Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 6 / 23 (50.000 ký tự/trang)
ུར་པ། །བཀའ་དྲིན་དོན་གཉེར་ཚུལ་གྱིས་ནི། །ཆགས་པས་ཁྱོད་ཀྱི་ཞབས་དྲུང་ལྷུང་། །ཁྱོད་ཀྱི་འོད་ཟེར་འཕྲོ་བའི་ཆ། །ཕྱོགས་ཀྱི་ཁོངས་སུ་རྣམ་སྤྲོས་པ། །ཟླ་བའི་ འོད་ཟེར་གང་གྱུར་མཉམ། །བྱིས་པའི་གཟུགས་ཅན་མཛེས་པ་འདི། །ཚེས་གཅིག་ཟླ་བ་ལྟ་མཉེས་པ། །ཁྱོད་ཀྱི་སྤྱོད་པ་བཟློག་དཀའ་བས། །བདུད་ཀྱི་མཐུ་རྩལ་འཇོམས་པས་ཅི། །ཁྱོད་ཀྱི་མཚན་ཙམ་དྲན་པས་ནི། །དམྱལ་བ་པ་ཡི་ཁྲག་དང་ཞག །མེད་པར་སྐམས་པས་དམྱལ་བ་པའི། ། འོད་འཕྲོ་དེ་དག་ཞི་བར་འགྱུར། །ཤེས་རབ་བྲལ་བས་མདུན་དུ་ཁྱོད། །དྲན་པའི་ཡུལ་དུ་གྱུར་པས་ཀྱང་། །མཁས་པ་རྣམས་ཀྱང་ཐེ་ཚོམ་གྱི། །མདུད་པ་དམ་པོས་འཆིང་བར་བྱེད། །ཐམས་ཅད་ལྟ་ཞོག་སྐད་ཅིག་ཏུ། །ཁྱོད་ཀྱི་སྤྱན་ཟུར་གྱིས་གཟིགས་ནས། །རྔ་ཡབ་གཡོབ་པའི་བཞད་ གད་ཀྱིས། །བསྟེན་པའི་དཔལ་ལྡན་ཉིད་བདག་གིས། །གདུལ་བྱ་པདྨོའི་སྣོད་རྣམས་ལ། །འོད་ཟེར་དྲ་བས་ཁ་འབྱེད་པས། །མགོན་པོ་སྔོན་མེད་ཉི་མ་ཡི། །རོལ་པས་ཉིན་མཚན་སྣང་བར་མཛད། །དོན་གསལ་མཛད་པའི་གསུང་གིས་ནི། །གཟུང་དང་འཛིན་པ་རྣམ་པར་སྤངས། །སྟོང་པ་ཉིད་ནི་ མངོན་སུམ་ལྟར། །གསུང་གི་དབང་ཕྱུག་སྟོན་པར་མཛད། །རྣམ་པར་རྟོག་ལས་མ་གཏོགས་པ། །འཁོར་བ་ཞེས་བྱ་ཅི་ཡང་མེད། །རྣམ་རྟོག་དེ་དང་བྲལ་བས་ན། །ཁྱོད་ནི་རབ་ཏུ་མྱ་ངན་འདས། །ཁྱོད་ཀྱི་ཡོན་ཏན་ཆ་བརྗོད་ལས། །བྱུང་བས་བསོད་ནམས་འཕེལ་བ་ཡིས། །འགྲོ་བ་རྣམས་ནི་ཁྱོད་བརྗོད་ པས། །ཕུན་སུམ་ཚོགས་པ་ལ་གནས་ཤོག །བཅོམ་ལྡན་འདས་འཇམ་པའི་དབྱངས་ཀྱི་བསྟོད་པ། རྟོག་གེ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ན་བི་དྷིཿ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་ཆོ་ག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པས་དང་པོར་གདོང་བཀྲུ་བ་ལ་སོགས་པ་བྱས་ལ། །བསམ་གཏན་ གྱི་ཁང་པ་དྲི་དང་བྱུག་པ་ལ་སོགས་པས་བྱུགས་ལ། སྟན་འཇམ་པོ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་འདུག་སྟེ། བདག་དང་གཞན་ལ་ཕན་པའི་ཕྱིར། །བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱས་ལ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ། བདག་དང་ གཞན་སྟོང་པ་ཉིད་དུ་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་྅ཧཾ། དེ་ནས་རང་གི་ལུས་ཀྱི་མགོ་ནས་རྐང་པའི་མཐར་ཐུག་པར་དང་བའི་ཤེལ་སྒོང་ལྟ་བུར་དྲི་མ་མེད་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་ནམ་མཁའ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿསྟོན་ཀའི་ཟླ་ བའི་མདོག་འདྲ་བ་འོད་ཚོགས་འཕྲོ་བར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་རལ་གྲི་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་འཇམ་པའི་རྡོ་རྗེར་བདག་ཉིད་བསམ་པར་བྱ་སྟེ། ཞལ་གཅིག་ཕྱག་གཉིས་པ། སྟོན་ཟླ་བྱེ་བ་དང་འདྲ་བར་སྣང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་ པ་བསམ་གཏན་གྱིས་འཛུམ་པའི་སྤྱན་ཅན། པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་གདན་ལ་བཞུགས་པ། ཕྱག་གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་འཕྱར་བ། གཡོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུ་སྟི་ཐུགས་ཀར་འཛིན་པ་ཞལ་ཅུང་ཟད་བཞད་པ། དེའི་ཐུགས་ཀའི་ནམ་མཁའ་ལ་ཨ་ཡོངས་ སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ། དེའི་སྟེང་དུ་དེའི་ས་བོན་གྱུར་པ་ལས་ཟླ་བ་དེ་ལ་བླ་མའི་མན་ངག་གིས་ཡི་གེ་ལྔ་བསམ་པར་བྱའོ། །དེ་ལ་མན་ངག་ནི་འདི་ཡིན་ཏེ། དེ་ལ་ཨ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་མཉྫུ་ཤྲཱི་སྐུ་མདོག་དང་དབྱིབས་སྔར་བཤད་པ་ལྟ་བུ། ར་ལས་དྲ་ བ་ཅན་གྱི་འོད་པ་ལས་ཟླ་འོད། ཙ་ལས་སྐྲ་ཅན། ན་ལས་ཉེ་སྐྲ་ཅན། ཐམས་ཅད་ཀྱང་བཅོམ་ལྡན་འདས་དང་འདྲ་བར་བསམ་པར་བྱའོ། །དེ་ནས་ལྷ་ལྔ་པོ་དེ་དག་ལས་ཡི་གེ་ལྔ་འབར་བའི་འོད་ཀྱི་ཚོགས་འཕྲོ་བའི་རང་བཞིན་དུ་བསམས་ལ། །རང་གི་སྙིང་གི་མི་ཤེས་པ་སྦྱང་བར་བྱ་ཞིང་སེམས་ ཀྱི་རྒྱུད་དྲི་མ་མེད་པར་བྱའོ། །དེ་ནས་སྐད་ཅིག་གིས་འཁོར་ལོ་གཡས་སུ་འཁོར་བར་བསམ་ཞིང་། ལྷ་རྣམས་མི་གཡོ་བར་བསམས་ལ་གཏི་མུག་གི་མུན་པ་བཟློག་པར་བྱ་བའི་ཕྱིར། །འཁོར་ལོ་དང་དེ་བཞིན་དུ་ཟླ་བའི་དཀྱིལ་འཁོར་ལས་འོད་ཀྱི་ཚོགས་མང་པོ་བྱུང་ལ། ཕྱོགས་བཅུའི་སེམས་ ཅན་ཐམས་ཅད་ཀྱི་མི་ཤེས་པའི་སྒྲིབ་བ་སྦྱངས་ལ། རྒྱུད་དྲི་མ་མེད་པར་བྱས་ཏེ། སླར་འོངས་ནས་དེ་ཉིད་དུ་ཞུ་བར་གྱུར་པར་བསམ་པར་བྱའོ། །དེ་ནས་བསྒོམ་པ་ལ་སེམས་བརྟན་ཞིང་། བླ་མའི་མན་ངག་གིས་སྤྲོ་བ་དང་བསྡུ་བའི་སྦྱོར་བས་བཟླས་པ་བྱ་སྟེ། ཨ་ར་པ་ཙ་ན་དྷཱིཿཞེས་བྱ་བས་བཅོམ་ ལྡན་འདས་ཀྱི་ཐུགས་ཀའི་ཡི་གེ་རྣམས་ལས་སྔགས་ཀྱི་ཕྲེང་བ་ཤེལ་ལྟ་བུ་བྱུང་ནས། རང་གི་ལྟེ་བ་ལས་ཐུགས་ཀ་དེ་ཉིད་དུ་ཞུགས་པར་བསམ་མོ། །དེ་ལྟར་ཇི་སྲིད་མི་སྐྱོའི་བར་དུ་བཟླས་པར་བྱེད་ཅིང་བསྒོམས་ལ་དང་བའི་སེམས་དང་ལྡན་ནས་ས་དང་ཕ་རོལ་ཏུ་ཕྱིན་པ་མྱུར་དུ་འཐོབ་པར་འགྱུར་ རོ། །དེ་ལྟར་དུས་གསུམ་དུ་རྣལ་འབྱོར་བྱས་ན་རིང་པོ་མི་ཐོགས་པར་བློ་མཆོག་ཏུ་འགྱུར་རོ། །ཨ་ར་པ་ཙ་ནའི་སྒྲུབ་ཐབས་ཀྱི་ཆོ་ག །སློབ་དཔོན་ཤྲདྡྷཱ་ཀ་ར་ཝརྨྨས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ ཐབས། བཅོམ་ལྡན་འདས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །རི་བོང་འཛིན་པ་ལྟར་དཀར་ཕྱག་མཚན་གླེགས་བམ་རལ་གྲི་ཅན། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན། །དགའ་བ་རྒྱ་ཆེར་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡོངས། །བློ་གྲོས་ངན་པ་སྲེག་མཁས་ འཇམ་པའི་དབྱངས་ལ་ཕྱག་འཚལ་ནས། །ལོ་ཕྱེད་རྒྱུན་དུ་བསྒོམ་པ་མངོན་སྦྱོར་སྐྱེ་བོ་གང་། །ངེས་པར་གནས་ཀུན་ཁོང་དུ་ཆུད་འགྱུར་མཆོག་གི་བློ། །ཐོབ་འགྱུར་ཨ་ར་པ་ཙ་ན་ནི་ལེགས་འགྲུབ་ཕྱིར། །འཁོར་ལོ་རིན་ཆེན་ཤིན་ཏུ་བསྡུས་པའི་གདམས་པ་བརྩམ། །མཉམ་ཞིང་གཙང་ལེགས་ཡིད་ འོང་དྲི་ཞིམ་མེ་ཏོག་བཀྲམ། །དྲི་ཡི་ཆུས་བཏབ་ས་ཕྱོགས་འགར་ནི་སྔགས་རིག་པས། །ཤིན་ཏུ་ཉམས་དགའ་འཇམ་པའི་སྟན་ལ་ཉེར་འདུག་ནས། །བདེ་བའི་ཡིད་ཀྱིས་མཚན་མེད་བྱང་ཆུབ་སེམས་བསྒོམ་བྱ། །སྭ་བྷཱ་བ་ཤུདྡྷའི་སྔགས་བརྗོད་ཅིང་། །དངོས་པོ་ཀུན་ནས་མ་ལུས་སྟོང་ཉིད་དུ། ། རྣམ་པར་བསྒོམ་བྱ་སླར་ཡང་བདག་གི་ལུས། །སྐད་ཅིག་ཉིད་ལ་འོད་གསལ་ཉིད་དུ་བལྟ། །དེ་ནས་ནམ་མཁར་དབྱངས་ཡིག་དང་པོ་ལས། །ཟླ་བའི་དཀྱིལ་འཁོར་འོད་ཟེར་འཕྲོ་བ་བསྒོམ། །དེ་ནས་དེ་ལ་དྷཱིཿཡིག་ཤིན་ཏུ་དཀར། །དེ་ནི་འཇམ་དབྱངས་དྲི་མ་མེད་པར་བསྒོམ། །རྩེ་གཅིག་བསམ་ གཏན་གྱིས་ནི་པད་སྟེང་གནས། །ཆགས་བཅས་ཅུང་ཟད་འཛུམ་ཞིང་ཡིད་དུ་འོང་། །རི་བོང་གིས་མཚན་བྱེ་བའི་འོད་ཟེར་ཅན། །རྒྱན་ཀུན་གྱིས་བརྒྱན་རབ་གསལ་བསྒོམ་པར་བྱ། །རང་གི་སྙིང་གར་རབ་འཕྲོ་ཨ་ཡིག་མཆོག་བསྒོམ་སྟེ། །འོད་ཀྱི་དྲ་བ་དཔག་མེད་རྩིབས་བརྒྱད་འཁོར་ ལོའི་ཚུལ། །དེ་སྟེང་ཟླ་གཟུགས་བསྒོམ་བྱ་དེ་ལས་སྔགས་པ་ཡིས། །རི་བོང་འཛིན་འོད་ལྟར་དཀར་འཇམ་པའི་དབྱངས་དེ་ཉིད། །དེ་གཡས་སྐྲ་ཅན་གཟུགས་མཛེས་ཟུར་མིག་རྒྱས་པ་ཅན། །ཆོས་དེའི་ནུ་མ་ཟུང་ལྡན་རབ་བལྟ་གཡོན་དུ་ནི། །རབ་མཛེས་རོལ་པའི་འགྱིང་ལྡན་ཉེ་བའི་སྐྲ་ཅན་མ། །མཐའ་ དག་ཡོན་ཏན་གཏེར་དག་ཙ་དང་ན་ལས་བསྒོམ། །རབ་དཀར་རེ་ཕ་ལས་བྱུང་དྲི་མ་མེད། །དྲ་བ་ཅན་གྱི་འོད་ཉིད་མདུན་དུ་བསྒོམ། །པ་ཡིག་ལས་སྐྱེས་འོད་ཟེར་རང་བཞིན་ཅན། །ཡིད་འཕྲོག་ཟླ་བའི་འོད་དེའི་རྒྱབ་ཏུ་བསྒོམ། །ཡང་ན་འོད་ཟེར་འབར་བའི་ཡི་གེ་རྣམས། །རྒྱ་ཆེར་ནུས་མཐུ་ལྡན་པ་ བསྒོམ་པར་བྱ། །དེ་རྣམས་མི་ཤེས་རི་བོ་འཇོམས་བྱེད་ཅིང་། །རྙོག་པ་མེད་པའི་ཡེ་ཤེས་བཟང་པོ་མཛད། །འོག་ཏུ་འཁོར་ལོ་མྱུར་དུ་འཁོར་བ་ལས། །གཏི་མུག་མུན་པ་ཐམས་ཅད་བཅད་པར་བསམ། །ཟླ་གཟུགས་འོད་ཟེར་ཆེན་པོའི་དྲ་བ་ཅན། །ལྷར་བཅས་གཡོ་བ་མེད་པ་ཉིད་དུ་བལྟ། ། རི་བོང་གིས་མཚན་ལས་བྱུང་འོད་ཟེར་གྱི། །སྤྲིན་ཚོགས་དཔག་མེད་ཕྱོགས་བཅུར་རབ་འཕྲོས་ནས། །སེམས་ཅན་དྲི་མེད་བྱས་ནས་དེ་བཞིན་མཐར། །སླར་ལོག་བདག་ལུས་ཟླ་བ་ལ་ཞུགས་བསམ། །ཡིད་བརྟན་སྔགས་ཀྱི་སྒོ་ཅན་མན་ངག་བཞིན་བསྒོམ་ཞིང་། །སྔགས་ཀྱི་དམ་པ་ཨ་ར་པ་ཙ་ན་བཟླས་ ན། །མྱུར་དུ་བློ་ངན་སྐྱོན་བཅོམ་ཡིད་འོང་དྲི་མེད་མཆོག །རྒྱལ་བའི་ས་དང་མཆོག་གི་དབང་ཕྱུག་ཀུན་ཀྱང་ཐོབ། །མཆོག་གི་བླ་མ་དགའ་བའི་རྡོ་རྗེ་དམ་ཆོས་མཆོག་གི་མཛོད་གྱུར་པས། །བདེ་བར་གཤེགས་ཚོགས་མདུན་དུ་གང་ཞིག་ཆོ་ག་ཇི་བཞིན་དབང་བསྐུར་བའི། །བློ་གྲོས་བཟང་པོ་མི་ཕམ་ བཤེས་གཉེན་དེ་ཡིས་སྐྱེ་བོ་རྣམས་ཀྱི་ནི། །བློ་གྲོས་འགྲུབ་ཕྱིར་ཨ་ར་པ་ཙ་ན་མཆོག་འཁོར་ལོའི་གཞུང་འདི་བྱས། །འཁོར་ལོའི་ཆོ་ག་མཆོག་ནི་ལེགས་བསྒྲིགས་ལས། །བསོད་ནམས་མཐའ་ཡས་དྲི་མེད་གང་ཐོབ་པ། །དེ་ཡིས་འཇིག་རྟེན་མ་ལུས་སྡིག་སྤངས་ཤིང་། །འཇམ་དབྱངས་བདེ་བ་ གཅིག་པུར་གནས་གྱུར་ཅིག །ཨ་ར་པ་ཙ་ནའི་སྒྲུབ་ཐབས། དངོས་གྲུབ་བརྙེས་པའི་སློབ་དཔོན་མི་ཕམ་པའི་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་བྷཱུ་ཏི་ཙནྡྲ་དང་། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཀར་པོ་རི་བོང་འཛིན་པ་དང་འདྲ་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང་། །ལེགས་པར་མཛེས་པའི་གཞོན་ནུ་ཟུར་ཕུད་ལྔ་པ་ཤིན་ཏུ་ཞི་བ་ཅན། །དགའ་བ་རབ་རྒྱས་ཐར་པའི་ མཆོག་སྟེར་པདྨའི་འདབ་མ་ཡངས་པའི་སྤྱན། །ངན་པའི་བློ་གྲོས་བསྲེག་པ་ལ་མཁས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །སྐྱེ་བོ་གང་དག་རྣམས་ཀྱིས་ཨ་ར་པ་ཙ་ན་ཡི་དངོས་གྲུབ་ཕྱིར། །ལོ་ཕྱེད་བར་དུ་རྒྱུན་མི་འཆད་པར་སྦྱོར་བ་བསྒོམ་པ་གང་ཡིན་པ། །མཆོག་གི་བློ་དང་ཁྱད་པར་བྱང་ཆུབ་ གོ་འཕང་ངེས་པར་འཐོབ་ལྡན་པའི། །འཁོར་ལོ་རིན་པོ་ཆེ་ཡི་མན་ངག་ཤིན་ཏུ་བསྡུས་པ་བགྱི་བ་ལགས། །དྲི་ཞིམ་མེ་ཏོག་གཅལ་དུ་བཀྲམ་ཞིང་དྲི་ཡི་ཆུ་ཡིས་ཆག་ཆག་བཏབ། །མཉམ་ཞིང་གཙང་མ་སྔགས་རིག་ཡིད་དུ་འོང་བའི་ས་ཡི་ཆ་དག་ཏུ། །ཡིད་འོང་འཇམ་པའི་སྟན་ནི་ཅི་ཡང་རུང་བ་དག་ལ་ ཉེར་འདུག་ནས། །བདེ་བར་ཤིན་ཏུ་མཚན་མ་མེད་པའི་བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །དངོས་དོན་དོན་དང་བཅས་པ་མ་ལུས་ཀུན་ནས་ནི། །སྟོང་པར་རྣམ་པར་བསྒོམ་བྱ་སླར་ཡང་བདག་གི་ལུས། །དེ་དང་དེ་ནི་འོད་གསལ་ཉིད་དུ་བལྟས་བྱས་ལ། །སྭ་བྷཱ་ཝ་ཤུདྡྷའི་གསང་སྔགས་ཡང་དག་བརྗོད་ པར་བྱ། །དེ་ནས་རང་སྙིང་དང་པོའི་དབྱངས་ལས་བར་སྣང་དུ། །ཟླ་བའི་དཀྱིལ་འཁོར་འོད་བཟང་ལྡན་པ་བསྒོམ་པར་བྱ། །དེ་ནས་འདིར་ནི་དྷཱིཿཡིག་དུ་བརྗོད་དཀར་པོ་སྟེ། །དེ་ནི་ལྷག་པར་དྲི་མེད་འཇམ་པའི་དབྱངས་སུ་བསམ། །ཟླ་བ་བྱེ་བ་དག་དང་མཚུངས་པའི་མདངས་འཛིན་ཅིང་། །ཀུན་ ནས་འབར་བའི་རྒྱན་རྣམས་ཀྱིས་ནི་སྤྲས་པ་སྟེ། །ཆགས་དང་བཅས་པར་ཅུང་ཟད་འཛུམ་ཞིང་ཡིད་འཕྲོག་པ། །པདྨའི་སྟེང་ན་གཅིག་ཏུ་བསམ་གཏན་ངེས་པས་བཞུགས། །རང་གི་སྙིང་གར་ཨ་ཡིག་མཆོག་ལས་འཁོར་ལོ་རྩིབས་བརྒྱད་པ་ཡི་གཟུགས། །རྣམ་པར་འཕྲོ་བའི་མཉམ་ མེད་འོད་ཟེར་དྲ་བ་ཅན་ནི་ཡང་དག་བསམ། །དེ་ཡི་སྟེང་དུ་ཟླ་བའི་གཟུགས་བརྙན་དག་ལ་སྔགས་པས་བསྒོམ་བྱ་སྟེ། །དེ་ནི་རི་བོང་འཛིན་པ་ལྟ་བུའི་བླ་མ་འཇམ་དཔལ་དབྱངས་ཉིད་དོ། །གཡས་སུ་མཛེས་པའི་གཟུགས་ལྡན་སྐྲ་ཅན་མ་ནི་རྣམ་པར་འཛུམ་པ་དང་། ། ཤིན་ཏུ་རྒྱས་པའི་ནུ་མ་ཟུང་ལྡན་ཟུར་གྱིས་དེ་ལ་བལྟ་བ་སྟེ། །ཤིན་ཏུ་མཛེས་ཤིང་སྒེག་པའི་ལུས་ལ་ཉེ་བའི་སྐྲ་ཅན་གཡོན་ལོགས་སུ། །མཐའ་དག་ཡོན་ཏན་གཏེར་དུ་གྱུར་པ་ཙ་ན་དག་ལས་བསྒོམ་པར་བྱ། །དྲི་མེད་ལེགས་པར་དཀར་བ་དྲ་བ་ཅན་གྱི་འོད། །རེ་ཕ་ལས་བྱུང་མདུན་དུ་ངེས་པར་ བསམ་པ་ཉིད། །འོད་ཀྱི་རང་བཞིན་ཡིད་འཕྲོག་ཟླ་བའི་འོད་ཅན་ནི། །པ་ཡི་ཡི་གེ་ལས་སྐྱེས་རྒྱབ་ཏུ་གཞག་པར་བྱ། །ཡང་ན་ཡི་གེ་བཀོད་པའི་འོད་ཟེར་འབར་བ་ཡི། །རྒྱ་ཆེར་རབ་ཏུ་སྣང་བ་ངེས་པས་རྣམ་བསྒོམ་བྱ། །དེས་ནི་མི་ཤེས་རི་བོ་འཇོམས་པར་འགྱུར་བ་དང་། །ཡིད་ནི་རྙོག་པ་ མེད་པའི་ཡེ་ཤེས་དམ་པར་བྱེད། །གཏི་མུག་མུན་ནག་ཀུན་ནས་རྣམ་པར་འཇོམས་པ་ཡི། །ཟླ་བའི་གཟུགས་བརྙན་དང་འདྲ་འོད་ཟེར་དྲ་བ་ཅན། །འོག་གི་འཁོར་ལོ་མྱུར་དུ་འཁོར་བར་བསམ་བྱ་ཞིང་། །ལྷ་དེ་རྣམས་ནི་གཡོ་བ་མེད་པ་ཉིད་དུ་བལྟ། །རི་བོང་ཅན་ལྟའི་འོད་ཟེར་སྤྲིན་ནི་རྒྱ་ཆེན་པོ། ། ཕྱུང་ནས་ཕྱོགས་བཅུ་པོ་རྣམས་གསལ་བར་གྱུར་པ་ཡིས། །རང་ལུས་བཞིན་དུ་སེམས་ཅན་རྣམས་ནི་བརྒྱན་བྱས་ཏེ། །སླར་ཡང་འོངས་པ་སྙིང་གའི་ཟླ་བ་ལ་གཞུག་བྱ། །སྔགས་པས་གསང་སྔགས་དམ་པ་ཨ་ར་པ་ཙ་ན་ནི་ལེགས་ཟློས་ཤིང་། །བརྟན་པའི་བློ་ཡིས་མན་ངག་བསྒོམས་ལས་བློ་ངན་ སྡུག་བསྔལ་རབ་བཅོམ་སྟེ། །ཡིད་ཀྱི་ཤེས་པ་དྲི་མེད་དག་དང་ཕ་རོལ་ཕྱིན་པ་རྣམས་དང་ཡང་། །མཆོག་ཏུ་གྱུར་པའི་ས་རྣམས་དང་ནི་གང་དེས་རྒྱལ་བ་ཐོབ་པར་འགྱུར། །དམ་པའི་ཆོས་ཀྱི་མཛོད་གྱུར་བླ་མ་དམ་པ་དགའ་མཆོག་རྡོ་རྗེ་ཡིས། །བདེ་གཤེགས་ཚོགས་ཀྱི་སྤྱན་སྔར་ཆོ་གས་གང་ཞིག་ མངོན་པར་དབང་བསྐུར་བ། །བློ་བཟང་མི་ཕམ་བཤེས་གཉེན་དེས་ནི་སྐྱེ་བོས་བློ་མཆོག་གྲུབ་བྱའི་ཕྱིར། །ཨ་ར་པ་ཙ་ན་ཡི་འཁོར་ལོ་གཞུང་དུ་ཡང་དག་སྦྱར་བ་ཡིན། །འཁོར་ལོའི་ཆོ་ག་བཟང་པོ་གཞུང་མཆོག་ཏུ་སྦྱར་བས། །བསོད་ནམས་རྒྱ་ཆེན་ཀུན་ནས་བདག་གིས་ཐོབ་གྱུར་པ། །གང་ཡིན་དེས་ནི་ འཇིག་རྟེན་ཉོན་མོངས་ལས་རྒྱལ་ཞིང་། །ངེས་པའི་བདེ་བ་གཅིག་པུ་འཇམ་པའི་དབྱངས་གྱུར་ཅིག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།ལྷག་པའི་ལྷ་འདི་ཉིད་ཀྱིས་མངོན་སུམ་དུ་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ ཞལ་སྔ་ནས་ཀྱི་བཀའ་དྲིན་ལས། ལེགས་པར་སྦྱར་བའི་སྐད་<གྱི་‚ཀྱི་>ཆ་ཤས་རིག་པ་དགེ་སློང་རྒྱ་མཚོའི་སྡེས་འགྱུར་རྙིང་ལས་ཅུང་ཟད་བཅོས་ཤིང་། རྒྱ་དཔེའི་རྐང་པ་དང་མཐུན་པར། དཔལ་གནོད་གནས་ཀྱི་གཙུག་ལག་ཆེན་པོར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤུཀླ་ མཉྫུ་གྷོ་ཥ་པཱུ་ཛ་བི་དྷི་ནཱ་མ། བོད་སྐད་དུ། འཇམ་དབྱངས་དཀར་པོ་མཆོད་པའི་ཆོ་ག་ཞེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ལྷ་ཡི་སྒྲུབ་ཐབས་ཞེས་བྱ་བ། །ཏིང་འཛིན་བསྒོམ་པ་བཟླས་པ་དང་། །བསྟོད་དང་མཆོད་པ་ཕྱག་བགྱི་བའི། །ཡན་ལག་དྲུག་ཏུ་རྒྱལ་བས་ གསུངས། །དེ་ནས་སྔགས་པས་སྒྲུབ་པ་དང་རྗེས་སུ་མཐུན་པའི་གནས་མཆོག་ཏུ་གཙང་བར་བྱས་ནས། དམའ་བའི་སྟན་ལ་འདུག་སྟེ། ཚགས་ཀྱིས་ཡང་དག་པར་བཙགས་པའི་ལྷའི་ཆུ་སྔགས་འདི་ལན་གསུམ་གྱིས་སྦྱང་བར་བྱའོ། །ཨོཾ་ཨཱཿབཛྲོད་ཀེ་ཨ་མྲྀ་ཏཾ་བྷ་བ་ཧཱུཾ་སྭཱ་ཧཱ། དེ་ལས་བླངས་ནས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཁྲུས་ཀྱི་སྔགས་སོ། །དེ་ནས་ཧྲཱིཾ་ཏྲཱཾ་ཨོཾ་ཧཱུཾ་ཁཾ་བཾ་ཞེས་པ་དེ་བཞིན་གཤེགས་པ་དྲུག་དག་པའི་ ཕྱིར། དབང་པོ་དྲུག་ལ་དགོད་པར་བྱ་སྟེ། ཁ་དང་། སྣ་དང་། མིག་དང་། རྣ་བ་དང་། ལུས་དང་། སྙིང་ག་རྣམས་སུ་རིམ་པ་ཇི་ལྟ་བར་སྔོན་དུ་ས་བོན་དྲུག་བརྗོད་ཅིང་། སོར་མོ་ལྔའི་རྩེ་མོས་རེག་ནས་སྲོག་རྩོལ་བྱའོ། །ཨོཾ་བཿསྭཱ་ཧཱ། ཞེས་པས་ལག་པ་དང་རྐང་པ་དག་ལ་འཐོར་ཞིང་། ཨོཾ་ ཧྲཱིཿསྭཱ་ཧཱ་ཞེས་པས་ཞལ་བསིལ་ལོ། །ཨོཾ་ན་མོ་བྷ་ག་བ་ཏེ་པུཥྤ་ཀེ་ཏུ་རཱ་ཛཱ་ཡཱ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ་པུཥྤེ་པུཥྤེ་མ་ཧཱ་པུཥྤེ་སུ་པུཥྤེ་པུཥྤོ་དྦྷ་བ། པུཥྤ་སཾ་བྷ་བེ། པུཥྤཱ་ཝ་ཀཱིརྞྞེ་སྭཱ་ཧཱ། ཞེས་པ་འདི་ལན་བདུན་གྱིས་མེ་ཏོག་སྦྱང་བའོ། །དེ་ནས་གཡོན་པའི་མཐེ་བོང་དང་སྲིན་ལག་ གིས་མེ་ཏོག་བླངས་ནས། ཨོཾ་ཨཱཿཧཱུཾ་གིས་ལུས་དང་ངག་དང་ཡིད་བྱིན་གྱིས་བརླབ་པར་བྱའོ། །ཡང་དེ་བཞིན་དུ་མེ་ཏོག་གཅིག་བླངས་ལ། ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་སཱ་རེ་རཀྵ་རཀྵ་མཱཾ་སརྦྦ་སཏྭཥྛཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། འདིས་བདག་ཉིད་ཀྱི་མགོ་བོར་བསྲུང་བར་བྱའོ། །ཨོཾ་སྭ་ བྷཱུ་མེ་བཛྲཱི་བྷ་བ་ཧཱུཾ། འདི་དག་གིས་དཀྱིལ་འཁོར་བྱ་བའི་ས་ལ་བསང་གཏོར་བྱ་ཞིང་སྦྱངས་ལ། དེ་ནས་ཨོཾ་བཛྲ་སཏྭ་སརྦྦ་བིགྷྣཱ་ནུཏྶཱ་ར་ཡ་ཧཱུཾ་ཕཊ། ཞེས་པས་གཡོན་སྐོར་གྱིས་བགེགས་བསྐྲད་པར་བྱའོ། །དེ་ནས་སྲོག་ཆགས་མེད་པའི་བ་བྱུང་ངམ་ཙནྡན་ལ་སོགས་པ་དྲི་བཟང་པོའི་ཆུས་ལག་ པ་གཡས་པས་དཀྱིལ་འཁོར་ཟླུམ་པོར་ཉེ་བར་བྱུགས་ལ། ཚིགས་སུ་བཅད་པ་གཉིས་པོ་བཀླག་པར་བྱའོ། །བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་ཡང་དག་བྱི་དོར་ཚུལ་ཁྲིམས་དང་། །སྲོག་ཆགས་ཕྲ་མོའང་བསལ་བ་བཟོད་པ་བྱ་བ་ཉེར་གནས་བརྩོན་འགྲུས་སོ། །སེམས་རྩེ་གཅིག་དེའི་སྐད་ཅིག་ བསམ་གཏན་རི་མོ་མཛེས་འབར་ཤེས་རབ་ཡིན། །ཐུབ་པའི་མཎྜལ་བགྱིས་ལས་ཕ་རོལ་ཕྱིན་དྲུག་འདི་དག་ཐོབ་འགྱུར་ཞིང་། །ཁ་དོག་གསེར་དུ་འགྱུར་ཞིང་ནད་ཀུན་ལས་ནི་རྣམ་པར་གྲོལ་བར་འགྱུར། །ལྷ་དང་མི་ལས་ཆེས་ལྷག་འགྱུར་དང་ཟླ་བ་ལྟ་བུའི་མཛེས་པ་འབར། །འདིར་ནི་ལུས་ཀྱི་ལས་ བགྱིས་པ་ལས་སངས་རྒྱས་པ་ཡི་ཁྱིམ་དག་ཏུ། །ནོར་དང་གསེར་གྱིས་ཡང་དག་འབྱོར་ཞིང་རྒྱལ་པོའི་རིགས་སུ་སྐྱེ་བར་འགྱུར། །དེ་ནས་སྐྱོང་ནུལ་བྱས་པའི་དཀྱིལ་འཁོར་གྱི་དབུས་སུ། གཡས་པའི་མཐེ་བོང་བཞག་ནས། མཛུབ་མོས་ཟླ་བ་གང་བ་ལྟ་བུའི་རེ་ཁཱ་ཨོཾ་བཛྲ་རེ་ཁེ་སུ་རེ་ཁེ་ཧཱུཾ་ཕཊ། ཅེས་ པས་གཡས་སྐོར་དུ་བྱ་སྟེ། ལག་པ་གཡོན་པས་མེ་ཏོག་གཅིག་བླངས་ལ་གཡས་པའི་རྒྱབ་ཏུ་མེ་ཏོག་དེ་བཞག་ནས། ཨོཾ་སུ་རེ་ཁེ་སརྦ་ཏ་ཐཱ་ག་ཏཱ་དྷི་ཏིཥྛ་ནྟུ་སྭཱ་ཧཱ། ཞེས་པས་ལག་པའི་རྒྱབ་བསྒྱུར་ཏེ། མེ་ཏོག་དེ་དཀྱིལ་འཁོར་གྱི་དབུས་སུ་དབུལ་བར་བྱའོ། །དེ་ནས་ལག་པ་བཀྲུས་ནས་གཡོན་པ་ དང་གཡས་པ་དག་གིས་མེ་ཏོག་བླངས་ལ། ཨོཾ་ཙནྡྲརྐ་བི་མ་ལེ་སྭཱ་ཧཱ། ཞེས་པས་དཀྱིལ་འཁོར་ལ་བཀྲམ་པར་བྱའོ། དེ་ལྟར་ཟླ་བ་དང་ཉི་མའི་ངོ་བོས་དཀྱིལ་འཁོར་བྱིན་གྱིས་བརླབས་ནས། རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པའི་ཟླ་བ་ལ་དྷཱིཿཡིག་བསམས་ལ། དེའི་འོད་ཟེར་གྱི་དྲ་བས་ ནམ་མཁར་བཅོམ་ལྡན་འདས་སྣང་བར་བྱས་པ། སྔགས་འདིས་སྤྱན་དྲང་བར་བྱ་སྟེ། ཨོཾ་ཤ་རད་མ་ལ་མ་དྷྱཱ་ཧྞ་ག་ག་ནོ་པ་མ། དྷརྨ་དྷཱ་ཏུ་སྭ་བྷཱ་ཝ་བྷ་ག་བཱན་མཉྫུ་གྷོ་ཥ་ཨི་ཧཱ་གཙྪ་མཎྜ་ལེ་ཨ་དྷིཥྛཱ་ནཾ་ཀུ་རུ་ཛཿཧཱུཾ་བཾ་ཧོཿཞེས་པས་དཀྱིལ་འཁོར་དུ་སྤྱན་དྲང་བ་དང་། བྱིན་གྱིས་བརླབ་པ་དང་། རྗེས་ སུ་བཅིང་བ་དང་། ཡོངས་སུ་མཉེས་པ་རྣམས་བྱས་ནས། ཨོཾ་པྲ་བ་ར་སཏྐཱ་ར་ཤྲཱི་མཉྫུ་གྷོ་ཥ་ཨརྒྷཾ་པཱ་དྱཾ་ཨཱཉྩ་མ་ནཾ་པྲོཀྵ་ཎཾ་པྲ་ཏིཙྪ་སྭཱ་ཧཱ། དེ་ནས་སེམས་གཞན་དུ་མ་ཡེངས་པར་ཡང་དག་པའི་དད་པ་དང་། ལྷག་པའི་བསམ་པས་མཆོད་པར་བྱ་སྟེ། དབུས་སུ་ཨོཾ་ཨ་ར་པ་ཙ་ནཱ་ཡ་བཛྲ་པུཥྤེ་དྷཱིཿ སྭཱ་ཧཱ། མདུན་དུ་ཨོཾ་ཛཱ་ལི་ནི་པྲ་བྷཱ་ཡ་བཛྲ་པུཥྤེ་རཾ་སྭཱ་ཧཱ། རྒྱབ་ཏུ་ཨོཾ་ཙནྡྲ་པྲ་བྷཱ་ཡ་བཛྲ་པུཥྤེ་སཾ་སྭཱ་ཧཱ། གཡས་སུ་ཨོཾ་ཀེ་ཤི་ནྱེ་བཛྲ་པུཥྤེ་ཙཾ་སྭཱ་ཧཱ། གཡོན་དུ་ཨོཾ་ཨུ་པ་ཀེ་ཤི་ནྱེ་བཛྲ་པུཥྤེ་ནཾ་སྭཱ་ཧཱ། རང་རང་གི་སྔགས་འདིས། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་མཆོག་དང་། ཞལ་ ཟས་ལ་སོགས་པ་རྣམས་ཀྱིས་ཡང་དག་པར་མཆོད་ནས། གཏོར་མའི་སྔགས་ཀྱིས་གཏོར་མ་དབུལ་བར་བྱ་སྟེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤ་ནྣ་ཏྭཱད་ཨོཾ་ཨཱཿཧཱུཾ་ཧོཿའདི་དག་གིས་གཏོར་མ་སྦྱང་བར་བྱའོ། །དེ་ནས་ཨོཾ་ཨ་ར་པ་ཙ་ནཱ་ཡ། ཀུ་མཱ་རི་ད་ཧ་ན་དཀྵཱ་ཡ། ཙནྡྲ་ཀཱནྟི་མ་ཎི་པྲ་བྷཱ་ཡ། ཁངྒ་ པུསྟཾ་ཀ་བྱ་གྲཱ་ཡ། ཧསྟ་ཡཾ་མཉྫུ་བ་ནི་ཝ་ར་པྲ་དཱ་ཡ། ཨི་མཾ། བ་ལིཾ། གནྡྷཾ། པུཥྤཾ། དྷཱུ་པཾ། དཱི་པཾ། མ་དྷུ། ཤ་ཀ་རཱ་རི། ས་ཧི་ཏཾ། གྲྀཧྞ་གྲྀཧྞ། །ག་ག ཁཱ་ཧི་ཁཱ་ཧི། མ་མ་ཤཱནྟིཾ། པུཥྚིཾ། རཀྵ་བ་ར་ཎ་གུཔྟཾ་ཀུ་རུ་ཨོཾ་ཨཱཿདྷཱིཿཧཱུཾ་སྭཱ་ཧཱ། གཏོར་མའི་སྔགས་སོ། །དེ་ནས་མངོན་པར་བསྟོད་པར་ བྱའོ། །དེ་ནས་ཚིགས་སུ་བཅད་པ་འདི་བརྗོད་པར་བྱ་སྟེ། རྨོངས་པའི་བློ་ཡིས་བདག་གིས་ཅི་ནས་ཀྱང་། །ནོངས་པ་བགྱིས་དང་བགྱིས་སྩལ་གང་ཅི་འང་རུང་། །གང་ཕྱིར་ལུས་ཅན་ཀུན་གྱི་སྐྱབས་ཡིན་ཕྱིར། །དེ་ཀུན་མགོན་པོ་ཁྱོད་ཀྱིས་བཟོད་པར་འཚལ། །དེ་ནས་ཚིགས་བཅད་འདིས་སྨོན་ ལམ་བྱ་སྟེ། དགེ་བ་འདི་ཡིས་བདག་ཉིད་ནི། །སངས་རྒྱས་ཉིད་དུ་མངོན་གྱུར་ནས། །འགྲོ་ཀུན་གཏིང་མཐའ་མེད་པ་ཡི། །སྲིད་པའི་མཚོ་ལས་སྒྲོལ་གྱུར་ཅིག །དེ་ནས་ཚིགས་བཅད་འདིས་གཤེགས་སུ་གསོལ་བར་བྱ་སྟེ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟའི་རྗེས་མཐུན་དངོས་ གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཚུལ་ཁྲིམས་ཙནྡན་གྱིས་ལུས་བྱུགས། །བསམ་གཏན་དག་གི་གོས་གྱོན་ཞིང་། །བྱང་ཆུབ་ཡན་ལག་མེ་ཏོག་བཀྲམ། །ཇི་ལྟར་བདེ་བར་བཞུགས་སུ་གསོལ། །དེ་ནས་སྔགས་ཀྱི་ རྒྱལ་པོ་ཡི་གེ་བརྒྱ་པ་གདོན་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿ ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿའཇམ་དབྱངས་དཀར་པོ་ཨ་ར་པ་ཙ་ན་མཆོད་པའི་ཆོ་ག་ཞེས་བྱ་བ་སློབ་དཔོན་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་སྤྱན་སྔར། ཆོས་འཁོར་ལོ་ཙཱ་བས་བསྒྱུར་བ་ལས་དགེ་སློང་རྒྱ་ མཚོས་བཅོས་པའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་སྒྲུབ་པའི་ཐབས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཚད་མེད་པ་དང་བྱང་ཆུབ་སེམས་བསྐྱེད་དེ། །སྔགས་འདི་བརྗོད་ཅིང་མི་དམིགས་སྟོང་པར་ བསྒོམ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨྨཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ། སྟོང་ཉིད་ངང་ལས་བཾ་པཾ་ཨ་དཀར་ལས། །རྒྱ་མཚོའི་སྟེང་དུ་པདྨ་ཟླ་བ་བསམ། །དེ་སྟེང་རང་སེམས་ཨ་དཀར་ཉིད་གྱུར་ལས། །འོད་འཕྲོས་དོན་བྱས་འདུས་པར་ལྷར་གྱུར་ཏེ། །ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་ཨུཏྤལ་བསྣམས། ། རྡོ་རྗེའི་སྐྱིལ་ཀྲུང་འོད་ཟེར་རབ་འཕྲོ་བ། །དར་དཀར་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །སྟོན་ཟླའི་མདོག་ཅན་ལང་ཚོ་ལྡན་པ་བསྒོམ། །ཨོཾ་བཱ་ཀྱཻ་དཾ་ན་མཿརིག་སྔགས་རྒྱལ་པོ་འབུམ་ཕྲག་གཅིག་གིས་འགྲུབ། །ཟླ་བ་གཅིག་གིས་བློ་འཕེལ་རིག་པ་འཛིན། །དངོས་སམ་རྨི་ལམ་ཉིད་དུ་མཐོང་ ཐོས་འགྱུར། །གྲུབ་པའི་མཚན་མ་གཞན་ཡང་སྣང་བར་འགྱུར། །ཉི་ཟླ་གཟས་ཟིན་དུས་སུ་མ་ཤ་ཉིད། །དར་དཀར་གྱིས་དྲིལ་ལྕེ་འོག་བཅུག་ལ་བཟླས། །མྱུ་གུ་བྱུང་གྱུར་འདི་ནི་གྲུབ་པ་ཡིན། །ཡང་ན་རལ་གྲི་ཉིད་བཟུང་རིག་འཛིན་འགྱུར། །གྲེ་ཕུགས་ཨ་དཀར་དག་ལས་འོད་འཕྲོས་པས། ། རྒྱལ་བ་ཀུན་གྱི་བློ་གྲོས་དཔག་མེད་དག །འདུས་ནས་ཁོང་དུ་ཐིམ་པས་ལུས་ཀུན་ཁེངས། །མི་བརྗེད་དྲན་པའི་གཟུངས་ནི་ཐོབ་པར་འགྱུར། །སྙིང་དབུས་ཟླ་བའི་དཀྱིལ་འཁོར་རྩིབས་དྲུག་ལ། །འབྲུ་དྲུག་ཡི་གེ་བཀོད་ལ་གཡས་གཡོན་བསྐོར། །ཤུགས་དྲག་རྩེ་མོ་རྣོ་ཞིང་རབ་དཀར་ བས། །ཉེས་འཇོམས་སྟོབས་ལྡན་མྱུར་འཛིན་རབ་གསལ་འགྱུར། །ཕ་རོལ་ཕྱིན་དང་བསྟོད་པ་མང་པོ་དང་། །མཚན་ནས་བརྗོད་དང་མཆོད་པ་སྣ་ཚོགས་དང་། །མཎྜལ་དབུལ་ཞིང་གསོལ་བ་གདབ་པར་བྱ། །འདི་ནི་མྱུར་དུ་འགྲུབ་པར་འགྱུར་བ་ཡིན། །འཇམ་པའི་དབྱངས་ཀྱིས་བྱིན་གྱིས་ བརླབས་པའི་པཎྜི་ཏ་ཆེན་པོ་མ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཛ་ག་ཏཱ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་བོད་ཡུལ་གྱི་དབུས་དྲང་སྲོང་སྲིན་པོའི་རིར་ལྷའི་སྐད་ལས་བོད་ཀྱི་བརྡར་འཁྲུལ་པ་མེད་པར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ ཤྲཱི་སྟོ་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་བསྟོད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དོན་ཟབ་སྔགས་ཀྱི་སྟོབས་ཀྱིས་རབ་སྦྱངས་པའི། །སྟོང་གསལ་ནམ་མཁའ་དྲི་མེད་དང་མཚུངས་ལས། །བཾ་ཡིག་ལས་གྲུབ་དཀར་མདངས་ བདུད་རྩིའི་མཚོ། །གཏིང་ཟབ་ཡངས་པ་ཅན་ལ་ཕྱག་འཚལ་ལོ། །མཚོ་མཐའ་གླང་ཆེན་ཐལ་ཀར་གྱིས་བསྐོར་ཞིང་། །མཉེན་ལྕུག་འཁྲིལ་ལྡེམ་པད་ཟླུམ་དྲ་བས་ཁྱབ། །ལོ་མའི་གུར་ལྡིང་དཀར་མཛེས་མེ་ཏོག་ལས། །ཡིད་འཕྲོག་དྲི་བསུང་ལྡན་ལ་ཕྱག་འཚལ་ལོ། །མཚོ་ཆེན་དབུས་ན་བཾ་ ཡིག་ལས་བྱུང་བའི། །པད་སྡོང་ཡལ་ག་ལོ་མ་ཕུན་ཚོགས་སེར། །འདབ་རྒྱས་དཀར་གསལ་གེ་སར་དམར་སེར་ཅན། །ལྟེ་བ་ལྗང་སེར་མཐོ་ལ་ཕྱག་འཚལ་ལོ། །དེ་སྟེང་ཡི་གེ་མཆོག་རབ་ཡོངས་གྱུར་ལས། །རབ་ཟླུམ་འཁོར་ལོ་རྣམ་དག་ཕུན་ཚོགས་མཛེས། །ཤིན་ཏུ་མདོག་དཀར་ཡིད་འོང་འཛིན་ གཟུགས་ཅན། །བསིལ་ཟེར་ཕྱོགས་བཅུར་འགྱེད་ལ་ཕྱག་འཚལ་ལོ། །དེར་བཞུགས་ཨ་དཀར་ལས་གྲུབ་དཔའ་བོའི་སྐུ། །ཟུང་བཞིའི་ན་ཚོད་རྡོ་རྗེ་སྐྱིལ་ཀྲུང་བརྟན། །ཆུ་ཤེལ་དྲི་མེད་ཇི་བཞིན་རབ་དཀར་མདངས། །མཚན་མཆོག་དཔེ་བྱད་འབར་ལ་ཕྱག་འཚལ་ལོ། །ཐོར་ཚུགས་རྩེ་ན་རིན་ཆེན་ མེ་ཏོག་སྤུད། །རྩེ་མོ་ལྔ་ལྡན་ཟུར་ཕུད་ཤིན་ཏུ་གསལ། །སྙན་གོང་ཨུཏྤལ་དྲི་ལྡན་དར་དཔྱངས་འཕུར། །སྙན་ཤལ་ནོར་བུ་འཕྱང་ལ་ཕྱག་འཚལ་ལོ། །དེ་བཞིན་མགུལ་རྒྱན་དཔུང་རྒྱན་ཕྱག་གདུབ་དང་། །ཞབས་གདུབ་སྐ་རགས་དོ་ཤལ་བཟང་པོ་དང་། །སྣ་ཚོགས་ན་བཟའ་ རིན་ཆེན་རྒྱན་གྱིས་སྤྲས། །སིལ་སིལ་སྒྲ་སྙན་འཁྲོལ་ལ་ཕྱག་འཚལ་ལོ། །ཕྱག་གཡས་མཆོག་སྦྱིན་ལེགས་པར་བརྐྱང་མཛད་ནས། །གཡོན་པས་ཨུཏྤལ་སྡོང་པོ་ཐུགས་ཀར་འཛིན། །སྲབ་འཇམ་དུང་མདོག་ན་བཟས་རབ་བརྒྱན་ཅིང་། །མུ་མེད་འོད་ཟེར་འཕྲོ་ལ་ཕྱག་འཚལ་ལོ། །དཔའ་ མཆོག་སྐུ་ཡི་རྣམ་པ་དྲན་གྱུར་ནས། །རིག་སྔགས་ཅུང་ཟད་བཟླས་པ་ཙམ་གྱིས་ཀྱང་། །དུས་དེས་དར་དཀར་མ་ཤའི་སྦྱོར་བ་ཡིས། །ཕུན་ཚོགས་བློ་གྲོས་སྤེལ་ལ་ཕྱག་འཚལ་ལོ། །གཞན་ཡང་གཞོན་ནུ་དཔའ་བོས་ལེགས་བསྟེན་པའི། །ཏིང་འཛིན་སྔགས་དང་ཅི་རིགས་རྫས་སྦྱོར་གྱིས། །གནས་ སྐབས་མཐར་ཐུག་ཡོན་ཏན་མ་ལུས་ཀུན། །སླུ་མེད་ངེས་པར་འགྲུབ་ལ་ཕྱག་འཚལ་ལོ། །ངོ་བོ་མ་ནོར་ཆོས་ཉིད་རབ་མཁྱེན་ཅིང་། །རྣམ་པ་མ་ལུས་ཆོས་ཅན་ལྷང་ངེར་གཟིགས། །ཐུགས་རྗེ་ཆེ་དང་ཐབས་ཚུལ་དཔག་མེད་ཀྱིས། །སྲིད་མཚོ་མཐའ་ཡས་སྐྱོབ་ལ་ཕྱག་འཚལ་ལོ། །འཇམ་ དབྱངས་མགོན་ཁྱོད་གུས་པས་རྗེས་དྲན་ཅིང་། །བསྒོམ་བཟླས་ལེགས་མཆོད་མངོན་པར་བསྟོད་པ་ཡིས། །བློ་ངན་མུན་ནག་ཐིབས་པོའི་ཚོགས་རྣམས་ཀུན། །སྤྲིན་མེད་ཉི་ཤར་ཇི་བཞིན་དངས་པར་མཛོད། །དཔལ་ལྡན་མཁས་པ་རྣམས་ཀྱི་ནང་ནས་རྒྱལ་མཚན་རྩེ་མོ་ལྟར་ཤིན་ཏུ་མཐོ་ཞིང་གསལ་ བར་གྱུར་པའི་པཎྜི་ཏ་ཆེན་པོ་མ་ཏིས་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་དང་བསྟུན་ཏེ། བསྐྱེད་པའི་རིམ་པའི་གསལ་འདེབས་བདེ་བའི་ཏིང་ངེ་འཛིན་གྱི་བསྟོད་པ་རྫོགས་སོ།། །།པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་ཁྲོ་ཕུ་བ་གནུབས་བྱམས་པའི་དཔལ་གྱིས་སྲིན་པོའི་རིར་བསྒྱུར་ བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་ར་པ་ཙ་ན་པཱུ་ཛ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་པ་ཨ་ར་པ་ཙ་ནའི་མཆོད་པའི་ཆོ་ག་ཞེས་བྱ་བ། འཕགས་པ་ཨ་ར་པ་ཙ་ན་ལ་ཕྱག་འཚལ་ལོ། །སྒྲུབ་ཐབས་སུ་བཤད་པའི་རིམ་པས་དེ་ལྟར་བླ་མའི་མཎྜལ་སྔོན་དུའོ། །ཤིན་ཏུ་མཉམ་པར་ གཞག་ལ་འགྲོ་ལ་ཕན་པའི་སེམས་ཀྱིས་མཆོད་པར་བྱའོ། །ཨོཾ་ཨཱཿཧཱུཾ་གནས་དང་བདག་དང་རྣལ་འབྱོར་བསྲུང་བའོ། །དེ་ནས་ཨོཾ་སརྦ་ཏ་ཐཱ་ག་ཏཱ་སུ་ལ་ལི་ཏ། ལ་ལི་ཏཻ་རྣ་ནཱ་མཱ་མི་བྷ་ག་བནྟཾ་ཨ་ར་པ་ཙ་ན་ནཱ་ཐ། ཛཿཧཱུཾ་བཾ་ཧོཿཔྲ་ཏཱིཙྪ་མཾ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོཿ། ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐཱ་ར་ཡ་ཨ་ར་པ་ཙ་ནཱ་ ཡ་པཱ་དྱཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐཱ་ར་ཡ་ཨ་ར་པ་ཙ་ནཱ་ཡ་པྲོ་ཀྵ་ཎ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐཱ་ར་ཡ་ཨ་ར་པ་ཙ་ནཱ་ཡ་ཨརྩྩ་མ་ནཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿཔྲ་བ་ར་སཏྐཱ་ར་ཡ་ཨ་ར་པ་ཙ་ནཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་མཉྫུ་གྷོ་ཥ་ཡ་དྷཱིཿཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཛཱ་ལི་ནཱི་ པྲ་བྷཱ་ཡ་རཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མ་ཤྩནྡྲ་པྲ་བྷཱ་ཡ་པཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿཀེ་ཤི་ནྱེ་ཙཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿཨུ་པ་ཀེ་ཤི་ནྱེ་ནཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿཨ་ཀྵོ་བྷྱཱ་ཡ་ཧཱུཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་བཻ་རོ་ཙ་ནཱ་ཡ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་རཏྣ་ སཾ་བྷ་བཱ་ཡ་ཏྲཱཾ། ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཨ་མི་ཏཱ་བྷཱ་ཡ་ཧྲཱིཿཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་ཨ་མོ་གྷ་སིདྡྷི་ཁཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མ་ལོ་ཙ་ནཱ་ཡེ་ལཱཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མོ་མཱ་མེ་ཀྱེ་མཱཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མཿཔཎྜ་རཱ་ཡཻ་པཱཾ་ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ན་མ་སྟཱ་རཱ་ཡཻ་ཏཱཾ་ ཨོཾ་བཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ། འདི་ཡི་རིམ་པས། ཨོཾ་བཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ་སྭཱ་ཧཱ། དེ་རྣམས་ཀྱི་མདུན་དུ་འདོད་པའི་ཡོན་ཏན་ལྔ་པོ་རྣམས་ཉེ་བར་ཡང་དག་པར་དབུལ་བར་བྱའོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ཧཱུཾ་ ཕཊ། མཆོད་པ་བྱིན་གྱིས་བརླབ་པར་བྱའོ། །དངོས་པོ་མེད་ཀྱང་ཡིད་ལས་བྱུང་བའི་མཆོད་པ་དབུལ་ལོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ་སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཡིད་ཀྱིས་མཆོད་པ་བྱིན་གྱིས་བརླབ་པའོ། །རི་བོང་འཛིན་པ་ལྟ་བུ་ཡི། །ཅེས་པ་ལ་སོགས་ པ་དང་། རིན་ཆེན་གསུམ་རྣམས་ཕྱག་འཚལ་ལོ། །མཆོད་པའང་རིན་ཆེན་གསུམ་པོ་ལ། །སྡིག་པ་གང་རྣམས་བརྗོད་པར་བགྱི། །བསོད་ནམས་ཀུན་ལ་རྗེས་སུ་དགའ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཞིང་། །མྱ་ངན་མི་འདའ་རྟག་ཏུ་བཞུགས། །བདག་གིས་སྦྱིན་སོགས་བསོད་ ནམས་ཀྱིས། །བདག་ལ་ཀུན་རྟོག་ཡོངས་སུ་བསྒྱུར། །ཞེས་པ་རྣམ་པ་བདུན་བླ་ན་མེད་པའི་མཆོད་པ་བྱས་ནས་དབང་བསྐུར་བའི་ཕྱིར། སྤྱན་མ་ལ་སོགས་པའི་ལྷ་མོས་མངོན་པར་དགའ་བས་དབང་བསྐུར་བའོ། །རང་གི་རིགས་ཀྱི་ངོ་བོར་བྱས་ནས་འདོད་པའི་ཕྱིར་ བདག་ལ་དབང་བསྐུར་རོ། །གཙང་མའི་གནས་ཀྱི་ལྷ་རྣམས་ཀྱིས། །ཇི་ལྟར་དེ་བཞིན་གཤེགས་འཁྲུངས་ཚེ། །ཀུན་བཀྲུས་དེ་བཞིན་བདག་དབང་བསྐུར། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཡི་གེའི་རང་བཞིན་འབྱུང་ གནས་དང་། །ལྷན་ཅིག་ཀུན་དུ་རྣམ་པར་རྟོག །གྲངས་མེད་ཨཱ་ལི་ཀཱ་ལིའི་ཚོགས། །དེ་ཉིད་རྟོགས་པའི་རྣམ་པར་འགྲོ །ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ན་སརྦ་བུདྡྷ་མ་ཡཾ་བྷ་མེ་ཧཱུཾ་ཧཱུཾ་ཧཱུཾ་ཧོཿཧོཿཧོཿཨ་ཁཾ་སྭཱ་ཧཱ། འདི་ཡིས་གསང་སྔགས་ཀྱི་ཕྲེང་བ་རྣམས་བྱིན་གྱིས་བརླབས་ལ་གསང་སྔགས་བཟླས་སོ། ། གསང་སྔགས་བླ་མའི་ཉེ་བར་བཤད་པ་ལས་རྟོགས་པར་བྱའོ། །བཟླས་པ་བྱས་ནས་གཏོར་མ་བྱིན་གྱིས་བརླབ་པར་བྱ་སྟེ། ཡཾ་ཡིག་གིས་རླུང་གི་དཀྱིལ་འཁོར་རོ། །རཾ་ཡིག་གིས་མེའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཀཾ་ཡིག་གིས་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ཡིག་ལས་སྐྱེས་ པའི་སྣོད་དུ་འཆི་མེད་ལྔ་དང་རབ་ཏུ་གསལ་བ་ལྔ་པོ་ལྷན་ཅིག་བཞུ་ནས། འཆི་མེད་ཡེ་ཤེས་བཅུག་ནས་དབུལ་བར་བྱ་སྟེ། ཨོཾ་ཨ་ར་པ་ཙ་ནཱ་ཡ་ཨངྒ་པུསྟཱ་ཀ་ཧསྟཱ་ཡ་ཨི་མཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་མ་སརྦ་སཏྭཱ་ནཱཉྩ་པྲ་ཏྱཱརྠ་ཀ་ན་བནྡྷ་བནྡྷ་ནཱི་དྷཱིཿ ཤྲི་ཁམ། ཨ་ར་པ་ཙ་ནཱ་ཡ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཆད་པ་དང་ལྷག་པ་དགང་བའི་ཕྱིར། ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ བདག་ཅག་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་རྗེས་རྟོགས་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་པ་དང་། ། སླར་ནི་བྱོན་པར་མཛད་གྱུར་ཅིག །ཨོཾ་མུཿསྭཱ་ཧཱས་གཤེགས་པར་བྱའོ། །སྨོན་ལམ་གྱི་བྱེ་བྲག་ཀྱང་གདབ་པར་བྱའོ། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་ཡིས། །བདག་ཅག་སྲིད་ཀུན་ཕ་རོལ་ཕྱིན་ནས་ནི། །སེམས་ཅན་ཀུན་བཅས་རིན་ཆེན་རྟོགས་ལྡན་པའི། །བླ་ན་ མེད་པའི་འབྲས་བུ་ཐོབ་པར་གྱུར། །འཕགས་པ་ཨ་ར་པ་ཙ་ནའི་མཆོད་པའི་ཆོ་ག་ཞེས་བྱ་བ་རྫོགས་སོ། །ལུང་དུ་སྟོན་པའི་བསྟན་བཅོས་ཀྱི་སྐད་ཅུང་ཟད་རྟོགས་པའི། ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། གྲུབ་པའི་ཞིང་དམ་པ་མང་ཡུལ་སྐྱིད་གྲོང་འཕགས་པ་ འཇིག་རྟེན་དབང་པོའི་གཙུག་ལག་ཁང་ལས། ཅུང་ཟད་མི་རིང་བའི་ཆེན་པོ་རྣམས་ཀྱི་གདན་ས། དཔལ་ཤེར་གྱི་གཙུག་ལག་ཁང་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་པཉྩ་དེ་བ་སྟོ་ཏྲ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པ་ ལྷ་ལྔའི་བསྟོད་པ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཁའ་ལྟར་རང་བཞིན་རྣམ་དག་ལས། །པཾ་ཡིག་ཨ་དཀར་ཡོངས་གྱུར་པའི། །པདྨ་དཀར་པོ་ཟླ་སྟེང་དུ། །ཧྲཱིཿཡིག་དཀར་པོ་ལས་འཁྲུངས་ཤིང་། །གཡས་བརྐྱང་རོལ་པའི་ཚུལ་གྱིས་བཞུགས། །གངས་ རི་ལྟར་གསལ་ཀུནྡའི་མདོག །གཡས་པ་མཆོག་གི་དོན་སྦྱིན་མཛད། །འཁོར་བའི་སྐྱོན་གྱིས་མ་གོས་པའི། །པདྨ་དཀར་པོ་གཡོན་ན་འཛིན། །འཛུམ་བཅས་ཞི་བའི་ཉམས་དང་ལྡན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་མཛེས། །མ་ཆགས་དཀྱིལ་འཁོར་གཙོ་ལ་བསྟོད། །པདྨ་དཀར་པོ་ཟླ་སྟེང་དུ། ། ཧ་ཡིག་དམར་པོ་ལས་འཁྲུངས་ཤིང་། །མཉམ་པར་བཞེངས་ནས་འགྲོ་དོན་མཛད། །པདྨ་རཱ་ག་དམར་པོའི་མདོག །ཞགས་པ་དང་ནི་རྡོ་རྗེ་གཡས། །ལྕགས་ཀྱུ་བགྲང་ཕྲེང་གཡོན་ན་འཛིན། །སྣ་ཚོགས་རྒྱན་གྱིས་མཛེས་པ་ཡི། །དོན་ཡོད་ཞགས་ལ་ཕྱག་འཚལ་བསྟོད། །པདྨ་ཉི་སྟེང་ ཧཱུཾ་ལས་འཁྲུངས། །གཡོན་བརྐྱང་གྱད་ཀྱི་ཚུལ་གྱིས་བཞུགས། །སྐུ་མདོག་དམར་པོ་བྱི་རུའི་ཚུལ། །སྟག་དང་སྦྲུལ་གྱིས་རྣམ་བརྒྱན་ཅིང་། །བེ་ཅོན་དང་ནི་སྡིགས་མཛུབ་གཡས། །འཁོར་ལོ་པདྨ་དམར་པོ་གཡོན། །སྤྱི་གཙུག་རྟ་མགོ་ལྗང་གུ་འཚེར། །ཧ་ཡ་གྲཱྀ་ལ་ཕྱག་འཚལ་ བསྟོད། །ཆུ་སྐྱེས་ཉི་མར་ཕ་ལས་འཁྲུངས། །ནམ་མཁའི་མདོག་ཅན་གཡོན་བརྐྱང་ཚུལ། །མཆེ་གཙིགས་ཁྲོ་མོའི་ཆ་ལུགས་འཛིན། །སྟག་གི་པགས་པས་རྣམ་པར་དཀྲིས། །རལ་གྲི་ཞགས་པ་པདྨ་མདའ། །འཁོར་ལོ་དབྱིག་པ་རྩེ་གསུམ་གཞུ། །གཡས་དང་ གཡོན་གྱི་ཕྱག་ན་བསྣམས། །རལ་གཅིག་མ་ལ་ཕྱག་འཚལ་བསྟོད། །པདྨ་དཀར་པོ་ཟླ་སྟེང་དུ། །ཊ་ཡིག་དཀར་པོ་ལས་འཁྲུངས་ཤིང་། །ཟླ་བ་ཆུ་ཤེལ་ནོར་བུའི་མདོག །འགྱིང་ཞིང་ལྡེམ་པའི་ཚུལ་གྱིས་བཞུགས། །དབྱིག་པ་པདྨ་དཀར་པོ་གཡས། །བགྲང་ཕྲེང་དང་ནི་སྤྱི་བླུགས་ གཡོན། །སྣ་ཚོགས་རྒྱན་གྱིས་མཛེས་པ་ཡི། །ཁྲོ་གཉེར་ཅན་ལ་ཕྱག་འཚལ་བསྟོད། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་མཎྜ་ལ་དེ་ཝ་ག་ཎཾ་སྟོ་ཏྲ་བི་མ་ ལ་པྲ་བྷཱ་ནཱ་མ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་དྲི་མ་མེད་པའི་འོད་ཅེས་བྱ་བ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེ་ཆེན་པོས་གདུལ་བྱའི་ སྣང་ངོ་ལ། །གང་ལ་གང་འདུལ་དེ་ལ་དེ་སྟོན་པའི། །འཇིག་རྟེན་དབང་ཕྱུག་ཁྱེད་ལ་བསྟོད་པར་བགྱི། །འཁོར་བར་གནས་ཀྱང་སྐྱོན་གྱིས་མ་གོས་ཕྱིར། །པདྨ་དཀར་པོ་རབ་རྒྱས་ལྟེ་བ་ལ། །ཐུགས་རྗེའི་ཆུ་རྒྱུན་འབེབས་མཛད་ཟླ་བའི་གདན། །ཡེ་ཤེས་འགྱིང་ཚུལ་བཞུགས་མཛད་ ཁྱོད་ལ་བསྟོད། །འཇིག་རྟེན་ལོག་རྟོག་སྟོན་པ་འདུལ་བའི་ཕྱིར། །རྒྱལ་པོའི་རོལ་སྟབས་དབང་ཕྱུག་ཆ་ལུགས་འཛིན། །སྣ་ཚོགས་ཐབས་མངའ་རིན་ཆེན་རྒྱན་གྱིས་སྤྲས། །འཇིག་རྟེན་ཀུན་གྱིས་བསྟོད་པ་ཁྱོད་ལ་འདུད། །དོན་དམ་ཆོས་སྐུ་ཉག་གཅིག་ཞལ་མངའ་ཞིང་། །ཐུགས་རྗེས་ འགྲོ་ལ་ཆགས་པས་ཧྲཱིཿལས་འཁྲུངས། །སངས་རྒྱས་ཀུན་གྱིས་དབང་བསྐུར་འོད་དཔག་མེད། །རལ་པའི་ཁུར་ན་འཆང་བ་ཁྱོད་ལ་བསྟོད། །འགྲོ་དྲུག་སྒྲོལ་ཕྱིར་རལ་པའི་ཅོད་པན་འཛིན། །རྒྱལ་བའི་རྒྱལ་པོ་རིན་ཆེན་དབུ་རྒྱན་ཅན། །མེ་ཏོག་ཅོད་པན་རྒྱལ་སྲས་འགྲན་ཟླ་བྲལ། །དུས་ གསུམ་རྒྱལ་བའི་བདག་པོ་ཁྱོད་ལ་བསྟོད། །ནོར་བུའི་སྙན་ཆས་འགྲོ་ལ་ཆོས་སྒྲ་སྒྲོགས། །སྤྱན་གསུམ་དུས་གསུམ་ཤེས་དང་ཤེས་བྱ་མཁྱེན། །འཛུམ་པའི་ཞལ་མངའ་འགྲོ་བའི་དོན་ལ་དགྱེས། །སྟོང་ཉིད་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཀུན་རྫོབ་ཙམ་དུ་འཁོར་བའི་སྡུག་ བསྔལ་གྱི། །ཉོན་མོངས་ཀུན་སྐྱོབ་བདེ་བའི་མཆོག་སྦྱིན་ཅིང་། །དོན་དམ་རྣམ་དག་པདྨ་དཀར་པོ་བསྣམས། །ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཕྱག་འཚལ་བསྟོད། །སྲེད་པའི་མེས་གདུངས་རྒྱུད་ལྔའི་སེམས་ཅན་ལ། །བདུད་རྩིའི་རྒྱུན་འབེབས་གཡས་ན་སྤྱི་བླུགས་འཛིན། །བདུད་ བཞིའི་འཇིགས་སྐྱོབ་གཡོན་པ་སྐྱབས་སྦྱིན་མཛད། །འཁོར་འདས་གཉིས་མེད་གཟིགས་ལ་ཕྱག་འཚལ་བསྟོད། །སྲིད་གསུམ་གཟོད་ནས་དབེན་པར་རྟོགས་པའི་ཕྱིར། །རི་དགས་ལྤགས་པས་སྐུ་ཡི་ཤམ་ཐབས་མཛད། །འཁོར་འདས་རང་བཞིན་སྤྲོས་བྲལ་རྟོགས་པའི་ཕྱིར། ། གངས་རི་ཀུནྡའི་མདངས་ལྡན་ཁྱོད་ལ་བསྟོད། །ཁྱོད་ཀྱི་ཐུགས་རྗེའི་རྒྱུན་གྱིས་དུས་གསུམ་གྱི། །རྒྱལ་བ་སྲས་བཅས་འགྲོ་དོན་ལ་བསྐུལ་ནས། །མཛད་བྱའི་ཕྲིན་ལས་མ་ལུས་མཛད་པའི་ཕྱིར། །དཀྱིལ་འཁོར་གཙོ་བོར་བཞུགས་པ་ཁྱོད་ལ་བསྟོད། །ཕ་རོལ་ཕྱིན་བཅུའི་ཡོན་ཏན་ རབ་རྫོགས་ཕྱིར། །ཕྱག་ཞབས་ཀུན་ལ་ནོར་བུའི་རྒྱན་གྱིས་སྤྲས། །ས་བཅུའི་སྟོབས་རྫོགས་ཡེ་ཤེས་མངའ་བའི་ཕྱིར། །མུ་ཏིག་དོ་ཤལ་འཕྱང་ལ་ཕྱག་འཚལ་བསྟོད། །རྫུ་འཕྲུལ་མཐུ་ཡིས་འགྲོ་བ་དྲང་བ་དང་། །སྟོབས་བཅུའི་རྩལ་གྱིས་བདུད་དཔུང་གཞོམ་པའི་ཕྱིར། །ཞབས་གཉིས་ ཅུང་ཟད་བརྐྱང་བསྐུམ་རོལ་པས་བཞུགས། །རྟག་པར་གཞན་དོན་མཛད་ལ་ཕྱག་འཚལ་བསྟོད། །སྲིད་པ་གསུམ་པོ་དབྱིངས་སུ་བསྒྲལ་བའི་ཕྱིར། །འཛམ་བུ་ཆུ་བོའི་གསེར་ལྟར་འབར་བའི་སྐུས། །ཡེ་ཤེས་རལ་པའི་འོད་ཟེར་འགྱེད་མཛད་པའི། །མ་རིག་མུན་པ་འཇོམས་ལ་ཕྱག་འཚལ་ བསྟོད། །གཟུང་འཛིན་དྲི་མ་དང་བྲལ་པདྨའི་གདན། །ཉོན་མོངས་གདུང་སེལ་ཟླ་བའི་གདན་ལ་བཞུགས། །འགྲོ་དོན་ཡེངས་པ་མི་མངའ་བཞེངས་ཚུལ་ཅན། །ཐུགས་རྗེ་ཆགས་པའི་མདོག་མངའ་ཁྱོད་ལ་འདུད། །ཐབས་ཀྱི་ཞགས་པས་འགྲོ་བ་དྲང་བའི་ཕྱིར། །ཧ་ལས་འཁྲུངས་ པའི་ཚུལ་སྟོན་དོན་ཆེན་མཛད། །སྐྱེ་མེད་ཞལ་མངའ་སྲིད་གསུམ་གཟིགས་པའི་སྤྱན། །དབུ་རྒྱན་རྒྱལ་བའི་ཅོད་པན་འཆང་ལ་བསྟོད། །བདེན་བཞིའི་ཕྱག་གིས་ཆོས་ཀྱི་འཁོར་ལོ་བསྐོར། །སྙིང་རྗེའི་ཞགས་པས་འགྲོ་བ་འདྲེན་པར་མཛད། །རྟོགས་པའི་རྡོ་རྗེས་ ལོག་རྟོག་མཚན་མ་འཇོམས། །སྒྱུ་མའི་རྫུ་འཕྲུལ་མངའ་བ་ཁྱོད་ལ་བསྟོད། །མཁྱེན་བརྩེའི་ལྕགས་ཀྱུས་འཁོར་བ་བདེ་བར་འགུགས། །ནུས་ལྡན་བགྲང་ཕྲེང་ཡོན་ཏན་གཏེར་མཛོད་འཛིན། །འགྲོ་དོན་མཛོད་མཁས་ཞབས་གཉིས་བརྐྱང་བསྐུམ་ཚུལ། །མཚན་དོན་ལྡན་པར་བཞུགས་ པ་ཁྱོད་ལ་བསྟོད། །མ་ཆགས་པདྨའི་རིགས་ཏེ་སྐྱོན་བྲལ་སྟེང་། །མཁྱེན་པས་ཉོན་མོངས་ཚོགས་འཇོམས་ཉི་མའི་གདན། །བདུད་དཔུང་མཇོམས་མཛད་ཁྲོ་རྒྱལ་ཧཱུཾ་ལས་འཁྲུངས། །ཁྲོ་བས་ཁྲོ་བ་འདུལ་མཛད་ཁྱོད་ལ་བསྟོད། །རྔམ་པའི་ཞལ་གྱིས་ལོག་རྟོག་དབྱིངས་སུ་གསོལ། ། དམར་སེལ་རལ་པས་ལོག་འདྲེན་བྲན་དུ་འདུལ། །ཡེ་ཤེས་སྤྱན་གྱིས་ཁམས་གསུམ་སྐུ་གསུམ་གཟིགས། །རྟ་མགྲིན་རྟ་སྐད་སྒྲོགས་ལ་ཕྱག་འཚལ་བསྟོད། །རྡོ་རྗེའི་དབྱུག་པས་བགེགས་དཔུང་རྡུལ་དུ་རློག །རྡོ་རྗེ་སྡིགས་མཛུབ་བདུད་སྡེ་སྐྲག་པར་མཛད། །གསེར་གྱི་འཁོར་ལོས་ འཁོར་བའི་རྩ་བ་གཅོད། །ཆགས་བྲལ་པདྨ་འཆང་ལ་ཕྱག་འཚལ་བསྟོད། །རིན་ཆེན་སྦྲུལ་རྒྱན་ཀླུ་རྒྱལ་གདུག་པ་འདུལ། །གླང་ཆེན་གཡང་གཞི་སྟོབས་བཅུ་མངའ་བའི་དཔལ། །སྟག་ཤམ་པ་ཏིས་ཕྲིན་ལས་རྣམ་བཞི་མཛད། །ཁྲོ་རྒྱལ་བརྐྱང་བསྐུམ་བཞུགས་ལ་ཕྱག་འཚལ་བསྟོད། ། སྐྱོན་བྲལ་གདན་ལ་རྨོངས་སེལ་ཉི་མའི་སྟེང་། །ཕ་ལས་འཁྲུངས་པའི་བདུད་འདུལ་ནག་མོ་ཆེ། །རྔམ་པའི་སྟབས་ཀྱིས་གདུག་པ་སྒྲོལ་བར་མཛད། །མཆེ་བ་གཙིགས་པས་བདུད་བཞི་གསོལ་ལ་བསྟོད། །རྣམ་ཐར་ཕྱག་བརྒྱད་ཡེ་ཤེས་རྣོ་བའི་མཚོན། །ཤེས་རབ་རལ་གྲིས་གཏི་མུག་རྩད་ནས་ གཅོད། །ཐུགས་རྗེའི་ཞགས་པ་སྐྱོན་བྲལ་པདྨ་འཆང་། །ཐབས་མཁས་བརྩེ་བའི་མདའ་འཕེན་ཁྱོད་ཕྱག་འཚལ། །འཁོར་ལོས་སྲིད་པའི་འཁོར་ལོ་འཇོམས་མཛད་ཅིང་། །དབྱུག་པས་བགེགས་འདུལ་རྩེ་གསུམ་དུག་གསུམ་གཅོད། །སྤྲོས་བྲལ་གཞུ་ཡིས་ཐུགས་རྗེའི་མདའ་འཕེན་ མ། །འཕགས་ལམ་དོན་ལྡན་རལ་གཅིག་མ་ལ་བསྟོད། །ཁྲོ་རྒྱལ་ཀུན་འདུས་དབུ་རྒྱན་རིན་ཆེན་འཆང་། །བདུད་དགྲ་ཀུན་འཇོམས་ཁྲོ་མོའི་ཆ་ལུགས་རྫོགས། །སྟག་ལྤགས་ཤམ་ཐབས་སྟོབས་བཅུའི་རྩལ་མངའ་བའི། །རྒྱལ་བ་ཀུན་སྐྱེད་ཁྲོ་རྒྱལ་ཡུམ་ལ་བསྟོད། །སྐྱོན་བྲལ་ཆུ་སྐྱེས་གདུང་ བ་སེལ་བའི་སྟེང་། །ཊ་ལས་འཁྲུངས་པའི་ཕྲིན་ལས་ཀུན་རྫོགས་མ། །བརྩེ་བའི་ཞལ་མངའ་ཕྲིན་ལས་རྒྱས་པའི་ཕྱག །རལ་པའི་ཅོད་པན་རྡོ་རྗེས་བརྒྱན་ལ་བསྟོད། །ཐོད་དབྱུག་བགེགས་འདུལ་པདྨོས་འཁོར་བ་སྐྱོབ། །ཕྲེང་བས་སེམས་ཅན་རྗེས་འཛིན་འགྲོ་དྲུག་ལ། །དམ་ཆོས་བདུད་རྩིའི་ རྒྱུན་འབེབས་སྤྱི་བླུགས་འཛིན། །སྒྲུབ་པ་པོ་ལ་མཆོག་སྩོལ་མཛད་ལ་བསྟོད། །རིན་ཆེན་རྒྱན་འཆང་ས་དང་ཡོན་ཏན་རྫོགས། །དར་ཤམ་པ་ཏིས་མི་འཇིགས་ལྷ་ཆེན་འདུལ། །ཆགས་ཅན་འདུལ་ཕྱིར་ཆགས་པ་ལྟར་སྟོན་པའི། །ལྷ་མོ་ཁྲོ་གཉེར་ལྡན་ལ་ཕྱག་འཚལ་བསྟོད། །ཀུན་ཀྱང་ཡེ་ ཤེས་འོད་དཔུང་ཀློང་ན་བཞུགས། །ཐབས་ལ་མཁས་པས་སྣ་ཚོགས་ཅིར་ཡང་སྟོན། །ཉམ་ཐག་འགྲོ་ལ་ཀུན་ཏུ་བརྩེ་བ་ཅན། །ཐུགས་རྗེས་རྟག་ཏུ་གཟིགས་མཛད་ཁྱོད་ལ་བསྟོད། །ཡེ་ཤེས་རོལ་པ་ཆེན་པོའི་བདག་ཉིད་ལས། །སྦྱིན་པའི་ཕ་རོལ་ཕྱིན་པ་རབ་རྫོགས་ཕྱིར། །སྒེག་པའི་ ཚུལ་འཆང་བདེ་བའི་མཆོད་འབུལ་མ། །སྒེག་ཅིང་བཞད་པར་མཛད་ལ་ཕྱག་འཚལ་བསྟོད། །བྱང་ཆུབ་ཡན་ལག་འབྲས་བུ་ཀུན་སྟེར་བས། །ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རབ་རྫོགས་ཕྱིར། །རིན་ཆེན་ཕྲེང་བ་འཆང་ཞིང་མཆོད་པ་འབུལ། །ཆགས་བྲལ་བལྟ་བར་མཛད་ལ་ཕྱག་འཚལ་ བསྟོད། །གཟོད་ནས་ཞི་བའི་དོན་ལ་རབ་མོས་པས། །བཟོད་པའི་ཕ་རོལ་ཕྱིན་པ་རབ་རྫོགས་ཕྱིར། །སྙན་པའི་གླུ་དབྱངས་སྒྲོགས་ཤིང་མཆོད་པ་འབུལ། །དོན་དམ་རྟོགས་པར་མཛད་ལ་ཕྱག་འཚལ་བསྟོད། །རྒྱལ་བ་མཆོད་པར་བྱ་ཕྱིར་སྐྱོ་བ་མེད། །བརྩོན་འགྲུས་ཕ་རོལ་ཕྱིན་པ་རབ་ རྫོགས་ཕྱིར། །སྣ་ཚོགས་རོལ་པས་དགྱེས་པའི་གར་མཛད་མ། །མཉེས་པའི་གཟིགས་མོ་མཛད་ལ་ཕྱག་འཚལ་བསྟོད། །སངས་རྒྱས་རྒྱུ་འབྲས་བྱང་ཆུབ་སེམས་ཡིན་པས། །བསམ་གཏན་ཕ་རོལ་ཕྱིན་པ་རབ་རྫོགས་ཕྱིར། །ཡིད་འོང་མེ་ཏོག་རྣམས་ཀྱིས་མཆོད་མཛད་མ། །རྣམ་ཐར་སྒོ་ གསུམ་རྟོགས་ལ་ཕྱག་འཚལ་བསྟོད། །ཐར་པར་འཇུག་པ་དབུ་མར་གྲུབ་པ་དང་། །ཤེས་རབ་ཕ་རོལ་ཕྱིན་པ་རབ་རྫོགས་ཕྱིར། །བདུག་སྤོས་སྤྲིན་ཚོགས་རྣམས་ཀྱིས་རྒྱལ་བ་མཆོད། །དོན་དམ་གོ་བར་མཛད་མ་ཁྱོད་ལ་བསྟོད། །མི་ཤེས་མུན་པ་ལྷག་མཐོང་གིས་འཇོམས་ ཤིང་། །ཐབས་མཆོག་ཕ་རོལ་ཕྱིན་པ་རབ་རྫོགས་ཕྱིར། །སྣང་བའི་སྒྲོན་མས་ཀུན་ཏུ་མཉེས་མཛད་མ། །མ་རིག་མུན་སེལ་མཛད་མ་ཁྱོད་ལ་བསྟོད། །ཉོན་མོངས་དྲི་ང་རབ་ཏུ་འཇོམས་པ་དང་། །སྨོན་ལམ་ཕ་རོལ་ཕྱིན་པ་རབ་རྫོགས་ཕྱིར། །དྲི་མཆོག་བྱུག་པས་རྒྱལ་བ་མཉེས་མཛད་མ། ། དྲི་རབ་བསྣམས་མཛད་མ་ཁྱོད་ཕྱག་འཚལ་བསྟོད། །སྙིང་རྗེ་ཆེན་པོས་འགྲོ་བ་ཀུན་བསྡུས་ནས། །སྟོབས་བཅུའི་ས་ལ་ཀུན་ཏུ་དགོད་བྱའི་ཕྱིར། །ལྕགས་ཀྱུ་འཛིན་ཅིང་ཞི་བའི་ལས་མཛད་མ། །ཤར་སྒོར་བཞུགས་ཚུལ་མཛད་མ་ཁྱོད་ཕྱག་འཚལ། །བྱམས་པ་ཆེན་པོས་སྡུག་བསྔལ་ཀུན་བསལ་ ནས། །ཡང་དག་རིག་པའི་དོན་ལ་འགོད་པའི་ཕྱིར། །ཞགས་པ་འཛིན་ཅིང་རྒྱས་པའི་ལས་མཛད་མ། །ལྷོ་སྒོར་བཞུགས་ཚུལ་མཛད་མ་ཁྱོད་ཕྱག་འཚལ། །དགའ་བ་ཆེན་པོས་འགྲོ་ཀུན་བདེ་ལ་འགོད། །སྲིད་གསུམ་འགྲོ་བ་དབང་དུ་བྱ་བའི་ཕྱིར། །ལྕགས་སྒྲོག་བསྣམས་ནས་དབང་ གི་ལས་མཛད་མ། །ནུབ་སྒོར་བཞུགས་ཚུལ་མཛད་མ་ཁྱོད་ཕྱག་འཚལ། །བཏང་སྙོམས་ཆེན་པོས་འགྲོ་ཀུན་བདག་ཏུ་མཛད། །མ་ལུས་སངས་རྒྱས་ས་ལ་རབ་འགོད་ཕྱིར། །དྲིལ་བུ་འཆང་ཞིང་མངོན་སྤྱོད་ལས་མཛད་མ། །བྱང་སྒོར་བཞུགས་མ་ཁྱོད་ལ་གུས་པས་བསྟོད། །ཚངས་པ་དྲག་པོ་ ཉི་མ་ཟླ་བ་དང་། །དབང་པོ་གཤིན་རྗེ་ཆུ་ལྷ་ནོར་གྱི་བདག །དྲང་སྲོང་སྲིན་པོ་རླུང་དང་དབང་བདག་སྟེ། །འཇིག་རྟེན་འདུལ་ཕྱིར་ཞབས་དྲུང་འདུད་མཛད་བསྟོད། །བདག་འདྲ་ལས་ཀྱིས་མནར་བའི་སྐྱེ་བོ་ཡིས། །ཡོན་ཏན་རྒྱ་མཚོ་མངའ་བའི་མགོན་པོ་ཡི། །ཡོན་ཏན་ཆ་ཤས་ཙམ་ཡང་མ་རིག་ པས། །ཁྱོད་ཀྱི་མཛད་ཚུལ་དཔག་པར་མི་ནུས་མོད། །མུན་ཁུང་ནང་ནས་མེ་ཁྱེར་འོད་ཙམ་གྱིས། །ཁྱོད་ཀྱི་མཐུ་ཡིས་དད་པའི་བློ་ཐོབ་ནས། །རྒྱ་མཚོ་ཆེ་ལས་སྐྲ་རྩེའི་ཆུ་ཐིགས་ཙམ། །བདག་ཡིད་སྤྲོ་བས་ཁྱོད་ལ་བསྟོད་པ་འདིས། །ཅུང་ཟད་ཙམ་རྙེད་དགེ་བ་དྲི་མ་མེད། །གངས་རི་ལྟར་དཀར་ཤས་ཙམ་ ཐོབ་པ་དེས། །རྒྱུད་ལྔའི་འགྲོ་བས་ཉེས་པ་ཀུན་སྤངས་ནས། །མགོན་པོ་འོད་དཔག་མེད་པའི་གནས་ཐོབ་ཤོག །འཕགས་པ་དོན་ཡོད་ཞགས་པའི་དཀྱིལ་འཁོར་གྱི་ལྷ་བཅུ་བདུན་ལ་དོན་རྟོགས་ཀྱི་སྒོ་ནས་བསྟོད་པ་དྲི་མ་མེད་པའི་འོད་ཅེས་བྱ་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། པཱ་པ་བི་དཱ་ར་ཎ་མ་ན་ཧ་ར་ན་ནཱ་མ་ལོ་ཀ་ནཱ་ཐ་སྟོ་ཏྲ། བོད་སྐད་དུ། །འཇིག་རྟེན་མགོན་པོའི་བསྟོད་པ་ཡིད་འཕྲོག་སྡིག་འཇོམས་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་མི་ཡིས་ཞབས་ལ་ཕྱག་བྱས་ཤིང་། །སྐྱེ་རྒ་ན་འཆི་མ་ལུས་རབ་ཏུ་འཇོམས་པའི་སྐུ། །འཇིག་རྟེན་ དབང་ཕྱུག་ཐུགས་རྗེ་ལྡན་པ་ཁྱོད་ཀྱིས་ནི། །མགོན་མེད་བདག་ལ་བསྲུང་མཛད་ཐུགས་རྗེ་མཛད་དུ་གསོལ། །འཁོར་བའི་རྒྱ་མཚོའི་ཀློང་དཀྱིལ་དུ་ནི་ནུབ་གྱུར་ཏེ། །ཉོན་མོངས་དབའ་རླབས་ཀྱིས་ནི་ཡང་དག་ཉམས་ཉེས་ཤིང་། །ཆོ་ངེས་འདེབས་པ་བདག་ལ་བཏང་སྙོམས་མ་མཛད་པར། །ཁྱོད་ལ་ བསྟོད་བགྱིད་ཐུགས་རྗེ་ཆེན་པོས་བསྲུང་དུ་གསོལ། །སྲིད་པའི་རབ་རིབ་ཀྱིས་ནི་བློ་མིག་ཉེར་གཙེས་ཤིང་། །འཆི་བའི་འཇིགས་པ་ཡིས་ནི་ལུས་སེམས་གཡེངས་གྱུར་པ། །ཇི་སྲིད་མི་བཟད་མནར་མེད་གནས་སུ་མ་ལྷུང་བ། །བཅོམ་ལྡན་སྤྱན་རས་གཟིགས་ཀྱིས་བདག་ལ་བསྐྱབ་ཏུ་གསོལ། །རྨོངས་ པས་རྒྱུན་དུ་གཞན་གྱི་བུད་མེད་བསྟེན་བགྱིས་དང་། །སྲོག་ཆགས་སྟོང་ཕྲག་སྲོག་དང་བྲལ་བ་ལ་སོགས་པ། །མགོན་པོ་བདག་གིས་སྡུག་བསྔལ་རྒྱུ་ནི་ཚང་བར་བགྱིས། །ལུས་ཀྱི་ཉེས་པ་དེ་དག་ཡང་དག་སྦྱང་དུ་གསོལ། །གང་ཞིག་བཀུར་སྟིའི་ཆེད་དང་འཚོ་བའི་ཆེད་དུ་ནི། །འཇིག་རྟེན་མི་བདེན་བརྫུན་ ཚིག་བརླང་པོ་ལ་སོགས་པ། །འཇིག་རྟེན་དབང་ཕྱུག་ངག་གི་ཉེས་པའི་ཀུན་སྦྱོར་ཡང་། །དམྱལ་བའི་རྒྱུ་དེ་ཡུན་རིངས་མ་ལུས་གོམས་པར་བགྱིས། །སེམས་ཅན་རྣམས་ལ་རང་གིས་གནོད་པ་གང་བགྱིས་དང་། །གཞན་གྱིས་བགྱིས་པ་ལ་ནི་རྗེས་སུ་ཡི་རང་བའི། །བདག་གིས་ཡིད་ཀྱི་སྡིག་དེ་དག་ནི་སྨྲེ་སྔགས་ སུ། །འདོན་ཞིང་མཆིས་པས་བསལ་དུ་གསོལ་དང་མགོན་པོ་ཀྱེ། །ལྷ་དང་མི་དང་ལྷ་མིན་སྐྱེ་བ་རྣམས་དང་ནི། །དུད་འགྲོ་དང་ནི་དམྱལ་བ་ཡི་དགས་རྣམས་སུ་ཡང་། །སྡུག་བསྔལ་དང་བཅས་འགྲོ་བ་གང་གནས་དེ་དག་ལ། །བསྲུང་བ་མཛད་ཅེས་ཁྱོད་ཀྱི་ལོ་རྒྱུས་བདག་ལ་ཁུམས། །དེས་ན་བདག་ལ་ ཐུགས་རྗེ་ཡང་དག་མཛད་དུ་གསོལ། །གཡར་ལུས་དར་ལ་བབ་པ་ཡལ་བར་ཉམས་ལ་ཁད། །དེ་ཕྱིར་ཇི་སྲིད་དམྱལ་བའི་གནས་སུ་མ་ཞུགས་པར། །བཅོམ་ལྡན་ཁྱོད་ནི་བདག་གིས་ཞུ་བ་གསན་པར་མཛོད། །གཞན་ཡང་གཞན་དོན་ལ་ནི་རང་ཉིད་གཤེགས་མཛད་ན། །བསོད་ནམས་ མ་བསགས་བདག་ནི་སྤྱན་སྔར་མཆིས་ཀྱང་སྤོང་། །ཁྱོད་ཀྱི་ཐུགས་རྗེ་བསོད་ནམས་དག་ལ་ལྟོས་སམ་ཅི། །སྡུག་བསྔལ་མེད་ལ་སྙིང་རྗེ་བྱ་བར་སུ་ལགས་ན། །དྲན་པ་ཙམ་གྱིས་ཁྱོད་ནི་ཡོངས་སུ་མཉེས་ནས་སུ། །སྡིག་ཟད་མཛད་ཅེས་བདག་གིས་མ་ཁུམས་ལགས་སམ་ཅི། །དེ་ཕྱིར་བཅོམ་ལྡན་ གཞན་ཕན་མཛད་ལ་ཕུལ་དུ་བྱུང་། །བདག་འདིར་མ་དོར་བསྲུང་དང་བསྐྱབ་པ་མཛད་དུ་གསོལ། །གླང་ཆེན་དག་དང་ནོར་བུ་སྲས་བཅས་བཙུན་མོ་དང་། །གནོད་མེད་རྒྱལ་སྲིད་ཁང་བཟངས་རྣམ་པར་བཀྲ་བ་དང་། །ཤ་དང་རུས་པ་དབུ་ནི་སྐུ་མཚལ་མཐར་ཐུག་བཏང་། །གྲུབ་པའི་མིག་སྨན་རྐང་ པ་བྱུག་པ་དག་དང་ནི། །གྲུབ་པའི་གནོད་སྦྱིན་དང་ནི་གནོད་སྦྱིན་མོ་དག་ཀྱང་། །འཇིག་རྟེན་མངའ་བདག་ཁྱོད་ནི་མཉེས་པར་གང་སུ་དག །དོན་གཉེར་རྣམས་ལ་མཐར་ཐུག་མ་མཆིས་སྦྱིན་པར་མཛད། །གང་དག་རྐང་པ་ལག་པ་མིག་དང་བྲལ་རྣམས་དང་། །སྣ་ཚོགས་བྲོ་འཚལ་གྱིས་ནི་འཇིགས་ པ་དང་བཅས་རྣམས། །ཡོན་ཏན་ཟབ་མོ་ཁྱོད་མཉེས་པ་ཡིས་དེ་དག་གི། །ཡན་ལག་སོབས་འགྱུར་བྲོ་འཚལ་དག་ཀྱང་ཞི་བར་འགྱུར། །མཁའ་ལྡིང་སྦྲུལ་གདུག་གནོད་དང་མཁའ་འགྲོ་མ་དང་ནི། །རྣལ་འབྱོར་མ་ཡི་གནོད་ཀུན་རྟག་ཏུ་ཞི་མཛད་ཅིང་། །རྒྱལ་བ་ཁྱོད་ཀྱིས་གང་ལ་དགོངས་པ་དེ་ལ་ནི། ། གཤིན་རྗེའི་ཕོ་ཉ་རྨི་ལམ་དུ་ཡང་མཐོང་མི་འགྱུར། །མགོན་པོ་བདག་ནི་འཇིགས་པས་རྣམ་པར་གཡེངས་པ་ཡིས། །ཉིན་དང་མཚན་དུ་ལག་པ་གྱེན་དུ་བརྐྱང་སྟེ་ངུ་། །འཇིག་རྟེན་དབང་ཕྱུག་དེས་ན་བདག་ནི་འགུམས་པ་དང་། །ཉེ་བ་ལགས་ན་བཅོམ་ལྡན་སྐྱབས་མེད་འབོར་རམ་ཅི། །ཡུལ་དང་དབང་པོ་ གདུལ་དཀའ་སེམས་ཀྱང་གཡོ་བ་དང་། །མཉམ་པར་མ་བཞག་ལུས་ཀྱིས་སྡིག་པ་མང་པོ་བགྱིས། །ཉམས་པ་བདག་གི་འཁོར་བཞིན་དུ་ནི་སྐྱེ་བ་འདིར། །ཐམས་ཅད་ཀྱིས་ནི་སྡིག་པ་འབའ་ཞིག་བསྒྲུབས་པར་ཟད། །དེ་ཕྱིར་ད་ལྟར་ཁྱོད་ལ་ཐལ་མོ་སྦྱར་ནས་ནི། །འཇིག་རྟེན་དབང་ཕྱུག་གང་གིས་ ངན་སོང་སྡུག་བསྔལ་དག །མྱོང་མི་འགྱུར་བར་ཁྱོད་ཀྱི་སྤྱན་སྔར་བདེ་འགྲོར་ནི། །མཆི་བར་བདག་ཞུ་འདི་ནི་གནང་བར་མཛད་དུ་གསོལ། །ཁྱོད་ནི་འདོད་ཆགས་ཞེ་སྡང་རྣམ་པར་འཇོམས་པའི་སྐུ། །ཁྱོད་ནི་འཁོར་བའི་མཚོ་ཆེན་གྱི་ནི་ཆུ་ལོན་ལགས། །ཁྱོད་ནི་ལྟུང་བས་སྐྲག་པ་འདྲེན་པའི་ལག་པ་སྟེ། ། ཁྱོད་ནི་བརྗོད་བཅས་མི་དགེ་འཛིན་པའི་སྒྲ་གཅན་ལགས། །ཁྱོད་ནི་བདེ་གཤེགས་བླ་མེད་དེ་ཉིད་སྟོན་པ་པོ། །ཁྱོད་ནི་སྡུག་བསྔལ་མང་ལྡན་འགྲོ་བའི་སྐྱོབ་བྱེད་ཡིན། །ཁྱོད་ནི་ཡིད་འཇོམས་གདུལ་དཀའི་བདུད་ལས་ངེས་བརྒལ་བ། །ཁྱོད་ནི་སྲིད་པའི་རྒྱ་མཚོའི་ཕ་རོལ་བརྒལ་བ་ལགས། །ཁྱོད་ ནི་ནད་པ་མ་ལུས་ནད་ནི་རྒྱུན་གཅོད་སྐུ། །ཁྱོད་ཀྱི་སྐུ་ནི་འགྲོ་བའི་ནང་ན་མཆོག་ཏུ་མཛེས། །ཁྱོད་ནི་དཔེ་མེད་ཐུགས་རྗེའི་རྒྱ་མཚོ་ཆེན་པོ་སྟེ། །ཁྱོད་ནི་རྒྱུ་མེད་གཉེན་དུ་འགྲོ་བ་རྣམས་ཀྱིས་རྟོགས། །ཁྱོད་ཀྱིས་གཡོ་བའི་དབང་པོ་འབད་པ་མེད་པར་བཏུལ། །ཁྱོད་ནི་ཡུལ་ལ་ཆགས་པ་ཡོངས་སུ་བཅོམ་ པ་ལགས། །ཁྱོད་ཀྱི་ཐུགས་ནི་བསམ་གཏན་མཆོག་ལ་མཉམ་པར་བཞག །ཁྱོད་ཀྱི་ཐུགས་ནི་སློང་བ་ཀུན་ལ་སྙོམས་པར་མཛད། །ཐུགས་རྗེ་ལྡན་པ་གཞན་ལ་ཕན་པར་མཛད་ཀྱང་ནི། །མ་རིག་སྦྲུལ་ཆེན་རྒྱབ་ཏུ་ཞོན་ནས་ཡུལ་རྣམས་ཀྱི། །འདོད་པས་དགེ་བ་ཉམས་པར་གྱུར་པ་བདག་ལ་འདིར། ། ཁྱོད་ནི་གང་གིས་ཡོངས་སུ་དགྱེས་པར་མི་མཛད་ལགས། །ཁྱོད་ཀྱི་སྤྱན་སྔར་གཡར་ཆབ་འབྱིན་ཅིང་སྨྲེ་བ་ཡི། །སྡིག་ལྡན་བདག་ལ་གང་གིས་བསྲུང་བ་མི་མཛད་ན། །མགོན་པོ་འགྲོ་བ་ཀུན་རྟེན་ཐུགས་རྗེ་གང་ལགས་པ། །དེ་ཅི་ཁྱོད་ཀྱིས་ཉི་ཚེ་བ་རུ་བསྐྱེད་ལགས་སམ། །མགོན་པོ་ཁྱོད་ཀྱི་ཐུགས་ རྗེས་ནམ་མཁའ་ཁྱབ་པ་ཡི། །སྤྲིན་བྱུང་ཆར་པའི་རྒྱུན་ནི་ཆུ་དང་སྐམ་དག་དང་། །མཐོན་དམན་ཡུལ་ནི་ཀུན་ལ་འབབ་ཅིང་སེམས་ཅན་གྱི། །དོན་དུ་ཀུན་ལ་ཉིན་མཚན་རྒྱུན་མི་འཆད་དུ་འཇུག །དེ་ལྟར་བཅོམ་ལྡན་དྲན་པའི་བདག་གི་བསོད་ནམས་གང་། །དེས་ནི་འགྲོ་བའི་སྡུག་བསྔལ་མང་ལྡན་དེ་དག་གིས། ། འགྲོ་ནང་མཛེས་པ་རྣམ་མང་རྣམ་པར་རོལ་པ་ཡི། །པོ་ཏ་ལ་ཡི་རི་རྩེར་གནས་པ་ཐོབ་པར་ཤོག །འཇིག་རྟེན་དབང་ཕྱུག་གི་བསྟོད་པ་ཡིད་འཕྲོག་སྡིག་འཇོམས་ཞེས་བྱ་བ། ཤར་ཕྱོགས་བ་རེན་ཌའི་སློབ་དཔོན་མཁས་པ་ཆེན་པོ་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་བ་རེན་ཌའི་ ཛཱ་ག་ཏ་ལའི་པཎྜི་ཏ་ཆེན་པོ་དཱ་ན་ཤཱི་ལས་བསྒྱུར་བ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་རུ་ཎཱི་ཀ་སྟོ་ཏྲ་ཙོ་ད་ནཾ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ལ་བསྟོད་ཅིང་བསྐུལ་བ། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆགས་པས་རྣམ་གཟིགས་ བཅོམ་ལྡན་འདས། །སྤྱན་རས་ཀྱིས་གཟིགས་སྤྱན་ཟུར་བདག་ལ་གཟིགས། །སྤྱན་ཟུར་གཟིགས་པ་ཙམ་གྱིས་འགྲོ་རྣམས་ཀྱི། །སྡུག་བསྔལ་ཉམ་ཐག་ཞི་མཛད་ཁྱོད་ལ་མངའ། །མཐའ་མེད་གཡང་སར་ལྷུང་ནས་ས་འོག་གི། །མུན་ནག་ཐིབས་པོར་གཏན་དུ་འཁྱམས་པ་བདག །ཉམ་ཐག་ ཕོངས་པས་ཐུགས་རྗེ་མཆོག་སྦྱིན་ཅིང་། །ཡོངས་སུ་བསྐྱབ་པའི་དུས་ལ་དི་རིང་བབ། །སྡུག་ཕོངས་གང་གིས་ང་ནི་དྲན་བྱས་ན། །དེ་ཡི་ཉམ་ཐག་ང་ཡིས་བསལ་ལོ་ཞེས། །ཁྱོད་ཀྱིས་ཞལ་བཞེས་མངོན་མཛད་དེང་བདག་གི། །ཉམ་ཐག་བསལ་ཏེ་འབྲས་བུ་མཆིས་པར་མཛོད། །མཐོང་དང་ ཐོས་དང་རེག་དང་དྲན་པ་ཡིས། །ནད་གདོན་ཐམས་ཅད་ངས་བསལ་ཞེས་གསུངས་པས། །ནད་ཀྱིས་གདུངས་པའི་འགྲོ་བ་བདག་ཅག་ལའང་། །མཆོག་སྦྱིན་ཉིད་ཀྱིས་ཞལ་བཞེས་མ་བསྙེལ་མཛོད། །འགྲོ་རྣམས་གང་དག་སྡུག་བསྔལ་དེ་དག་གི། །ཉམ་ཐག་ཀུན་ཏུ་བཅད་པར་བྱའོ་ཞེས། ། དགོངས་ནས་མགོན་པོ་གཞན་དུ་རྣམ་རྒྱུ་ན། །བདག་ཅག་སྡུག་བསྔལ་ཁྱོད་ཀྱིས་མ་གཟིགས་སམ། །གང་གིས་ཁྱོད་ཉིད་དྲན་པ་ཙམ་གྱིས་ཀྱང་། །དེ་མོད་ཉམ་ཐག་མ་བསལ་འགའ་མེད་ལ། །བདག་ཀྱང་རྟག་ཏུ་ཉམ་ཐག་གཟིར་བཞིན་དུ། །ཁྱོད་ཀྱི་དྲིན་ཀྱིས་མ་བསྐྱབས་སྐལ་ཆུངས་སོ། ། མཐུ་ལྡན་ཁྱོད་ཀྱི་ཐུགས་རྗེའི་བློ་གྲོས་ཀྱིས། །ལན་ལ་མི་རེ་བཞིན་དུ་ཕན་འདོགས་ལ། །བདག་ཀྱང་ཁྱོད་ལ་སྐྱབས་སུ་མཆི་བཞིན་དུ། །སྡུག་ཕོངས་འདི་འདྲའང་མི་གཟིགས་ཀྱེ་མའོ་བརླག །ཇི་ལྟ་ཇི་ལྟར་ཉོན་མོངས་གྱུར་པ་དང་། །ཇི་ལྟ་ཇི་ལྟར་བརྟེན་མེད་ཕོངས་གྱུར་པ། །དེ་ལྟ་དེ་ལྟར་ཁྱོད་ཀྱི་ ཐུགས་རྗེ་ཡང་། །དེར་ནི་ཕྱི་ཕྱིར་མངོན་པར་འཕེལ་ལོ་སྐད། །སྡིག་ལྡན་བདག་གི་ཉམ་ཐག་སྡུག་བསྔལ་ཡང་། །ཤིན་ཏུ་བརྣག་དཀའ་རྟེན་མེད་སྐྱབས་མེད་བཞིན། །དེ་དག་ལས་བདག་ཐུགས་རྗེས་བཀོལ་མཛད་ན། །ཁྱོད་ཀྱི་ཐུགས་རྗེ་ཕྱོགས་གཅིག་ཅི་རུ་རུང་། །འགྲོ་བ་གང་གིས་ སྐྱེས་མཆོག་ཁྱོད་དྲན་ན། །དོན་མེད་གྱུར་པ་སྔོན་ཆད་འགའ་མ་མཆིས། །སྡུག་བསྔལ་ཤིན་ཏུ་དྲག་པོས་ཉམ་ཐག་འདིས། །བརླག་ལ་ཁད་ཀྱི་མགོན་ཁྱོད་བདག་ལ་དགོངས། །ཐུགས་རྗེའི་གནས་གྱུར་སྡུག་ཕོངས་མ་ལུས་པ། །ཕོངས་པ་ཐུགས་རྗེ་ཆེན་པོས་འཕྲོགས་མཛད་པ། །ཁྱོད་ ཀྱིས་གལ་ཏེ་བདག་ལ་མ་གཟིགས་ན། །བདག་གི་རྟེན་གཞན་གང་ལགས་གསུང་དུ་གསོལ། །མགོན་པོ་ཁྱོད་ལ་སྐྱབས་སུ་མཆི་དགུ་ལ། །མོད་ལ་སྡུག་བསྔལ་མ་ཞི་འགའ་མ་མཆིས། །བདག་ཀྱང་སྐྱབས་སུ་མཆི་ཡིས་བརྩེ་བ་ཡིས། །སྡུག་བསྔལ་ཉམ་ཐག་འདི་ལས་བསྐྱབ་ཏུ་གསོལ། ། ཁྱོད་ཀྱི་མཚན་ཙམ་གྲག་ལ་བརྟེན་པས་ཀྱང་། །སྡུག་ཕོངས་མ་ལུས་ཞི་བར་འགྱུར་ལགས་ན། །བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་པ། །དེ་འདྲའི་ཐུགས་རྗེ་ཅི་ལས་གྱུར་པ་ལགས། །ཁྱོད་ཀྱིས་གྲུབ་བརྙེས་བཞིན་དུ་སེམས་ཅན་རྣམས། །ཡོངས་སུ་བསྐྱབ་ཕྱིར་སྨོན་ལམ་མཛད་ ལགས་ན། །བདག་ཀྱང་སེམས་ཅན་གྲངས་ལས་མ་འདས་པས། །མཆོག་སྦྱིན་བདག་གི་སྡུག་བསྔལ་དབྲོག་ཏུ་གསོལ། །ཉི་མའི་འོད་ཀྱིས་མུན་པའི་ཚོགས་བཅོམ་བཞིན། །ཟླ་གསལ་དྲི་མེད་ཁྱོད་ནི་རབ་བཞུགས་ཀྱང་། །ད་དུང་བདག་ནི་སྡུག་བསྔལ་གྱིས་ནོན་ཅིང་། །སྡིག་པའི་མུན་པས་ ནོན་པ་སྐལ་ཆུངས་སོ། །སྐྱེ་བོ་རྣམས་ཀྱིས་གང་ཞུས་སྐྱོང་མཛད་པ། །དེ་ཉིད་བདག་གིས་ཞུས་བཞིན་མི་གནང་བ། །མཚམས་ལས་ཐར་པར་སྐལ་བ་མེད་དམ་ཅི། །ཤིན་ཏུ་ངན་ནམ་ཅིར་ཐལ་ཡི་རེ་མུག །མགོན་པོ་ཁྱོད་ནི་སེམས་ཅན་ཕན་པའི་ཕྱིར། །ཐུགས་རྗེ་ཆེན་པོ་མ་སྤངས་བཞིན་དུ་ཡང་། ། སྡུག་བསྔལ་བརྣག་དཀའི་རང་བཞིན་གསོལ་འདེབས་ལ། །སྐྱོབ་པ་མདུན་ན་གནས་བཞིན་འོ་དོད་འབོད། །འཇིག་རྟེན་སྐྱེ་བོའི་ཕ་མའང་འདི་ལྟར་དུ། །ཁ་མཆུས་བཏབ་པར་གྱུར་ཀྱང་མི་སྐྱོ་བཞིན། །སེམས་ཅན་ཕན་བརྩོན་ཁྱེད་ལའང་འཁོར་བ་ནས། །འཁོར་བའི་ཚེ་ན་བདག་ནི་སྐྱབས་མཆི་ ཞིང་། །ནག་པོའི་ལས་ཀྱིས་ཉིན་དང་མཚན་དུ་ནི། །མངོན་པར་ཟིལ་གྱིས་ནོན་པར་གྱུར་པ་དང་། །སྡུག་བསྔལ་ཆེར་གདུངས་འདི་ལས་ཐར་བྱའི་ཕྱིར། །ཉིན་རེར་འོ་དོད་འབོད་ཀྱིས་མ་སྐྱོ་སྲུངས། །དེ་ལྟར་བདག་གིས་བོས་ཤིང་སྨྲེ་བ་ཡིས། །ཁྱོད་ཐུགས་ཤིན་ཏུ་ཐུགས་རྗེས་བརླན་གྱུར་པ། ། དེ་ལྟར་སྐྱེ་བོ་སྡུག་བསྔལ་བརྒྱས་གཟིར་བ། །ཀུན་ལའང་སྲིད་བཅོམ་ཁྱོད་ནི་དགོངས་མཛད་ཅིང་། །ཐུགས་རྗེའི་དབང་གྱུར་ཐུགས་ནི་བརྟན་པ་ཡིས། །གཞན་དོན་འབའ་ཞིག་ལྷུར་ལེན་ཡོན་ཏན་ནི། །བླ་མའི་གནས་གྱུར་ཁྱོད་ནི་སྡུག་བསྔལ་ཀུན། །འཕྲོག་པའི་ནུས་མཐུ་ལྡན་ པ་དེ་བཞིན་ཤོག །བདག་གི་སྲིད་པ་མཐར་མཛད་སྤྱན་རས་གཟིགས་དབང་ལ། །བསྟོད་བསྐུལ་འདི་བགྱིས་བསོད་ནམས་ཐོབ་པ་གང་ཡིན་དེས། །བཅོས་མིན་རབ་ཞིའི་བདེ་ལྡན་བདེ་བ་ཅན་དུ་ནི། །འགྲོ་ཀུན་སྡུག་བསྔལ་གཟིར་སྤངས་རབ་ཏུ་ཕྱིན་གྱུར་ཅིག །ཐུགས་རྗེ་ཆེན་པོ་ལ་བསྟོད་ ཅིང་བསྐུལ་བ་ཉེར་བཞི་པ། དགེ་བསྙེན་ཆེན་པོ་ཟླ་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པར་མེ་ཤྭ་ར་དང་། བོད་ཀྱི་ལོ་ཙཱ་བ་འགོས་ལྷས་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སྟོ་ཏྲ་ནཱ་མ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་ཞེས་བྱ་བ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །ལྷ་དང་ལྷ་མིན་གྱིས་ནི་ཞབས་བཏུད་ཅིང་། །སྐྱེ་རྒ་ན་དང་འཆི་བ་རབ་བཅོམ་པ། །འཇིག་རྟེན་དབང་བྱེད་བདག་ལ་སྐྱབས་མཛད་ན། །བརྩེ་དང་སྙིང་རྗེ་ལྡན་པ་སྐྱོང་བར་མཛོད། །འཁོར་བའི་རྒྱ་མཚོའི་ དབུས་སུ་ངེས་ལྷུང་བ། །ཉོན་མོངས་དབའ་ཀློང་མཉམ་བཞག་གིས་ནི་བཅོམ། །ཁོ་བོ་བརྟན་པར་ཟུང་ཞེས་ཀུན་དུ་ངུ་། །བརྩེ་བ་ཆེན་པོ་ཁྱེད་ལ་ཕྱག་འཚལ་ལོ། །མིག་ལ་སྲེད་པའི་རབ་རིབ་ཉེ་བར་འཚེ། །ལུས་ནི་འཆི་བས་འཇིགས་པའི་རྣམ་པར་དུ། །ཇི་སྲིད་མནར་མེད་ཉམ་ངར་མ་སོང་བར། ། བཅོམ་ལྡན་ཀུན་ཏུ་གཟིགས་ལ་བདག་ལ་སྐྱོངས། །གཞན་གྱི་བུད་མེད་སུན་པར་བྱས་ཤིང་བཅོམ། །མི་ཤེས་པ་ཡི་སྲོག་ཆགས་སྟོང་ཕྲག་བསད། །མགོན་པོ་བདག་གིས་སྡིག་པ་མ་ལུས་བྱས། །སོ་སོའི་ལུས་ཀྱི་ཉེས་པ་ཉམས་པར་མཛོད། །གང་ཞིག་འཚོ་དང་བཀུར་སྟིའི་ཆེད་རྣམས་སུ། ། འཇིག་རྟེན་པ་རྣམས་མི་འདོད་མི་བདེན་སྨྲས། །མ་ལུས་དམྱལ་བ་གང་གིས་ཡུན་རིང་གོམས། །དེ་རྣམས་འཇིག་རྟེན་དབང་པོས་ཞི་བར་མཛོད། །སེམས་ཅན་རྣམས་ལ་མི་ཕན་བསམ་པ་གང་། །རང་དང་གཞན་གྱིས་བྱས་ལའང་ཡི་རང་བ། །དེ་འདིར་བདག་གི་ཡིད་ཀྱི་སྡིག་པ་རྣམས། །བསལ་ བར་མཛོད་ཅིག་མགོན་པོ་སྨྲེ་སྔགས་འདོན། །ལྷ་དང་མི་དང་ལྷ་མིན་སྐྱེ་བ་རྣམས། །དུད་འགྲོ་དམྱལ་བ་ཡི་དགས་འགྲོ་བ་རྣམས། །སེམས་ཅན་ངེས་གནས་རྟག་པར་ཉམ་ཐག་གང་། །དེ་རྣམས་སྲུང་ཞེས་ཁྱེད་གཏམ་བདག་གིས་ཐོས། །དེས་ན་བདག་ལ་སྙིང་རྗེར་ཀུན་དུ་མཛོད། །ལུས་ཀྱི་ལང་ ཚོ་ངལ་བར་རྟོགས་གྱུར་ན། །ཇི་སྲིད་དམྱལ་བ་ཉིད་དུ་མ་ཞུགས་པར། །དེ་ཕྱིར་བཅོམ་ལྡན་ཁྱེད་ལ་གསོལ་བར་བགྱི། །ཅུང་ཟད་བཏང་སྙོམས་མཛད་པ་གཞན་དོན་ཕྱིར། །བདག་གི་དོན་ཕྱིར་བཅོམ་ལྡན་ཉིད་དམིགས་ན། །ཡང་ན་བརྩེ་བ་བསོད་ནམས་ལ་ལྟོས་སམ། །གང་ལ་ཕོངས་མེད་ མཐོང་བ་བསྐྱེད་པར་གྱིས། །ཉིད་དྲན་པ་ཡིས་ཀུན་ནས་ཡོངས་ཚིམ་ན། །ཉེས་པ་ཟད་པར་མཛོད་ཅིག་བརྩེ་མེད་དམ། །དེ་ཡི་ཕྱིར་ན་བཅོམ་ལྡན་གཞན་ཕན་མཁས། །རྣམ་གཡེང་མ་མཛད་ཁོ་བོ་འདིར་ནི་སྲུངས། །གླང་པོ་རྟ་དང་བུ་དང་ཆུང་མ་དང་། །རྒྱལ་སྲིད་ཚེར་མ་མེད་དང་ ཁྱིམ་སྣ་ཚོགས། །ཤ་རུས་མགོ་དང་ཁྲག་གི་མཐར་ཐུག་པར། །དོན་གཉེར་རྣམས་ལ་ཁྱེད་ཀྱིས་མཐའ་ཡས་བྱིན། །མིག་སྨན་རི་ལུ་རྐང་མགྱོགས་གྲུབ་པ་དང་། །གྲུབ་པའི་སྨན་དང་ནོར་བུ་རྣམ་དག་སྔགས། །གྲུབ་པ་གནོད་སྦྱིན་མོ་ནི་གྲོང་ལ་འཇུག །འཇིག་རྟེན་དབང་པོ་གང་གིས་ཉིད་དགྱེས་ པ། །རྐང་ལག་རྣམ་པར་ལྟ་བའི་སྨན་པ་གང་། །སྣ་ཚོགས་འཇིགས་ཆེན་ནད་ཀྱིས་ཞུ་བ་གང་། །ཁྱེད་མཉེས་པ་ལས་དེ་རྣམས་ལུས་རྒྱས་ཤིང་། །ནད་མེད་ཡོན་ཏན་ཟབ་མོའི་རྣམ་རོལ་འགྱུར། །མཁའ་ལྡིང་སྦྲུལ་དང་གཟའ་དང་མཁའ་འགྲོ་མ། །སྦྱོར་བ་པ་རྣམས་རྟག་པར་ཞི་འཐོབ་ཅིང་། །ཁྱེད་ མཉེས་གང་ཡིན་དེ་ཡི་མདུན་དུ་ནི། །གཤིན་རྗེའི་ཕོ་ཉ་མི་འགྲོ་རྒྱལ་བར་འགྱུར། །དེ་ཕྱིར་ལག་པ་སྤྱི་བོར་ཐལ་སྦྱར་ཏེ། །སྤྱི་བརྟོལ་མི་བརྟན་ངག་གིས་ཉིན་རེ་བཞིན། །ངུ་བ་སྐྱབས་མེད་བདག་ནི་མཆི་བ་ལ། །བཅོམ་ལྡན་འཇིག་རྟེན་དབང་ཕྱུག་འདོར་རམ་ཅི། །མི་སྲུན་ཡུལ་ལ་གཡོ་བ་ཡིད་དབང་ པོ། །མི་བརྟན་ལུས་ཀྱིས་སྡིག་པ་མང་བྱས་ཤིང་། །ལྟོ་བའི་ཆེད་དུ་འཁྲུལ་ཞིང་འབྲས་བུ་མེད། །བདག་གི་འདི་ནི་སྐྱེ་བོ་ཐམས་ཅད་ལུགས། །གང་གི་ལུས་ཀྱི་སྡུག་བསྔལ་མ་མྱོང་བར། །ཁྱེད་ཀྱི་མངོན་སུམ་དུ་ནི་བཟང་འགྲོ་བ། །བདག་འདིར་ཐལ་སྦྱར་རབ་བཏུད་བདག་གི་དེ། །འཇིག་ རྟེན་དབང་ཕྱུག་ད་ལྟ་ཉིད་དུ་མཛོད། །རྨོངས་དང་ཞེ་སྡང་རྣམ་པར་ཉམས་པའི་རྒྱུ། །ཁྱོད་ནི་འཁོར་བའི་རྒྱ་མཚོའི་ཟམ་པ་སྟེ། །གཡང་སར་ལྷུང་བ་གྱེན་དུ་འདྲེན་པའི་ཕྱག །ཁྱོད་ནི་ཉེས་ལྕིའི་མཚན་མོའི་སྒྲ་གཅན་ནམ། །བདེ་གཤེགས་བླ་མེད་བསྟན་པ་དེ་ཁོ་ན། །ཁྱོད་ནི་སྡུག་བསྔལ་ མང་པོའི་སེམས་ཅན་སྐྱོང་། །རྒྱལ་དཀའ་ཡིད་དཀྲུགས་བདུད་ལས་ངེས་རྒྱལ་ཞིང་། །ཁྱེད་ནི་སྲིད་པའི་མཚོ་ལས་ཕ་རོལ་བརྒལ། །ནད་ཀུན་མཐའ་ཡས་ངེས་པར་གཅོད་མཛད་ལུས། །ཁྱེད་སྐུ་འགྲོ་བ་ཀུན་ལ་མཆོག་ཏུ་མཛེས། །དཔེ་མེད་ཐུགས་རྗེའི་རྒྱ་མཚོ་བཅོམ་ལྡན་འདས། །ཁྱོད་ནི་ རྒྱུ་མེད་གཉེན་དུ་སྐྱེ་བོས་ཤེས། །བྱེད་པ་རྣམས་བཅོམ་རོལ་པ་རིག་ཅིང་སྒེག །ཁྱོད་ནི་ཡུལ་ལ་ཞེན་པ་ཡོངས་སུ་བོར། །ལྷ་ཡི་བསམ་གཏན་ལ་ནི་སེམས་མཉམ་གཞག །ཁྱོད་ནི་སློང་བ་པོ་ལ་སྙོམས་པའི་ནོར། །ཐུགས་རྗེ་ཅན་ཁྱོད་གཞན་ལ་ཕན་མཛད་ཀྱང་། །ཁོ་བོ་འདིར་ནི་སྲུང་བ་ མི་མཛད་ཅིང་། །གཏི་མུག་ལྟོ་འཕྱེ་ཆེན་པོས་སོས་བཏབ་ལ། །ཡུལ་ལ་རློམ་སེམས་པ་ཡིས་དགེ་ལས་ལྟུང་། །ཁྱེད་ཀྱི་ཐུགས་རྗེ་གང་དེ་མཐའ་ཡས་པའི། །སྐྱེ་བོ་ཀུན་ལ་འཕྲོ་ན་གང་གི་ཕྱིར། །སྡིག་ལྡན་བདག་ལ་སྲུང་བ་མི་མཛད་པ། །ངེས་པ་ལགས་སམ་མདུན་ནས་ངུད་མོ་འབྱིན། །མགོན་ པོ་ཁྱེད་ཀྱི་བརྩེ་བ་མཁའ་ཡངས་སུ། །སེམས་ཅན་རྣམས་ལ་ཆུ་འཛིན་སྤྲིན་ཇི་ལྟར། །སྐམ་པ་ཆུ་དང་མཐོ་དམན་ཡུལ་མང་པོར། །མ་ལུས་རྒྱུན་ཏུ་རྒྱུན་མི་འཆད་པར་འབབ། །དེ་ལྟར་བཅོམ་ལྡན་དྲན་པས་བསོད་ནམས་གང་། །དེས་ནི་ཁོ་བོས་འགྲོ་བ་སྐྱོ་མེད་འདིར། །པོ་ཏ་ལ་ཀེ་གཡོ་བ་མེད་པའི་ གནས། །རྣམ་རོལ་སྣ་ཚོགས་མཛེས་པར་སྐྱེ་བར་གྱུར། །ཞེས་པ་འདི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞབས་ལ། ཙརྱ་དཱི་པ་ཞབས་ཀྱིས་བསྟོད་པ་རྫོགས་སོ།། །།སྒྲ་མཁན་ཆེན་པོ་རྒྱལ་བའི་སྙན་གྱི་ཞལ་སྔ་ནས། ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་ བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་པཉྩ་དེ་བ་སྟོ་ཏྲ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ། འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔ་ལ་ཕྱག་འཚལ་ལོ། །སེམས་ཅན་སྡུག་བསྔལ་མེ་ཚོགས་ཀྱིས་ གདུངས་ལ། །ཐུགས་རྗེའི་ཆར་རྒྱུན་བསིལ་བས་ཞི་མཛད་ཅིང་། །རང་བཞིན་བདེ་ལྡན་གནས་སུ་འདྲེན་མཛད་པ། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོའི་ཞགས་པས་འགྲོ་ཀུན་གྱི། །གནོད་པ་ངེས་སེལ་བདེ་ལ་འགོད་མཛད་ཅིང་། །སྣ་ཚོགས་སྤྲུལ་ པས་འགྲོ་བའི་དོན་མཛད་པ། །དོན་ཡོད་ཞགས་པར་གྲགས་ལ་ཕྱག་འཚལ་ལོ། །མ་ཆགས་པདྨའི་རིགས་ཀྱི་སྤྲུལ་པ་སྟེ། །ཀླུ་རྒྱལ་ཚུལ་གྱིས་གདུག་པ་འདུལ་མཛད་པ། །དབང་ཆེན་བསྐལ་པའི་མེ་ལྟར་རབ་བརྗིད་འབར། །ཁྲོ་རྒྱལ་རྟ་མགྲིན་རྒྱལ་ལ་ཕྱག་འཚལ་ལོ། །ཆོས་ཉིད་ སྤྲོས་བྲལ་རོ་གཅིག་མངོན་གྱུར་ཚུལ། །རལ་པ་གཅིག་འཆང་ལྷ་མོའི་སྐུར་སྟོན་ཅིང་། །བགེགས་ཚོགས་འདུལ་ཕྱིར་ཁྲོ་མོའི་ཆ་ལུགས་འཛིན། །རལ་པ་གཅིག་མ་ཁྱེད་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་ཡོན་ཏན་གཞིར་གྱུར་ཅིང་། །སྐལ་ལྡན་རྗེས་མཐུན་འགྲོ་དོན་མཛད་ལ་ བརྩོན། །མགོན་པོའི་ཕྲིན་ལས་མ་ལུས་རྫོགས་མཛད་མ། །ལྷ་མོ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །འཕགས་པ་དོན་ཡོད་ཞགས་པ་ལྷ་ལྔའི་བསྟོད་པ། པཎྜི་ཏ་ཆེན་པོ་ཨེ་ར་པ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་དོན་ཡོད་རྡོ་རྗེ་དང་། ལོ་ཙཱ་བ་བ་རི་རིན་ཆེན་གྲགས་ པས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྱ་ཙརྤྤ་ཊི་རུ་ཙི་ཏ་སྟོ་ཏྲཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཙརྤྤ་ཊིས་བསྟོད་པ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ལྷ་མི་ལྷ་མིན་གྱིས་ནི་ཞབས་ལ་བཏུད། །སྐྱེ་རྒ་ན་ དང་འཆི་བ་རབ་ཏུ་བཅོམ། །ཐུགས་རྗེའི་ངང་ཅན་འཇིག་རྟེན་དབང་པོ་ཁྱེད། །སྐྱབས་མེད་བདག་ལ་སྙིང་རྗེ་མཛོད་ཅིག་ཀྱེ། །ཉོན་མོངས་རླབས་ཆེན་ཚོགས་ཀྱིས་འཇོམས་བྱེད་ཅིང་། །སྣ་ཚོགས་སྒྲ་སྒྲོགས་འཁོར་བའི་ཆུ་གཏེར་དབུས། །བྱིང་བ་བདག་ནི་ཟུང་ལ་བསྲུང་བར་མཛོད། །བརྩེ་བ་ ཆེན་པོ་ཁྱེད་ལ་བསྟོད་པར་བགྱིད། །སྲིད་པའི་མུན་པས་མིག་ལ་ཉེར་འཚེ་ཞིང་། །འཆི་བའི་འཇིགས་པ་ཆེན་པོས་ལུས་ཉམ་ཆུང་། །ཇི་སྲིད་མནར་མེད་མི་མཉམ་འགྲོ་མིན་པར། །བསྲུང་ལ་བཅོམ་ལྡན་བདག་ལ་ཀུན་ཏུ་གཟིགས། །རྟག་ཏུ་གཞན་གྱི་བུད་མེད་གཟུང་བ་བྱས། །མི་ཤེས་པ་ཡིས་སྲོག་ ཆགས་སྟོང་ཕྲག་བསད། །བདག་གི་སྡིག་བྱས་དེང་དུ་མགོན་པོ་ཡིས། །ལུས་ཅན་སྐྱོན་རྣམས་མ་ལུས་ཉམས་པར་མཛོད། །གང་ཞིག་འཚོ་བ་དང་ནི་བཀུར་སྟིའི་ཕྱིར། །བདེན་མིན་འཇིག་རྟེན་འདོད་པ་མིན་པ་སྨྲས། །དམྱལ་བ་ཡུན་དུ་གོམས་པའི་སྨྲ་བ་ཅན། །དེ་ཀུན་ འཇིག་རྟེན་དབང་པོས་ཞི་བར་མཛོད། །བདག་གིས་སེམས་ཅན་ཕན་མིན་གང་བསམས་དང་། །གཞན་གྱིས་བྱ་ལའང་རྗེས་སུ་ཡི་རང་བ། །མགོན་པོ་དེ་ལ་དུ་བར་བགྱིད་པ་ན། །དེང་བདག་ཡིད་ཀྱི་སྡིག་པ་བསལ་དུ་གསོལ། །ལྷ་དང་མི་དང་ལྷ་མིན་རིས་རྣམས་དང་། །དུད་འགྲོ་ཡི་ དྭགས་དམྱལ་བར་འགྲོ་བ་ནི། །གནས་ཤིང་རྟག་ཏུ་གདུང་བའི་སེམས་ཅན་གང་། །ཁྱོད་ནི་དེ་རྣམས་བསྲུང་ཞེས་བདག་ལ་གྲགས། །དེ་ཕྱིར་གཞོན་ནུ་ཉིད་སོང་ལུས་ལ་ནི། །ཐུགས་རྗེའི་གཟིགས་པ་བདག་གི་སྟེང་སྤྲོས་ཞེས། །དམྱལ་བར་ཞུགས་པ་མིན་པ་ཇི་སྲིད་དུ། །སྨྲ་བར་བགྱིད་ ཡིས་བཅོམ་ལྡན་ཁྱེད་ཀྱིས་གསོན། །འོན་ཀྱང་གཞན་གྱི་དོན་ལ་བཏང་སྙོམས་པ། །དོར་ཞིག་བཅོམ་ལྡན་བདག་དོན་མ་མཛད་དོ། །ཡང་ན་བརྩེ་བའི་དབང་གྱུར་ཁྱོད་ཀྱིས་ནི། །བསོད་ནམས་བསྐྱེད་མཛོད་རྒུད་པ་མ་གཟིགས་སམ། །དྲན་པས་ཀྱང་ནི་ཁྱོད་ནི་ཡོངས་ཚིམ་ན། །སྡིག་པ་དོར་ བར་མཛོད་ཅིག་མ་གཟིགས་སམ། །དེ་སླད་བཅོམ་ལྡན་གཞན་ཕན་ལ་མཁས་པ། །བདག་ནི་འདོར་བར་མ་མཛད་འདི་རུ་སྲུངས། །གླང་ཆེན་རྟ་དང་བུར་བཅས་ཆུང་མ་དང་། །དམག་བཅས་རྒྱལ་སྲིད་ཁང་པ་སྣ་ཚོགས་དང་། །ཤ་རུས་མགོ་དང་ཁྲག་གི་མཐར་ཐུག་པ། །དོན་དུ་གཉེར་ལ་མཐའ་ དག་ཁྱོད་ཀྱིས་བྱིན། །སུ་ཞིག་འཇིག་རྟེན་དབང་པོ་ཁྱོད་མཉེས་བྱེད། །རི་ལུ་མིག་སྨན་མཆིལ་ལྷམ་གྲུབ་པ་དང་། །གྲུབ་པའི་སྨན་དང་ནོར་བུ་རྣམ་དག་སྔགས། །གནོད་སྦྱིན་མོ་དང་གྲོང་འཇུག་སྒྲུབ་པར་བྱེད། །གང་དག་མིག་དང་རྐང་ལག་སྨྲས་པ་ཡི། །སྣ་ཚོགས་ནད་ཀྱིས་འཇིག་རྟེན་ ཉམ་ཐག་པ། །ཁྱོད་མཉེས་ན་ནི་དེ་རྣམས་ཡོངས་རྒྱས་ལུས། །རྣམ་སྒེག་ནད་མེད་ཡོན་ཏན་ཟབ་མོར་འགྱུར། །ཁྱོད་དགྱེས་གང་ལགས་རྒྱལ་འགྱུར་ག་རུ་ཌ། །གཅན་གཟན་གཟའ་དང་མཁའ་འགྲོ་རྣལ་འབྱོར་མ། །རྟག་ཏུ་ཞི་འགྱུར་དེ་ཡི་མདུན་དུ་ནི། །གཤིན་རྗེའི་ཕོ་ཉ་རྒྱུ་བར་མི་བྱེད་ དོ། །འཇིག་རྟེན་དབང་ཕྱུག་དགྱེས་བཞིན་སྐྱབས་མེད་བདག །འདོར་བ་ཅི་ཞེས་བཅོམ་ལྡན་བདག་སྨྲེ་སྟེ། །ཉི་མ་སོ་སོར་ལག་པ་བསྒྲེང་བྱས་ནས། །ཚིག་འཁྲུགས་པ་ཡི་སྐྲག་པ་ཞི་བར་མཛོད། །འཁྲུགས་པའི་ལུས་ཀྱིས་སོང་བའི་སྐྱེ་བར་བདག །ཡུལ་དྲུག་ལ་ནི་དབང་པོ་གཡོ་བའི་ཡིད། ། སྡིག་པ་མང་བྱས་འདིར་ནི་མ་ལུས་པ། །དབྲེས་པའི་རྒྱུ་ཡིས་འཁོར་ཞིང་རྣམ་པར་འཛིངས། །གང་གིས་ངན་སོང་སྡུག་བསྔལ་མ་མྱོང་བར། །བདེ་འགྲོར་མངོན་སུམ་འགྲོ་དེ་ཁྱེད་ཀྱིས་མཛོད། །དེང་བདག་འཇིག་རྟེན་དབང་ལ་ཕྱག་དང་ཞིང་། །སྣ་ཚོགས་ཐལ་སྦྱར་འདི་ནི་ཕྱག་གིའོ། །ཁྱོད་ནི་རྨོངས་ དང་སྡང་བ་འཇིག་པའི་རྒྱུ། །འཁོར་བའི་ཆུ་གཏེར་ཆེན་པོའི་ཟམ་པ་ལགས། །ལྟུང་ཞིང་སྐྲག་པ་སློང་བའི་དཔུང་པ་ཁྱོད། །སྡིག་ལྕི་མཚན་མོར་བྱེད་པའི་སྒྲ་གཅན་ནོ། །བླ་མེད་བདེ་གཤེགས་ཀྱིས་གསུངས་དེ་ཉིད་ཀྱིས། །ཁྱོད་ཀྱིས་སེམས་ཅན་སྡུག་བསྔལ་མང་པོ་བསྐྱང་། །རྒྱལ་དཀའ་ཡིད་ སྲུབས་བདུད་ལས་ཁྱོད་རྒྱལ་ཏེ། །ཀུན་ཏུ་གྲོལ་བ་སྲིད་མཚོའི་ཕ་རོལ་ལོ། །ནད་ཀུན་གཅོད་པར་མཛད་པ་ཁྱོད་ཀྱི་སྐུ། །མ་ལུས་འགྲོ་བར་མཆོག་ཏུ་ལུས་མཛེས་པ། །བཅོམ་ལྡན་དཔེ་མེད་སྙིང་རྗེའི་སིན་དྷུ་ཁྱོད། །རྒྱུ་མེད་གཉེན་དུ་སྐྱེ་བོ་རྣམས་ལ་གྲགས། །རོལ་པས་དབང་པོ་འཇོམས་ཤིང་རྣམ་པར་ བྱེད། །ཁྱོད་ནི་ཡུལ་ལ་ཀུན་ནས་ཆགས་པ་འདོར། །ལྷ་ཡི་བསམ་གཏན་མཉམ་བཞག་ཁྱོད་ཀྱི་ཐུགས། །ནོར་ནི་སློང་བ་པོ་དང་ཐུན་མོང་ལགས། །བརྩེ་ལྡན་ཁྱོད་ནི་གཞན་ལ་ཕན་མཛད་ཀྱང་། །གཏི་མུག་ལྟོ་འཕྱེ་ཆེན་པོས་སོས་ཟིན་ཅིང་། །ཡུལ་ལ་ཀུན་རྟོག་དགེ་བ་ལས་ལྟུང་བ། །བདག་ནི་ ཚིམ་པར་མི་མཛད་ཅི་ལྟར་ལགས། །མཐའ་དག་འགྲོ་བའི་དོན་བསྟེན་སྙིང་རྗེ་གང་། །ཁྱོད་ཀྱིས་སྤྲོས་དེ་ངེས་པ་ལགས་སམ་ཅི། །ཁྱོད་ཀྱི་སྤྱན་སྔར་སྣ་ཚོགས་སྒྲ་སྒྲོགས་པའི། །སྡིག་ལྡན་བདག་ལ་གང་ལས་བསྲུང་མི་མ