Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 14 / 23 (50.000 ký tự/trang)
ད་ཀྱི་ལོ་ཙཱ་བ་དགེ་སློང་རབ་མཆོག་དཔལ་བཟང་པོས་བསྒྱུར་ བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཡེ་ཤེས་ཀྱི་སྐུ་ཅན་ལ་ཕྱག་འཚལ་ལོ། ། དེ་ནས་གསང་བའི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་མཉེས་པར་འདོད་པས། དང་པོར་གསང་སྔགས་དང་། རིག་སྔགས་ཐམས་ཅད་གྲུབ་པའི་རྒྱུད་དམ་ཚིག་གི་གནས་རྣམས་སྲོག་གི་ཕྱིར་ཡང་མི་གཏང་བར་བསྲུང་བར་བྱ་སྟེ། དེ་ལ་དམ་ཚིག་ནི་འདི་དག་གོ། །དཀོན་མཆོག་གསུམ་དང་བྱང་ཆུབ་སེམས། སྔགས་དང་ཕྱག་རྒྱ་སློབ་དཔོན་དག །སྲོག་གི་ཕྱིར་ཡང་མི་གཏང་སྟེ། །དེ་དག་མཆོད་ཅིང་རིམ་གྲོར་བྱ། །སངས་རྒྱས་བསྟན་ལ་ཞུགས་པ་ཡིས། །དགེ་སློང་རྣམས་ལ་གུས་བྱ་ཞིང་། །ལྷ་དང་བླ་མ་ལ་མི་ཁྲོ། །འཇིག་རྟེན་ལྷ་སོགས་མི་སྨད་དོ། །སེམས་ཅན་རྣམས་ལ་བྱམས་པ་དང་། །སྙིང་ རྗེ་ཆེན་པོ་བསྐྱེད་ནས་ཀྱང་། །དེ་ཡི་གནོད་པ་བསལ་བྱ་ཞིང་། །བདག་ལ་གནོད་བྱས་བཟོད་པར་བྱ། །སེར་སྣ་རིང་དུ་བསལ་ནས་ནི། །སྦྱིན་པས་སེམས་ཅན་ཕན་གདགས་སོ། །དམ་ཚིག་མེད་པར་གྱུར་པ་ལ། །སྔགས་དང་ཕྱག་རྒྱ་སྦྱིན་མི་བྱ། །ཆང་ནི་བཏུང་བར་མི་བྱ་ཞིང་། །མདོར་ན་བདག་ དང་གཞན་རྣམས་ལ། །ཕན་པ་འབའ་ཞིག་ལྷུར་བྱ་ཞིང་། །ཁྲི་ལ་ཉལ་བར་མི་བྱའོ། །དེ་ལྟར་དམ་ཚིག་བསྲུང་བ་ལ་འབད་པས་དང་པོར་མལ་ནས་ཙོག་པུར་འདུག་ལ་ཆོས་ཉིད་རྣམ་པར་དག་པའི་སྔགས་ལན་གསུམ་མམ། བདུན་བཟླས་སོ། །ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་སརྦ་དྷརྨྨ་ཏེ་བཛྲ་སཏྭ་ཧཱུཾ། དེ་ནས་ མདུན་གྱི་ནམ་མཁའ་ལ་རིགས་གསུམ་འཁོར་དང་བཅས་པ་དང་། དཔལ་ཕྱག་ན་རྡོ་རྗེ་མདུན་དུ་དམིགས་ལ་ཕྱག་བྱ་སྟེ། འདི་སྐད་གསོལ་བ་གདབ་པོ། །འཕགས་པ་ཐམས་ཅད་ཀྱིས་ཐུགས་རྗེས་གཟིགས་ཏེ། མགོན་མ་མཆིས་པ་དག་མྱུར་དུ་སངས་རྒྱས་གྲུབ་པར་མཛད་དུ་གསོལ་ཞེས་བརྗོད་ པར་བྱའོ། །དེ་ནས་ཁྲོ་བོ་མནོལ་བ་མེད་པའི་སྔགས་དང་ཕྱག་རྒྱ་དང་བཅས་པས་སྙིང་ག་དང་། ལྐོག་མ་དང་སྨིན་མཚམས་དང་སྤྱི་བོ་དང་། གནས་བཞིར་བཞག་སྟེ་བསྲུང་བར་བྱའོ། །དེ་ནས་ཕྱི་རོལ་ས་ལ་སོགས་པར་འགྲོ་བར་བྱའོ། །ལག་པ་གཡས་པ་ཁུ་ཚུར་བཅས་ལ་མཐེ་བོང་བསྒྲེང་བ་ ནི་ཁྲོ་བོ་མནོལ་བ་མེད་པའི་ཕྱག་རྒྱ་སྟེ་སྔགས་ཨོཾ་བཛྲ་ཀྲོ་དྷཱ་ན་ཧཱུཾ་ཛཿཕྱི་རོལ་ས་ལ་སོགས་པར་འགྲོ་བའི་ཚེ་བདུད་རྩི་ཐབ་སྦྱོར་གྱི་སྔགས་འདི་བར་ཆད་མེད་པར་ལན་བདུན་བཟླས་ན་དེའི་ཚེ་བག་མེད་པར་སྤྱད་ཀྱང་བགེགས་རྣམས་ཀྱིས་མི་བརྫིའོ་ཞེས་ལུང་ནས་འབྱུང་ངོ་། །དེའི་སྔགས་ ལ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། དཾཥྚྲོཏ་ཀ་ཊ་བྷཻ་རཱ་ཡ། ཨ་སི་མུ་ས་ལ་དྷ་རཱ་ཡ། པཱ་ར་ཤུ་པཱ་ཤ་ཧསྟཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གྲྀ་ཧྞ་ གྲྀ་ཧྞ། གརྫ་གརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱ་ནཱཾ། མ་ཧཱ་ག་ན་པ་ཏི་ཛཱི་བི་ཏཱཾ་ཏ་ཀ་རཱ་ཡ་ཧཱུཾ་སྭཱ་ཧཱ། ཕྱི་རོལ་ནས་སླར་ལོག་པ་དང་ཁ་ལག་བཀྲུས་ཏེ་ཉེ་རེག་བྱའོ། །ལག་པ་གཡས་པའི་ཐལ་མོ་བཀན་ལ་གུང་མོ་དང་སྲིན་ལག་ཡིད་ཙམ་བཀུག་པའི་བར་དུ་ཆུ་བླུགས་ལ་ སྔགས་འདིས་བཏབ་ལ་མགོ་དང་ལུས་ཀུན་ལ་གཏོར་ལ་ལྷག་མ་རྣམས་བཏུང་ངོ་། །ཨོཾ་ཤུདྡྷེ་ན་ཏུ་ཤོ་དྷ་ན་སྭཱ་ཧཱ། དེ་ནས་རྒྱུད་དང་མཐུན་པའི་གནས་ཡིད་དུ་འོང་བར་ཁྲུས་བྱས་ཀྱང་རུང་མ་བྱས་ཀྱང་རུང་སྟེ། ཉེས་པ་མེད་དེ་ཚད་མེད་པ་བཞི་བསྒོམས་པས་སེམས་ཀྱི་རྒྱུད་སྦྱངས་ལ། འགྲོ་བ་མཐའ་དག་གདོན་ པར་ཡིད་ལ་འདུས་པས་སྐུ་གཟུགས་ལ་སོགས་པའི་སྤྱན་སྔའམ། གཞན་ཡང་རུང་སྟེ། ཕྱག་བཙལ་བ་དང་མཆོད་པ་བཤམས་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་ཏེ་རིམ་བཞིན་བྱས་ནས། ཐེག་པ་མཆོག་ལས་མི་ཉམས་པར་བྱ་བའི་ཕྱིར་སྐྱིལ་མོ་ཀྲུང་བཅས་ཏེ། དམ་ ཚིག་ཉམས་པ་བསྐང་བའི་ཕྱིར་དམ་ཚིག་གསུམ་གྱི་ཕྱག་རྒྱ་ལ་སོགས་པས་བྱིན་གྱིས་བརླབ་པ་ཆོ་ག་འདི་བཞིན་དུ་བྱའོ། །དེ་ལ་དམ་ཚིག་གསུམ་གྱི་ཕྱག་རྒྱ་ཐལ་མོ་སྦྱར་ལ་མཐེ་བོང་གཉིས་བསྒྲེང་བའོ། །ཕྱག་རྒྱ་འདི་ནི་རྒྱ་ཆེན་ཏེ། །སངས་རྒྱས་སྐྱོབ་པ་རྣམས་ཀྱི་ཡིན། །སངས་རྒྱས་ ཀུན་གྱི་དམ་ཚིག་ནི། །ཕྱག་རྒྱ་འདི་ལ་རབ་ཏུ་གནས། །དེའི་སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་ས་མེ་ཏྲི་ས་མེ་མ་ཧཱ་ས་མ་ཡེ་སྭཱ་ཧཱ། དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་བདག་རྣམ་པར་དག་པར་བྱ་བ་ནི་ལག་པ་གཉིས་ཀྱི་ཁུ་ཚུར་བཅངས་ལ་མཐེ་བོང་གཉིས་ནང་དུ་བཅུག་ལ། མཛུབ་མོ་གཉིས་བསྒྲེང་ངོ་། །ཕྱག་རྒྱ་འདི་ཕྱག་རྒྱ་ཆེན་པོ་སྟེ། ཆོས་དབྱིངས་རྣམ་པར་སྦྱོང་བའོ། །དེའི་སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ནི་ལག་པ་གཉིས་སོར་མོ་རྒྱབ་ཏུ་བསྣོལ་ལ། མཐེ་བོང་གཉིས་ ལག་པ་གཡས་པའི་མཐིལ་དུ་གཞུག་གོ། །རྒྱལ་མཆོག་དཔལ་དང་ལྡན་པ་ཡི། །ཆོས་ཀྱི་འཁོར་ལོས་སྒྱུར་བ་ཡི། །འཇིག་རྟེན་མགོན་པོ་སྐྱོབ་པ་ཡིས། །འཁོར་ལོ་རབ་ཏུ་འདི་སྒྱུར་རོ། །དེའི་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ་བཛྲ་ཨཱཏྨ་ཀོ྅ཧཾ། ཡི་གེ་རཾ་དཀར་པོ་ཡང་སྤྱི་བོར་བསམ་མོ། །དེ་ ནས་རྡོ་རྗེ་གོ་ཆའི་ཕྱག་རྒྱ་དང་སྔགས་ཀྱིས་གནས་ལྔར་གཏུགས་ན་གོ་གྱོན་པར་འགྱུར་རོ། །དེའི་ཕྱག་རྒྱ་ལ་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་མཐེ་བོང་གཉིས་གུང་མོ་ལ་སྦྱར་རོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ། བཛྲ་ཀ་བ་ཙེ་ཧཱུཾ། དེ་ནས་བགེགས་ཐམས་ཅད་རྣམ་པར་ སེལ་བ་མི་བཟད་པའི་རིག་སྔགས་ཆེན་མོ་རྗེས་སུ་འབྲང་བར་བྱ་བའི་ཕྱག་རྒྱ་ནི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་བཀུག་སྟེ་ནང་དུ་གཞུག་གུང་མོ་གཉིས་རྩེ་སྤྲད་སྲིན་ལག་གཉིས་བརྐྱང་མཐེའུ་ཆུང་གཉིས་ཅུང་ཟད་དགུག་པ་ནི་སྲུང་བ་ཆེན་མོའི་ཕྱག་རྒྱ་སྟེ། སྔགས་ལ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿ སརྦ་བྷ་ཡ་བི་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཧཾ་ཁཾ་རཀྵ་མ་ཧཱ་བ་ལེ། སརྦ་ཏ་ཐཱ་ག་ཏ་པུ་ནེ་ནིར་ཛ་ཏེ། ཧཱུཾ་ཧཱུཾ་ཏྲ་ཊ་ཏྲ་ཊ། ཨ་པྲ་ཏི་ཧ་ཏེ་སྭཱ་ཧཱ། བགེགས་དང་མི་བཟད་ནད་ཐམས་ཅད། །སྲིན་པོ་འཇིགས་པའི་གཟུགས་ཅན་རྣམས། །འདི་ནི་དྲན་པ་ཙམ་གྱིས་ཀྱང་། །དེ་དག་ཐམས་ཅད་འབྱེར་བར་བྱེད། ། དེ་ནས་ཡོན་ཆབ་ཀྱི་སྣོད་ཆུ་གཙང་མ་དང་དྲི་ཆུ་དང་མེ་ཏོག་བཟང་པོས་བཀང་ལ་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་དང་། རིགས་ཀྱི་སྙིང་པོ་དང་འཕགས་པ་མི་གཡོ་བའི་སྔགས་ཀྱིས་བཏབ་སྟེ། གཡོན་ཕྱོགས་སུ་གཞག་གོ། །བསང་གཏོར་དང་མཆོད་པའི་ཡོ་བྱད་གཞག་གོ །དེ་དག་ཀུན་ཡང་བསང་བ་ དང་སྦྱང་བའི་ཕྱིར་མི་གཡོ་མགོན་ནམ། བདུད་རྩི་ཐབ་སྦྱོར་གྱི་སྔགས་ཀྱིས་གདབ་པོ། །དེ་ནས་བསྐྲད་པ་དང་མཚམས་བཅད་པ་དག་བྱས་ཏེ་བསྒོམ་པར་བྱའོ། །བསྐྲད་པ་དང་མཚམས་བཅད་པ་ཡང་དེ་དག་ཉིད་ཀྱིས་བྱའོ། །ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རཾ། །རིགས་ཀྱི་སྙིང་པོ་བཛྲ་དྷྲྀཀ །མི་ གཡོ་བའི་ཕྱག་རྒྱ་ནི་ལག་པ་གཡོན་པའི་ཁུ་ཚུར་བཅངས་ལ་མཛུབ་མོ་དང་གུང་མོ་གཉིས་བརྐྱང་ལ། སྲིན་ལག་དང་མཐེའུ་ཆུང་གཉིས་ཀྱི་རྩེ་མོ་མཐེ་བོས་མནན་ལ་ལག་པ་གཡས་པ་ཡང་དེ་བཞིན་དུ་བྱས་ཏེ་མཛུབ་མོ་དང་གུང་མོ་གཉིས་གཡོན་པའི་མཐིལ་དུ་གཞག་གོ། །མི་གཡོ་ མགོན་པོའི་རལ་གྲི་ཤུབས་སུ་བཅུག་པ་སྟེ། བསྐྲད་པའི་ཚེ་རལ་གྲི་ཤུབས་ནས་ཕྱུང་ནས་གཡོན་ནས་བསྐོར། མཚམས་བཅད་པའི་ཚེ་གཡས་ནས་བསྐོར་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ་ཨ་ཙ་ལ་ཀཱ་ཎ་ཙཎྜ་མ་ཧཱ་རོ་ཥ་ཎ་སྥོ་ཊ་སྥོ་ཊ་ཡ་ཧཱུཾ། ཏྲ་ཌ་ཧཾ་མཾ་ལན་གསུམ་བྱའོ། །བདུད་ རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱ་ཐལ་མོ་སྦྱར་ནས་གུང་མོ་གཉིས་རྩེ་སྤྲད་དེ་བརྐྱང་མཐེའུ་ཆུང་བསྣོལ་ཏེ་ནང་དུ་བཅུག་པའི་ནང་དུ་སྲིན་ལག་གཉིས་བཞག་པའི་རྩེ་མོ་མཐེ་བོང་གཉིས་ཀྱིས་མནན་ལ་མཛུབ་མོ་གཉིས་གུང་མོའི་ཕྱི་རོལ་ནས་རྒུར་པོར་བྱས་ཏེ་ནས་གང་ཙམ་མ་རེག་པར་བྱའོ། ། བདུད་རྩི་ཐབ་སྦྱོར་ཕྱག་རྒྱ་རྩེ་གསུམ་པ་ལས་ཐམས་ཅད་པ་སྟེ་ལས་ཀུན་ལ་འདི་སྦྱར་རོ། །སྔགས་ནི་ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཡང་ན་སྔར་གྱི་སྔགས་མང་པོས་སྦྱར་རོ། །དེ་ནས་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་ལ་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་བསམས་ཏེ། དེ་ ལས་ཆོས་ཐམས་ཅད་ཚིག་གི་ལམ་དང་བྲལ་ལོ་ཞེས་སྒྲ་བྱུང་ནས་དངོས་པོ་ཐམས་ཅད་སྟོང་པར་བསྒོམ། དེ་ལས་འོད་ཟེར་སྤྲོ་བ་དང་བསྡུ་བའི་རིམ་གྱིས་བདག་ཉིད་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྐུ་རེ་བ་ཐམས་ཅད་ཡོངས་སུ་སྐོང་བར་བྱེད་པ། མདོག་མེ་ཏོག་པྲི་ཡང་ཀུ་ལྟར་ལྗོང་སེར་རམ། ཡང་ན་རིན་པོ་ཆེ་མརྐཏ་ལྟར་ལྗང་སྔོན་ཕྱག་གཉིས་པ་དབུ་རྒྱན་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྟོད་གཡོགས་དར་ལ། སྨད་གཡོགས་དར་བ་ཏི་འམ། དར་ཚིག་གུ་བསྣམས་པ་འོད་ཟེར་གྱིས་བསྐོར་བ་གཟི་བརྗིད་དང་ལྡན་པ་ཕྱག་ན་ཡེ་ཤེས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པར་བསྒོམ་མོ། ། ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རཾ་དཀར་པོ་ཡང་སྤྱི་བོར་བསམ་མོ། །མིག་གཉིས་སུ་ཏྲཱཾ་དམར་པོ་གཞག་སྟེ། བྱམས་པའི་ལྟ་བས་བལྟ་བར་བྱའོ། །དེ་ནས་བརྟན་པར་བྱ་བའི་ཕྱིར་དེ་ཉིད་ཀྱི་ཕྱག་རྒྱ་བཅིངས་ཏེ་གནས་ལྔར་གཏུག་གོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཉིས་ གཤིབས་ཏེ་བསྒྲེང་། མཛུབ་མོ་གཉིས་བཀུག་ལ་ངོས་གཉིས་སུ་བཞག་ལ་རྡོ་རྗེ་ལྟར་བྱའོ། །མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་གཞིབས་ཏེ་བསྒྲེངས་ལ་བཞག་སྲིན་ལག་གཉིས་ལག་པའི་ནང་དུ་གཞུག་གོ། །ཕྱག་རྒྱ་ཆེན་པོ་རྡོ་རྗེའི་རྒྱ། །མི་ཤེས་གྲོང་ཁྱེར་འཇིག་པ་སྟེ། །སངས་རྒྱས་ རྣམས་ཀྱི་ཡེ་ཤེས་འདི། །ཉིད་ཀྱི་བྱིན་གྱིས་བརླབས་ཏེ་བསྟན། །ཕྱག་ན་རྡོ་རྗེའི་ཕྱག་རྒྱ་སྟེ། རྡོ་རྗེ་ལའོ། །སྔགས་ལ། ན་མཿས་མནྟྲ་བཛྲཱ་ཎཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ། དེ་ནས་ཡན་ལག་རྫོགས་པར་བྱ་བའི་ཕྱིར་གཙུག་ཏོར་གྱི་ཕྱག་རྒྱ་བཅིངས་ལ་སྤྱི་གཙུག་ཏུ་གཞག་གོ། །ལག་པ་གཉིས་ ཁུ་ཚུར་བཅིངས་ལ་གུང་མོ་གཞིབས་ཏེ་བསྒྲེང་མཛུབ་མོ་གཉིས་ངོས་ནས་བཀུག་སྟེ་སྦྱར་རོ། །གཙུག་ཏོར་ཕྱག་རྒྱ་རྒྱ་ཆེན་ཏེ། །གཙུག་ཏོར་ཞེས་ནི་གྲགས་པ་ཡིན། །འདི་ནི་བཅིངས་པ་ཙམ་གྱིས་ཀྱང་། །རྒྱལ་བའི་མཆོག་ཏུ་གྱུར་པ་ཡིན། །དེའི་སྔགས་ལ། ན་མཿས་མནྟ་བཛྲཱ་ནཱཾ་ཧཱུཾ་ཧཱུཾ། དེ་ ནས་ཡེ་ཤེས་ཀྱི་སྤྱན་བསྒྲུབ་པོ། །ལག་པ་གཡས་པ་ཁུ་ཚུར་བཅངས་ལ་གུང་མོ་སྲིན་ལག་བརྐྱང་མཐེ་བོང་གི་དྲུང་དུ་བཞག་གོ། །འདི་ནི་སངས་རྒྱས་མགོན་རྣམས་ཀྱི། །ཡེ་ཤེས་ལས་བྱུང་སྤྱན་ཡིན་ཏེ། །མིག་གི་སྟེང་དུ་མཁས་པས་གཞག །དེ་ལས་ཡེ་ཤེས་སྤྱན་དུ་གྱུར། །དེའི་སྔགས་ ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ག་ག་ན་སྥ་ར་ཎ་ཀྵ་ཎ། ཀ་རུ་མ་ཧཱ་ཏ་ཐཱ་ག་ཏ་ཙཀྵུ་སྭཱ་ཧཱ། དེ་ནས་ཡུམ་གྱི་ཕྱག་རྒྱ་བཅིངས་ལ་གནས་ལྔར་གཏུག་གོ། །ལག་པ་གཉིས་ཁུ་ཚུར་བཅངས་ལ་གུང་མོ་གཉིས་གཞིབས་ཏེ་བསྒྲེང་མཛུབ་མོ་གུང་མོའི་ཕྱི་རོལ་ནས་བཀུག་ལ་བར་ནས་གང་ཙམ་གྱིས་མ་ རེག་པར་བྱ། མཐེ་བོང་གཉིས་སྲིན་ལག་གཉིས་དང་མཐེའུ་ཆུང་གཉིས་ནང་དུ་གཞུག་གོ། །འདི་ནི་ཡུམ་མཱ་མ་ཀཱིའི་ཕྱག་རྒྱ་སྟེ་རྡོ་རྗེ་རྩེ་གསུམ་པའོ། །དེའི་སྔགས་ལ། ན་མཿས་མནྟ་བཛྲཱ་ཎཱཾ་དྲྀ་ཌྷ་དྲྀ་ཌྷ་ཏིཥྛ་ཏིཥྛ་ཛ་ཡན་ཏེ་སྭཱ་ཧཱ། དེའི་འོག་ཏུ་རྡོ་རྗེ་གོ་ཆའི་ཕྱག་རྒྱ་བཅིངས་ལ་གོ་བགོ་སྟེ་ཕྱག་ རྒྱ་དང་སྔགས་གོང་དུ་བསྟན་ནོ། །དེ་ནས་མདུན་དུ་གཞལ་མེད་ཁང་བསམས་ཏེ། དེའི་རིམ་པ་ཡང་དང་པོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་རཾ་གྱིས་གནས་ཀུན་སྟོང་པའི་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་དེའི་འོག་ཏུ་ནམ་མཁའི་དཀྱིལ་འཁོར་དུ་ཡི་གེ་ཨ་གསེར་གྱི་མདོག་ཅན་ལས་གསེར་ གྱི་ས་གཞི་གྲུ་བཞི་རྡོ་རྗེའི་རང་བཞིན་ཅན་རྡོ་རྗེས་མཚན་པ་རྒྱ་དང་ཁྱོན་དཔག་ཏུ་མེད་པར་བསམ་མོ། །དེའི་སྟེང་དུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཡི་གེ་བཾ་མདོག་དཀར་པོ་གངས་དང་ཤེལ་ལྟ་བུར་དངས་ཤིང་གསལ་བ་ལས་ཆུའི་རྒྱུན་འོ་མ་དང་མུ་ཏིག་གི་འབྲུ་ལྟ་བུ་ཡན་ལག་བརྒྱད་ དང་ལྡན་པ་འབྱུང་བ། གསེར་གྱི་ས་གཞི་བཀང་སྟེ་དཔག་ཏུ་མེད་པའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་མོ། །དེའི་ནང་ནས་ཡི་གེ་ལཾ་ལས་རི་རབ་ཆེན་པོ་སྣ་བཞི་ལས་གྲུབ་པ་གྲུ་བཞི་པ་རྒྱ་དང་ཁྱོན་དཔག་ཏུ་མེད་པར་བྱུང་བའི་སྟེང་དུ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་བརྩེགས་ མའི་ནང་ན་པདྨ་དང་སེང་གེའི་གདན་ཆེན་པོ་པདྨའི་གདན་མང་པོས་བསྐོར་བར་བསམས་ཏེ། དེ་དག་ཇི་ལྟར་བསམས་པ་བཞིན་དུ་གྱུར་པར་སྔགས་འདིས་བྱིན་གྱིས་བརླབ་པོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདི་ལྟར་དེ་དག་ཐམས་ཅད་དེ་བཞིན་དུ་གནས་པར་འགྱུར་རོ། །ཡང་ན་ནམ་མཁའ་མཛོད་ཀྱིས་ཀྱང་དེ་བཞིན་དུ་གནས་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྤྱན་དྲང་བར་བྱ་སྟེ། ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་མཐེ་བོ་གཉིས་ནང་དུ་གཡབ་ཅིང་སྔགས་འདིས་ རང་གི་ཕོ་བྲང་ནས་སྤྱན་དྲང་བར་བྱའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཨེ་ཧྱེ་ཧི་བྷ་ག་ཝཱན་མ་ཧཱ་ཀཱ་རུ་ཎཱི་ཀ་བཛྲ་པཱ་ཎི་ས་པ་རི་ཝཱ་ར་ས་མ་ཡ་སྟྭཾ། དེ་ནས་གཤེགས་ཏེ་མདུན་གྱི་ནམ་མཁའ་ལ་དམིགས་ལ་སྔར་བསྟན་པའི་དམ་ཚིག་གསུམ་གྱི་སྔགས་དང་ཕྱག་རྒྱ་དང་། རང་གི་ཕྱག་རྒྱ་དང་ཡུམ་གྱི་ཕྱག་ རྒྱ་རྣམས་བསྟན་ཏེ་སོ་སོའི་སྔགས་བརྗོད་དོ། །དེ་ནས་དམ་ཚིག་ཅན་དུ་གཟིགས་པས་མཉེས་པར་བྱ་སྟེ། གཞན་ལ་ཕན་འདོགས་པར་བཞེད་པས་སྔགས་པ་ཇི་སྲིད་འདོད་པ་དེ་སྲིད་དུ་བྱིན་གྱིས་བརླབ་པོ། །དེ་ནས་འཕགས་པ་མི་གཡོ་མགོན་ནམ་བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་ སྔ་ན་གནས་པ་དང་། ཕྱི་ནས་འབྲང་བའི་བགེགས་རྣམས་བསྐྲད་པར་བྱའོ། །དེ་ནས་གཞལ་མེད་ཁང་གི་ནང་དུ་གཤེགས་པར་བྱ་བའི་ཕྱིར་མཆོད་ཡོན་སྔགས་ཀྱིས་བཏབ་པ་བླངས་ལ་ཚིགས་སུ་བཅད་པ་འདིས་མཆོད་ཡོན་སྦྲེང་ཞིང་ནང་དུ་བྱོན་པར་བསམ་མོ། །བདག་གི་དད་དང་དམ་ཚིག་གིས། ། ཚུར་གཤེགས་ཚུར་གཤེགས་བཅོམ་ལྡན་འདས། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །དེ་ནས་བྱོན་ཏེ་དབུས་ཀྱི་པདྨ་དང་སེང་གེའི་གདན་ལ་དཔལ་ཕྱག་ན་རྡོ་རྗེ་དང་འཁོར་གྱི་པདྨའི་གདན་རྣམས་ལ་གསང་སྔགས་དང་ཁྲོ་བོ་ལ་སོགས་པ་དཔལ་ཕྱག་ན་ རྡོ་རྗེའི་ཞབས་འབྲིང་གི་འཕགས་པ་རྣམས་བཞུགས་སུ་གསོལ་ལོ། །དེ་ནས་མཆོད་ཡོན་གྱི་སྣོད་དུ་སྤོས་གཙང་མ་བླུགས་ལ་ཞལ་དང་ཞབས་བསིལ་དབུལ་བར་བྱའོ། །དེའི་སྔགས་ལ། ཨོཾ་པྲ་ཝ་ར་སཏྐཱ་ར་པྲཏཱིཙྪ་སྭཱ་ཧཱ། བདག་ཀྱང་འཕགས་པའི་འཁོར་གྱི་ནང་ན་འདུག་པར་བྱའོ། །འཕགས་པའི་ ཕོ་བྲང་གི་ཕྱི་རོལ་དུ་འཕགས་པ་མི་གཡོ་བའི་འམ། བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་ཕྱག་རྒྱས་མཚམས་བཅད་དོ། །དེ་ནས་འཕགས་པའི་ཚོགས་ལ་ཕྱག་བྱ་སྟེ། ཚིགས་སུ་བཅད་པ་འདི་བརྗོད་དོ། །མཆོད་པ་རྣམས་རིམ་པ་བཞིན་དུ་དབུལ། བཅོམ་ལྡན་ཐུགས་རྗེས་བྱོན་པ་ལེགས། །བདག་ ནི་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་རྗེས་ཐུགས་དཔག་མཛད་དུ་གསོལ། །ཞེས་དང་པོར་མཆོད་ཡོན་དབུལ་བར་བྱའོ། །དེའི་སྔགས་ནི། ཨོཾ་སརྦ་དེ་བ་ཏ་ཐཱ་ཨ་ཙི་ཏ་ཨ་མྲྀ་ཏ་ད་རཱ་ཡ་སྭཱ་ཧཱ། དེ་ནས་དྲི་དབུལ་ཏེ། གཙང་ཞིང་གཙང་མར་ སྦྱར་བ་ཡི། །ལྷ་རྫས་དམ་པའི་དྲི་མཆོག་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨཱ་ཧ་ར་ཨཱ་ཧ་ར་བྷ་ག་བཱན་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་སྭཱ་ཧཱ། ཞེས་སྔགས་འདི་ཚིགས་བཅད་ཀུན་གྱི་མཇུག་ལ་བརྗོད། དེ་ནས་མེ་ཏོག་དབུལ་ཏེ། གཙང་ཞིང་ གཙང་མར་སྐྱེས་པ་ཡི། །ལྷ་རྫས་དམ་པའི་མེ་ཏོག་འདི། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགེས་པར་མཛོད། །དེ་ནས་བདུག་སྤོས་དབུལ་ཏེ། ནགས་ཚལ་བཅུད་ལྡན་ཡི་གར་འོང་། །དྲི་ཞིམ་རྒྱས་པའི་བདུག་པའི་མཆོག །བདག་གིས་དད་པས་འབུལ་ ལགས་ཀྱི། །བཞེས་ནས་བདག་ལ་དགེས་པར་མཛོད། །ལྷ་བཤོས་དབུལ་ཏེ། སྨན་རྣམས་བཅུད་གཙང་ཡི་གར་འོང་། །སྔགས་ཀྱི་ཞལ་ཟས་བཤོས་འདི་དག །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགེས་པར་མཛོད། །མར་མེ་དབུལ་ཏེ། གདོན་ རྣམས་འཇོམས་ཤིང་བཀྲ་ཤིས་པ། །དགེ་ཞིང་མུན་པ་རྣམ་སེལ་བ། །བདག་གིས་དད་པས་འབུལ་ལགས་ཀྱི། །བཞེས་ནས་བདག་ལ་དགེས་པར་མཛོད། །ཨཱ་ལོ་ཀེ་སརྦ་བིདྱཱ་དྷ་ར་པཱུ་ཛི་ཏེ་ཧཱུཾ་སྭཱ་ཧཱ། དྲི་ལ་སོགས་པ་དངོས་སུ་མ་འབྱོར་ན་ཡང་། དེ་དག་གི་ཕྱག་རྒྱ་བཅིངས་ལ་ཡིད་ཀྱིས་ འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པའི་མཆོད་པ་བྱའོ། །དེ་ལ་མཆོད་ཡོན་གྱི་ཕྱག་རྒྱ་ནི་ཐལ་མོ་བཀན་ལ་མཛུབ་མོ་གཉིས་གུང་མོའི་ཚིགས་གསུམ་པར་སྦྱར་ལ་སྲིན་ལག་གཉིས་དབུས་སུ་བཀུག་ལ་མཐེ་བོང་གཉིས་གློར་སྒྱུར་བ་འདི་ནི་བདུད་རྩི་རྒྱུན་གྱི་ཕྱག་རྒྱ་སྟེ་མཆོད་ཡོན་གྱིས་སྦྱར་རོ། ། དྲིའི་ཕྱག་རྒྱ་ནི་ལག་པ་གཡས་པ་མི་འཇིགས་པའི་ཕྱག་རྒྱ་བྱ་སྟེ། ལག་པ་གཡོན་པས་གཡས་པའི་མཁྲིག་མ་ནས་བཟུང་བའོ། །མེ་ཏོག་གི་ཕྱག་རྒྱ་ནི་ལག་པ་གཉིས་སོར་མོ་ཕན་ཚུན་བསྣོལ་ལ་ལག་པའི་ནང་དུ་བཅུག་ལ་མཛུབ་མོ་གཉིས་རྩེ་མོ་གཅིག་ཏུ་སྦྱར་ལ་གདུ་བུའི་ཚུལ་དུ་བྱས་ལ་ མཐེ་བོང་གློར་གཞག་སྟེ་ཐལ་མོ་ལྟར་བྱའོ། །བདུག་སྤོས་ཀྱི་ཕྱག་རྒྱ་ནི་ལག་པ་གཉིས་ཀྱི་མཐེའུ་ཆུང་དང་སྲིན་ལག་དང་གུང་མོའི་སོར་མོ་རྣམས་ཕན་ཚུན་དུ་རྒྱབ་ཏུ་སྦྱར་ཏེ་སོ་སོའི་སོར་མོའི་དྲུང་དུ་བཀུག་ནས་མཛུབ་མོ་གཉིས་གཞིབས་ཏེ་བསྒྲེང་། མཐེ་བོ་གཉིས་གློར་གཞག་གོ། །ལྷ་བཤོས་ ཀྱི་ཕྱག་རྒྱ་ནི་བཟེད་པའི་ཐལ་མོ་ལས་མཛུབ་མོ་ཅུང་ཟད་བཀུག་པའོ། །མར་མེའི་ཕྱག་རྒྱ་ནི་མཐེ་བོང་དང་གུང་མོའི་སོར་མོ་གཉིས་གཅིག་ཏུ་སྦྱར་ཏེ་གཏོད་ལ་ལྷག་མ་རྣམས་ཁུ་ཚུར་དུ་བྱའོ། །མཆོད་ཡོན་གྱི་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ་ག་ག་ན་ས་མ་ཡེ་སྭཱ་ཧཱ། དྲིའི་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། བི་ཤུདྡྷཱ་གན་དྷོ་ཏྦྷ་བཱ་ཡ་སྭཱ་ཧཱ། མེ་ཏོག་གི་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། མ་ཧཱ་མུ་ཏྲ་མུངྒ་ཏེ་སྭཱ་ཧཱ། བདུག་པའི་སྔགས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། དྷ་རྨ་དྷཱ་ཏུ་མུངྒ་ཏེ་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་ནི། ན་མཿས་མནྟ་ག་ཏེ་པཱུ་ཛ་ན་ས་མ་ཡེ་ཧཱུཾ། མར་མེའི་སྔགས་ ནི། ན་མཿས་མནྟ་བུདྡྷཱ་ནཱཾ། ཏ་ཐཱ་ག་ཏ་ཨ་ཙི་སྥ་ར་ཎ་ཨ་བ་བྷ་ས་ག་ག་མེ་ད་ར་ཡེ་སྭཱ་ཧཱ། འདི་དག་ཀྱང་མཆོད་པ་ཙམ་དུ་ཟད་དེ། བདག་གི་ནུས་པ་དང་འཇིག་རྟེན་ན་བསྔགས་པའི་མཆོད་པ་རྒྱ་ཆེན་པོ་གཞན་དག་ཀྱང་ཅི་འབྱོར་བ་དབུལ་ལོ། །དེ་ནས་མཆོད་པ་སྤྱིའི་ཕྱག་རྒྱ་བཅིངས་ཏེ། སེམས་རབ་ ཏུ་དང་བའི་སྒོ་ནས་ཡིད་ཀྱིས་མཆོད་པ་རྒྱ་ཆེན་པོ་བྱས་ཏེ། དེའི་ཐབས་ཀྱང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཐུ་དང་། ཆོས་ཀྱི་དབྱིངས་ཀྱི་མཐུ་དང་། བདག་གི་བསོད་ནམས་དང་ཡེ་ཤེས་དང་སྨོན་ལམ་གྱི་མཐུ་དང་དམ་པའི་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པའི་ མཆོད་པ་ཆེན་པོའི་སྤྲིན་ཆེན་པོ་དང་། རྒྱན་དམ་པ་དང་། བསྟོད་པ་སྣ་ཚོགས་པ་རྣམས་འཕགས་པ་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་འབྱུང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་གྱུར་ཅིག་ཅེས་བསམ་ཞིང་ཚིག་ཏུ་བརྗོད་ལ། མཆོད་པའི་སྤྲིན་ཆེན་པོ་འབྱུང་ བར་བྱེད་པའི་རིག་སྔགས་འདི་ལན་གསུམ་བརྗོད་དོ། །མཆོད་པ་སྤྱིའི་ཕྱག་རྒྱ་ནི་ལག་པ་ཐལ་མོ་ཁོང་སྟོང་དུ་སྦྱར་ལ་སྤྱི་བོར་གཞག་གོ། །འདིའི་སྔགས་ལ། ན་མཿས་མནྟ་བུདྡྷཱ་ནཱཾ། ཨ་བྷི་ས་མ་ཡེ་སྥར་ཎ་ཧི་མཾ་ག་ག་ན་ཁཾ། དྷརྨ་དྷཱ་ཏུ་ཨཱ་ཀཱ་ཤ་ས་མནྟ་མཾ། སརྦ་ཏ་ཐཱ་ག་ཏཱ་པ་རི་ཤུདྡྷ་མཎྜལ་ལ། མ་མ་པྲ་ཎི་དྷི་པུཎྱ་ཛྙཱ་ན་བ་ལེན་དྷ། སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་བ་ལེན་ཙ་སྭཱ་ཧཱ། དེ་ལྟར་མཆོད་པའི་སྤྲིན་ཆེན་པོ་འཕགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་དེ་བཞིན་དུ་གནས་པར་འགྱུར་བར་ཡིད་ཆེས་པར་བྱའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་ བླངས་ལ་དྲིལ་བུ་དཀྲོལ་ཞིང་བསྟོད་པ་འདིས་བསྟོད་དོ། །དཔའ་བོ་ཆེན་པོ་ཐབས་བརྙེས་པ། །སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས། །རྡོ་རྗེ་མཆོག་གི་ལམ་སྟོན་པ། །རྡོ་རྗེ་རྒྱལ་པོ་ཕྱག་འཚལ་བསྟོད། །ཡེ་ཤེས་གཉིས་མེད་ཚུལ་འཆང་ཞིང་། །ཐེག་མཆོག་རྟོགས་པར་ཐུགས་སུ་ཆུད། ། གསང་སྔགས་རྒྱལ་པོ་གསང་འཛིན་པ། །གསང་བའི་བདག་པོ་ཕྱག་འཚལ་བསྟོད། །སྟོབས་པོ་ཆེ་ལ་དྲག་ཤུལ་ཆེ། །རིག་སྔགས་རྒྱལ་པོ་དགེ་བ་པོ། །གདུལ་དཀའ་བ་དག་འདུལ་མཛད་པ། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད། །དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྡོམ་པ་གཟུང་བ་ལ་སོགས་པ་བྱ་སྟེ། འདི་སྐད་དུ་འདོད་པའི་དོན་ལ་གསོལ་བ་གདབ་པོ། །བཅོམ་ལྡན་འདས་བདག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྐྱབས་སུ་མཆིས་ཀྱིས་བདག་ལ་ཐུགས་བརྩེ་བར་གཟིགས་ཏེ། འགྲོ་བ་མ་ལུས་པ་བསྐྱབ་པའི་མཐུ་བདག་ལ་སྩོལ་ ཅིག་ཅེས་བརྗོད་དོ། །དེ་ནས་འཇིག་རྟེན་གྱི་ཁམས་མ་ལུས་པར་སེམས་ཅན་གྱི་དོན་དུ་འགྱུར་བར་བྱ་སྟེ། འཇིག་རྟེན་གྱི་ཁམས་ཕྱོགས་བཅུའི་ཞིང་རབ་འབྱམས་ཐམས་ཅད་དུ་སེམས་ཅན་གྱི་དོན་མཛད་པ་ཁ་དོག་དང་ཚུལ་དང་། སྤྱོད་ལམ་རྣམ་པ་སྣ་ཚོགས་སུ་ལྡན་པ་ཀུན་དུ་བཟང་པོའི་སྤྲུལ་ པ་མང་པོ་རབ་ཏུ་འབྱུང་བར་གྱུར་ཅིག །དེས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཕྱི་ནང་གི་གདོན་ཐམས་ཅད་རབ་ཏུ་ཞི་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་བསྔགས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱང་དེ་དག་གིས་ཐོབ་པར་ གྱུར་ཅིག་པར་བསམས་ནས་བྱིན་གྱིས་བརླབ་པ་གསུམ་གྱིས་བྱིན་གྱིས་བརླབ་པོ། །སེམས་ཅན་གྱི་དོན་བྱིན་གྱིས་རློབ་པའི་རིག་སྔགས་ནམ་མཁའ་མཛོད་དུ་བྱུང་བར་མཛད་པ་འདི་ལན་གསུམ་བརྗོད་དོ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། འདིས་ ལན་གསུམ་བཟླས་པས་ཇི་ལྟར་བསམས་པའི་དོན་རྣམས་སེམས་ཅན་གྱི་ཁམས་རྣམས་སུ་དེ་བཞིན་དུ་འགྱུར་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཁྱེན་གྱི་གཞན་ཤེས་རབ་ཆུང་བ་རྣམས་ཀྱིས་མི་ཤེས་སོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་བས་ན་བྱང་ ཆུབ་སེམས་དཔའི་ཐེག་པ་པ་རྣམས་ཀྱིས་ཡིད་ཆེས་པར་བྱའོ། །དེ་ལྟར་དེ་བཞིན་གཤེགས་པ་རྣམས་མཉེས་པར་བྱ་ཞིང་འགྲོ་བ་མ་ལུས་པའི་དོན་བྱས་པ་དེས་བདག་གི་ལྷའི་ཕྱག་རྒྱ་དང་སྔགས་ཀྱི་ཡི་གེ་བཀོད་པ་ལ་སོགས་པས་བདག་ཉིད་ལྷའི་སྐུར་བསྒྱུར་ལ་ཡི་གེ་ཁཾ་དཀར་པོ་དེའི་སྤྱི་བོར་གཞག་སྟེ་ མདུན་དུ་ལྷ་བཞུགས་པའི་ཐུགས་ཀར་བཟླས་པ་བྱ་བའི་ཡི་གེ་ཕྲེང་བ་བཀོད་ལ་དབུགས་དང་དྲན་པ་རབ་ཏུ་བསྡམས་ནས་སླར་སྡུད་པའི་ཚིག་གིས་ནོན་པར་ཡིད་ལ་ཤིབ་བུར་མི་དྲག་མི་དལ་ཞིང་མི་སྐྱོ་བར་ཇི་ཙམ་འདོད་པའི་བར་དུ་བཟླས་པར་བྱའོ། །བཟླས་ཀར་ཉིད་ཀྱི་དམ་ཚིག་གི་ཕྱག་ རྒྱ་བཅིངས་ཏེ་བདག་དང་ལྷའི་ཐུགས་ཀར་བཟུང་ལ་དེ་ནས་ནོར་བུ་ལག་པ་གཡས་པས་བླངས་ནས་སྙིམ་པར་བཅུག་ལ་བདུད་རྩི་ཐབ་སྦྱོར་གྱི་སྔགས་བཟླས་ཏེ། དེའི་འོག་ཏུ་ཡང་ཡུམ་བཟླས་སྙིང་གའི་ཐད་ཀར་བཟུང་ལ་བཟླས་པ་རེ་ལ་ནོར་བུ་རེ་རེ་བགྲང་ཞིང་མགོ་མཇུག་ཏུ་ཕྱག་བྱའོ། ། ན་མཿས་མནྟ་བཛྲཱ་ཎཱཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ། ཇི་སྐད་བསྟན་པ་བཞིན་མ་ནུས་ན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བར་དམིགས་ཏེ་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པར་འགྱུར་བར་དམིགས་ཤིང་བཟླས་སོ། །དེ་ནས་ངལ་ལམ་གཏོང་བར་ འདོད་ན་བཟླས་པ་གཏད་དེ་བཟླས་པ་རྣམས་ཡིད་ཀྱིས་དཔལ་ཕྱག་ན་རྡོ་རྗེ་ལ་གཏམས་པའི་ཚུལ་གྱིས་ཕུལ་ལ་ལས་ཀྱི་རྡོ་རྗེ་སེམས་དཔར་བསྒྱུར་ཏེ་འཕགས་པ་རྣམས་ལ་མཆོད་པ་ཇི་སྐད་བསྟན་པ་བཞིན་དུ་བྱ་ཞིང་དགེ་བའི་རྩ་བ་ཡང་རྒྱ་ཆེར་བསྔོའོ། །འཕགས་པ་རྣམས་ལ་མཆོད་པའི་ཕྱིར་བདག་ ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པ་ནི། ན་མཿས་མནྟ་བཛྲཱ་ཎཱཾ་ཞེས་བྱའོ། །དེ་ནས་མཆོད་ཡོན་དབུལ་ཏེ་འདི་སྐད་བརྗོད་པས་དཔལ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་སླར་གཤེགས་སུ་གསོལ་ལོ། །གདོན་མི་ཟ་བར་བདག་ལ་ཡང་། །རྗེས་སུ་བརྩེ་བར་དགོངས་ནས་ནི། །རྒྱལ་བ་སྲས་ དང་བཅས་པ་རྣམས། །ཅི་བདེ་བར་ཡང་གཤེགས་སུ་གསོལ། །དེ་ནས་དམ་ཚིག་གསུམ་གྱི་ཕྱག་རྒྱ་སྤྱི་བོར་གྱེན་དུ་བཀྲོལ་སྔར་དམ་ཚིག་གི་ཕྱག་རྒྱས་བཞུགས་པ་རྣམས་གཤེགས་པར་བྱའོ། །མཚམས་བཅད་པ་ཡང་ཡིད་ཀྱིས་དགྲོལ་ལོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ཆོས་ ཀྱི་དབྱིངས་སུ་བྱིན་གྱིས་བརླབས་ལ་རྡོ་རྗེ་སེམས་དཔའི་སྔགས་དང་ཕྱག་རྒྱས་ལས་ཀྱི་རྡོ་རྗེ་སེམས་དཔར་བྱིན་གྱིས་བརླབ་པོ། །སྤྱི་བོར་ཆོས་ཀྱི་དབྱིངས་ཀྱི་ཡི་གེ་ར་ཡིག་བསམ་མོ། །རྡོ་རྗེ་གོ་ཆའི་ཕྱག་རྒྱས་ཀྱང་གོ་བགོས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་ བྱས་ནས་དགེ་བའི་ལས་བྱ་བར་རབ་ཏུ་བསམ་ཞིང་ལྡང་ངོ་། །ལངས་ནས་ཀྱང་མདོ་སྡེ་ཟབ་མོ་བཀླག་པ་ལ་སོགས་པ་དགེ་བའི་ལས་ཅི་ནུས་པ་བྱའོ། །དེ་ནས་ཟས་ཟ་བའི་ཚེ་ན་བདག་ཉིད་རིགས་ཀྱི་སྙིང་པོས་བསྲུངས་ལ་སྔགས་འདི་བཟླས་ལ་ལན་གསུམ་བཏབ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡི་ གེས་སྦྱངས་ལ་ཟས་ཀྱི་རོ་ལ་མ་ཆགས་པར་རིགས་པ་དང་ལྡན་པར་རན་པར་བཟའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ཨ་མྲྀ་ཏོདྦྷ་བཱ་ཡ་སྭཱ་ཧཱ། ཉལ་བའི་ཚེ་ན་ཡང་རིགས་ཀྱི་ཡུམ་གྱི་སྙིང་པོས་བསྲུངས་ནས་གློ་གཡས་པས་ཉལ་ལོ། །ཇི་སྐད་བསྟན་པ་བཞིན་དུ་མ་ནུས་པས་མཉེས་པར་བྱ་མི་ནུས་ སོ་སྙམ་པའི་བསམ་པ་མི་བསྐྱེད་དོ། །དཔལ་དང་ལྡན་པའི་སྐལ་ལྡན་པས། །ཞབས་ལ་གཏུགས་ནས་བསྡུས་པ་ཡིན། །རྣམ་དག་ལམ་ཆེན་མཛོད་ཡིན་པས། །སྐལ་ལྡན་བྱང་ཆུབ་མཆོག་གིས་སྤྱད། །དཔལ་ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་སློབ་དཔོན་སངས་རྒྱས་གསང་བས་མཛད་ པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་དང་། ལོ་ཙཱ་བ་འཇམ་དཔལ་གོ་ཆས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱམྦ་ར་དྷ་ར་ཨུ་པ་སིདྡྷི་ནཱ་མ། བོད་སྐད་དུ། གོས་སྔོན་པོ་ཅན་གྱི་དངོས་གྲུབ་ཉེ་བ་ཞེས་བྱ་བ། བཅོམ་ལྡན་འདས་གོས་ སྔོན་པོ་ཅན་ལ་ཕྱག་འཚལ་ལོ། །བླ་མ་དང་ནི་རྡོ་རྗེ་འཛིན། །ཐུགས་རྗེའི་ཆུ་རྒྱུན་བདག་པོ་ལ། །རྟག་ཏུ་བརྗེད་མེད་ཡིད་ཀྱིས་མོས། །མཆོད་རྟེན་སྔོན་པོའི་གདམས་ངག་བཤད། །རྣལ་འབྱོར་བརྩོན་འགྲུས་དྲག་པོ་ཡིས། །དབང་དང་གདམས་ངག་ཐོབ་ནས་ཀྱང་། །མྱུར་དུ་ནུས་པ་འབྱུང་བ་དང་། ། དངོས་གྲུབ་རྣམ་གཉིས་ཉེ་བའི་ཕྱིར། །ཉེ་བྱེད་སྐུ་གདུང་མཆོད་རྟེན་བསྒྲུབ། །རྣལ་འབྱོར་དམ་ཚིག་ལ་གནས་པ། །བླ་མའི་མན་ངག་བྱིན་རླབས་ཀྱིས། །འགྲུབ་སྟེ་ཐེ་ཚོམ་མི་བྱའོ། །རྒྱུ་དང་བྱིན་གྱིས་བརླབ་པ་དང་། །དབང་བསྐུར་བ་དང་མཆོད་པ་དང་། །བསྐོར་བ་བྱ་དང་ཡོན་ཏན་ནོ། ། གསེར་དངུལ་ཟངས་ལྕགས་དུང་ཡང་རུང་། །རྭ་ཤིང་འདག་པ་ལ་སོགས་པ། །ཧཱུཾ་གི་བསྐྱེད་རིམ་ལྡན་པ་ཡིས། །དྲག་པོའི་གཏོར་ཚོགས་མདུན་དུ་ནི། །དབང་བསྐུར་ཆས་བསྒྱུར་བཟོ་བོ་ཡིས། །བཻ་ཌཱུརྱ་འདྲ་ལེགས་པར་བྱུག །བུམ་པའི་ནང་དུ་རྒྱ་ཤོག་ལ། །སྐུ་གསུང་ཐུགས་དང་ ཡོན་ཏན་ལ། །སྙིང་པོ་ཐམས་ཅད་བྲིས་ཏེ་གཞུག །བླ་མ་གྲུབ་ཐོབ་བརྒྱུད་པ་དང་། །རྩ་བའི་ལྷ་ཡི་མཚན་དག་དང་། །མིང་དང་གསང་མཚན་གཞུག་པ་ནི། །སྐུ་གདུང་བྱིན་རླབས་སྙིང་པོ་གཞུག །སྲོག་ཤིང་ལ་སོགས་མེ་ཏོག་ཕྲེང་། །མཛེས་པའི་རྒྱན་གྱིས་སྤྲས་པར་བྱ། །དབང་བསྐུར་ དུ་མ་གཞུང་བཞིན་བྱ། །མཆོད་པ་ཕྱི་ནང་རྟག་ཏུ་དབུལ། །གསལ་ཞིང་མ་འདྲེས་ཐིག་ལེ་སྟེ། །དེ་ལས་ས་བོན་ཀཱ་ཡ་ལྔ། །དེ་ཉིད་མཆོད་རྟེན་དག་ཏུ་བསྟིམ། །བརྒྱུད་པའི་བླ་མའང་དེ་བཞིན་ནོ། །གཙོ་བོ་འཁོར་གྱིས་བསྐོར་བ་སྟེ། །ཤིན་ཏུ་གསལ་བར་དེ་བཞིན་བསྒོམ། །བརྒྱ་སྟོང་ནུས་ཚད་ བཟླས་ཤིང་བསྐོར། །ལྷ་ཚོགས་བླ་མའི་ཐུགས་ཀ་ནས། །འོད་ཟེར་བྱུང་བ་ཀུན་དུ་འཕྲོས། །མཐའ་ཡས་སྒྲིབ་བསྲེགས་དག་པར་སྤྲུལ། །སླར་འདུས་རང་གི་ལུས་ལ་ཐིམ། །རྟོག་སྒྲིབ་རགས་པ་ཇི་སྙེད་པ། །སྐད་ཅིག་གིས་བསྲེགས་སྦྱངས་ནས་ནི། །རང་ལུས་ཤེལ་གྱི་ནོར་བུ་ བཞིན། །གསང་བ་ཉི་ཤར་རྡོ་རྗེ་བགོ། །ཕྱག་དང་གསོལ་བསྟོད་མེ་ཏོག་མཆོད། །ཐོག་མེད་སྒྲིབ་བསྲེག་དངོས་གྲུབ་ཉེ། །ཁྱད་པར་དུ་ནི་ཡི་དམ་མྱུར། །སྒྲིབ་པ་སྦྱངས་པས་མི་འདོད་ཡལ། །རྟག་ཏུ་བཟླས་པ་བསྐོར་ལྡན་པས། །བསྐོར་བས་ལུས་ཀྱི་སྡིག་པ་འདག །བཟླས་པས་ངག་གི་སྡིག་ པ་འདག །བླ་མ་ལྷར་བསམ་ཡིད་སྡིག་དག །དག་པས་འདོད་པ་ཕྱོགས་མེད་འཕེལ། །མདོར་བསྡུས་ཕྲིན་ལས་རྣམ་བཞི་འགྲུབ། །རང་སེམས་ཆོས་སྐུ་ལྷར་ལྡན་ན། །མཆོག་དང་ཐུན་མོང་འདི་ལ་སྦྱོར། །སྣོད་ཀྱི་བྱེ་བྲག་ལྡན་པར་སྦྱིན། །ལེགས་ཉེས་རིན་ཆེན་དུག་དང་མཚུངས། །དེ་བས་ གསང་སྔགས་ལེགས་པར་སྦ། །སྣོད་ལྡན་རྣམས་ཀྱིས་འགྲུབ་པར་ཤོག །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དངོས་གྲུབ་ཉེ་བར་བྱེད་པའི་མཆོད་རྟེན་གྱི་མན་ངག་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ ལ་ཕབ་པའོ།། །།མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གང་གི་སྟོབས་ཀྱིས་གདུག་པ་འཇོམས་བྱེད་པ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ཅན་ལ་འདུད། །འགྲོ་བ་འདི་ཀུན་ཕལ་ཆེར་གནོད་མང་བ། །དེ་སེལ་བདུད་རྩི་འདི་ནི་བརྗོད་པར་བྱ། །རིག་ པ་འཛིན་པ་ཉམས་དགའི་ཕྱོགས་འདུག་ནས། །རྣམ་པར་སྦྱངས་པའི་ས་གཞི་དག་པ་ལ། །རབ་སྔོ་མཆོད་པའི་རྟེན་སོགས་མདུན་བྱས་ནས། །ཐུབ་དབང་རྡོ་རྗེའི་བདག་པོའི་གོ་འཆང་བ། །བསོད་ནམས་ཚོགས་བདུན་རབ་ཏུ་རྫོགས་བྱས་ནས། །དེ་རྗེས་སུ་ནི་སྔར་ཉིད་པདྨའི་རང་བཞིན་སྙིང་ གར་བཾ་ལས་དེར་བསམ་བྱ། །དེ་དཀྱིལ་རཾ་ལས་བྱུང་བའི་ཚ་ཟེར་ཅན་ནི་དམར་པོ་བལྟས་བྱས་ནས། །དེར་ནི་སྲོག་གི་རང་བཞིན་ཡེ་ཤེས་ལྔ་ཡི་དངོས་ཉིད་ཡི་གེ་ཧཱུཾ་དུ་བལྟ། །འོག་ཏུ་དབུགས་ཉིད་ཡཾ་ཡིག་ལས་སྐྱེས་རབ་སྔོ་གཞུ་འདྲ་བ། །གཡོ་བའི་བ་དན་གྱིས་མཚན་དེ་གཡོས་པས་ ནི་རབ་དཀྲུགས་ནས། །མེ་ཡི་རང་བཞིན་ཉི་མ་ཡང་ནི་སྦར་བྱས་ཧཱུཾ་ཡིག་གིས་ནི་འབར་གྱུར་བས། །མཐོང་དང་རེག་པའི་དུག་སོགས་རྒྱུ་ཅན་ནད་ཀྱི་དངོས་བསྲེགས་ནས། །རབ་ཏུ་ཚ་བའི་མེ་ལྕེའི་སྒྲ་ལས་རིགས་པའི་སྒྲ་བསྒྲགས་ལ། །མ་ཡེངས་སེམས་ཀྱི་སྐྱོན་སྤངས་སྔགས་ནི་ རབ་ཏུ་བཟླས་བྱས་ནས། །དབུགས་ནི་འབྱུང་དང་རྔུབ་པའི་རླུང་གིས་ལུས་ཀྱི་སྟེང་འོག་ཆ་ནི་རིམ་བཞིན་བསྲེག །ཟླ་དྲུག་གོམས་པས་ལུས་ལ་དྲོད་ཐོབ་ལ་སོགས་མཚན་མ་བཟང་པོ་རྙེད། །གསོ་བར་དཀའ་བའི་ནད་རྣམས་འཇོམས་འགྱུར་ས་མཆོག་རྣམས་ཀྱང་རིམ་གྱིས་འཐོབ། ། ལངས་ནས་བཟའ་ཚེ་ཁ་ཟས་ཚོགས་ན་གང་གནོད་ཤར་བསམ་བསྲེག་པར་བྱ། །འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །ལག་པ་བརྡབས་པའི་སྒྲས་འཇིག་པའི། །རྡོ་རྗེ་བྱབ་པའི་ལས་ཚོགས་ནི། །རྡོ་རྗེ་འཛིན་པར་བསྒོམས་ནས་ཀྱང་། ། བསམ་རྒྱུ་རང་གི་ལག་མཐིལ་ལ། །ཨ་དང་མ་ལས་དཀྱིལ་འཁོར་བསྐྱེད། །མ་ལས་སྣ་ཚོགས་རྡོ་རྗེར་བསམ། །མུ་ཁྱུད་རྡོ་རྗེའི་བུམ་དཀྱིལ་ལ། །ཐུན་མོང་ཁྱད་པར་གསང་སྔགས་བསམ། །སོར་མོ་ཧཱུཾ་ལས་བདེ་གཤེགས་སྐུ། །མཚན་རྣམས་དག་དང་ཡང་དག་ལྡན། །དཔེ་བྱད་ བཟང་པོ་བརྒྱད་ཅུས་སྤྲས། །མེ་ཡི་མཁའ་ལ་རྣམ་པར་བཞུགས། །མེ་དཔུང་ཆེན་པོའི་ཏིང་འཛིན་གྱིས། །ནད་དང་གདོན་དང་དུག་སོགས་ལ། །ལྕགས་ཀྱུའི་ཏིང་འཛིན་སྦྱོར་བ་ཡིས། །དབྱུང་བའི་ཚུལ་དུ་ཕྱུང་ནས་ཀྱང་། །ཞི་བའི་གཟུགས་བརྙན་དག་ལ་བསྟིམ། །དཀར་གསུམ་ཀླུ་ སྨན་དག་དང་བཅས། །གང་གནོད་ཕྱོགས་སུ་བསྐྱལ་བར་བྱ། །མངོན་སྤྱོད་དྲག་པོའི་ཕྲིན་ལས་ནི། །རྫུས་སྐྱེས་ཚུལ་དུ་བསྐྱེད་བྱས་ལ། །གང་དམིགས་གཟུགས་དང་རྟེན་དུ་བཅས། །ཕྱུང་སྟེ་ཁྱད་པར་གསང་སྔགས་བཟླས། །བསྲེག་དང་སྦྱང་དང་བརྡུང་བྱས་ལ། །ལག་པ་བརྡབས་ པའི་སྒྲས་འཇིག་འགྱུར། །རྡོ་རྗེ་བྱབ་པའི་ལས་ཚོགས། རྗེ་བཙུན་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ཡོངས་སུ་བསྙེན་པར་འདོད་པའི་རིག་པ་འཛིན་པས། བསམ་གཏན་གྱི་ཁང་པར་མཎྜལ་སྔོན་པོ་བྱ་སྟེ། མཆོད་རྟེན་ སྔོན་པོ་དང་། གཏའ་གཏོར་དང་། བུམ་པ་དང་། མཆོད་རྫས་དང་། རྟེན་ཁྱད་པར་ཅན་བཞག་ལ། དང་པོ་ཁྲུས་བྱས་ལ། དེ་ནས་སྐྱབས་སུ་འགྲོ། རྒྱུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། རྐྱེན་བྱམས་པ་དང་སྙིང་རྗེ་བསྒོམ། ཐབས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པ་དེ་ནི་ཐབས་ཀྱི་བསྲུང་ བའོ། །ཤེས་རབ་ཀྱི་བསྲུང་བ་ནི་སྟོང་པ་རང་གསལ་བར་བསྒོམ་པའོ། །དེ་གཉིས་སུ་མེད་པའི་བསྲུང་བ་ནི་རྒྱུད་རྐྱང་ལམ་དུ་ཁྱེར་ལ་ཉམས་སུ་བླངས་པའི་མན་ངག་ནི། ཡེ་ཤེས་ལྔ་ལྡན་ཡིག་འབྲུ་ལས། །ཁ་དོག་ལྔ་ཡི་འོད་ཟེར་འཕྲོ། །ཉོན་མོངས་ལྔ་དང་ཀླུ་དུག་ལྔ། །རྣམ་སྨིན་ལུས་ཀྱི་ནད་ལྔ་བསྲེག ། དེ་ཡིས་དེ་དག་བསྲེགས་ནས་ཀྱང་། །ལྷག་མ་ལུས་པར་གྱུར་པ་རྣམས། །སྤོགས་པ་ཡི་ནི་སྦྱོར་བས་བསྲེག །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །གསང་སྔགས་སྐྱོན་སྤངས་བཟླས་པར་བྱ། །དེ་ལ་མན་ངག་རྣམ་གསུམ་སྟེ། །བསམ་གཏན་ཏིང་འཛིན་རྩེ་གཅིག་ལ། །གཉིད་ཀྱི་བར་ཆད་ རབ་ཏུ་སྤང་། །གཞན་གྱི་གཏམ་གྱིས་བར་མི་བཅད། །བདུད་དང་རྡོ་རྗེ་འཛིན་པའི་ལམ། །བླ་མའི་ཞལ་ལས་ཤེས་པར་བྱ། །རྒྱུན་དུའམ་ཐུན་བཞིའི་རྣལ་འབྱོར་བྱ། །དེ་ནས་སྤྱོད་ལམ་དུས་དག་ཏུ། །བསྐྱེད་བསྡུ་མི་དམིགས་རྒྱས་བཏབ་ལ། །བརྒྱ་པས་བཤགས་ཤིང་དགེ་བ་བསྔོ། །རྟགས་ རྣམས་སྒྱུ་མ་ལྟ་བུར་གཟུང་། །དད་ལྡན་བརྩོན་བྱས་ཡིད་ཆེས་ན། །གདོན་མི་ཟ་བར་འགྲུབ་འགྱུར་ཏེ། །དེ་བས་ཐེ་ཚོམ་མེད་པར་ནི། །ཤིན་ཏུ་དད་པས་འབད་དེ་བསྒྲུབ། །ཟླ་དྲུག་བསྙེན་པ་དེ་ལྡན་ན། །ཐུན་མོང་མཆོག་གི་དངོས་གྲུབ་འགྲུབ། །དེས་ན་བསྒྲུབ་བྱ་འདྲེན་པའི་ལྷ། །དགེ་སློང་དཔལ་ དང་ལྡན་པ་ཡི། །ཀླུ་ཞེས་བྱ་བས་དེ་སྐད་གསུངས། །སྐྱབས་འགྲོ་སེམས་བསྐྱེད་བྱམས་སྙིང་རྗེ། །བསྒོམས་ཏེ་ཕ་རོལ་ཕྱིན་དྲུག་ལམ། །དེ་དག་ཐབས་ཀྱི་བསྲུང་བའོ། །ཤེས་རབ་ཟུང་འཇུག་ལམ་བསྒོམས་ཏེ། །སྐྱོན་སྤངས་སྔགས་བཟླས་དགེ་བ་བསྔོ། །ཡན་ལག་བདུན་ལྡན་སྒྲུབ་ ཐབས་འདི། །འབད་པས་ཚོགས་གཉིས་བསགས་ནས་ནི། །དངོས་གྲུབ་རྣམ་གཉིས་ཐོབ་ནས་ཀྱང་། །གདུག་པའི་ནད་ལས་གྲོལ་བར་ཤོག །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། ༄༅། །རྒྱ་གར་སྐད་དུ། མ་ཧཱ་ཡཀྵ་སེ་ནཱ་པ་ཏི་བཛྲ་པཱ་ཎི་སཱ་དྷ་ན་ནཱ་མ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ཞེས་བྱ་བའི་སྒྲུབ་པའི་ཐབས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་གང་གཱའི་བྱེ་སྙེད་རྗེས་གནང་བའི། །མཆེ་གཙིགས་སྤྱན་དམར་དབུགས་རྒྱུ་མེ་ལྟར་འབར། །འཇིགས་པའི་ང་རོས་ཀླུ་རྣམས་རྒྱན་དུ་བརྒྱན། ། གཤིན་རྗེའི་གཟུགས་ཅན་ཁམས་གསུམ་འཇིགས་པར་མཛད། །ཀླུ་རྣམས་འཆིང་མཛད་དེ་ལ་ཕྱག་འཚལ་ནས། །དེ་ཡི་གཟུངས་ལ་བརྟེན་ནས་སྒྲུབ་ཐབས་འདི། །ཇི་ལྟ་བ་ནི་བདག་ཉིད་དྲན་ཕྱིར་བྲི། །དང་པོར་ས་ཕྱོགས་བཟང་བའོ། །དུར་ཁྲོད་དམ་ནི་ཤིང་གཅིག་གམ། །དབེན་ པའི་གནས་སུ་འདུག་ནས་ནི། །བ་ཡི་རྣམ་ལྔ་དྲི་ལྔ་ཡིས། །མཎྜལ་སྔོན་པོ་ལེགས་པར་བྱུག །དྲི་ཡི་ཐིག་ལེ་དགུ་བཀོད་ལ། །དབུས་སུ་མཆོད་རྟེན་སྔོན་པོ་གཞག །བུམ་པ་གཏའ་གཏོར་མཆོད་རྫས་བཤམ། །ཕྱི་ནང་དག་པའི་ཁྲུས་བྱས་ཏེ། །དེ་ནས་རིག་པ་འཛིན་པ་ཉིད། །བདེ་བའི་སྟན་ ལ་རབ་འདུག་སྟེ། །དང་པོར་བྱང་ཆུབ་སེམས་བསྐྱེད་ལ། །སྙིང་གར་ཟླ་བའི་དཀྱིལ་འཁོར་བསམ། །དེ་ཡི་སྟེང་དུ་ཧཱུཾ་བསམས་ཏེ། །དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས། །སྔར་གྱི་གནས་སུ་ཐིམ་པ་ལས། །ཕྱི་ནང་ཐམས་ཅད་དག་པར་བསྒོམ། །སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱ་ནཱཾ་བཛྲ་སིདྡྷི་ཧཱུཾ། སྙིང་གའི་ཡི་གེ་མཚན་མ་ལས། །ལས་ཀྱི་རྡོ་རྗེ་སེམས་དཔར་གྱུར། །དེ་ལས་འོད་ཟེར་རྣམ་ལྔ་འཕྲོས། །བླ་མ་ལ་སོགས་ལྷག་པའི་ལྷ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཀོན་མཆོག་གསུམ་པོ་སྤྱན་དྲངས་ཏེ། །ཕྱག་འཚལ་མཆོད་ཅིང་བཤགས་པ་དང་། །ཡི་རང་བསྐུལ་ ཞིང་གསོལ་བ་གདབ། །སྐྱབས་འགྲོ་ལུས་དབུལ་དགེ་རྩ་བསྔོའོ། །དེ་ནས་བགེགས་དགྲའི་ཏིང་འཛིན་གྱིས། །ལས་རྣམས་ཐམས་ཅད་པ་ཡི་སྔགས། །བཟླས་ཤིང་ཁྲོ་བའི་སྤྲུལ་པ་འཕྲོ། །བཏུལ་ཞིང་སྦྱངས་ཏེ་མཁའ་གང་གྱུར། །དེ་ནས་ཚངས་པའི་གནས་བཞི་བསྒོམ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཆོས་རྣམས་ཐམས་ཅད་སྟོང་པར་བསྒོམ། །ཨེ་ཡཾ་རཾ་བཾ་ཁཾ་ལཾ་སཾ། །ཨེ་ལས་ཆོས་ཀྱི་འབྱུང་གནས་ཏེ། །དེ་བཞིན་འབྱུང་བ་རིམ་བཞིན་བསྒོམ། །ལཾ་ལས་རི་རབ་ལྷུན་པོའི་སྟེང་། །སཾ་ལས་སྣ་ཚོགས་རྡོ་རྗེ་བསྐྱེད། །དེ་ལས་འོད་ཟེར་སྣ་ལྔ་འཕྲོས། །རྡོ་རྗེ་གུར་དང་ ར་བ་དང་། །མཚོན་ཆའི་འཁོར་ལོ་རྫོགས་པར་བསྐྱེད། །དབུས་སུ་བྷྲཱུཾ་ལས་གཞལ་ཡས་ཁང་། །བཻ་ཌཱུརྱ་ལྟར་ཐམས་ཅད་བསྐྱེད། །ཙ་ལས་འཁོར་ལོ་རྩིབས་བཞིའི་སྟེང་། །ཆུ་སྐྱེས་ཉི་ཟླའི་གདན་སྟེངས་སུ། །ཁ་དོག་མཐིང་གའི་ཡི་གེ་ཧཱུཾ། །དེ་ཉིད་ལས་ནི་འོད་འཕྲོས་པས། །སྣོད་བཅུད་ དག་ནི་སྦྱང་བྱས་ནས། །རང་གི་ལྷག་པའི་ལྷར་གྱུར་ཏེ། །ཚུར་འདུས་ཁྲོ་བོའི་རྡོ་རྗེར་གྱུར། །དེ་ཡི་བུམ་དཀྱིལ་ཧཱུཾ་སྔོན་ལས། །འོད་འཕྲོ་ཁྲོ་བོའི་རིགས་བཀུག་ནས། །དེ་དག་ཡོངས་སུ་གྱུར་པ་ལས། །ཐམས་ཅད་འཇོམས་པའི་སྟོབས་ལྡན་པ། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ནི། །མདོ་ ནས་ཇི་ལྟར་གསུངས་བཞིན་བསྒོམས། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་། །གཡས་པ་རྡོ་རྗེ་གཡོན་སྡིགས་མཛུབ། །འོད་ཟེར་ཉི་མ་འབུམ་གྱི་གཟི། །གོས་སྔོན་ན་རའི་རྒྱན་གྱིས་བརྒྱན། །སྟག་གི་སྨད་དཀྲིས་སེང་སྟོད་གཡོགས། །ཀླུ་ཆེན་རྣམས་ནི་རྒྱན་དུ་བརྒྱན། །དབུ་སྐྲ་ སྨ་ར་སེར་ལ་འཇིགས། །སྨིན་མཚམས་དཔྲལ་བསྡུས་མཆེ་གཙིགས་མཚམས། །ཧ་ཧ་ཨ་ལ་ལ་ཞེས་བཞད། །བརྐྱང་བསྐུམ་ཀླུ་བརྒྱད་ཞབས་ཀྱིས་མནན། །རྡོ་རྗེ་མཆུ་ཡིས་ཀླུ་བརྒྱད་གཟིར། །ཉི་ཟླ་དང་ནི་པདྨར་བཅས། །དབུས་ཀྱི་ཆ་ལ་རྣམ་པར་བཞུགས། །དེ་ནས་རང་གི་སྙིང་གར་ནི། ། རང་དང་འདྲ་བའི་གོས་སྔོན་བསྐྱེད། །དབང་པོ་དྲུག་ལའང་དེ་བཞིན་བསྒོམ། །དེ་ནས་ཐུགས་ཀའི་ས་བོན་ལས། །ཧཱུཾ་འཕྲོས་འཁོར་ལོ་རྩིབས་བཞིའི་སྟེང་། །འཕྲོ་འདུས་ཕྱག་མཚན་ཡིག་འབྲུས་མཚན། །དེ་དག་ཡོངས་གྱུར་སྡེ་དཔོན་བཞི། །ཤར་དུ་རྡོ་རྗེ་གནོད་སྦྱིན་ཏེ། །ལྷོ་རུ་སྲིན་པོ་ ཟ་བ་པོ། །ནུབ་ཏུ་རྡོ་རྗེ་གདོན་ཆེན་བདག །བྱང་དུ་རྡོ་རྗེ་རོ་ལངས་ཏེ། །སྡེ་དཔོན་ཆེན་པོ་བཞི་རྣམས་ཀྱང་། །ཞལ་གཅིག་ཕྱག་གཉིས་མཐིང་ནག་ལ། །གཡས་པ་རྡོ་རྗེ་རྩེ་ལྔ་འཛིན། །གཡོན་རྣམས་སྡིགས་མཛུབ་ཏྲི་ཤཱུ་ལ། །རལ་གྲི་དབྱུག་ཏོ་འཁོར་ལོ་འོ། །ཀླུ་ཆེན་བརྒྱད་ནི་རྒྱན་དུ་ བྱས། །སྨད་དཀྲིས་ན་བཟའ་སྔོ་བཀྲ་དང་། །ར་ག་ཟ་ཧོར་ཙན་དམར་བརྒྱན། །བ་ཏི་ཁྲ་བོའི་ཤམ་ཐབས་ཅན། །སྟོད་གཡོགས་སྔོན་པོའི་ཆོས་གོས་འཆང་། །དབུ་སྐྲ་སྨ་ར་གྱེན་སེར་འགྲེང་། །ཨ་ལ་ལ་ཡི་གད་རྒྱངས་སྒྲོགས། །བརྐྱང་བསྐུམ་རིགས་བཞིའི་ཀླུ་རྣམས་མནན། །བརྒྱ་བྱིན་མཛེས་ དང་ཉི་མར་བཅས། །མེ་འབར་དབུས་སུ་བསྐྱེད་པར་བྱ། །བགོ་བ་དག་ཀྱང་ཡིག་འབྲུ་ལས། །ཇི་བཞིན་དུ་ནི་བསྐྱེད་བྱས་ཏེ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཡིས། །གནས་ལྔར་གཏུག་ཅིང་ལུས་བསྲུང་བྱ། །ན་མཿས་མནྟ་བཛྲཱ་ཎཱཾ་བཛྲ་ཀ་བ་ཙ་ཧཱུཾ། རྡོ་རྗེ་ལྔ་ཡི་ཕྱག་རྒྱ་ཡིས། །བརྟན་པར་བྱས་ཏེ་ལུས་ བྱིན་བརླབ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །ཕྱག་འཚལ་མཆོད་བསྟོད་སྡིག་བཤགས་ཏེ། །སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །མཆོད་རྟེན་སྔོན་པོ་དག་ལ་བསྟིམ། །འོད་ཟེར་འདུ་འཕྲོའི་བྱིན་གྱིས་བརླབ། །ཐུགས་ ལས་འོད་འཕྲོས་བདེ་གཤེགས་བསྐུལ། །མི་བསྐྱོད་སངས་རྒྱས་བྱེ་སྙེད་རྣམས། །སྤྱན་དྲངས་མཆོད་བསྟོད་སྡིག་བཤགས་ཏེ། །གཟུངས་ལྟར་རྗེས་སུ་གནང་མཛད་ནས། །དབང་བསྐུར་བྱིན་རླབས་དེ་ཉིད་ཐིམ། །དབུ་ལ་མི་བསྐྱོད་རྡོ་རྗེས་མཚན། །ཐུགས་མཚན་ལ་སོགས་བསྒོམས་ནས་ནི། ། སྔགས་ཀྱི་ཕྲེང་བ་འཁོར་བ་ལས། །སྤྲོ་བསྡུའི་རིམ་པ་གསལ་བར་བསྒོམ། །སངས་རྒྱས་གང་གཱའི་བྱེ་སྙེད་ཀྱིས། །གསུངས་པའི་གསང་སྔགས་སྐྱོན་སྤངས་བཟླས། །ཕར་འཕྲོས་པ་ནི་མཆོད་པའི་ཚུལ། །དེ་ལས་འོད་བྱུང་གདོན་སྡིག་སྦྱངས། །དངོས་གྲུབ་རྣམ་གཉིས་ཐོབ་པར་བསམ། ། ཇི་ལྟར་ཉེ་བར་མ་གྱུར་པར། །གཤེགས་སུ་གསོལ་དང་ཐུན་མཚམས་མེད། །མཆོད་རྟེན་སྔོན་པོ་དག་ལའོ། །ཡང་ན་རིག་པ་འཛིན་པ་ཡིས། །ཐུན་མཚམས་མཆོད་བསྟོད་གཏོར་མ་བཏང་། །ཐ་མའི་ཐུན་ལ་གཤེགས་སུ་གསོལ། །དཀྱིལ་འཁོར་ལྷ་རྣམས་ཐུགས་ཀར་བསྡུ། །དེ་ཉིད་ མི་དམིགས་སྟོང་པར་བསྒོམ། །སྒྱུ་མ་ལྟ་བུའི་སྤྱོད་ལམ་བྱ། །བསྙེན་དུས་རིག་པ་འཛིན་པ་ཡི། །རྩ་སྔགས་ཡིག་འབྲུ་བཅུ་བདུན་བཟླས། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། འདི་ཡིས་ལས་རྣམས་ཐམས་ཅད་འགྲུབ། །གྲངས་དང་དུས་དང་མཚན་མ་ཡི། །བསྙེན་པ་རབ་འབྲིང་ ཐ་མའི་ཚད། །དབང་པོ་རབ་འབྲིང་དག་དང་སྦྱར། །བསྙེན་པ་རྟགས་དང་ལྡན་གྱུར་ན། །དངོས་གྲུབ་བླང་ཕྱིར་བསྒྲུབ་པ་བྱ། །སྔོན་དུ་བསྙེན་པའི་ཆོ་གའོ། །དེ་ནས་བསྒྲུབ་པ་བྱ་བ་ནི། །ལྷོ་ཕྱོགས་རྒྱ་མཚོའི་གནས་དག་ཏུ། །གཙང་བའི་ས་བླང་སྟེགས་བུ་བརྩིག །བ་ཡི་རྣམ་ལྔ་བླངས་པ་དང་། །འོ་མའི་ དྲི་ཆུ་ཙནྡན་དང་། །གུར་གུམ་ག་པུར་ལ་སོགས་བྱུག །གྲུ་བཞི་རབ་ཏུ་གནས་པ་དང་། །ཐིག་ལ་སོགས་པའི་རིམ་པ་ཡང་། །གཞན་ནས་འབྱུང་བ་བཞིན་དུ་གདབ། །དབུས་སུ་འཁོར་ལོ་རྩིབས་བཞི་བྲི། །ལྷ་རྣམས་ལ་སོགས་ཆ་རྣམས་ཀྱང་། །མཚན་ཉིད་རྒྱས་པར་གཞན་བཞིན་ནོ། །མཆོད་ རྫས་ལ་སོགས་གོང་བཞིན་བཤམས། །ཁྱད་པར་དག་གི་རྫས་རྣམས་ནི། །བུམ་པ་སྒྲུབ་པའི་རྫས་ཀྱིས་དགང་། །དངོས་གྲུབ་རྫས་ཀྱིས་ཁ་བཅད་ལ། །མགུལ་ཆིངས་སྔོན་པོའི་དར་གྱིས་བཅིང་། །དཀྱིལ་འཁོར་དབུས་སུ་གཞག་པར་བྱ། །རག་ཤ་རུས་པའི་རྒྱན་ཆ་དང་། །སེང་ལྡེང་ཕུར་པ་རྡོ་རྗེ་རྣམས། ། བླ་རེ་རྒྱལ་མཚན་བ་དན་གདུགས། །གཞན་ཡང་སྒྲུབ་རྫས་ཐམས་ཅད་བསོགས། །དེ་ནས་རིག་པ་འཛིན་པ་ཉིད། །རྩ་བའི་སྡོམ་པ་ལ་སོགས་བསྲུང་། །གཙང་མའི་ཟས་ཟོས་སྨྱུང་བར་གནས། །ཤར་བལྟས་ཆོས་གོས་སྔོན་པོ་གྱོན། །བདེ་བའི་སྟན་ལ་རབ་འདུག་སྟེ། །སྔ་དྲོ་དང་པོ་སྙིང་རྗེའི་བདག ། བསྐྱེད་རིམ་བསྙེན་པའི་དུས་བཞིན་བྱ། །ཁྱད་པར་བུམ་པའི་ལྷ་རྣམས་བསྐྱེད། །ཚོགས་བསགས་སྔོན་འགྲོ་རྗེས་འཇུག་རྣམས། །བསྙེན་པའི་དུས་དང་མཐུན་པར་གསུང་། །ཁྱད་པར་ཡེ་ཤེས་སེམས་དཔའ་བསྟིམ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ། །རིགས་ཀྱི་བདག་པོ་སྤྱན་ དྲངས་ཏེ། །བྱིན་བརླབས་དབང་བསྐུར་བུམ་ནང་ཐིམ། །ཐུན་མོང་སྔགས་སམ་ཁྱད་པར་སྔགས། །བཟླས་ཤིང་སྤྲོ་བསྡུའི་རིམ་པ་ནི། །སྣོད་བཅུད་ཡེ་ཤེས་བཅུད་བསྡུས་ནས། །བུམ་ནང་ལྷ་དང་རྫས་ལ་ཐིམ། །སྔགས་ལ་གཏད་དེ་བཟླས་པ་ནི། །ལྕེ་ནི་ཧཱུཾ་གི་རྡོ་རྗེར་གྱུར། །སྙིང་གའི་མཚན་ མ་ལ་སོགས་ལས། །སྔགས་ཀྱི་ཕྲེང་བ་བརྒྱུད་མར་འཁོར། །དེ་ལས་ཁྲོ་ཆུང་གྲངས་མེད་སྤྲོས། །བསྲེག་གཟིར་བཅོམ་བཏགས་ཚར་བཅད་བསྐྲད། །ཚུར་འདུས་ནད་དང་གདོན་རྣམས་ཕྱུང་། །དངོས་གྲུབ་རྣམ་གཉིས་ཐོབ་ནས་ཀྱང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་བསྒོམ། །ཐུན་མཚམས་ མཆོད་བསྟོད་གཏོར་མ་བཏང་། །སྒྲུབ་པ་ཐོན་ནས་བུམ་པ་ཡིས། །བདག་གམ་གཞན་ལ་དབང་བསྐུར་ཏེ། །དངོས་གྲུབ་རྫས་རྣམས་ལྷ་ལ་དབུལ། །ལྷག་མ་བདུད་རྩིར་བསམ་སྟེ་བཟའ། །དེ་ནས་ཡི་གེ་བརྒྱ་པས་བཤགས། །ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ། །དམ་ཚིག་ དཀྱིལ་འཁོར་རང་ལ་བསྡུ། །ཐམས་ཅད་སྒྱུ་མ་ལྟ་བུར་བསྒོམ། །སྒྱུ་མ་ལྟ་བུའི་ང་རྒྱལ་ལས། །ཇི་ལྟར་ཞི་བའི་ལས་རྣམས་བྱ། །པཾ་ལས་ཆུ་སྐྱེས་འདབ་བརྒྱད་བསྐྱེད། །གཙོ་བོ་ཀླུ་ཆེན་བརྒྱད་བསམས་ཏེ། །རིན་ཆེན་སྣོད་དུ་གཏོར་མ་བཤམ། །དཀར་གསུམ་མངར་གསུམ་ཀླུ་སྨན་ བླུགས། །སྦྱངས་ཤིང་བྱིན་གྱིས་བརླབས་བྱས་ཏེ། །ཀླུ་ལ་བྱིན་པས་གདུག་རྩུབ་ཞི། །སྔགས་བཟླས་འོད་ཟེར་འཕྲོ་འདུ་ཡིས། །བྱབ་པའི་རྫས་ཀྱིས་དུག་ཕྱུང་སྟེ། །ཆོས་བཤད་ཁྲོ་བོའི་ཆེ་བརྗོད་པས། །སྔོན་གྱི་དམ་ཚིག་རྗེས་དྲན་ཏེ། །དེས་ན་ཞི་བར་འགྱུར་བ་ཡིན། །ཡང་ན་ མཚན་མ་བཟང་པོ་འབྱུང་། །ངན་ན་སྤོགས་པའི་ཆོ་ག་བྱ། །དེ་རྗེས་ཞི་བའི་སྦྱིན་སྲེག་བྱ། །གདོན་དང་སྡིག་པ་ཞི་བར་འགྱུར། །ཞི་བར་མ་གྱུར་གདོན་བགེགས་ལ། །སྨྱག་ཤད་བལ་པོ་སེའུ་ཡི། །སྔགས་བཟླས་ལྕུག་མས་བྱབས་སམ་བྲབས། །འཇིགས་པ་བརྒྱད་ཀྱི་རྫས་ཀྱིས་ གཟིར། །གླ་རྩི་གུ་གུལ་མུ་ཟི་དང་། །དྲི་ཆེན་མི་ཤ་སྤྱང་ཀིའི་བྲུན། །བསྲེགས་པའི་དུད་པས་སྐྲག་ཅིང་འབྲོས། །དེ་ནི་ཁྱད་པར་ཀླུ་ལ་ཤིས། །དེ་བཞིན་གཟུངས་ཀྱི་ལས་ཚོགས་རྣམས། །ཇི་ལྟ་བར་ནི་འགྲུབ་པར་འགྱུར། །དེ་ཡིས་མ་བཟློག་བགེགས་རྣམས་ལ། །མངོན་སྤྱོད་དག་གི་ལས་བྱས་ཏེ། ། གནས་ནི་གདུག་ཅིང་རྩུབ་པ་ཡི། །གནོད་སྦྱིན་ཕོ་མོ་འདུ་བའི་སར། །སྡེ་དཔོན་ཆེན་པོའི་འཁྲུལ་འཁོར་བཅའ། །རིག་པ་འཛིན་པས་ལྷོར་བལྟས་ཏེ། །གནག་ཅིང་རྩུབ་པའི་སྟན་ལ་འདུག །གཅེར་བུ་ཁྲོས་པའི་སེམས་ལྡན་པས། །དུར་ཁྲོད་རོ་རས་ཆེན་པོ་ལ། །ཁྲག་དང་དུག་གིས་ཞལ་ ཞལ་བྱ། །སྨྱོ་བྱེད་ཚ་བ་གསུམ་གྱིས་བྱུག །ནིམ་པ་ག་བུར་སྣག་ཚ་ལ། །རུས་ཆེན་དག་གི་སྨྱུ་གུ་ཡིས། །འཁྲུལ་འཁོར་རིམ་གྱིས་བཅའ་བ་ནི། །འཁོར་ལོ་རྩིབས་བརྒྱད་མུ་ཁྱུད་བཅས། །རེའུ་མིག་ཕྱིར་བསྟན་རྩེ་མོ་ནང་། །སྡེ་དཔོན་ལྟོ་བར་འཁྲུལ་འཁོར་བྲི། །ཁྲོས་པས་མཆེ་ གཙིགས་གནོད་སྦྱིན་འཇིགས། །སྦྲུལ་གཉིས་ཟ་ཞིང་འཁོར་ལོ་འཛིན། །དེ་བཞིན་སྟེང་འོག་འཁོར་ལོ་བྲི། །མུ་ཁྱུད་དག་ལ་མཐའ་རྟེན་སྔགས། །རྩིབས་ལ་ཡ་ཚོགས་བཅུ་དྲུག་བྲི། །དབུས་སུ་ལྷ་སྦྱིན་གཟུགས་བྲིས་ཏེ། །མགོ་དང་དབང་པོ་ཡན་ལག་རྣམས། །རྩིབས་མཆན་ དག་ལ་བརྒྱན་ཞིང་དགོད། །སྙིང་གར་ནྲྀ་དང་ལྟེ་བར་ཛཿ། །མིང་རྣམས་གོ་རིམས་བཞིན་དུ་བྲི། །འཁྲུལ་འཁོར་ལྕགས་ཀྱི་བུམ་པར་གཞུག །བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ། །བཟླས་པ་སྔགས་ཀྱི་རིམ་པ་ཡིས། །བཀུག་སྟེ་གྲུ་གསུམ་ཁ་བཅད་གཟིར། །སྔགས་བཟླས་ འཁྲུལ་འཁོར་དགོངས་པ་ཡང་། །སྟེང་གཅོད་མེ་ཡི་འཁོར་ལོ་སྟེ། །མེ་རླུང་དྲག་པོ་གཡོན་དུ་འཁོར། །འོག་གཅོད་རླུང་གི་འཁོར་ལོ་སྟེ། །དྲང་ཞིང་མྱུར་བར་གཡས་སུ་འཁོར། །འཁོར་ལོ་སྤུ་གྲི་ཆེན་པོ་ཡིས། །ལྷས་བྱིན་ལུས་སེམས་སོ་སོར་དབྲལ། །ཕུང་པོ་མཚོན་ཆའི་འཁོར་ ལོས་གཏུབ། །འཁོར་ལོ་ཚ་གྲང་འཐབ་པའི་སྒྲ། །འུར་འུར་འབྲུག་ལྟར་སྔགས་བཟླས་ཤིང་། །ཁྲོས་པས་རྒྱུན་དུ་བསྐོར་ན་ནི། །ཀླུ་ཆེན་བརྒྱད་ནི་འཆི་བར་འགྱུར། །ངེས་པར་གསོད་ན་མནན་དང་བསྲེག །ཡང་ན་ནག་པོའི་ཚེས་བརྒྱད་ནས། །བརྩམས་ཏེ་མཐིང་ནག་འབྲུབ་ཁུང་དུ། །ལིང་ག་ འཁྲུལ་འཁོར་ནང་བཅུག་ལ། །རྫུས་སྐྱེས་ཚུལ་དུ་བསྐྱེད་བྱ་སྟེ། །སྔགས་བཟླས་བཀུག་སྟེ་རྟགས་ལྡན་ན། །སྡེ་དཔོན་བཞི་ཡི་འཁྲུལ་འཁོར་དུ། །བཅུག་སྟེ་རྡོ་རྗེའམ་ཕུར་བུ་ཡིས། །དུས་དྲུག་འཁྲུལ་འཁོར་ནང་དུ་བརྡུང་། །མངོན་སྤྱོད་ལས་རྣམས་གང་བྱེད་ཀྱང་། །མཆོད་རྟེན་ ནག་པོར་བྱུག་བྱ་སྟེ། །གདུག་པའི་མཆོད་ཡོན་ལ་སོགས་བཤམ། །ཉི་ཤུ་རྩ་གཅིག་ཏུ་མཆོད་ཅིང་། །མཚན་དང་ལྡན་པའི་ཀ་པཱ་ལར། །བདུད་རྩི་ཤ་ཁྲག་སྣ་ཚོགས་བཀང་། །གཏོར་མ་སྡེ་དཔོན་རྣམས་ལ་སྦྱིན། །ཐོད་ཆེན་རྔ་བརྡུང་ཕྲིན་ལས་བཅོལ། །ལིང་ག་དྲག་པོའི་སྦྱིན་སྲེག་བྱ། ། ཡང་ན་མནན་པའི་ལས་བྱའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །གཟུངས་ཀྱི་ལས་ཚོགས་གང་བྱེད་ཀྱང་། །མཆོད་རྟེན་སྐུ་གདུང་དང་ལྡན་པར། །རྟག་ཏུ་མེ་ཏོག་སྔོན་པོས་མཆོད། །བདུན་ནམ་བཅུ་བཞི་ཉི་ཤུ་གཅིག །གཟུངས་སྔགས་སྟོང་རྩ་བརྒྱད་བཟླས་ན། །དེས་ནི་ལས་རྣམས་ ཐམས་ཅད་འགྲུབ། །གྲུབ་ནས་རྟག་ཏུ་མཆོད་པར་བྱ། །གནོད་སྦྱིན་སྡེ་དཔོན་ཆེན་པོ་ཡི། །གཟུངས་སྒྲུབ་འདི་ལ་ཉེས་པ་གང་། །གོང་མ་རྣམས་ལ་བཟོད་པར་གསོལ། །བསོད་ནམས་སེམས་ཅན་ཀུན་ལ་བསྔོ། །བདག་གིས་སྒྲུབ་ཐབས་འདི་བྱས་པས། །འབད་པས་ཚོགས་གཉིས་བསགས་ ནས་ནི། །རིག་སྔགས་འཆང་འདྲར་གྱུར་ནས་ཀྱང་། །གདུག་པའི་ནད་ལས་གྲོལ་བར་ཤོག །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེའི་གཟུངས་ཀྱི་སྒྲུབ་པའི་ཐབས། སློབ་དཔོན་ཆེན་པོ་སུ་ཝཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་ བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་པཱ་ཎི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་སྒྲུབ་པའི་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་ལ་ཕྱག་འཚལ་ལོ། །དཔལ་ལྡན་སངས་རྒྱས་ འདུས་པའི་སྐུ། །གདུག་པ་འདུལ་མཛད་སྦྲུལ་སོགས་བརྒྱན། །རྡོ་རྗེ་འཛིན་ལ་ཕྱག་འཚལ་ཏེ། །དེ་ཡི་སྒྲུབ་ཐབས་བྲི་བར་བྱ། །བཅོམ་ལྡན་རྡོ་རྗེ་འཛིན་པ་ཡི། །སྒྲུབ་ཐབས་ཀྱི་ནི་གོ་རིམས་རྣམས། །བླ་མ་ཇི་ལྟར་གསུངས་པ་ལྟར། །མན་ངག་བརྗེད་བྱང་དུ་བཀོལ་ལ། །ཁྲོ་བོའི་རྒྱལ་པོ་ བསྙེན་འདོད་པས། །གནས་ནི་དུར་ཁྲོད་ཤིང་གཅིག་གམ། །ཡང་ན་རྡོ་རྗེ་འཛིན་པའི་ཁྱིམ། །བཀྲ་ཤིས་ཉམས་དགའི་གནས་དག་ཏུ། །མཎྜལ་སྔོན་པོ་ལེགས་བྱས་ལ། །མེ་ཏོག་ལ་སོགས་མཆོད་རྫས་དགྲམ། །བདེ་བའི་སྟན་ལ་རབ་འདུག་སྟེ། །གདོང་ལ་སོགས་པ་ཁྲུས་བྱས་ལ། །སྐད་ ཅིག་མ་ཡི་ཏིང་འཛིན་གྱིས། །ཧཱུཾ་ཡིག་ལས་ནི་མདོག་ནག་པ། །ཁྲོ་བོའི་རྒྱལ་པོ་རབ་བསྒོམས་ཏེ། །དཔའ་བའི་ཉམས་<གྱིས་‚ཀྱིས་>ཡུངས་ཀར་ལ། །སྐད་ཅིག་མ་ཡི་ཏིང་འཛིན་གྱིས། །སྔགས་བཟླས་ཁྲོ་བོའི་སྤྲུལ་པ་སྤྲོ། །གདུག་པ་ཚར་བཅད་ཚུར་འདུས་པས། །རྡོ་རྗེ་གུར་དང་ར་བར་ གྱུར། །དེ་ནས་རང་གི་སྙིང་གར་ནི། །ཨ་དཀར་ཞུ་བས་ཟླ་བ་ཡི། །དཀྱིལ་འཁོར་ཉ་གང་ལྟ་བུར་བསམ། །དེ་སྟེང་ཧཱུཾ་སྔོན་ཞུ་བ་ལས། །རྡོ་རྗེ་སྔོན་པོ་རྩེ་ལྔ་བསམ། །དེ་ཡི་བུམ་པར་ཧཱུཾ་སྔོན་པོ། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། ། ལྷག་པའི་ལྷ་དང་བླ་མ་རྣམས། །སྤྱན་དྲངས་མདུན་གྱི་མཁའ་ལ་བཞུགས། །བསོད་ནམས་ཚོགས་ནི་བསགས་པའི་ཕྱིར། །ཕྱག་འཚལ་མཆོད་སྦྱིན་སྡིག་བཤགས་རྣམས། །བདུན་པོ་ཡོངས་སུ་དག་པ་ཡི། །ཚིག་ཏུ་བརྗོད་དེ་ཚོགས་བསགས་བྱ། །སྤྱན་དྲངས་རྣམས་ནི་ གཤེགས་སུ་གསོལ། །དེ་ནས་ཡེ་ཤེས་ཚོགས་བསགས་ཕྱིར། །ཕྱི་ནང་སྣོད་བཅུད་འོད་ཞུ་ནས། །བདག་ཉིད་ཀྱི་ནི་ཐུགས་ཀར་ཐིམ། །དེ་ཉིད་འོད་ཞུ་ཧཱུཾ་ལ་འདུས། །ཧཱུཾ་ཞུ་ཟླ་ཚེས་ཐིག་ལེར་ཐིམ། །ཆོས་རྣམས་རང་བཞིན་རྣམ་དག་པའི། །ངོ་བོ་ཉིད་ལས་བྱུང་བ་ཡི། །སྔགས་ འདི་ཡང་དག་བརྗོད་པར་བྱ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཚིག་གི་དོན་དང་བཅས་པར་བསྒོམ། །ཆུ་ལས་ཆུ་བུར་རྡོལ་བའི་ཚུལ། །ཡཾ་ལས་རླུང་གི་དཀྱིལ་འཁོར་དེ། །རཾ་ལས་མེ་ཡི་ཁ་དོག་ལྔ། །དབུས་སུ་པཾ་ལས་པདྨ་བསམ། །ཨ་ལས་ཟླ་བའི་དཀྱིལ་འཁོར་ རོ། །དེ་ཡི་སྟེང་དུ་ཧཱུཾ་སྔོན་ལས། །དེ་ཞུ་རྡོ་རྗེ་སྔོན་པོ་ནི། །འོད་ཟེར་སྔོན་པོ་འཕྲོ་བར་བསམ། །དེ་ཡི་བུམ་པར་ཧཱུཾ་སྔོན་བསམ། །དེ་ལས་འོད་ཟེར་ཧཱུཾ་ཕྲ་མོ། །འཕྲོས་ནས་ཕྱི་ནང་སྣོད་བཅུད་སྦྱངས། །ཚུར་འདུས་རྡོ་རྗེ་ཕྲ་མོར་གྱུར། །སྔར་གྱི་གནས་སུ་ཐིམ་པ་ལས། །དེ་ཞུ་རྡོ་རྗེ་སྔོན་པོ་ནི། །ནམ་ མཁའི་མཐའ་དང་མཉམ་པར་བསམ། །དེ་ཡི་བུམ་དཀྱིལ་ཧཱུཾ་སྔོན་ལས། །སྐུ་མདོག་ནམ་མཁའི་མདོག་ཅན་ལ། །དེ་ལས་འོད་བྱུང་བཅུད་སྦྱངས་ཏེ། །ཚུར་འདུས་ཕྱག་ན་རྡོ་རྗེ་ཡི། །སྐུ་ནི་ཕྲ་མོའི་ཚུལ་དུ་འདུས། །དེ་ལས་ཕྱག་ན་རྡོ་རྗེའི་སྐུ། །མདོ་ནས་ཇི་ལྟར་གསུངས་བཞིན་བསྒོམས། ། དེ་ནས་དམ་ཚིག་སེམས་དཔའི་སྐུ། །བསྙེན་པའི་དུས་སུ་བསྒོམ་པ་ནི། །སྐུ་མདོག་ནམ་མཁའི་འོད་ཅན་ལ། །ཞལ་གཅིག་ཕྱག་ཀྱང་གཉིས་པ་སྟེ། །སྤྱན་དམར་མཆེ་བ་གཙིགས་པ་ལ། །ཕྱག་གཡས་རྡོ་རྗེ་གཡོན་སྡིགས་མཛུབ། །ཤིན་ཏུ་གདུག་ཅིང་ཁྲོས་པ་སྟེ། །ཀླུ་ཆེན་བརྒྱད་ཀྱིས་ རྣམ་པར་བརྒྱན། །སྟོད་གཡོགས་སྔོན་པོ་ལེགས་བསྣམས་ཤིང་། །ན་བཟའ་ཆོས་གོས་སྔོན་པོ་འཆང་། །སྨད་གཡོགས་བ་ཏི་ཁྲ་བོ་དང་། །སྟག་གི་སྨད་གཡོགས་སེང་སྟོད་གཡོགས། །ཉི་ཟླའི་སྟེང་ན་གར་བྱེད་དགྱེས། །བདག་ཉིད་དང་ནི་སྦྲུལ་རྒྱན་གྱི། །ཁ་ནས་ཧ་ཧའི་སྒྲ་སྒྲོགས་པས། ། ལོག་འདྲེན་ཚོགས་རྣམས་འཇོམས་པར་བྱེད། །དེ་ལྟར་ཁྲོ་བོའི་རྒྱལ་པོར་ནི། །བདག་ཉིད་རྣམ་པར་བསམ་པར་བྱ། །བདག་ཉིད་དམ་ཚིག་སེམས་དཔའ་ཡི། །ཐུགས་ཀར་ཟླ་བ་རྡོ་རྗེ་ཧཱུཾ། །འཕྲོ་འདུས་ཡེ་ཤེས་སེམས་དཔའ་བསྒོམ། །ཐུགས་ཀར་ཉི་མ་རྡོ་རྗེ་ཧཱུཾ། །སྲན་མ་ནས་ཚད་ཡུངས་འབྲུ་ལ། ། རྩ་བའི་སྔགས་ཀྱིས་བསྐོར་བར་བསམ། །རྡོ་རྗེ་གོ་ཆའི་ཕྱག་རྒྱ་ཡིས། །གནས་ལྔར་གཏུག་ཅིང་ལུས་བསྲུང་བྱ། །ན་མཿས་མནྟ་བཛྲཱ་ཎཱཾ་ཀ་བ་ཙ་ཧཱུཾ། རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་ཡིས། །སྔགས་འདི་བརྗོད་དེ་བརྟན་པར་བསམ། །ན་མཿས་མནྟ་བཛྲཱ་ཎཱཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎཱ་ཡ་ཧཱུཾ། ལྕགས་ཀྱུའི་ཕྱག་ རྒྱ་བཅས་ནས་ནི། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །འོད་ཟེར་ལྕགས་ཀྱུའི་དབྱིབས་བྱུང་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། །འོག་མིན་གནས་མཆོག་དམ་པ་ཡི། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །སངས་རྒྱས་ཀུན་གྱིས་རྗེས་གནང་བའི། །གསང་བདག་འཕགས་ པ་གོས་སྔོན་ཅན། །འཁོར་བཅས་མ་ལུས་སྤྱན་འདྲེན་གྱིས། །འདིར་གཤེགས་མཆོད་པ་དམ་པ་བཞེས། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ས་མ་ཡ་མཎྜ་ལ་མ་དྷེ་ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། ཏིཥྛ་ཡ་ཏིཥྛ་ཡ། ཨ་བ་ལོ་ཀཱ་ཡ་ཧཱུཾ་ཛཿམདུན་གྱི་ནམ་མཁར་བཞུགས་པར་ བསམ། །སྙིང་གའི་ལྷ་མོའི་ཚོགས་ཀྱིས་མཆོད། །ཨོཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི། བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་ཨཱ་ལོ་ཀེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་ནཻ་ཝི་དྱེ་ཧཱུཾ། བཛྲ་གཱི་ཏི་ག་ཏ་ག་ཏ་ཧཱུཾ་སྭཱ་ཧཱ། སྔགས་དང་ཚིགས་བཅད་རབ་བརྗོད་པས། །དངོས་སམ་ ཡིད་ཀྱིས་མཆོད་པ་དབུལ། །དེ་ནས་བསྟོད་དང་ཕྲིན་ལས་བཅོལ། །མདུན་དུ་གཏའ་ཡི་གཏོར་མ་ལ། །ཨ་ལས་བནྡྷ་གཞལ་ཡས་ཁང་། །ཐུན་མོང་གདན་དང་ཉི་མའི་སྟེང་། །ཧཱུཾ་ཡིག་ལས་ནི་མདོག་གནག་པ། །ལས་ཀྱི་སེམས་དཔར་བསྐྱེད་པར་བྱ། །རི་རབ་ཆེན་པོའི་ལྷོ་ཤར་ནས། །ལྕང་ལོ་ཅན་ གྱི་བསྐུལ་ཚིག་དང་། །སྔགས་དང་ཕྱག་རྒྱས་སྤྱན་དྲངས་བསྟིམ། །མཆོད་དང་སྡིག་བཤགས་ལ་སོགས་བྱ། །ཛཿཧཱུཾ་བཾ་ཧོཿཞེས་པ་ཡིས། །ཡེ་ཤེས་སེམས་དཔའ་བསྟིམ་པར་བྱ། །སྤྱི་བོ་མགྲིན་པ་སྙིང་ག་རུ། །ཨོཾ་ཨཱཿཧཱུཾ་གསུམ་རབ་བཀོད་དེ། །ཡི་གེ་བཅུ་གསུམ་འཁོར་ལོ་ བསྒོམ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྐུ་གསུང་ཐུགས་སུ་བྱིན་བརླབས་ནས། །མི་བསྐྱོད་སངས་རྒྱས་བྱེ་སྙེད་རྣམས། །སྤྱན་དྲངས་མཆོད་དང་སྡིག་བཤགས་ཏེ། །རྗེས་སུ་གནང་བ་གསུམ་ལྡན་གྱིས། །དབང་བསྐུར་བྱིན་བརླབས་གཉིས་མེད་ཐིམ། ། ཨོཾ་ཤྲཱི་བཛྲ་པཱ་ཎི་ཧཱུཾ་མ་ཧཱ་ཙཎྜ་སརྦ་དུཥྚཱན། སརྦ་བུདྡྷ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཧཱུཾ། ཆོས་ཀྱི་རྒྱལ་པོར་དབང་བསྐུར་རོ། །ཐུགས་ཀའི་ཏིང་འཛིན་སེམས་དཔའ་ལ། །གཏད་དེ་སྔགས་ཀྱི་ཕྲེང་བས་བསྐོར། །བདག་དང་ལས་ཀྱི་སེམས་དཔའ་ལ། །སྤྲོ་དང་བསྡུ་བའི་རིམ་པ་ རྣམས། །ཇི་ལྟ་བར་ནི་གསལ་བར་བསྒོམ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ཡི། །གསང་སྔགས་སྐྱོན་སྤངས་བཟླས་པར་བྱ། །བསྙེན་དུས་ལྷ་ལ་གཏད་དེ་བཟླས། །སྒྲུབ་པའི་དུས་སུ་སྔགས་ལ་གཏད། །བཟླས་དུས་གཟས་པ་པོ་རྣམས་ལ། །གཏད་དེ་སྔགས་ཀྱི་འཕྲོ་འདུ་ བྱ། །དེ་ནས་བདག་དང་རྒྱན་ཆ་ཡི། །སྦྲུལ་གྱི་ཁ་ནས་སྔགས་བཟླས་པས། །མེ་ཡི་འཚུབས་མ་དམར་ནག་དང་། །ཁྲོ་བོ་གྲངས་མེད་འཕྲོས་པ་ལས། །དེ་ཡིས་དེ་དག་བསྲེགས་ནས་ཀྱང་། །ལྷག་མ་ལུས་པར་གྱུར་པ་རྣམས། །སྤོགས་པ་ཡི་ནི་སྦྱོར་བས་བསྲེག །དེ་ལྟར་བྱས་ནས་ བསྒོམ་ཞིང་བཟླས། །དེ་ནས་དང་པོའི་ཐུན་ཐོན་ནས། །སྐྱོ་འམ་དུབ་ན་མཆོད་བྱས་ཏེ། །གཏོར་མ་བྱིན་གྱིས་བརླབས་ཏེ་དབུལ། །བསྟོད་དང་ཕྲིན་ལས་བཅོལ་བར་བྱ། །ཇི་ལྟར་ཉེ་བར་མ་གྱུར་པར། །ཡེ་ཤེས་སེམས་དཔའ་གཤེགས་མི་གསོལ། །མཆོད་རྟེན་སྔོན་པོ་དག་ལའོ། །ཐུན་ནི་གཉིས་ དང་གསུམ་པ་ལ། །ཡེ་ཤེས་སེམས་དཔའ་མཆོད་པ་དང་། །ཐུན་ནི་ཐ་མ་བསྒོམ་པའི་ཚེ། །དང་པོའི་ཐུན་ནི་མཐུན་པར་གསུངས། །ཡི་གེ་བརྒྱ་པས་བརྟན་པར་བྱ། །དེ་ནས་ལྡང་བའི་དུས་དག་ཏུ། །རིག་སྔགས་ལས་ཀྱི་ལྷ་ལ་གཏད། །དེ་ལྟར་མ་ནོར་བསྒོམས་བྱས་ན། །དངོས་གྲུབ་དམ་ པ་ཅི་འདོད་པ། །གང་ལ་དམིགས་པ་དེ་འགྲུབ་འགྱུར། །བསྙེན་རྫོགས་མཚན་མ་བཟང་བ་དང་། །ཡེ་ཤེས་སེམས་དཔའ་གཤེགས་མི་གསོལ། །གཤེགས་ན་དངོས་གྲུབ་ཡལ་འགྱུར་བས། །ལྷ་ནི་རྒྱུན་དུ་འཁོར་བ་ཡི། །མན་ངག་ཞལ་ལས་ཤེས་པར་བྱ། །གཏོར་མ་བཀའ་ལས་ཕབ་ ནས་ནི། །གཏའ་ཡི་བདག་པོ་མཆོད་བྱས་ནས། །གཏའ་གཏོར་བསྐུལ་ཚིག་བཅས་ལ་གཏད། །བསྒྲུབ་བྱའི་ཕྱོགས་སུ་དམར་ལམ་བསྟན། །གཏའ་ཡི་བདག་པོ་གཤེགས་སུ་གསོལ། །ལས་ཀྱི་སེམས་དཔའ་བདག་ལ་བསྡུ། །ཧཱུཾ་ཧཱུཾ་ཞེས་བསྡུ་མི་དམིགས་བསྒོམ། །སྐད་ ཅིག་མ་ཡི་ང་རྒྱལ་གྱིས། །སྤྱོད་ལམ་ཅི་བདེར་གནས་པར་བྱ། །བསྙེན་རྫོགས་མཚན་མ་བཟང་གྱུར་ནས། །དྲག་པོ་ལས་ལ་སྦྱར་བྱས་ཏེ། །མཆོད་རྟེན་སྔོན་པོ་སྐུ་གདུང་ལྡན། །མེ་ཏོག་སྔོན་པོ་དྲིར་བསྙུགས་ཀྱིས། །ཉི་ཤུ་རྩ་གཅིག་ཏུ་མཆོད་ཅིང་། །བདག་ཉིད་གོས་སྔོན་ཆས་ གོན་ལ། །རཀྵ་རུས་པའི་ཕྲེང་བ་བགྲང་། །སྔགས་ནི་བརྒྱ་དང་བརྒྱ་ལྔ་བཅུས། །ཐུན་བདུན་གྱིས་ནི་རྣལ་འབྱོར་བྱ། །རྡོ་རྗེའམ་སེང་ལྡེང་ཕུར་པ་ལ། །གཟུངས་སྔགས་སྟོང་རྩ་བརྒྱད་བཟླས་ཏེ། །བསམ་གཏན་རྡོ་རྗེ་ཐོགས་པ་ཡི། །དྲག་སྔགས་ལྔ་བཅུ་རྩ་གཅིག་བཟླས། ། གཟས་པ་པོ་ལ་བསྣུན་གྱུར་ན། །དེས་ནི་ལས་རྣམས་ཐམས་ཅད་འགྲུབ། །བདག་གིས་འདི་བྱས་དགེ་བ་ཡིས། །བློ་ཆུང་རྣམས་ཀྱིས་དོན་རྟོགས་ཏེ། །འབད་པས་ཚོགས་གཉིས་བསགས་ནས་ནི། །ཕྱག་ན་རྡོ་རྗེ་ཐོབ་པར་ཤོག །ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་མན་ངག །སློབ་དཔོན་སུ་ཝཱ་ གཱི་ཤྭ་ར་ཀཱི་རྟིས་གཟུངས་ཀྱི་འགྲེལ་པ་ལྟར་མཛད་པ་འགྲེལ་པ་ལས་གཟུངས་སྒྲུབ་ཐབས་སུ་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་རྒྱ་བརྩོན་འགྲུས་སེང་གེས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་སཱ་དྷ་ ནཾ་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྒྲུབ་ཐབས་ཞེས་བྱ་བ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཁྲོ་བོ་གཏུམ་པོ་ལ་ཕྱག་འཚལ་ལོ། །གདུག་པ་འདུལ་མཛད་ཀླུ་རྣམས་རྒྱན་དུ་མཛད། །གཏུམ་ཞིང་རྔམ་པས་གཤིན་རྗེའི་ཆ་ལུགས་འཛིན། །ཁྲོ་རྒྱལ་གོས་སྔོན་ཅན་ལ་ཕྱག་འཚལ་ཏེ། ། དེ་ཡི་སྒྲུབ་ཐབས་བདག་ཉིད་དྲན་ཕྱིར་བྲི། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉེ་བར་བསྒྲུབ་པར་འདོད་པའི་རྣལ་འབྱོར་པས། གནས་དབེན་ཞིང་ཉམས་དགའ་བའི་སར་མཎྜལ་བྱ་བ་ནི་བུ་མོ་ལོ་བཅུ་དྲུག་ལོན་པ་ལུས་སྔོ་བ། སྣ་ཉག་པ་ཁྲོ་གཉེར་དང་ལྡན་པ། ཤིན་ཏུ་ཁྲོས་པའི་ངང་ཚུལ་དང་ལྡན་པ་ ས་ལེན་དུ་བཅུག་སྟེ། ལྷོ་ནུབ་མཚམས་ནས་ས་སྔོན་པོའམ་ནག་པོ་ལེན་དུ་བཅུག་པ། དྲི་ཞིམ་པོའི་ཆུ་ལ་སྲུང་བའི་སྔགས་བཟླས་ཏེ། ཨོཾ་བཛྲ་པཱ་ཎི་སཏྭ་ཨརྠ་སིདྡྷི་ཀུ་རུ་རཀྵ་ཞེས་བཏབ་ལ། མཎྜལ་སྔོན་པོ་རྒྱར་ཁྲུ་གང་བ་ལ། དཔངས་སུ་མཐོ་གང་བ་བརྩིགས་ཏེ། ཙནྡན་དང་། ཨ་ཀ་རུ་ དང་། ཛཱ་ཏི་དང་། ཨེ་ལ་དང་། རམས་དང་། སོ་བ་ཤིང་གི་ལོ་མ་དྲི་ཆུས་བྱུགས་ལ། མེ་ཏོག་སྔོན་པོའམ་དྲིའི་ཐིག་ལེ་དགུ་བྱས་ལ། མཆོད་རྫས་རྣམས་དགྲམ་པར་བྱའོ། །དེ་ནས་སྒྲུབ་ཐབས་ལྟར་ལྷ་དགུའི་རང་བཞིན་བསྒོམ་མོ། །དེའང་སྒྲུབ་ཐབས་ལས་གཏའ་བཅས་ལ་མཆོད་དོ་ཞེས་པ་ནི་ གནོད་སྦྱིན་ལག་ན་རྡོ་རྗེའི་སྒྲུབ་ཐབས་འདིའོ། །དཔལ་ཕྱག་ན་རྡོ་རྗེ་གནོད་སྦྱིན་གྱི་གཏའ་གཏོར་འདི་ལ་བརྟེན་ལ་རྟག་ཏུ་སྒྲུབ་པ་ནི་གཏོར་མའི་སྣོད་རིན་པོ་ཆེའི་རྒྱུ་ལས་བྱས་ཏེ། དེའི་ནང་དུ་འབྲས་ཆན་དང་། ནས་དང་། གྲོ་ལ་སོགས་པ་ལས་གཏོར་མ་བྱས་ཏེ། སྤྱན་གཟིགས་དང་། ཤ་དང་མར་དང་། མངར་ ལ་སོགས་པས་བརྒྱན་པར་བྱའོ། །དེའི་ནང་དུ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདན་བཤམ་པའམ། བསྐྱེད་པར་བྱའོ། །ལཾ་ལས་རི་རབ་བསམས་ཏེ། དེའི་སྟེང་དུ་ཨ་ལས་ཐོད་པའི་སྐུ་མཁར། སྟེང་དུ་མ་ལས་ཉི་མ། པཾ་ལས་པདྨ། བདག་ཉིད་ཀྱི་ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་ཏེ། །བསྒྲུབ་ བྱ་བཀུག་སྟེ་ཐུན་མོང་མ་ཡིན་པའི་གདན་ལ་བསྟིམ། ཡང་འོད་ཟེར་ལྕགས་ཀྱུ་ལྟ་བུའི་ཚ་ཚ་འཕྲོས་པས་ལྷ་དང་ཕྲལ་ལ་གཅེར་བུ་བྱང་ཐང་ལ་བོར་བ་ལྟར་བསམ། སྟེང་དུ་ཧཱུཾ་ལས་གནོད་སྦྱིན་གྱི་སྡེ་དཔོན་བསྐྱེད་དོ། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། །གཡོན་ རྩེ་གསུམ་འཕན་ཅན་འཕྱར་བ། བཞིན་ཁྲོས་པ། སྨིན་མ་གློག་སྟོང་འོད་དུ་འགྱུ་བ། དབུ་སྐྲ་དམར་སེར་གྱེན་དུ་བཅིངས་པ་སྟེ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། མིག་འབྲས་ཧཱུཾ་ལས་མེའི་ཕུང་པོ་འདྲ་བ། ཞལ་ནས་ཧ་ཧ་དང་ཧཱུཾ་ཧཱུཾ་གི་སྒྲ་སྒྲོགས་པས་ཁམས་གསུམ་པ་བརྒྱལ་བར་བྱེད་ པ། ཀླུ་ཆེན་པོ་བརྒྱད་ཀྱིས་སྐུ་ལ་རྣམ་པར་བརྒྱན་པ། སྐུ་ཆེ་ལ་ཡན་ལག་རགས་པ། རི་རབ་ལ་རྣམ་པར་བཞུགས་པ་སྟེ། ཞབས་གཉིས་རྒྱ་མཚོའི་གཏིང་དུ་བརྐྱང་ལ། དབུ་བར་སྣང་གི་ཁམས་ན་འཕྱོ་བ། འཁོར་གནོད་སྦྱིན་དང་སྲིན་པོའི་ཚོགས་ཀྱིས་བསྐོར་བ་ཅིག་བསྐྱེད་དོ། །དེ་ཅི་འདྲ་ བ་ཅིག་རི་རབ་རྩེ་ནས་སྤྱན་དྲངས་ལ་ཕྱག་བཙལ། མཆོད་པ་དབུལ། བདུན་རྣམ་དག་བྱ་སྟེ། བསྟོད་པ་དང་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ། ཇཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམས་ལ། གཏའ་བདག་ལས་ཀྱི་གནོད་སྦྱིན་ཕྱག་ན་རྡོ་རྗེ་དྲག་པོའི་སྒོ་ནས་ཐུགས་རྗེས་བཞུགས་ པས་གཟས་པ་པོའི་ཉོན་མོངས་པ་དང་། རིག་སྔགས་དང་། གསང་སྔགས་དང་། སྙིང་པོ་དང་། ཕྱག་རྒྱ་དང་། ཕྲིན་ལས་རྣམ་པ་བཞིའི་སྒོ་ནས་བཞུགས་ཏེ། དྲག་པོས་དྲག་པོ་སྒྲོལ་བར་བསམ་མོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་པཱ་ཎི་ཧྲྀ་ད་ཡ་ཎ་ཧཱུཾ་ཕཊ་སྭཱཧཱ། དཔལ་ གནོད་སྦྱིན་གྱི་ཡང་སྙིང་ཡིན་པས་བསྙེན་པའི་དུས་སུ་བདུན་འབུམ་ཉི་ཁྲི་གདོན་ནོ། །མཚན་མ་བཟང་བ་དང་སྒྲུབ་པ་ལ་འཇུག་སྟེ། བདག་ཉིད་ཕྱག་ན་རྡོ་རྗེའི་ང་རྒྱལ་གྱིས་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ལས་ཀྱི་གནོད་སྦྱིན་གྱི་ཐུགས་དམ་བསྐུལ་ཏེ་འོད་ཟེར་དམར་ པོ་མེའི་འོད་ལྟ་བུ་བྱུང་སྟེ། གཟས་པ་པོ་བསྲེག་པ་དང་སྡིག་པ་ལ་སོགས་པ་སྦྱངས་ཏེ། སླར་བདག་ཉིད་ཀྱི་ཐུགས་ཀར་ཐིམ་པར་བསམ། ཨོཾ་ཡཀྵ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཆེ་གེ་མོ་ཨ་མུ་ཀ་སྱ་མཱ་ར་ཡ་ཧཱུཾ་ཕཊ་ཅེས་སྔགས་བཟླས་པས་ཞལ་ནས་སྔགས་ཀྱི་ཕྲེང་ བ་མེའི་འོད་དང་བཅས་ཏེ་ལས་ཀྱི་ལྷའི་ཞལ་དུ་ཐིམ། ཐུགས་ཀ་ནས་འཐོན་ཏེ། སླར་བདག་ཉིད་ཀྱི་སྙིང་གར་ཐིམ་སྟེ། སྔགས་ཀྱི་ཕྲེང་བས་བསྐོར་བས་གཟས་པ་པོ་སྔགས་ཀྱི་ཕྲེང་བས་བསྲེགས་ཤིང་འདུལ་བར་བྱའོ། །སྒྲུབ་པ་རྟགས་བཟང་བ་དང་ལས་ལ་སྦྱར་ཏེ། རྒྱུད་ལས་ཀྱང་། འོག་ ཏུ་མེ་ཡི་དཀྱིལ་འཁོར་བསམ། །མེ་འབར་ཀློང་ཆེན་དཀྱིལ་དུ་གཟིར། །བསམ་གཏན་རྡོ་རྗེ་ཐོགས་པ་ཡིས། །གདུལ་བྱའི་སྟེང་དུ་དབབ་པར་བྱ། །ཞེས་གསུངས་པས་བསྲེགས་བསྐྲད་བཅོམ་བཏགས་པར་བསམ། དམར་ལམ་བསྟན་པ་ལྟར་ཏིང་ངེ་འཛིན་གྱི་དགོངས་པ་བྱ་ཞིང་དྲག་སྔགས་ བཟླས་ཏེ། ཏདྱ་ཐཱ་བུདྡྷ་བུདྡྷ། བི་བུདྡྷ་མ་ཧཱ་པྲཱ་བྷ། ཧ་ར་ཧ་ར་ནཱ་ག་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་ག་ནཱཾ། ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡ་ནཾ། བྷིནྡ་བྷིནྡ་ནཱ་ག་ད་མཱ་ནི། པི་སི་མན་དྷ་ནཱ་ག་ཤ་རཱི་ར་ནི། བི་སྥོ་ཊ་ཡ། ནཱ་ག་ཡ་ནཱ་ནི། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་ད་ར་ན་ཡ་ཧཱུཾ་ཕཊ། ནཱ་ག་ཨུཙྪ་ཊ་ནཱ་ཡ་ཧཱུཾ་ཕཊ། ནཱ་ག་མཱ་ར་ན་སོད་སོད། ནཱ་ག་མཱ་ར་ན་བྱིང་བྱིང་། ནཱ་ག་མཱ་ར་ན་མུགས་མུགས། ནཱ་ག་མཱ་ར་ན་ཧ་ལ་ཧ་ལ། ནཱ་ག་མཱ་ར་ན་ཤིག་ཤིག །ནཱ་ག་མཱ་ར་ན་དུ་ན་དུ་ན། ནཱ་ག་མཱ་ར་ན་མྱོས་མྱོས། བྱིང་བྱིང་ཐུམ་རི་ལི་ལི་ཛཿཞག་ཉི་ཤུ་རྩ་གཅིག་ཏུ་མི་ཡེངས་མི་མྱུར་བར་སྨྲ་བ་གཅད་དོ། །ཏིང་ ངེ་འཛིན་གྱི་དགོངས་པ་གསལ་ལ་དྲག་པོར་བྱའོ། །ཁ་ཟས་ཀྱི་དུས་ལ་བབ་པ་འམ་ལྡང་བར་འདོད་ན་ཡེ་ཤེས་སེམས་དཔའ་ཆེ་ལ་མཆོད་པ་དབུལ། གཏོར་མ་བསྔོ། བསྟོད་པ་བྱ། ལས་ཀྱི་ལྷ་ལ་གཏོར་མ་དབུལ་བ་ནི་ཕྱག་ན་རྡོ་རྗེའི་ཐུགས་ཀའི་ཧཱུཾ་ལས་ཨ་ལས་བནྡྷའི་ འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་རཾ་ལས་མེ་གྲུ་གསུམ། དེའི་སྟེང་དུ་ཧཱུཾ་གསུམ། དེའི་སྟེང་དུ་བནྡྷའི་གཞལ་ཡས་ཁང་། དེའི་ནང་དུ་ཤ་ལྔ་བདུད་རྩི་ལྔ། ཡཾ་ལས་རླུང་བྱུང་། མེ་འབར། མེས་ཐོད་པ་བསྐོལ། ཤ་ལྔ་བདུད་རྩི་ལྔར་གྱུར་པས་མཆོད། རྩ་སྔགས་ལ་བ་ལིཾ་ཏ་ཁཱ་ཧི་ ཞེས་བཏགས་ལ་དབུལ། ལས་ཀྱི་དུས་སུ་གཏོར་མ་ཤ་ཁྲག་ཏུ་དམིགས་ལ་དབུལ། རྩ་སྔགས་ལ་མ་མ་སརྦ་ཤ་ཏྲཱུཾ་བཏགས་ལ་དབུལ། སྐབས་སུ་གཏོར་མ་བསྐུལ། བདག་ཉིད་གཉིད་ལོག་གམ། ཁ་ཟས་དུས་ལ་བབ་ན་ལུས་ཀྱི་ལྷ་ལ་ཐུགས་དམ་གཏད། རིག་སྔགས་དབུལ། གཏའི་ གཏོར་མ་གཏོང་ན་གཏོར་མ་བཀའ་ལས་ཕབ་ལ་ནོ་བི་ཀ་ལྟར་བསྐུལ་ཚིག་དང་བཅས་ལ་གཏང་ངོ་། །གཏའ་བདག་གཤེགས་སུ་གསོལ། བསྐྱེད་པ་དག་ལ་བསྡུ། གནོད་སྦྱིན་ལག་ན་རྡོ་རྗེའི་སྒྲུབ་པའི་ཐབས། གཏའི་གཏོར་མའི་གདམས་ངག་སློབ་དཔོན་སུ་ཝཱ་གཱི་ཤྭ་ར་ཀཱིརྟིས་ མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཙཀྲ་ཨུ་པ་དེ་ཤ་ནཱ་མ། བོད་སྐད་དུ། འཁོར་ལོའི་མན་ངག་ཅེས་བྱ་བ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་སྔོན་དུ་བསྙེན་བྱས་པས། །དྲག་པོའི་ལས་ལ་སྦྱར་བྱ་སྟེ། །ལས་སྦྱོར་ཅིས་ཀྱང་མ་ཐུལ་ན། ། འཁོར་ལོའི་ལས་ལ་འཇུག་པར་བྱ། །སྦྱོར་བ་འདི་ལ་ཞུགས་གྱུར་ན། །བརླག་པར་འགྱུར་ཏེ་ཐེ་ཚོམ་མེད། །དྲག་པོའི་ལས་ཀྱི་འཁྲུལ་འཁོར་འདི། །ཏིང་ངེ་འཛིན་གྱི་མཚོན་ཡིན་ཏེ། །རྩེ་གཅིག་བསྒོམས་པས་འགྲུབ་པ་ལས། །ཀུན་གྱིས་འགྲུབ་པར་མི་ནུས་སོ། །འདི་ནི་ཞེ་སྡང་འཁོར་ལོ་ སྟེ། །དྲག་པོ་འཁྲུགས་པའི་རྫུ་འཕྲུལ་གྱིས། །དམིགས་ན་ལྷའང་བརླག་པར་འགྱུར། །འདས་དང་མ་བྱོན་ད་ལྟར་གྱི། །སངས་རྒྱས་རྣམས་ཀྱི་ཐུགས་བརྟོལ་ནས། །གཟུངས་སྔགས་དྲག་པོའི་འཁྲུལ་འཁོར་འདིས། །མྱུར་དུ་བསྒྲིམས་ཏེ་བསྒྲལ་བ་ན། །ནམ་མཁའ་ཉིད་ཀྱང་འཇིག་འགྱུར་ ན། །བསྒྲུབ་བྱའི་རྣམ་ཤེས་སྨོས་ཅི་དགོས། །འདི་ནི་དགུག་པའི་འཁོར་ལོ་སྟེ། །སྒ་ཚ་ཐལ་ཆེན་གྲོག་མོའི་ཞིང་། །བོང་བུའི་སྦངས་དང་ས་གཉན་ལས། །ཀླུ་རིགས་རྣམས་ཀྱི་གཟུགས་བྱ་སྟེ། །སྙིང་པོ་ཏི་དང་མིང་བཅུག་ལ། །དགུག་པའི་དགོངས་པ་འདི་ལྟར་བྱ། །ཐ་མའི་ཕཊ་ལས་ ཛཿའཕྲོས་ཏེ། །ཛཿལས་ལྕགས་ཀྱུའི་དབྱིབས་བྱུང་ནས། །བསྒྲུབ་བྱའི་རྣམ་ཤེས་བཀུག་པར་བསམ། །ཁུགས་ནས་སྒྲུབ་པའི་ལས་ལ་འཇུག །དེ་ནས་གསད་པའི་འཁོར་ལོ་བརྩམས། །སྟོང་ཉིད་ངང་ལས་ཨེ་ལས་ནི། །མཐིང་ག་གྲུ་གསུམ་ཆོས་འབྱུང་དབུས། །ཡཾ་ལས་རླུང་གི་ དཀྱིལ་འཁོར་ཏེ། །རཾ་ལས་མེ་རི་ལྔ་ཡི་དབུས། །འབར་བའི་འཁོར་ལོ་བསྐྱེད་པར་བྱ། །བྷྲཱུཾ་བཛྲ་ཙཀྲ་རཀྵ་ཧཱུཾ། བྷྲཱུཾ་ལས་སྲིད་པའི་འཁོར་ལོ་ནི། །སྤུ་གྲི་གཅོད་པའི་འཁོར་ལོ་བསྐྱེད། །བཛྲ་རྡོ་རྗེའི་འཁོར་ལོ་ནི། །མེ་འབར་དཔལ་དང་བཅས་པར་བསམ། །ཙཀྲ་ཕྱོགས་མཚམས་འཁོར་ལོ་ནི། ། རྡོ་རྗེ་ར་བའི་འཁོར་ལོ་བསྒོམ། །རཀྵ་ཞེས་པས་སྟེང་སྲུང་བའི། །བྱིན་གྱིས་བརླབས་པའི་འཁོར་ལོ་བསྐྱེད། །ཧཱུཾ་རྣམས་ལས་ནི་བདེ་གཤེགས་སྐུ། །ཆོ་ག་ཡན་ལག་གསུམ་གྱིས་བསྐྱེད། །ཐུགས་ཀར་ཡེ་ཤེས་འཁོར་ལོ་བསྒོམ། །ཡེ་ཤེས་སེམས་དཔའི་ཐུགས་ཀ་རུ། །ཉི་སྟེངས་ དཔའ་བོ་འབྲུ་ལྔ་དགོད། །མུ་ཁྱུད་རྩ་བའི་སྔགས་ཀྱིས་བསྐོར། །བདེ་གཤེགས་བཀའ་དང་དམ་ཚིག་ལས། །མི་འདའ་བ་ཡི་འཁོར་ལོ་ལ། །ཟིལ་གྱིས་མནན་པའི་སྔགས་རྣམས་དགོད། །ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་ལ། །གནད་ལ་དབབ་པའི་སྔགས་རྣམས་དགོད། ། རྡོ་རྗེ་སྲིད་པའི་འཁོར་ལོ་ལ། །ཚར་བཅད་པ་ཡི་སྔགས་རྣམས་བསམ། །བྱིན་རླབས་སྲུང་བའི་འཁོར་ལོའི་དབུས། །མི་བསྐྱོད་ཞེ་སྡང་རྡོ་རྗེ་སྟེ། །མཐིང་ནག་སྡིགས་མཛུབ་རྡོ་རྗེ་བཅས། །སེམས་དཔའི་སྐྱིལ་ཀྲུང་ཉི་ཟླའི་གདན། །འཁོར་ལོ་ཡི་ནི་རྩིབས་དག་ལ། །བཅོམ་ལྡན་གཏུམ་པོ་ ཁྲོས་པའི་སྐུ། །རྡོ་རྗེ་དང་ནི་སྡིགས་མཛུབ་བཅས། །ཞལ་ནས་སྔགས་ཀྱི་སྒྲ་སྒྲོགས་པས། །ལོག་འདྲེན་ཚོགས་རྣམས་འཇོམས་པར་བྱེད། །དེ་ལྟར་འཁོར་ལོ་ཆེན་པོ་བསྒོམས། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ཏེ། །མཆོད་བསྟོད་སྡིག་བཤགས་ལ་སོགས་བྱ། །ཕྱག་རྒྱ་བཞི་ཡིས་དེ་ ལ་བསྟིམ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབས། །རྗེས་སུ་གནང་བ་གསུམ་ལྡན་གྱིས། །ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཏེ། །དེ་ནས་འཁོར་ལོ་བསྐོར་འདོད་ན། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའི་ཐུགས་དམ་བསྐུལ། །དེ་ལས་འོད་འཕྲོས་ སྔགས་ལ་ཕོག །སྔགས་ལས་འོད་འཕྲོས་འཁོར་ལོ་བསྐུལ། །འཁོར་ལོ་འོད་ཟེར་འབར་བ་ཡིས། །སྟེང་འོག་ཕྱོགས་མཚམས་འཁོར་ལོ་བསྐོར། །ཐུབ་ཅིང་རབ་ཏུ་བསྲེག་པར་བསམ། །བདག་ཉིད་ཀྱིས་ནི་སྔགས་བཟླས་པས། །སྔགས་ཀྱི་འཁོར་ལོ་རིམ་པར་བསྐོར། །གཟས་པ་ པོ་ཡི་སྙིང་ག་རུ། །ཡ་ཡིས་བསྐྱོད་དེ་ཧཱུཾ་གིས་བསྡུ། །ཕཊ་ཀྱིས་རྣམ་པར་འཐོར་ཞིང་བསྲེགས། །སྲིད་པ་རྡོ་རྗེའི་འཁོར་ལོས་གཏུབ། །ཕྱོགས་མཚམས་མཚོན་ཆའི་འཁོར་ལོ་ཡིས། །ཕོག་ན་ཐམས་ཅད་བརླག་པར་འགྱུར། །ཙིཏྟ་ཐུགས་ཀྱི་སྒྲུབ་པ་སྟེ། །ཤིན་ཏུ་གནོད་ན་ཁོང་དུ་བསྐོར། ། འཕྲལ་དུ་གསོད་ན་རྟེན་ལ་བསྐོར། །སྐབས་སུ་གནོད་ན་དགུག་ཅིང་བསྐོར། །བསྐོར་ནས་བརླག་པར་གདོན་མི་ཟ། །འཁྲུལ་འཁོར་འདི་ཡི་སྦྱོར་བ་ཡིས། །གཞན་གྱིས་བྱས་པའི་རིག་སྔགས་དང་། །བྱད་དང་བཀའ་ཉན་ཕོ་ཉ་དང་། །འཁོར་ལོའི་ཏིང་འཛིན་ལ་སོགས་རྣམས། །གནོད་སྦྱོར་ ཐམས་ཅད་འཇིག་བྱེད་ཅིང་། །གཞན་གྱིས་བྱས་པའི་རིག་སྔགས་གཅོད། །རིག་སྔགས་དྲག་པོའི་གཟུངས་སྔགས་ཀྱི་འཁྲུལ་འཁོར་ཞེས་བྱ་བ། སློབ་དཔོན་སུ་བཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ།། །།རྒྱ་བོད་གཉིས་ལ་གྲགས་པར་གྱུར་པ་ཡི། །མདོ་སྔགས་དོན་ལ་ མཁས་པའི་དཱི་པཾ་ཀ་ར་ལ། །སྒྲ་སྒྱུར་བོད་ན་མཁས་པའི་རྒྱལ་པོ་བརྩོན་སེང་གིས། །དཀའ་བས་ཉམས་སུ་བླངས་ནས་རིན་ཆེན་གསེར་གྱིས་ཞུས།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བཛྲ་པཱ་ཎི་ནཱི་ལཱཾ་བ་ར་དྷ་ར་དྷཱ་ར་ཎི་ཀ་ལ་པཾ་བ་ལ་ཏི་བི་དྷི་ནཱ་མ། བོད་སྐད