར་བྱས་ལ་གདན་རང་རང་གི་གཞག་པར་བྱའོ། ། འདི་ནི་སྐུ་གཟུགས་ཀྱི་ཁྲུས་ཀྱི་རིམ་པའོ། །གལ་ཏེ་ཐང་སྐུའམ། པུསྟིའམ། བྲིས་པའི་མཆོད་རྟེན་ནམ་སྐུ་གཟུགས་ལ་སོགས་པ་ཁྲུས་བྱེད་པར་འདོད་ན། དེའི་ཚེ་པུསྟི་ལ་སོགས་པ་ཁྲུས་ཀྱི་རིམ་པ་བྱ་སྟེ། མདུན་དུ་མེ་ལོང་དེ་ལ་བའི་རྣམ་པ་ལྔ་དང་། མར་ནག་དང་། ཤུན་པ་ ལ་སོགས་པའི་རིམ་པས་སྔོན་བཞིན་དུ་བུམ་པའི་ཆུས་ཀྱང་བཀྲུ་བར་བྱའོ་ཞེས་བྱ་བ་ནི་ཁྲུས་ཀྱི་རིམ་པའོ། །དེ་ནས་ནམ་མཁའ་ལ་གནས་པ་བཅོམ་ལྡན་འདས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་གཟུགས་ལ་ཁྱད་པར་དུ་གཞུག་པར་བྱའོ། །གལ་ཏེ་སྐུ་གཟུགས་སམ་ པུསྟིར་བྱེད་པར་འདོད་ན། ནམ་མཁའ་ལ་གནས་པའི་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་གྱི་འཁོར་ལོའི་རྣམ་པའི་པུསྟི་ཡི་གེའི་རྣམ་པར་ཡོངས་སུ་གྱུར་པར་བསམ་པར་བྱའོ། །དེ་ནས་གོས་ཟུང་བརྩེགས་སྐུ་ལ་བསྐོན་པར་བྱས་ཏེ། ཨོཾ་བཛྲ་བཱ་ས་སེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་ ཀྱིས་སོ། །ཀུ་ཤའི་ཆང་བུས་ནི་སྐུ་གཟུགས་ལ་སོགས་པ་ལ་བསང་གཏོར་ཡང་བྱ་ཞིང་ཞལ་བསིལ་ཡང་བྱའོ། །མེ་ཏོག་ལ་སོགས་པ་མཆོད་པ་རྣམ་པ་ལྔ་སྔགས་འདིས་དབུལ་བར་བྱ་སྟེ། ཨོཾ་བཛྲ་པུཥྤེ་ཧཱུཾ་དེ་ལྟར་ཐམས་ཅད་བྱའོ། །ཡང་དེ་བཞིན་དུ། ཆུ་དང་ཐང་ལས་སྐྱེས་པ་ཡི། ། མེ་ཏོག་འདི་ནི་མཆོག་ཡིན་ཏེ། །བདག་གིས་དད་པས་འབུལ་ལགས་ཀྱིས། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ལྷན་ཅིག་སྐྱེས་དང་དེ་བཞིན་སྦྱར། །བདུག་པ་འདི་ནི་མཆོག་ཡིན་ཏེ། །བདག་གིས་དད་པས་འབུལ་ལགས་ན། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །ལྷན་ ཅིག་སྐྱེས་དང་དེ་བཞིན་སྦྱར། །དྲི་ཞིམ་བདེ་བའི་མཆོག་ཡིན་ཏེ། །བདག་གིས་གུས་པས་འབུལ་ལགས་ཀྱིས། །ཇི་ལྟར་བདེ་བས་བཞེས་སུ་གསོལ། །མར་དང་མར་ནག་མར་མེ་འོད། །ལྷ་རྫས་འོད་འབར་མུན་འཇོམས་པའི། །མི་ཤེས་ཐམས་ཅད་ཞི་ བའི་ཕྱིར། །བདག་གིས་དད་པས་འབུལ་ལགས་ན། །ཅི་བདེ་བར་ནི་བཞེས་སུ་གསོལ། །བཟའ་དང་བཅའ་དང་ལྡན་པ་ཡི། །ལྷ་བཤོས་ཐམས་ཅད་ཡང་དག་ལྡན། །ཁ་དོག་དྲི་དང་རོར་ལྡན་པ། །ཁྱེད་ལ་དབུལ་གྱིས་བཞེས་སུ་གསོལ། །ཞེས་བྱ་བའི་སྔགས་འདིས་འདི་ རྣམས་ཀྱི་གོ་རིམས་བཞིན་དུ་དབུལ་བར་བྱའོ། །ཇི་ལྟར་སྦྱིན་སྲེག་གི་དུས་སུ་ཡང་ཨརྒྷཾ་ལ་སོགས་པའི་སྔགས་ཀྱིས་དེ་བཞིན་དུ་ཡང་བྱའོ། །དེ་ནས་སྐུ་གཟུགས་ཀྱི་སྤྱན་ཐུར་མས་དབྱེ་བར་བྱ་སྟེ། ཨོཾ་ཙཀྵུ་ཙཀྵུ་ས་མནྟ་ཙཀྵུ་ཙཀྵུ་བི་ཤོ་དྷ་ནེ་སྭཱ་ཧཱ། དེ་ནས་རྡོ་རྗེ་གཟུང་ཞིང་དྲིལ་བུ་ དཀྲོལ་ནས་མི་བསྐྱོད་རྡོ་རྗེ་ཡེ་ཤེས་ལ་སོགས་པས་བསྟོད་པར་བྱའོ། །དེ་ནས་ནང་པར་སྔ་བར་སྔོན་བཞིན་དུ་སྦྱིན་སྲེག་བྱས་ལ། ཙཱ་རུའི་བཟའ་བ་སྔགས་ཀྱིས་དག་བྱེད་སྒྲུབ་པར་བྱེད། ཨོཾ་དི་བྱ་ནི་ས་མཱ་དྷི་དྷྱཱན་པྲྀ་ཎ་ནེ་སྭཱ་ཧཱ། ཙཱ་རུའི་བཟའ་བ་དབུལ་བའི་སྔགས་སོ། །དེ་ནས་ལྷག་མ་ གཞན་རྣམས་སློབ་དཔོན་དང་སློབ་མ་དང་། ཡོན་བདག་གིས་བཟའ་བར་བྱའོ། །གཞན་དག་དོན་དུ་གཉེར་བ་ལ་ཡང་ཅུང་ཟད་སྦྱིན་ནོ། །གང་ཡང་ཉེ་བར་དགོས་པ་ཐམས་ཅད་སྦྱིན་སྲེག་གི་དུས་དང་། རབ་ཏུ་གནས་པའི་དུས་ཀྱི་རྫས་ནི་རྡོ་རྗེ་སློབ་དཔོན་གྱིས་ དབང་ཞིང་ཡོངས་སུ་བརྟག་པར་བྱའོ། །སློབ་མ་དང་ལྷ་བཟོ་ལ་ནི་གང་ཡང་ཕུལ་བའི་ནོར་དེ་རྣམས་མི་གནང་ངོ་། །རབ་ཏུ་གནས་པའི་ཆོ་ག་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ཁམས་པ་ལོ་ཙཱ་བ་བ་རིས་ བསྒྱུར་བའོ།། ༄། །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེའི་མན་ངག་བཞུགས། ༄༅༅། །དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་ཞེས་བྱ་བའི་མདོ་སྡེ་བཀླག་ཅིང་ དེ་བཞིན་གཤེགས་པ་བདུན་མཆོད་དེ་སྨོན་ལམ་གདབ་པའི་ཆོ་ག་མདོ་སྡེ་ལས་བསྡུས་ཏེ་རིམ་པར་བཀླག་པ། དེ་བཞིན་གཤེགས་པ་བདུན་གྱི་མདོ་བཀླག་ཅིང་ཆོ་ག་རིམ་པར་མཛད་པ། དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་བཀླག་ཅིང་སྨོན་ལམ་གདབ་པ་ལ། མགོ་མཇུག་དུས་ཀུན་དུ་གནོད་སེམས་དང་། འཁོན་དང་། བརྣབ་སེམས་དང་། མ་དད་པ་དང་། ལེ་ལོ་དང་། ཡིད་གཉིས་ལ་སོགས་ཏེ་ཉོན་མོངས་པའི་སྐྱོན་དང་། སེམས་མ་འདྲེས་པར་བསྡམ་ཞིང་བག་བྱ། གཞུ་རྡེག་ལ་སོགས་པ་ཆད་པ་དང་། གནོད་པའི་ལས་མིང་ཡང་མི་ གྲག་པར་བྱ། དེ་བཞིན་གཤེགས་པ་དེ་དག་གི་ཡོན་ཏན་དང་། མཐུའི་ཁྱད་པར་ལ་ཡིད་ཆེས་ཤིང་མོས་པར་བྱ་སྟེ། བཀའ་དྲིན་གཟོ་ཞིང་དང་བ་དང་། དད་པ་དང་གུས་པའི་སེམས་ཆེར་བསྐྱེད། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་པ་ངེས་པར་གཟུང་། སེམས་ཅན་ལ་བྱམས་པ་ དང་། སྙིང་རྗེའི་སེམས་བསྐྱེད་ལ། ཁྱིམ་པ་ཞིག་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་། བཙོན་དང་བུ་ལོན་ཅན་བདག་ལ་དབང་ཡོད་པ་རྣམས་ཐར་བར་བྱ་ཞིང་། ཕོངས་པ་རྣམས་ལ་དཔུང་གཉེན་བྱ། དེ་བཞིན་གཤེགས་པ་བརྒྱད་དང་། འཕགས་པ་འཇམ་དཔལ་དང་། ཕྱག་ ན་རྡོ་རྗེ་དང་། སྐྱབས་གྲོལ་གྱི་སྐུ་གཟུགས་རྒྱུ་ཅི་འབྱོར་པ་ལས་གསར་དུ་བྱ། གསར་དུ་མ་འབྱོར་ན་སྐུ་གཟུགས་རྙིང་པ་ཅི་བཞུགས་སྤྱན་དྲངས། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་ཁྱད་པར་རྒྱས་པའི་མདོ་སྡེ། མཆོད་པ་ཞག་དུས་ཟིན་གྱི་བར་དུ་ཉིན་མཚན་རྒྱུན་མི་ འཆད་པར་ཚར་བཞི་བཅུ་རྩ་དགུ་ལས་མི་ཉུང་བར་བཀླག །འཕགས་པ་ཆོས་སྐྱོང་བ་དང་གནོད་སྦྱིན་རྣམས་ལ་ཆོས་ཀྱི་སྦྱིན་པ་དབུལ་བའི་མདོ་སྡེ་བཟང་པོ་གྲྭ་གཅིག་ཀྱང་རྒྱུན་དུ་བཀླག །དགེ་སློང་གི་དགེ་འདུན་ལ་ཟས་དང་སྐོམ་དང་ཡོ་བྱད་ཐམས་ཅད་ཀྱིས་ཅི་ནུས་སུ་མཆོད་པ་དང་ རིམ་གྲོ་བྱའོ། །མཆོད་པ་བྱ་བའི་ཞག་གྲངས་ནི་ཞག་བདུན་ནམ། ཞག་ཉི་ཤུ་རྩ་གཅིག་གམ། སུམ་ཅུ་རྩ་ལྔའམ་བཞི་བཅུ་རྩ་དགུའི་བར་དུ་བྱ་སྟེ། ལྕོགས་པར་བྱེད་ན་ཉིན་ལན་གསུམ་མཚན་ལན་གསུམ་དུ་མཆོད་ཅིང་སྨོན་ལམ་གདབ། དམ་ཆོས་བཀླག་པ་དང་མཆོད་པ་གཞན་ རྒྱུན་མི་འཆད་པར་བྱ། ཆོ་ག་འདི་སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་བདུན་པོའི་མཚན་ཐོས་ཤིང་བརྗོད་པ་ལས་ཕན་ཡོན་འབྱུང་བ་ཡིན་པས་ཕྱག་འཚལ་བ་དང་བསྔོ་བའི་བར་དུ་སྐབས་ཅི་ཡོད་པར་མཚན་ལན་མང་དུ་སྨོས་ཤིང་། ཅི་ནས་ཀྱང་ མང་དུ་ཐོས་ཤིང་བརྗོད་པའི་ཚུལ་དུ་བྱའོ། །མཆོད་པའི་ཡོ་བྱད་འོག་ནས་འབྱུང་བ་བཞིན་དུ་བཤམས་ཤིང་གཙང་སྦྲ་ཆེ་བར་བྱ། མཆོད་པ་རྣམ་པ་ལྔ་དང་སིལ་སྙན་དང་། ཕེག་རྡོབ་པ་ལ་སོགས་པ་སེ་ཡི་མ་ཤིང་རྔ་དང་གར་ལ་སོགས་པ་རོལ་མོ་ཅི་འབྱོར་པ་རྒྱས་པར་བྱ། །ཡོན་བདག་དང་ མཆོད་པའི་ལས་ལ་གཏོགས་པ་རྣམས་ཁྲུས་བྱ་ཞིང་གོས་གཙང་མ་ཉིན་མཆོད་པ་ལན་དུ་བྱེད་པའི་ཚེ་སྤོ་ཞིང་བགོའོ། །མཆོད་པའི་རིམ་པ་ནི་ཡོ་བྱད་ཚུལ་བཞིན་བཤམས་ཀྱི་འོག་ཏུ་དགེ་འདུན་དང་ཡོན་བདག་ཚོགས་ནས་སེམས་ཅན་ཐམས་ཅད་ལ་བྱམས་པས་ཁྱབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་ བསྒོམ། དེ་ནས་མཆོད་པའི་ཚོགས་རྣམས་བདེན་པ་བརྡར་ཞིང་བྱིན་གྱིས་བརླབ། དེ་ནས་འཕགས་པ་སྤྱན་དྲང་། དེ་ནས་འཕགས་པའི་ཚོགས་གདན་འཛོམ་སྟེ། སོ་སོའི་གདན་ལ་བཞུགས་པར་བསམ། དེ་ནས་འཕགས་པའི་ཚོགས་མངོན་དུ་དམིགས་ལ་གདན་འཛོམ་པའི་སྤྱི་ ལ་ཕྱག་འཚལ་བ་དང་མཆོད་པ་ལྔ་དབུལ། བསྐུལ་བའི་སྨོན་ལམ་བཀླག །དེ་བཞིན་གཤེགས་པ་བརྒྱད་ལ་སོགས་པ་རེ་རེ་ལ་མཆོད་པ་དབུལ་ཞིང་མདོ་ལས་འབྱུང་བཞིན་སྨོན་ལམ་གདབ་པར་ཚར་ཕྱིན་པར་བྱ། དེ་ནས་ཀུན་གྱིས་གཟུངས་ཀྱི་སྙིང་པོ་ལོགས་ཤིག་ཏུ་ཕྱུང་བ་བཞི་བཅུ་རྩ་དགུ་མན་ ཆད་བདུན་ཡན་ཆད་ཅི་ནུས་སུ་བཀླག །དེའི་རྗེས་ལ་སྤྱི་ལ་མཆོད་པ་ལན་ཅིག་བྱས་ནས་བསོད་ནམས་བསྔོ་བའི་སྨོན་ལམ་གདབ། དེ་ནས་བཟོད་པར་གསོལ་ཏེ་སླར་གཤེགས་པའི་ཚོགས་བཅད་བཀླག་སྟེ་གྱེས། མཆོད་པ་བཤམས་པའི་ཐབས་འབྱོར་པའི་སྟོབས་ཀྱིས་ཅི་ནུས་པ་དང་སྦྱར་ ཏེ། མཎྜལ་ཆེན་པོའི་སྟེང་དུ་ཚོན་ཕྱེའམ། མེ་ཏོག་ལས་རིན་པོ་ཆེ་སྣ་ལྔའི་ཕོ་བྲང་རྟ་བབས་དང་། མུ་ཏིག་གི་ཕྲེང་བ་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞི་པདྨའི་གདན་དང་བཅས་པ་བྲིས་པ་སྣམ་བུ་བར་མ་གཞལ་མེད་ཁང་གི་གུང་ལ་ཨན་འཚམ་པའི་སེང་གེའི་ཁྲི་དང་སྦྱར་ཏེ། ཚོན་ སྣ་ལྔའི་ཚས་ཀྱིས་དཀྲིས་པའི་མདོ་སྡེའི་པུསྟི་དང་། དེ་བཞིན་གཤེགས་པ་བརྒྱད་ཀྱི་སྐུ་གཟུགས་བཞུགས། གཡས་གཡོན་དུའང་ཨན་ཁྲི་འཚམ་པ་བཞག་ལ། གཡས་གཡོན་གྱི་གྲལ་སྟོད་དུ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་བྱང་ཆུབ་སེམས་དཔའ་བཞུགས་པར་ བཤམ། གཡས་གྲལ་སྨད་དུ་ནི་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། ཕྱོགས་སྐྱོང་བ་བཅུ་དང་། དམ་པའི་ཆོས་སྐྱོང་བ་ཐམས་ཅད་བཞུགས་སུ་གསོལ། གཡོན་གྲལ་སྨད་དུ་ནི་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་བཞུགས་པར་བཤམ། ཤར་ཕྱོགས་ཀྱི་ ངོས་སུ་ཨན་ཆུང་ངུའམ། གཞོང་བུའམ་མན་འཇི་ལས་གཞི་བླངས་པའི་སྟེང་དུ། འཕགས་པ་འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། སྐྱབས་གྲོལ་གདན་འཛོམ་པ་ལ་སྔོན་གྱི་ཐུགས་དམ་བསྐུལ་ཞིང་མདོ་སྡེའི་དོན་ལས་འབྱུང་བའི་ཕྲིན་ལས་མཛད་པའི་ཚུལ་དུ་བཞུགས་པ་ ལྟར་གདན་བཤམ་ཞིང་སོ་སོའི་སྐུ་གཟུགས་ཀྱང་བཞུགས་པར་བྱ། ལྷ་བཞུགས་པའི་སྣམ་བུའི་གཞི་ཡང་པདྨས་འཁོར་བར་བྱ། དབུས་ཀྱི་པདྨ་ལའམ་སྤྱན་སྔར་སྒྲེང་བ། གར་སྡུག་ཅིང་བདེ་བར་གཟུངས་ཆུའི་བུམ་པ་ཁ་རྒྱན་དང་བཅས་པ་དགུ་གཞག །ཕྱི་རོལ་གྱི་སྣམ་ བུའི་ནང་དུ་བཀྲ་ཤིས་དང་། ཤིང་ལྗོན་པ་ལ་སོགས་པའི་རྒྱན་ལ་འོས་པའི་ཁོལ་མ་བཀྲམ་ལ། ཕྱི་ཚོན་སྣ་ལྔའི་གཞལ་མེད་ཁང་སྒོ་ཁྱུད་དང་། རྟ་བབས་སུ་བཅས་པ་བྲི་ཞིང་མུ་ཏིག་གི་ཕྲེང་བ་དང་། དོ་ཤལ་གྱི་ཁོལ་མ་བཀོད་ལ། དེ་དག་གི་སྟེང་དུ་ལྷ་བཤོས་དང་ཡོན་ཆབ་ལ་ སོགས་པ་མཆོད་པ་རྣམས་ཀྱང་དགྲམ། ཚོན་གྱིས་བྲི་བར་དཀའ་ན་མེ་ཏོག་དགྲམ་པའམ། མཎྜལ་ཙམ་བྱ། སྟེང་དུ་ཡང་བླ་རེ་དང་གདུགས་ཅི་འབྱོར་པས་ཀླུབས། ངོས་སུ་ཡང་རྒྱལ་མཚན་དང་། ཚོན་སྣ་ལྔ་པའི་བ་དན་བཞི་བཅུ་རྩ་དགུ་ལས་ལྷག་པ་ཡན་ཆད་ཅི་འབྱོར་པ་རྒྱས་ པར་དགྲམ། མར་མེའི་ཁ་གྲངས་ནི་ལྔ་བཅུ་རྩ་བཞི་མན་ཆད་དུ་བྱ་སྟེ། དེ་ལས་ཁ་གྲངས་དགུ་ཡན་ཆད་ཅི་ནུས་པ་ཉིན་མཚན་དུ་བར་མ་ཆད་པར་གཏང་། ལྷ་བཤོས་ནི་དེ་བཞིན་གཤེགས་པ་བརྒྱད་ལ་ཆ་རེ་རེ། འཕགས་པ་འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། སྐྱབས་གྲོལ་ལ་ ཆ་རེ་རེ། ལྷའི་དབང་པོ་བརྒྱ་བྱིན་དང་རྒྱལ་པོ་ཆེན་པོ་བཞི་ལ་ཆ་རེ་རེ། དམ་པའི་ཆོས་སྐྱོང་བ་སྤྱི་ལ་ཆ་གཅིག །ཆོས་གཉིས་ལ་ཆ་རེ་རེ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ལ་ཆ་རེ་རེ། སྤྱི་གཏོར་ཆེན་པོ་གཅིག་འདི་རྣམས་སོ་སོའི་སྤྱན་སྔར་གར་འོས་པར་ དབབ། ངོས་གཉིས་སུ་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་མདོ་སྡེ་ཉིན་མཚན་དུ་བར་མ་ཆད་པར་ཐུན་དུ་བཀླག །ཆོས་ཀྱི་སྦྱིན་པ་དབུལ་བ་མདོ་སྡེ་གྲྭ་གཅིག་གདན་ཁྲི་བཤམས་ཏེ་ཅི་ནུས་སུ་བཀླག །མཆོད་པ་བཤམས་པའི་མདུན་དུ་མཆོད་པ་ལ་འདུ་བ་རྣམས་ཀྱི་སྟན་ བཤམས་ཏེ། མདུན་མདུན་དུ་མཆོད་པ་རྣམ་པ་ལྔ་དབུལ་བ་ལེགས་པར་བཤམས་ལ། རོལ་མོ་དང་སིལ་སྙན་བྱེད་པའི་གྲྭ་གཅིག་ཀྱང་ཟླ་བ་བསྟར་ཏེ་ཕྱེད་དུ་གཞུག །མཆོད་པ་བཤམས་པ་ནི་མདོར་ན་ཚད་ངེས་པ་མེད་དེ། །བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གྱི་བཀོད་པ་དང་མཐུན་ པར་ནུས་ཀྱང་རུང་། ཐ་མ་མཎྜལ་བྱས་ཏེ། མེ་ཏོག་ཆུ་ཕོར་གང་ཙམ་གྱིས་མཆོད་ཀྱང་རུང་སྟེ། རང་གི་འབྱོར་པའི་ཉམས་ཀྱིས་ཅི་ལྕོགས་སུ་འབད་དེ་བྱའོ། །ཡིད་ཀྱི་མཆོད་པ་ནི་ཅི་ནས་ཀྱང་རྒྱ་ཆེ་ཞིང་བཟང་བར་བསམ་ཞིང་བདེན་པ་བདར་ཏེ། སྨོན་ལམ་ཡང་གདབ། ལྷ་བཤོས་ཀྱི་ཆ་ དང་། མར་མེའི་གྲངས་ཀྱང་མི་འབྱོར་ན་ཉུང་དུ་བསྡུར་ཡང་རུང་། འབྱོར་ན་ཅི་འོས་པ་མང་དུ་བསྐྱེད་ཀྱང་རུང་ངོ་། །དང་པོ་མདོ་སྡེ་ལས་འབྱུང་བའི་ཆོ་ག་བཞིན་དུ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེས་ཁྱབ་པར་བསྒོམ་མོ། །མཆོད་པ་བཤམས་ཏེ། དགེ་འདུན་འཚོགས་ ནས་ཕྱོགས་བཅུའི་འཕགས་པ་ཐམས་ཅད་ལ་ཕྱག་བྱ། དེ་ནས་རིག་པའི་ཚུལ་གང་ལ་གོམས་པའི་སྒོ་ནས་ཆོས་ཐམས་ཅད་དམིགས་སུ་མེད་པར་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཅི་རན་ཅིག་བསྒོམ་མོ། །དེའི་འོག་ཏུ་ཏིང་ངེ་འཛིན་ལས་ལངས་ནས་འདི་སྙམ་དུ་ཆོས་ཐམས་ཅད་དམིགས་ སུ་མེད་པའི་དོན་དེ་ལྟ་བུ་ཡིན་ལ། འཕགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པས་སྐུ་དང་གསུང་དང་ཐུགས་ནམ་མཁའ་དང་འདྲ་བར་གྱུར་ཏེ། སྒྲིབ་པ་མི་མངའ་ཞིང་མཐུ་དང་། བྱིན་གྱི་རླབས་བསམ་གྱིས་མི་ཁྱབ་པའི་གོ་འཕང་བརྙེས་པར་ཡང་རུང་ན། ཀྱེ་མ་སེམས་ ཅན་འདི་རྣམས་ཆོས་ཀྱི་དེ་ཁོ་ན་ཉིད་མ་རྟོགས་ཏེ། རྨོངས་པས་ཉོན་མོངས་པ་དང་སྡུག་བསྔལ་མང་པོས་གཟིར་ཏེ། ཉམ་ཐག་པའི་གནས་སུ་ལྷུང་བར་གྱུར་ལ། སེམས་ཅན་ཐམས་ཅད་ཀྱང་ཐོག་མ་མེད་པའི་འཁོར་བ་ནས་འགྲོ་བ་བརྒྱུད་པ་རྣམས་སུ་བདག་གི་བཤེས་གཉེན་དམ་པ་དྲིན་གྱི་ ཞིང་དུ་མ་གྱུར་པ་འགའ་ཡང་མེད་དེ། བདག་གིས་ཀྱང་དང་པོ་བྱང་ཆུབ་ཀྱི་སེམས་དམ་པ་བསྐྱེད་དེ། འགྲོ་བ་མང་པོའི་ཕན་པ་དང་བདེ་བའི་དོན་དཔག་ཏུ་མེད་པ་བསྒྲུབ་པར་དམ་བཅས་པའི་དུས་ཀྱི་ཚེ། སེམས་ཅན་ཐམས་ཅད་བདག་གིར་བླངས་ཟིན་པས་འདི་ལྟ་བུ་ལ་བྱང་ཆུབ་ སེམས་དཔའ་རྣམས་ཀྱིས་ཡལ་བར་འདོར་བ་ནི་མི་རིགས་ན། འདི་དག་ཇི་ལྟར་སྡུག་བསྔལ་ལས་ནི་གདོན། བདེ་བ་ལ་ནི་དགོད་པར་བྱ་སྙམ་དུ་སྙིང་རྗེ་དང་། བྱམས་པ་ཆེན་པོ་དང་ལྡན་པའི་བརྩོན་པའི་སེམས་དྲག་ཏུ་བསྐྱེད་པར་བྱའོ། །ཡང་འདི་སྙམ་དུ་བསམས་ཏེ། བདག་ནི་ དུས་ངན་པའི་སེམས་ཅན་སྤྱོད་པ་དང་མཐུ་དམན་པ་ཡིན་པས། བདག་ཉིད་གཅིག་པུས་འཕྲལ་དུ་དོན་རླབས་པོ་ཆེ་འདི་ལྟ་བུ་ནི་མི་ལྕོགས་ཀྱི། སྟོན་པ་བདེ་བར་གཤེགས་པས་སྔོན་ཅི་ལྟར་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་འགྲིབ་པ་ན་སེམས་ཅན་ཐམས་ཅད་རྗེས་སུ་ གཟུང་བའི་སླད་དུ་དེ་བཞིན་གཤེགས་པ་བདུན་གྱི་ཐབས་མཁས་པ་དང་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལས་བྱུང་བ་བཞིན་དུ། བཅོམ་ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་བདུན་ལ་ མཐུ་བརྟན་དཔུང་གཉེན་དུ་གསོལ་ཏེ། དེ་ལྟར་ནི་འཕགས་པ་རྣམས་ཀྱི་མཐུ་དང་བྱིན་གྱི་རླབས་ཀྱིས། འགྲོ་བ་རྣམས་ལ་ཕན་པ་བསྒྲུབ་པར་བྱ་ལ། ཕྱིས་ནི་བདག་ཉིད་གཅིག་པུས་གཞན་ལ་ལྟོས་པ་མེད་པར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བླ་ན་མེད་པ་བསྒྲུབ་པར་ བྱའོ་སྙམ་དུ་བསམ་མོ། །སྙིང་རྗེ་དང་བྱམས་པའི་སེམས་བསྐྱེད་པའི་འོག་ཏུ། སེམས་ཅན་གྱི་དོན་བྱ་བར་བརྩམ་པའི་ཕྱིར་འཕགས་པ་གདན་འཛོམ་པའི་ཕོ་བྲང་དང་། མཆོད་པའི་ཚོགས་བཤམས་ཤིང་བསམ་པ་རྣམ་པར་དག་པའི་ཡིད་ཀྱིས་བདེན་པ་བདར་ཞིང་ཡིད་ཀྱིས་ བསྔོ་བ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་དང་། བཅོམ་ ལྡན་འདས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་ལ་སོགས་པ་དེ་བཞིན་གཤེགས་པ་བདུན་དང་། སྟོན་པ་བདེ་བར་གཤེགས་པ་དཔལ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་གདན་འཛོམ་པའི་ཕོ་བྲང་གི་དཀྱིལ་འཁོར་དང་། མཆོད་པའི་ཚོགས་སྦྱར་བ་འདི་རྣམས། ཇི་ལྟར་དེ་བཞིན་ གཤེགས་པ་དེ་དག་གི་སྔོན་གྱི་སྨོན་ལམ་ཁྱད་པར་ཅན་གྱིས་བསྒྲུབས་པའི་སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་དང་། བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ལྟ་བུ་དང་ལྡན་པར་གྱུར་ཏེ། ས་གཞི་རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་ལག་མཐིལ་ལྟར་མཉམ་ པ། ཐ་གྲུ་ཆེ་བ་ཡངས་པ། རེག་ན་འཇམ་ཞིང་བདེ་བ་དང་། དྲི་མ་མེད་ཅིང་འོད་གསལ་བ། ཙནྡན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་ཀྱིས་གཅལ་བཀྲམ་པ། མཐའ་རིན་པོ་ཆེའི་ཕ་གུས་བརྩིགས་ཤིང་གསེར་དང་མུ་ཏིག་གི་གྲམ་བུ་དང་བྱེ་མ་བདལ་ བ་དང་། ཨུཏྤ་ལ་དང་། ཀུ་མུ་ཏ་དང་། པདྨ་འགྱིང་ཞིང་ལྡེམ་པས་ཁེབས་པར་གྱུར་ཅིག །ཆུ་བྱ་སྣ་ཚོགས་སྐད་སྙན་པ་སྒྲོགས་པ་དགའ་ལ་འཕྱོ་ཞིང་ལྡིང་བས་བརྒྱན་པའི་ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་དང་ལྟེང་ཀ་དག་གིས་མཛེས་པར་བྱས་པ། རིན་པོ་ཆེའི་དཔག་ བསམ་གྱི་ཤིང་ལྗོན་པ་ལྷའི་ནོར་བུ་དང་། མུ་ཏིག་གི་རྒྱན་ཕྲེང་དང་། རིན་པོ་ཆེ་དཔྱངས་པ། །མེ་ཏོག་གི་མགོ་ལྕོགས་དང་། འབྲས་བུས་མཛེས་པར་ཆགས་པས་གཡུར་ཟ་ཞིང་ལྡེམ་ལ། གསེར་གྱི་དྲིལ་བུ་གཡེར་ཁ་འཁྲོལ་བ་ལས་དམ་པའི་ཆོས་ཀྱི་སྒྲ་འབྱུང་བ་དང་ལྡན་པ་ཚར་དུ་སྦྲེངས་ པས་ལེགས་པར་བརྒྱན་པའི་ས་གཞི་ལ་གཞལ་མེད་ཁང་ཆེན་པོ། རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བར་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་རྒྱས་པར་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་ཕྱེ་བ་མཐའ་ཡས་པར་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ་ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ། འཇིག་རྟེན་ལས་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ་ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་ དཔའ་དཔག་ཏུ་མེད་པའི་དགེ་འདུན་དང་ལྡན་པ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟེན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པ། ཉེ་བར་གནས་པ། ཉོན་མོངས་པའི་དྲི་མའི་གནོད་པ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། །ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པ། དེ་བཞིན་གཤེགས་པའི་བཀོད་པའི་གནས་དྲན་པ་དང་ བློ་གྲོས་དང་། རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་ཆེན་པོའི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་ཆེན་པོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོའི་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་ པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར་པའི་ནང་དུ། གུང་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས་པར་འོས་པའི་རིན་པོ་ཆེའི་སེང་གེའི་གདན་ཁྲི་ལྷའི་དར་ཟབ་དང་རས་བཅོས་བུས་གཡོགས་པ་ནེམ་ཞིང་འཕར་བའི་རློང་དང་ལྡན་པའི་སྐུ་རྟེན་དང་བཅས་པ་བརྒྱད་འབྱུང་ཞིང་ གཡས་གཡོན་དུ་ཡང་འཁོར་གྱི་གཙོ་བོ་བྱང་ཆུབ་སེམས་དཔའ་རྣམས་དང་། ཆོས་སྐྱོང་ཐུགས་དམ་ཅན་བཞུགས་པའི་པདྨའི་གདན་བརྒྱ་སྟོང་མང་པོ་དང་། མདུན་གྱི་ངོས་སུ་འཕགས་པ་འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། སྐྱབས་གྲོལ་བཞུགས་པའི་པདྨའི་གདན་བཟང་པོ་ འབྱུང་བ་དང་། ཕྱི་ནང་ཐམས་ཅད་ཆ་རིགས་དང་འཚམ་པ་མི་དང་། ལྷའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རྒྱན་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་ཕུང་པོ་གསུམ་པའི་མདོ་དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་རྒྱ་མཚོ་ཐམས་ཅད་ ཀྱིས་རྒྱས་པར་གང་ཞིང་རྒྱན་ཀླུབས་པ་དང་ལྡན་པར་གྱུར་ཅིག །འཕགས་པ་གདན་འཛོམ་པས་ཀྱང་། དེ་བཞིན་དུ་བྱིན་གྱིས་བརླབས་ཤིང་བཞེས་ཏེ་ལོངས་སྤྱོད་པར་གྱུར་ཅིག །དེ་སྐད་ལན་གསུམ་བཟླས། ཡང་དེའི་རྗེས་ལ་དཀོན་མཆོག་གསུམ་གྱི་བདེན་ པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སྟོབས་ཀྱིས་དེ་བཞིན་དུ་གྱུར་ཅིག །ཅེས་ལན་གསུམ་བཟླས། མཆོད་པའི་ཚོགས་ བདེན་པས་བྱིན་གྱིས་བརླབས་པའི་འོག་ཏུ་འཕགས་པ་སྤྱན་དྲང་བ། པུས་མོ་བཙུགས་ཏེ་མེ་ཏོག་བླངས་ཐལ་མོ་སྦྱར་ནས་ཚིག་འདི་སྐད་ཅེས། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གཞན་གྱིས་མི་ཐུབ་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞམ་འབྲིང་བ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་བཞུགས་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རིན་པོ་ཆེ་དང་ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ། བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་བཞུགས་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྤོས་ཀྱིས་ཡོངས་སུ་གང་བ་རིན་ཆེན་བསགས་པ་ན། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟངས་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་ཏེ་བཞུགས་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ན་དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་ཏེ་བཞུགས་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཆོས་ཀྱི་རྒྱལ་མཚན་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས། བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་ཀུན་ནས་བསྐོར་ཏེ་བཞུགས་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་རྒྱ་མཚོར་ལེགས་པར་གནས་པ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ། བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་ཀུན་ནས་བསྐོར་ཏེ་བཞུགས་པ་དང་། ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་བཻ་ཌཱུརྱ་སྣང་བ་ན་བཅོམ་ལྡན་འདས་དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང་། ཟླ་བ་ལྟར་རྣམ་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་བཞུགས་པ་ལ་སོགས་ཏེ། དེ་བཞིན་ གཤེགས་པ་བདུན་པོ་འཁོར་དང་བཅས་པ་རྣམས་དགོངས་སུ་གསོལ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་བ་ཐམ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ལས་ཀྱི་སྒྲིབ་པ་སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་ ལུས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་། ཕན་པ་དང་བདེ་བའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ཀྱི་ཐབས་མཁས་པ་མང་པོ་དང་། སྔོན་གྱི་སྨོན་ལམ་གྱི་ ཁྱད་པར་རྒྱས་པ་བཟང་ཞིང་རླབས་ཆེ་བ་དང་། མཐུ་དང་བྱིན་གྱི་རླབས་དཔག་ཏུ་མ་མཆིས་པ་མངའ་བ་ལ་བརྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་ དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། ད་ལྟར་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དཔལ་ཤཱཀྱ་ཐུབ་པ་གདུལ་བྱའི་དབང་དུ་འཛམ་བུའི་གླིང་འདིར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཀྱང་འཇིག་རྟེན་གྱི་ ཁམས་གཞན་དག་ཏུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་ཅིང་བཞུགས་པ་ཡང་། དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་དང་། སྔོན་གྱི་སྨོན་ལམ་ཆེན་པོ་དང་། སྔོན་གྱི་སྨོན་ལམ་ཁྱད་པར་ཅན་ལས་གླེངས་ཏེ། བདག་ཅག་རྣམས་མངའ་རིས་ཀྱི་གདུལ་བྱ་ཕྱག་མཚན་དུ་བཞེས་པའི་ནང་དུ་གཏོགས་ཏེ། བཀའ་དྲིན་ཐོབ་པའི་འཕྲོ་མ་མཆིས་པ་ཙམ་ལ་བརྟེན་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་ པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དཔལ་ཕྱག་ན་རྡོ་རྗེ་དང་། རྒྱལ་བའི་སྲས་པོ་སྐྱབས་གྲོལ་ལ་ སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་སྔོན་དེ་བཞིན་གཤེགས་པ་བདུན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་བཀའ་སྩལ་པའི་ཚེ་གདན་འཛོམ་པར་འདུས་ཏེ། མདོ་སྡེ་བྱིན་གྱིས་བརླབས་ཤིང་དེ་བཞིན་གཤེགས་པའི་བཀའ་སྒྲུབ་པར་ཐུགས་བསྐྱེད་པ་ དེ་དག་ཐམས་ཅད་ཀྱང་ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། །སྔོན་ དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་པོས་བཀས་གཏད་ཅིང་སོ་སོ་ནས་ཀྱང་ལྷའི་ཚིག་བདེན་པས་མདོངས་གསོལ་དུ་ཞལ་གྱིས་བཞེས་ཏེ། དམ་པའི་ཆོས་དང་འཁོར་རྣམ་བཞི་སྐྱོང་བར་མཛད་ཅིང་། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་ མདོ་སྡེ་འདི་ཡང་ལྷག་པར་ཕྱག་མཚན་དུ་བཞེས་པ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་སྲས་ལ་སོགས་པ་འཕགས་པ་ཆོས་སྐྱོང་བ་ཐམས་ཅད་ཀྱང་ཆེ་གེ་མོ་ལ་སོགས་ པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ་མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཅིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་པ་ཆེན་པོ་མཛད་དེ་བྱིན་གྱིས་བརླབ་ཏུ་གསོལ། སྔོན་དེ་བཞིན་གཤེགས་པ་གདན་འཛོམ་པ་ཆེན་ པོའི་སྤྱན་སྔར། དེ་བཞིན་གཤེགས་པ་བདུན་གྱི་སྔོན་གྱི་སྨོན་ལམ་གྱི་ཁྱད་པར་རྒྱས་པའི་མདོ་སྡེ་འཆང་བ་དང་མཆོད་པ་ལ་སོགས་པའི་སེམས་ཅན་དེ་དག་ཕྱག་མཚན་དུ་བཞེས་ཤིང་བསྲུང་བར་ཞལ་གྱིས་བཞེས་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་དང་། གནོད་སྦྱིན་གྱི་སྡེ་ དཔོན་ཆེན་པོ་རྡོ་རྗེ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྒྱན་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཟའ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རླུང་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གནས་བཅས་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་དབང་འཛིན་དང་། གནོད་ སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྟུང་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སྨྲ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བསམ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གཡོ་བ་འཛིན་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྫོགས་བྱེད་དེ། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ པོ་ཐམས་ཅད་ལ་ཡང་སྔོན་གྱི་ཐུགས་དམ་བཟང་པོ་ལས་གླེངས་ཏེ། ཆེ་གེ་མོ་ལ་སོགས་པ་འགྲོ་བ་མང་པོ་བསྐྱབ་པའི་སླད་དུ། མགོན་སྐྱབས་དང་དཔུང་གཉེན་དུ་སྤྱན་འདྲེན་ཞིང་མཆིས་ན། མཆོད་པའི་ཚོགས་སྦྱར་བའི་ཕོ་བྲང་གི་དཀྱིལ་འཁོར་འདིར་གཤེགས་ཤིང་གདན་འཛོམ་ པ་ཆེན་པོ་མཛད་དེ། བྱིན་གྱིས་བརླབ་ཏུ་གསོལ། སྐབས་འདིར་ལྷ་ཀླུ་སྤྱན་དྲང་སྟེ། ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་དབང་དང་ལྡན། །ཐུགས་རྗེ་ཐབས་མཁས་ཐུགས་བསྒོམ་དཀྱེལ་པོ་ཆེ། །ལྷ་དང་དྲང་སྲོང་གཤིན་རྗེ་སྲིན་པོ་ཀླུ། །རླུང་ལྷ་གནོད་སྦྱིན་བགེགས་གཟའ་རྒྱུ་སྐར་ བཅས། །དེ་དག་སོ་སོའི་དབང་པོའི་སྐུར་སྟོན་པ། །ཕྱོགས་བཅུའི་འཇིག་རྟེན་སྐྱོང་བ་བཞུགས་སོ་འཚལ། །བསྟན་པ་རྒྱས་པའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ས་མཱ་ཛཿ། དེ་ལྟར་སྤྱན་དྲངས་པ་ཐམས་ཅད་ཀྱང་རྫུ་འཕྲུལ་ གྱིས་ནམ་མཁའ་ལ་བྱོན་པར་བསམ་མོ། །སྤྱན་དྲང་བའི་ཆོ་ག་རྫོགས་པའི་རྗེས་ལ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་དང་། འཕགས་པ་ལྷའི་སྙན་དང་སྤྱན་རྣམ་པར་དག་པ་མངའ་བ་རྣམས་ཀྱི་གསོལ་ཚིག་འདས་མ་ཐག་ཏུ་རྫུ་འཕྲུལ་གྱིས་ ནམ་མཁའ་ནས་གཤེགས་ཏེ། གཞལ་ཡས་ཁང་གི་དབུས་ཀྱི་སེང་གེའི་ཁྲི་ཆེན་པོ་བརྒྱད་ལ་དེ་བཞིན་གཤེགས་པ་བརྒྱད་བཞུགས། གཡས་གཡོན་གྱི་གྲལ་སྟོད་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་བཞུགས། གཡས་གཡོན་གྱི་གྲལ་སྨད་དུ་ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་བཞུགས། གདན་འཛོམ་པའི་དབུས་སུ་པདྨའི་གདན་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། ཕྱག་ན་རྡོ་རྗེ་དང་། སྐྱབས་གྲོལ་གསུམ་ལྡན་འཛོམ་པ་ལ། སྔོན་གྱི་ཐུགས་ དམ་བསྐུལ་ཞིང་གསོལ་བའི་ཕྲིན་ལས་མཛད་ཅིང་བཞུགས་པར་སྔོན་དུ་དམིགས་ཤིང་བསམ། ཕོ་བྲང་གི་དཀྱིལ་འཁོར་དང་མཆོད་པའི་ཚོགས་ཀྱང་སྔར་བདེན་པ་བདར་བའི་ཚུལ་དང་འདྲ་བར་གྱུར་པར་བསམ་ཞིང་མོས་པ་བསྐྱེད་དེ་སྤྱན་དྲངས་པའི་རྗེས་ལ། འཕགས་པ་གདན་ འཛོམ་པ་ལ་སྤྱིར་ཕྱག་འཚལ་ཞིང་མཆོད་ནས་བསྐུལ་ཞིང་གསོལ་བ། དེ་ནས་མཆོད་པའི་ཚོགས་ཀྱིས་བརྒྱན་པའི་ཕོ་བྲང་ན། འཕགས་པ་གདན་འཛོམ་པ་བཞུགས་པར་མངོན་དུ་དམིགས་བཞིན་དུ། མཆོད་ཡོན་ལ་སོགས་པ་མཆོད་པ་ཅི་འབྱོར་པ་དབུལ་ཞིང་རོལ་མོ་བྱ། དེ་ནས་ཕྱག་འཚལ་བ་འགྲེང་ཕྱག་བདུན་བདུན་བྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་ལེགས་པར་ཡོངས་བསྒྲགས་དཔལ་གྱི་རྒྱལ་པོ་ཞམ་འབྲིང་བ་བྱང་ཆུབ་སེམས་དཔའི་འཁོར་བྱེ་བ་ཁྲག་ཁྲིག་དང་བཅས་པ་ལ་ཕྱག་ འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་དང་། ཟླ་བ་དང་པདྨས་རབ་ཏུ་བརྒྱན་པ་མཁས་པ་གཟི་བརྗིད་སྒྲ་དབྱངས་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པ་དང་བཅས་པ་ལ་ ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་བཟང་དྲི་མེད་རིན་ཆེན་སྣང་བརྟུལ་ཞུགས་གྲུབ་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་མེད་མཆོག་དཔལ་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་བསྒྲགས་རྒྱ་མཚོའི་དབྱངས་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཆོས་རྒྱ་མཚོ་མཆོག་གི་བློས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པས་ཀུན་ནས་བསྐོར་བ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་ཌཱུརྱའི་འོད་ཀྱི་རྒྱལ་པོ་འཁོར་བྱང་ཆུབ་སེམས་དཔའ་ཉི་མ་ལྟར་རྣམ་པར་སྣང་བྱེད་དང་། ཟླ་བ་ལྟར་རྣམ་པར་སྣང་བྱེད་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་གྲངས་མེད་པ་དང་བཅས་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །སྟོན་པ་བཅོམ་ ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། ཕྱག་ན་རྡོ་རྗེ་དང་། སྐྱབས་ གྲོལ་ལ་སོགས་པ་ལ་གུས་པར་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །ཚངས་པ་དང་། ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་དམ་པ་ཆོས་སྐྱོང་བ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཇི་འཇིགས་ ལ་སོགས་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཅུ་གཉིས་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། །འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། ཞལ་ཟས་དང་མར་མེ། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་། ཕྱོགས་བཅུ་ན་བདག་པོས་མ་བཟུང་ཞིང་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་། རིགས་པའི་མཐུ་དང་། མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་ བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་མཐས་ཀླས་པ། ཆོས་ཀྱི་དབྱིངས་སུ་གཏོགས་པ་ཐམས་ཅད་རྒྱས་པར་བཀང་སྟེ། དབུལ་ལོ་མཆོད་དོ། །མིང་འདི་ཞེས་བགྱི་བ་དང་། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བའི་ཚེ་རབས་ ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་ནི་མ་བགྱིས་པ་ལ་སོགས་པའི་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་ བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་ མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བ་འཚལ་ལོ། །བཅོམ་ལྡན་འདས་གདན་འཛོམ་པ་ཆེན་པོ་དགོངས་སུ་གསོལ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྣམས་ཀྱིས་སླད་མའི་དུས་ལྔ་བརྒྱ་པ་ཐ་མ་ལ་དམ་པའི་ཆོས་ལྟར་བཅོས་པ་འབྱུང་བ་ན། སེམས་ཅན་ལས་ཀྱི་སྒྲིབ་པ་ སྣ་ཚོགས་ཀྱིས་བསྒྲིབས་པ། ནད་སྣ་ཚོགས་ཀྱིས་ལུས་གཟིར་བ། མྱ་ངན་དང་སྡུག་བསྔལ་སྣ་ཚོགས་ཀྱིས་གཙེས་པ། ཕོངས་པར་གྱུར་པའི་སེམས་ཅན་ཐམས་ཅད་རྗེས་སུ་བཟུང་ཞིང་ལྷ་དང་མི་རྣམས་ཀྱི་དོན་དང་ཕན་པ་དང་