Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 7 / 23 (50.000 ký tự/trang)
ཛད། །མགོན་ཁྱོད་སྙིང་རྗེ་ནམ་མཁའ་ལས་ཡངས་ཏེ། །སེམས་ཅན་ རྣམས་ལ་ཆུ་འཛིན་ཆུ་རྒྱུན་ལྟར། །མྱ་ངན་ཆུ་དང་མཐོ་དམའི་ཡུལ་ཀུན་ཏུ། །མ་ལུས་ཉིན་མཚན་བར་མེད་འབབ་པར་འགྱུར། །བཅོམ་ལྡན་དག་ལས་བདག་གིས་བསོད་ནམས་གང་། །དེ་ནི་འགྲོ་འདིས་བདེ་བླག་ཐོབ་གྱུར་ཏེ། །དཔལ་ལྡན་པོ་ཏ་ལ་ཡི་རི་བོར་གནས། །མཛེས་ཞིང་སྣ་ ཚོགས་རོལ་པས་སྐྱེ་བར་ཤོག །འཕགས་པ་འཇིག་རྟེན་དབང་ཕྱུག་གི་བསྟོད་པ་གྲུབ་ཐོབ་ཆེན་པོ་ཙརྤྤ་ཊིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔ་ནས་དང་། ལོ་ཙཱ་བ་འགོས་གཞོན་ནུ་དཔལ་གྱིས་བསྒྱུར་ བའོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཁཪྶ་པཱ་ཎ་ལོ་ཀ་ནཱ་ཐ་སཱ་དྷ་ན་ནཱ་མ། བོད་སྐད་དུ། དཔལ་འཇིག་རྟེན་མགོན་པོ་མཁའ་ལ་སྤྱོད་པའི་སྒྲུབ་ཐབས་ཞེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མངོན་འདོད་འབྲས་བུ་སྟེར་བའི་གཟི་ལྡན་དཔག་བསམ་རྐང་ འཐུང་ནི། །བདེ་བར་གཤེགས་རྣམས་བཞེད་པའི་དོན་ཆེན་བཟོད་མཛད་དེད་དཔོན་ཆེན་པོ་སྟེ། །སྲིད་དང་ཞི་བ་མཉམ་པའི་དངོས་གྱུར་དངོས་པོ་ཀུན་གྱི་ངོ་བོ་ཉིད། །ཕྱག་ན་པདྨ་དེ་ཡིས་འགྲོ་བའི་སྡིག་པ་ཞི་བར་མཛད་དུ་གསོལ། །སྐྱེ་བོས་དབེན་པའི་གནས་དག་ཏུ། །སྔར་ལངས་ཁ་གདོང་དག་བྱས་ ནས། །འཇམ་པའི་སྟན་ལ་ཡང་དག་གནས། །སྙིང་གར་ཟླ་རྒྱས་འོད་གསལ་བའི། །སྟེང་དུ་རང་གི་ས་བོན་བསམ། །སྙིང་གའི་ཟླ་འོད་ཀྱིས་ས་བོན། །ཡོངས་བསྐུལ་དེ་ཡི་ས་བོན་གྱིས། །ཁཪྶ་པཱ་ཎ་མགོན་དཔལ་ལྡན། །བླ་མ་སངས་རྒྱས་དེ་སྲས་མཆོག །མདུན་གྱི་ནམ་མཁར་སྤྱན་དྲངས་ལ། ། ས་བོན་དེ་དག་ལས་བྱུང་བའི། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་མཆོད། །དེ་ནས་མངོན་པར་ཕྱག་བྱས་ནས། །སྡིག་པ་བཤགས་པ་ལ་སོགས་བྱ། །ཐོག་མེད་འཁོར་བར་གང་ཞིག་རྣམ་འཁོར་ཚེ། །བདག་གིས་མི་དགེ་བགྱིས་དང་བགྱིད་སྩལ་བའམ། །གཞན་གྱིས་བགྱིས་ལ་རྗེས་སུ་ཡི་རང་བ། །ཐམས་ཅད་ བཅོམ་ལྡན་རྣམས་ཀྱི་སྤྱན་སྔར་བཤགས། །རྫོགས་སངས་རྒྱས་དང་རྒྱལ་སྲས་འཕགས་རྣམས་དང་། །གཞན་དག་གིས་ཀྱང་དགེ་བ་གང་བགྱིས་ལ། །རྗེས་སུ་ཡི་རང་དེ་དག་མ་ལུས་པ། །རྫོགས་པའི་བྱང་ཆུབ་ཏུ་ནི་ཡོངས་སུ་བསྔོ། །སྙིང་རྗེ་དམ་པ་ལས་འཁྲུངས་པའི། །སངས་རྒྱས་རྣམས་ལ་ སྐྱབས་སུ་མཆི། །ཆོས་ཀུན་རོ་གཅིག་རང་བཞིན་ཅན། །གོས་པ་མེད་པའི་ཆོས་དག་དང་། །རབ་དགའ་ལ་སོགས་སར་བཞུགས་པའི། །བྱང་སེམས་རྣམས་ལའང་དེ་བཞིན་ནོ། །སངས་རྒྱས་མྱ་ངན་འདའ་བཞེད་གྱུར་པ་རྣམས། །གཞན་ལ་ཕན་ཕྱིར་ཡུན་དུ་བཞུགས་པར་གསོལ། །སྒྲིབ་པ་ཐམས་ ཅད་དཔྱིས་འབྱིན་གྱུར་པ་ཡི། །རྒྱུར་གྱུར་བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བདེ་གཤེགས་རྣམ་དག་ལམ་གྱི་དགོངས་པ་དང་། །རྟག་པར་ཡང་དག་ཀུན་ནས་བསྟེན་པར་བགྱི། །དེ་ནས་རྒྱུ་དང་མི་རྒྱུའི་འགྲོ་བ་འདི་དག་ཀུན། །གཅིག་དང་དུ་མ་རྣམ་བྲལ་སྟོང་པ་ཉིད་དུ་རྣམ་བསམ་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་སྟོང་པ་ཉིད་ལྷག་པར་གནས་པར་བྱའོ། །ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ་ཞེས་ལྷག་པར་གནས་པ་དེ་ལྟར་བདག་ཉིད་ལའང་ཀུན་དུ་བལྟས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པར་བྱའོ། །དེ་ ནས་སྒོམ་པ་པོས་སྔོན་གྱི་སྨོན་ལམ་གྱིས་ཡང་དག་པར་བསྐུལ་བའི་རྣམ་པར་ཤེས་པ་ཙམ་གྱི་པ་ཡིག་ཡོངས་སུ་གྱུར་པ་ལས་ཁ་དོག་སྣ་ཚོགས་པའི་པདྨར། ཨ་ཡིག་ལས་སྐྱེས་པའི་དྲི་མ་མེད་པའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། དེའི་སྟེང་དུ་ཧྲཱིཿཡིག་འཕྲོས་པའི་འོད་ཟེར་གྱིས་ནམ་ མཁའི་ཁྱོན་ཀུན་ཡང་དག་པར་གསལ་བ་བསམ་པར་བྱ་ཞིང་། དེ་ཡོངས་སུ་གྱུར་པ་ལས་པདྨའི་སྙིང་པོར་རང་གི་ས་བོན་འོད་ཟེར་གྱི་ཕྲེང་བས་བརྒྱན་པ་བལྟ་བར་བྱའོ། །དེ་ནས་འདི་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་སུ་བསམ་པར་བྱ་སྟེ། ཟླ་བའི་དཀྱིལ་འཁོར་གྱི་འོད་ལྟར་ དཀར་བའི་སྐུ་ཅན། རལ་པ་བཅིངས་པ་ལ་དབུ་རྒྱན་དང་། སྤྱི་གཙུག་ཏུ་འོད་དཔག་མེད་བཀོད་པ། སྣ་ཚོགས་པདྨ་དང་ཟླ་བ་ལ་སྐྱིལ་གྲུང་ཕྱེད་པས་བཞུགས་པ། སྐུ་ལ་མཆོག་གི་རྒྱན་དང་ལྡན་ཞིང་། ཞལ་འཛུམ་པ། བརྒྱད་གཉིས་ལོན་པའི་ལང་ཚོ་ཅན། ཕྱག་གཡས་མཆོག་སྦྱིན་དང་ གཡོན་པ་སྡོང་བུ་དང་བཅས་པའི་པདྨ་འཛིན་པ། དེའི་འོག་ཏུ་མདོག་ལྷག་པར་ནག་པའི་ཡི་དགས་གདོང་པ་གྱེན་དུ་ཕྱོགས་ཤིང་ཁ་གདངས་པ། གྲེ་བ་ཁབ་ཀྱི་མིག་ཅན། གསུས་པ་ཆེ་བ། ཤིན་ཏུ་རིང་པ་རྣམས་ཕྱག་ནས་བདུད་རྩིའི་རྒྱུན་སིམ་པར་འབབ་པ་མཐོང་བས་ཚིམ་པར་མཛད་པ། སྙིང་ རྗེས་བརླན་པའི་དཔལ་དང་ལྡན་ཞིང་གྲུ་འཛིན་གྱི་རི་བོའི་སྤོ་ལ་བཞུགས་པ། ལྷག་པར་ཞི་བས་རྣམ་པར་གཟིགས་པ་ཅན། སྒེག་པའི་ཉམས་དང་ལྡན་པ། སྣ་ཚོགས་པའི་མཚན་རྣམས་ཀྱིས་བརྒྱན་པའོ། །དེའི་མདུན་དུ་སྒྲོལ་མ་དང་། གཡས་ལོགས་སུ་གཞོན་ནུ་ནོར་བཟངས་སོ། །དེ་ལ་སྒྲོལ་མ་ ལྗང་གུ་ཕྱག་གཡོན་པས་སྡོང་བུ་དང་བཅས་པའི་ཨུཏྤ་ལ་འཛིན་ཅིང་། གཡས་པས་ཁ་འབྱེད་པའི་ཚུལ་ཅན། སྣ་ཚོགས་པའི་རྒྱན་དང་ལྡན་པ། ལང་ཚོ་གཞོན་ཞིང་ནུ་འབུར་རྒྱས་པའོ། །གཞོན་ནུ་ནོར་བཟངས་གསེར་གྱི་མདོག་ཅན། ཐལ་མོ་སྦྱར་བ། གཞོན་ནུའི་གཟུགས་འཆང་ཞིང་། མཆན་ཁུང་གཡོན་དུ་གླེགས་བམ་བཅུག་པ། རྒྱན་ཐམས་ཅད་དང་ལྡན་པའོ། །རྒྱབ་ཏུ་ཁྲོ་གཉེར་ཅན་དང་། གཡོན་དུ་རྟ་མགྲིན་ཏེ། དེ་ལ་ཁྲོ་གཉེར་ཅན་སེར་མོ། ཕྱག་བཞི་མ། རལ་པའི་ཆ་ཤས་རྫོགས་པ། གཡོན་པས་དབྱུ་གུ་གསུམ་པ་དང་། སྤྱི་བླུགས། གཡས་པས་ཕྱག་འཚལ་བའི་ ཚུལ་དང་། བགྲང་ཕྲེང་འཛིན་པ། སྤྱན་གསུམ་དང་ལྡན་པའོ། །རྟ་མགྲིན་མདོག་དམར་པོ་ཐུང་ཞིང་གསུས་པ་འཕྱང་བ། སྐྲ་དམར་སེར་གྱེན་དུ་འབར་བ། སྦྲུལ་གྱི་མཆོད་ཕྱིར་ཐོགས་དང་ལྡན་པ། བཞིན་གྱི་དཀྱིལ་འཁོར་ལ་སྨ་ར་དམར་སེར་གྱིས་སྦས་པ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཁྲོ་ གཉེར་དང་སྨིན་མ་འཁྱུག་པ། སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། གཡོན་པས་དབྱུག་པའི་མཚོན་ཆ་དང་། གཡས་པས་ཕྱག་འཚལ་བའི་ཚུལ་ཅན་ཏེ། འདི་དག་ཐམས་ཅད་རང་གི་གཙོ་བོ་ལ་ཇི་ལྟར་མཛེས་པའི་མིག་དག་གིས་བལྟ་ཞིང་འདུག་པ་རྣམ་པར་བསམ་པར་བྱའོ། །དེ་ནས་ རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿཡིག་བསམས་ལ། དེ་ལས་རྣམ་པ་སྣ་ཚོགས་པའི་འོད་ཟེར་འཕྲོས་པས། ཁམས་གསུམ་པོ་ཡོངས་སུ་གང་ཞིང་སེམས་ཅན་ཐམས་ཅད་འཇིག་རྟེན་དབང་ཕྱུག་གི་གོ་འཕང་ལ་རབ་ཏུ་བཀོད་ནས། སླར་ཡང་འོད་ཟེར་དེ། ས་བོན་གྱི་ཡི་གེ་དེ་ ལ་གཞུག་པར་བྱའོ། །ཕྱི་ནས་འོད་ཟེར་དེ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དམ་ཚིག་སེམས་དཔའ་དང་ཆུ་དང་འོ་མ་འདྲེས་པ་ལྟར་གཅིག་ཏུ་གྱུར་པའི་སྐུར་བསམ་པར་བྱའོ། །དེ་ནས་ལུས་ངག་ཡིད་གསུམ་རྣམ་པར་དག་པར་བྱ་སྟེ། རིམ་པ་ཇི་ལྟ་བར་སྤྱི་བོར་ཨོཾ་ཡིག་དཀར་པོ་དང་། མགྲིན་པར་ཨཱཿཡིག་དམར་པོ་དང་། ཐུགས་ཀར་ཧཱུཾ་ཡིག་སྔོན་པོ་རྣམས་བསམས་ལ། འདི་རྣམས་ལས་མཐའ་ཡས་པའི་འོད་ཟེར་གྱི་དྲ་བ་རྟག་ཏུ་འཕྲོས་པས། སེམས་ཅན་གྱི་ཕུང་པོ་ཐམས་ཅད་ཀྱི་སྡིག་པའི་ཚོགས་གཞོམ་པར་བྱའོ་ཞེས་ནུས་པ་ཇི་ལྟ་བས་གསལ་བ་བསྒོམ་པར་བྱའོ། ། རྣལ་འབྱོར་བརྩོན་ལྡན་སྒོམ་པ་པོ། །སྒྲིབ་པ་རབ་སྤོང་ཤེས་རབ་དང་། །སྐལ་བཟང་ནད་མེད་ཕུན་སུམ་ཚོགས། །མངོན་དུ་བྱེད་པ་འཐོབ་པར་འགྱུར། །བསྒོམས་པས་དུབ་ན་སེམས་རྩེ་གཅིག་པས་བཟླས་པ་བྱ་སྟེ། དེ་ལ་སྔགས་ནི་འདིའོ། །ཨོཾ་ཧྲཱིཿསྭཱ་ཧཱ། འདི་རྣམས་སྟོན་ཀའི་རྒྱུ་སྐར་དྲི་མ་མེད་ པའི་ཕྲེང་བ་ལྟ་བུའི་ཁ་དོག་དང་འོད་ཀྱི་སྣང་བ་ཅན་ལས། འོད་ཟེར་དུ་མ་འཕྲོ་བས་བཟླས་པར་བྱའོ། །དུབ་པར་གྱུར་ན་བསོད་ནམས་ཡོངས་སུ་བསྔོ་ཞིང་། ལངས་པ་ཇི་ལྟར་བདེ་བར་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་གི། །ཡིད་འོང་སྒྲུབ་ཐབས་བགྱིས་ པ་ཡིས། །བདག་གིས་བསོད་ནམས་གང་ཐོབ་དེས། །འགྲོ་ཀུན་དེ་ཡི་གོ་འཕང་གྱུར། །དཔལ་ལྡན་འཇིག་རྟེན་མགོན་པོ་ཁཪྶ་པཱ་ཎའི་སྒྲུབ་ཐབས་ཞེས་བྱ་བ་གྲུབ་ཆེན་པདྨ་འབྱུང་གནས་ཞབས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་ཏ་ཆེན་པོ་ཤྲཱི་བ་ན་རཏྣའི་ཞལ་སྔ་ནས་ དང་། ཆོས་འཁོར་ལོ་ཙཱ་བས་བསྒྱུར་བ་ལས། སླད་ཀྱིས་བཙུན་པ་རྒྱ་མཚོས་དག་པར་བཅོས་ཤིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་ཤ་ཏ་ཀ་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། ། མཐོ་རིས་མགོན་པོའི་ཡན་ལག་མཆོག་བཏུད་ཅོད་པན་འཛིན་ལ་འོད་དང་ལྡན་པའི་ནོར་བུ་ལྟ་བུའི་འོད། །མཚོ་སྐྱེས་སྟན་ལྡན་གུས་པས་རབ་བཏུད་མགོ་བོ་ལ་ནི་ཛཱ་ཏིའི་མེ་ཏོག་རྒྱས་ཕྲེང་འོད་ལྟར་ཏེ། །བདེ་འབྱུང་དབུ་ཡི་དབུ་རྒྱན་རི་དགས་མཚན་ལྡན་དཀར་སེར་མི་དམན་དམན་ཞིང་ཉམས་པ་ ཉིད་བགྱིད་པ། །འཇིག་རྟེན་དབང་པོའི་ཞབས་སེན་དྲི་མེད་རི་བོང་འཛིན་པའི་མཛེས་པ་ཞི་སླད་འཇིག་རྟེན་ལ་གྱུར་ཅིག །རལ་ཁུར་འཛིན་པའི་ཟླ་བ་རབ་གསལ་རལ་པ་དམར་སེར་དང་འགྲོགས་ལྷན་ཅིག་བཀྲ་བའི་ཟེར་རྣམས་ཀྱིས། །ངེས་པར་མི་བརྫི་འཕྲོག་བྱེད་ཀྱི་ནི་དམན་པ་མིན་པའི་ཅོད་པན་ནོར་ བུའི་འོད་རྣམས་ཀྱིས་ཀྱང་མིན། །ལྷ་ཚོགས་རྣམས་ཀྱི་སྐྲ་ཕྲེང་མཛེས་པ་ནག་པོ་དག་དང་འགྲོགས་པ་ལས་ནི་རྣམ་པར་མི་ཉམས་པ། །མི་བཟློགས་འཇིག་རྟེན་དབང་ཕྱུག་ཞབས་སེན་འོད་ཟེར་ཁྱེད་རྣམས་དག་གི་མུན་པ་ཞི་བའི་སླད་གྱུར་ཅིག །ཡོངས་སུ་རྫོགས་ཤིང་རྒྱ་ཆེའི་བང་མཛོད་རབ་ཏུ་གསལ་ཞིང་ དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས་ཀྱི་རྒྱུ། །སྡུག་པ་དང་ནི་རིང་དུ་གྱུར་པའི་སྐྱེ་བོ་རྣམས་ཀྱི་མི་བཟད་འཇིགས་པའི་དོགས་པ་རྣམ་པར་སེལ། །སྤྲིན་རྣམས་ཀྱིས་ཀྱང་བསྒྲིབ་པར་མི་ནུས་མུན་ཅན་གདུག་པའི་གཟའ་ལས་བྱུང་བའི་འཇིགས་པ་ཞི་གྱུར་པ། །འཇིག་རྟེན་དབང་པོའི་ཞབས་ཀྱི་སེན་མོ་ བསིལ་ཟེར་ལྡན་པའི་སྔོན་མེད་ཟེར་གྱིས་ཁྱེད་རྣམས་དག་གྱུར་ཅིག །ཉོན་མོངས་ཕུང་པོའི་བུད་ཤིང་དག་ནི་ལུས་པ་མེད་པར་སྲེག་བྱེད་མེ་ཆེན་མཐོན་པོར་གྱུར་པའི་རྩེ། །འཇིག་རྟེན་གསུམ་པོ་དག་ཏུ་རབ་དགར་གསལ་ཞིང་གཏི་མུག་མུན་གནག་དག་གི་སྨག་རུམ་ཐིབས་པོ་སེལ། །དམྱལ་བའི་ས་གཞིར་མེ་ ཡི་ཕུང་པོ་རྣམས་ལ་བདུད་རྩིའི་ཆུ་བོ་རྒྱ་ཆེན་རྒྱུན་ནི་འབྲས་བཅས་པ། །པདྨོ་འཛིན་ཞབས་ལས་འཁྲུངས་སེན་ཚོགས་འོད་ཟེར་རྣམས་ཀྱིས་ཁྱེད་ཀྱི་འཁོར་བ་ཡང་དག་སེལ་གྱུར་ཅིག །རང་གི་འདུན་པས་སྤྱད་པའི་འདོད་པ་སྦྱིན་ལ་ཤིན་ཏུ་མཁས་གྱུར་ཡིད་བཞིན་ནོར་བུ་བསམ་ཡས་ཤིང་། །ཤིན་ཏུ་འཇིགས་ པའི་དོགས་པས་གདུངས་གྱུར་ཞི་བར་བགྱིད་པའི་བསིལ་བའི་འོད་ཟེར་ཡིད་ནི་རབ་འཕྲོག་ལ། །ཡོན་ཏན་དུ་མའི་ཚོགས་རྣམས་འཛིན་པ་གསལ་བར་གྱུར་ཅིང་མཛེས་པ་དང་ལྡན་མེ་ལོང་དག་གི་གཟུགས། །འཇིག་རྟེན་དབང་ཕྱུག་ཞབས་ལས་སྐྱེས་པའི་སེན་མོ་དེས་བསྐྱེད་འོད་ཟེར་མཛེས་པས་ཁྱེད་ རྣམས་སྐྱོང་གྱུར་ཅིག །འོད་ཟེར་དཔག་མེད་ལས་འཁྲུངས་ཆེ་བའི་འོད་ཟེར་རྣམས་ཀྱིས་མཛེས་པ་དང་ལྡན་གཙུག་ཕུད་ཆེན་པོ་ནི། །མཛེས་ལྡན་མགོན་པོའི་རབ་ཏུ་མཛེས་ཞབས་སེན་མོའི་འོད་ཟེར་ཚོགས་ནི་དེ་ལ་མཆོད་མཁས་ལྷ་རྣམས་ཀྱི། །མགོ་ཡི་རིན་ཆེན་མཆོག་གི་ཚོགས་ལས་ངེས་པར་འཕྲོས་ གྱུར་ཤིན་ཏུ་རབ་བཀྲའི་འོད་ཟེར་ཚོགས་རྣམས་ཀྱིས། །བདེ་སོགས་དགའ་བའི་གཞུ་ལ་ཉེ་བར་སྤྱོད་བྱེད་འདི་དག་གིས་ནི་ཁྱེད་རྣམས་ཡུན་རིང་དར་གྱུར་ཅིག །མངོན་པར་འདོད་པའི་ཡུལ་རྣམས་འཐོབ་པའི་སྦྱིན་པ་ལས་ནི་དཔལ་དང་ལྡན་པའི་ལོངས་སྤྱོད་ཀྱིས་མཐོ་ཞིང་། །ཀུན་ཏུ་རྣམ་པར་མི་གཡོའི་ འོད་ནི་བརྟེན་བྱེད་སྣོད་རྣམས་དག་གི་མགུ་བ་སྐྱེད་པར་བྱེད་གྱུར་ལ། །དྲི་མ་དང་བྲལ་མཚུངས་པ་མེད་པའི་གཟུགས་ནི་རི་བོང་ཅན་ལས་ལྷག་ཅིང་སྐྱོན་གྱི་མུན་སེལ་བ། །ནོར་བུའི་འོད་ཟེར་ལྟ་བུ་ཕྱག་ན་པདྨའི་ཞབས་ཀྱིས་ཁྱེད་རྣམས་དག་ལ་ཚིམ་པ་སྦྱིན་གྱུར་ཅིག །རབ་མཛེས་ཕྱག་ན་པདྨའི་ཞབས་ཀྱི་ པདྨ་ལས་འཁྲུངས་སེན་མོའི་ཚོགས་རྣམས་དག་གི་འོད་ཟེར་ནི། །རྒྱུན་ཆད་མེད་པར་སྙིང་རྗེའི་ཆུ་ཡིས་ཉེ་བར་བྲན་པ་དེ་ཡི་སྐུ་ལུས་དག་གི་ས་གཞི་ལ། །ཁྱད་འཕགས་ཡེ་ཤེས་ས་བོན་བཏབ་པ་ལས་སྐྱེས་མི་ཆུང་དཔག་བསམ་ཤིང་གི་མྱུ་གུའི་ཚོགས་རྣམས་དང་། །མཚུངས་པ་གང་ཡིན་འདི་ཡིས་ ཁྱེད་ཀྱི་སྲིད་པའི་འཇིགས་པ་རབ་མང་མཐུ་ཚོགས་ཉམས་པར་བྱེད་གྱུར་ཅིག །འཇིག་རྟེན་དབང་པོའི་ཞབས་པད་ལས་སྐྱེས་སེན་མོའི་འོད་ཟེར་བདུད་དང་དགྲ་སྟེ་བདག་ལ་སྐྲག་སྟེར་ཞིང་། །ཨུཏྤལ་དམར་མདོག་དོང་པར་དོན་ཡོད་མདའ་རྣམས་མདེའུ་རྩེ་གྱེན་དུ་བསྟན་བཅུག་འོད་ཟེར་ལྟར་མཛེས་ ལ། །འཇིགས་རུང་འཁོར་བའི་དོང་དུ་རྟག་ཏུ་ལྷུང་བའི་སྐྱེ་བོ་འདྲེན་བྱེད་སྲ་མཁྲེགས་ཐག་པའི་དཔྱངས་ཐག་འདིས། །ཤིན་ཏུ་རྙེད་དཀའི་ཕུན་སུམ་ཚོགས་པ་ཆེན་པོ་མཐོ་བའི་གོ་འཕང་དག་ལ་ཁྱེད་རྣམས་འགོད་གྱུར་ཅིག །འོད་དང་ལྡན་ཞིང་ཉོན་མོངས་ལས་ཀྱི་རང་དབང་མེད་དུབ་འགྲོ་བའི་སྡུག་བསྔལ་ རྣམ་པར་གཅོད་ལ་དཔའ། །སྐྱོན་གྱི་དམིགས་པ་ལས་རིང་གསལ་ཞིང་མཁས་པའི་བླ་མ་སྐྱེ་བོ་རྣམས་ཀྱི་སྒྲོལ་བར་བྱེད་གྱུར་ལ། །ཀུན་དུ་དགའ་བ་རབ་སྡུག་སྟེར་ཞིང་རི་བོང་འཛིན་དཔལ་མཐའ་དག་འཛིན་གྱུར་དྲི་མ་དང་བྲལ་བ། །བསམ་ཡས་ཕྱག་ན་པདྨའི་ཞབས་འཁྲུངས་སེན་མོ་གང་ཡིན་ དེ་ཡིས་ཁྱེད་ཀྱི་བསམ་པ་རྒྱལ་གྱུར་ཅིག །ཅི་ཞིག་བདེ་འབྱུང་གིས་འདི་ཟླ་དུམ་རྣམས་ཀྱིས་མཆོད་པར་བཀོད་བྱས་འོད་དང་ལྡན་པའི་དུམ་བུའམ། །ཡང་ན་ངེས་པར་ཁྱེད་འཕགས་ཡིད་གྱུར་བྱང་ཆུབ་དཔལ་མོས་རིན་ཆེན་ཕྲེང་བ་བཀོད་དམ་ཅི་ཞིག་ཡིན། །ལྷ་རྣམས་ཀྱིས་ནི་ལྷ་ཡི་མེ་ཏོག་རྨད་བྱུང་མཚུངས་ པ་མེད་རྣམས་ཕྲེང་བརྒྱུས་དཔྱངས་པ་མིན་ནམ་ཞེས། །བློ་གྲོས་བསྐྱེད་པ་འཇིག་རྟེན་མགོན་པོའི་ཞབས་ལས་འཁྲུངས་པ་སེན་མོའི་ཕྲེང་བས་ཁྱེད་རྣམས་དགྱེས་གྱུར་ཅིག །གང་དུ་འདི་ནི་པདྨོ་ལས་སྐྱེས་ཕྱག་བགྱིད་འཆི་མེད་མགོ་བོར་ནོར་བུའི་ཁྲི་སྟན་མཐོན་པོ་ལ། །ཞབས་རྡུལ་དག་ནི་རྒྱུན་དུ་ གཟིམས་ཤིང་གང་དུ་ཡང་ནི་འཛིན་བྱེད་གཞི་ལ་མགོ་འཆང་རབ་འདུད་པ། །དེ་ལྟར་རབ་བསྐྱེད་འོད་ཟེར་ཚོགས་ཀྱི་སོ་རིང་གསལ་ཞིང་བཞད་གད་བགྱིད་འདྲ་འཇིག་རྟེན་དབང་ཕྱུག་གི། །ཞབས་སྐྱེས་སེན་མོ་གང་ཡིན་དེ་དག་རྣམས་ནི་ཁྱེད་ཀྱི་མཐའ་བྲལ་མུན་པ་གཞིལ་བའི་སླད་གྱུར་ཅིག །ཚ་ གདུང་སེལ་བྱེད་དཔའ་བོ་དཀར་བསིལ་མཆོག་ལྡན་བདུད་རྩིའི་ཐིགས་པའི་ཆར་གྱི་རྒྱུན་ནི་འབེབས་མཛད་ཅིང་། །མི་བཟད་མདའ་ཆེན་ཆར་གྱི་རྒྱུན་ནི་དྲག་པོ་རབ་འགྲེམས་བདུད་ལ་གནོད་བྱེད་ཕྱི་ར་ལྟར་གྱུར་པ། །ཕྱག་ན་པདྨའི་ཞབས་ཀྱི་སེན་མོའི་འོད་ཟེར་དཔལ་མཛད་དག་གིས་ཁྱེད་ ཀྱི་འཁོར་བའི་རྣམ་པ་ཡི། །ཁོངས་ཆེན་བཙོན་རར་རྒྱ་ཆེའི་སྡུག་བསྔལ་རྣམ་མང་འཇིགས་སུ་རུང་རྣམས་ཡང་དག་འཕྲོག་པར་བྱེད་གྱུར་ཅིག །འཇིག་རྟེན་དབང་པོའི་ཞབས་ལས་རབ་སྐྱེས་སེན་མོའི་གནས་ལ་སྣང་བ་དག་ནི་ཤིན་ཏུ་བཟློག་དཀའ་བའི། །བདུད་ཀྱིས་ཀུན་ནས་རབ་འཕངས་མདའ་ ཡིས་ཁྱབ་རྣམས་སྒྲིབ་པར་བྱེད་པའི་ཡོལ་བར་འཁྲུལ་པ་སྐྱེད་བྱེད་ཅིང་། །ཀུན་ནས་ཉོན་མོངས་དཔུང་རྣམས་བརླག་འགྱུར་གསལ་བར་གོ་འབྱེད་མཇུག་རིངས་ཆེན་པོའི་ཚོགས་སུ་རྟག་བྱ་བ། །འཇིག་རྟེན་གསུམ་གྱིས་མི་ནུས་ནུས་པ་སྲིད་པ་གསུམ་ལས་རྒྱལ་བའི་རུ་མཚོན་ཆེན་པོས་རྒྱལ་གྱུར་ཅིག །ཡང་ དག་རྫོགས་པའི་བྱང་ཆུབ་སེམས་ཀྱི་ཟླ་བ་ཀུན་ནས་མཛེས་ལྡན་འོད་ཀྱི་ཚོགས་པ་ལྟ་བུ་ཡིས། །ཉོན་མོངས་ངེས་བསྲེགས་ཐལ་བའི་ཚོགས་རྣམས་གྲོལ་བའི་ལམ་གྱི་རླུང་གིས་བདས་ནས་བགྲོད་པ་ལྟ་བུ་དང་། །མི་བཟད་བདུད་རྣམས་ཀྱིས་ནི་རྣམ་པར་མི་བྱེད་མི་ཆུང་རྡོ་དཀར་གླེགས་བུ་བཀོད་པ་ལྟ་བུ་ ཡིས། །ཉེ་བར་མཚོན་འོས་ཕྱག་ན་པདྨའི་ཞབས་སྐྱེས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག །མཚན་མོའི་མགོན་པོ་ངེས་པ་ཁོ་ནར་ཕྱོགས་ལ་ཟད་ཅིང་རང་ཉིད་དམན་པ་སྐྱེངས་པར་གྱུར་པས་ནི། །སྐད་ཅིག་བརྟག་པར་བྱ་བ་མཚུངས་མེད་མུན་པ་སྤོང་མཁས་དྲི་མ་དང་ནི་ཟད་པ་མི་ མངའ་ཞིང་། །མི་དམན་དགྲ་ཡི་སྲིན་པོ་ཟད་བྱེད་ཕ་རོལ་འགྲོ་སྦྱོང་བརྫི་བ་མེད་པའི་བརྟུལ་ཞུགས་ཉེར་མཚོན་པ། །འཇིག་རྟེན་དབང་ཕྱུག་ཞབས་སེན་གང་དེ་རྣམས་ཀྱིས་མི་ཁོམ་འཕེན་པ་དག་ལས་ཁྱེད་རྣམས་སྲུང་གྱུར་ཅིག །ཕུན་ཚོགས་དམ་པའི་སྒྲུབ་བྱེད་རབ་ཏུ་སྟོབས་ལྡན་པདྨོ་འཛིན་ པའི་ཞབས་ཀྱི་རྫོང་ལ་གནས་བཅས་ཤིང་། །འཇིག་རྟེན་གསུམ་དཔལ་རྒྱལ་བར་བཞེད་པ་སེན་མོའི་འོད་ཟེར་ཚོགས་ནི་མཚུངས་མེད་མངོན་པར་རབ་མཐོ་བ། །བཤེས་གཉེན་འཆར་བས་ཐོབ་པའི་རབ་གསལ་རྗེས་སུ་འགྲོགས་ལྡན་ཤིན་ཏུ་ཕུལ་བྱུང་འཕེལ་བ་རྙེད་གྱུར་པ། །རྒུད་པ་ཀུན་གྱི་ དགྲར་གྱུར་ཐེག་ཆེན་ཡང་དག་འགྲུབ་པའི་རྒྱུ་དེས་ཁྱེད་རྣམས་ཕོངས་ལས་སྲུང་གྱུར་ཅིག །གཙུག་ཕུད་ལ་ནི་ཟླ་ཕྱེད་རྒྱན་འཛིན་བཞེད་པར་གྱུར་པའི་ཕྱུགས་བདག་འདི་ནི་ངོ་ཚ་དང་བྲལ་ལ། །ནུབ་པར་མི་འགྱུར་ནོར་བུས་མངོན་པར་མཛེས་འདོད་ཁྱབ་འཇུག་དག་ཀྱང་ཇི་ལྟར་མཁས་པ་ལྟ་བུ་ཡིན། ། དབང་པོ་ཡི་ནི་མགོ་བོ་ཆེ་ལ་ནོར་བུ་འདི་ཡང་དོན་ཡོད་མིན་ཞེས་བྱ་བ་ཕྱག་ན་པད་ཞབས་ཀྱི། །སེན་མོའི་ཚོགས་འདི་མཐོང་གྱུར་གང་ཞིག་མཛེས་པས་སེམས་ཟིན་འཇིག་རྟེན་གྱིས་བསམས་དེ་ཡིས་རྒྱལ་གྱུར་ཅིག །རྒྱ་ཁྱོན་ཆེར་བྱས་རིང་དུ་སྟེང་དུ་འགྲོ་ཞིང་འོག་ཏུའང་དམྱལ་བ་རྣམས་ཀྱི་ སྒྲོལ་བ་བྱེད་པར་གྱུར། །བསིལ་ཟེར་ལྡན་པ་འཆར་ཀར་གྱུར་ལྟར་དཀར་ཞིང་དགྲ་རྣམས་བཞིན་ནི་ནག་པོ་ཉིད་དུ་འགྱུར་བའི་རྒྱུ། །ནུས་མཐུ་རྣམ་པར་ཤེས་པར་བྱ་བ་དཀའ་ཞིང་མ་ལུས་འགྲོ་བས་མཆོག་ཏུ་གསལ་བར་མཐོང་ཞིང་སྣང་། །དབུ་ལ་སངས་རྒྱས་ཀྱི་ནི་ཞབས་པད་ལ་གནས་སེན་ མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག །ལྷ་དབང་དགྱེས་པའི་མཆོད་པ་ལ་མཁས་ལྷ་མོས་རབ་གཏོར་ག་པུར་ཕྱེ་མ་ཀུན་ནས་འཐུལ་བ་ཡི། །འོད་ལྟར་སྣང་ཞིང་གུས་པའི་ཁུར་ཐོགས་འཕྲོག་བྱེད་ཕྱག་འཚལ་རལ་པའི་ཐལ་བར་རྣམ་པར་འཁྲུལ་པའི་ས། །དཔལ་མོ་མཆོད་ པ་འབུལ་བའི་ལག་གི་པདྨའི་གེ་སར་རྩེ་ཡི་རྡུལ་ཕྲན་ཟག་པ་ལྟར་མཛེས་པ། །ཕྱག་ན་པདྨའི་ཞབས་ལས་སྐྱེས་གྱུར་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་ཕོངས་ལས་སྲུང་གྱུར་ཅིག །ལྷུན་པོའི་འོད་ཟེར་སེར་པོ་མིན་བགྱིད་ལྷ་ཡི་གླང་ཆེན་ལི་ཁྲིའི་ཚོན་གྱིས་གསལ་བྱས་དམར་པོའི་དཔལ། ། ཉམས་པར་བྱེད་ལ་དཔའ་ཞིང་རྟ་ལྗང་ཅན་གྱི་རྟ་ཡི་མི་དམན་ལྗང་བ་ཉིད་ཀྱི་འཕྲོག་བགྱིད་ལ། །སྔོན་པོའི་སྣང་བ་ཉམས་བགྱིད་འཆི་མེད་བུ་མོས་འོ་མའི་ཆུ་གཏེར་ལུད་པར་རྣམ་བརྟགས་སྐྲག་གྱུར་པ། །པདྨོ་འཛིན་པའི་ཞབས་ཀྱི་པདྨོ་ལས་འཁྲུངས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་ སྲུང་གྱུར་ཅིག །ལྷ་རྣམས་ཁྱེད་ཀྱི་རྔ་ཡབ་བསིལ་ཟེར་བྱེད་ལྟར་དཀར་བ་དག་གིས་འདི་ལ་མཛེས་པར་མི་འོས་ཏེ། །ཀྵ་ཡེ་རམ་བྷེ་དགོས་པ་མེད་པའི་ག་བུར་ཕྱེ་མ་གུས་པའི་རྩོམ་པས་ཡོངས་སུ་འཐོར་བ་ཅི། །བདེ་སོགས་ཁྱོད་ཀྱི་མེ་ཏོག་དཀར་པོ་རྣམས་ཀྱིས་རབ་ཏུ་གཏོར་བས་ཅི་ཞེས་མཐོ་ རིས་ས་ཡི་རྗེ། །མཆོད་ལ་བསྔགས་མཛད་ཕྱག་ན་ཆུ་སྐྱེས་ཞབས་འཁྲུངས་སེན་མོའི་འོད་ཟེར་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག །ཀཻ་ལ་ཤ་ལྟར་འབིགས་བྱེད་མཛེས་སྐྱེས་ལྷ་མིན་ལས་རྒྱལ་ལུས་ཀྱི་ནག་པོ་ཉིད་ནི་ཉམས་པར་བགྱིད། །ནག་མོ་རྩེ་འཇོས་མཛེས་ལྡན་བྱུགས་ཤིང་ཉི་ མའི་རྟ་ཡི་འོད་ཟེར་ལྗང་གུ་ཉིད་ཀྱང་དཀར་པོར་མཛད། །མཆོད་མཁས་ལྷ་ཡི་སྐྱེ་བོས་གཏོར་བའི་ཀུནྡའི་ཟིལ་ལས་བསིལ་ཟེར་ཅན་གྱི་དུམ་བུ་ལྟར་གྱུར་རྣམས། །ཅི་ཞིག་ལ་དགོས་འཇིག་རྟེན་དབང་པོའི་ཞབས་སེན་འོད་ཟེར་ཆེ་བའི་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག །འཁོར་བའི་ཆུ་སྲིན་ བདག་པོ་ཕ་རོལ་བགྲོད་པ་རྣམས་ལ་བསྡམས་པའི་ལམ་ཆེན་དག་དང་མཚུངས་འགྱུར་ཞིང་། །བཟློག་པར་དཀའ་བའི་སྡུག་བསྔལ་མེ་འབར་ཞི་བར་མཛད་པ་བསོད་ནམས་ཆེན་པོའི་ཚོགས་ཀྱི་ཆུ་བོ་ནི། །དངས་པ་རང་དགའ་དག་ཏུ་འབབ་པ་ལྟ་བུ་དབུ་ལ་སངས་རྒྱས་ཀྱི་ནི་ཞབས་ལས་འཁྲུངས་པ་ ཡི། །འོད་ཟེར་མཆོག་ཏུ་རྣམ་པར་རྒྱལ་བར་གྱུར་རྣམས་ཁྱེད་ཀྱི་སྲིད་པ་མྱུར་དུ་སེལ་བར་མཛད་གྱུར་ཅིག །ནག་མོ་དགའ་བའི་ཟླ་བའི་མཛེས་པ་ཟིལ་གྱིས་ནོན་བགྱིད་ས་གཞི་འཛིན་པ་ཀཻ་ལ་ཤ་ཡི་ནི། །སྣང་བ་རྒྱས་པ་གསལ་བར་ཉམས་ཤིང་དཀར་པོ་ཉིད་གྱུར་ཁ་བ་ཅན་གྱི་དཀར་བ་ཉིད་ཀྱང་འཕྲོག ། འོ་མའི་རྒྱ་མཚོ་རྒྱས་པ་ལུད་པ་དང་མཚུངས་ཕྱུགས་རྣམས་ཀྱི་ཡང་ལྷ་ཡི་གླང་ཆེན་སོ་རྣམས་ནི། །བཅག་པའི་དུམ་བུ་ལྟར་མཛེས་འཇིག་རྟེན་དབང་ཕྱུག་ཞབས་སེན་འོད་ཟེར་རྒྱས་པས་ཁྱེད་རྣམས་སྲུང་གྱུར་ཅིག །གང་ཞིག་ཡོངས་འདུའི་མེ་ཏོག་གིས་མཆོད་མཚོ་སྐྱེས་དཔལ་ནི་འཛུམས་ཤིང་བུང་བའི་ཚོགས་ རྣམས་གར་སྒྱུར་བགྱིད། །གང་ལ་གནས་བཞིན་བསྙེན་བཀུར་ལ་ཆགས་པདྨ་ཅུང་ཟད་ཟུམ་ཞིང་རང་བྱུང་འདུག་པ་དཀའ་བར་གྱུར། །གང་གིས་ལྷ་ཡི་ཆུང་མ་གདུང་བའི་སྐྱོན་སེལ་ཉིན་མོའི་དཔལ་ནི་ནག་མོ་མིན་པར་མཚན་མོར་གྱུར། །ཕྱག་ན་པདྨའི་ཞབས་སེན་ཟླ་བ་མཛེས་པ་དང་ལྡན་ཟླ་བའི་འོད་འདིས་ ཁྱེད་རྣམས་སྲུང་གྱུར་ཅིག །ལྷ་ཡི་ན་ཆུང་སྐྱེ་བོ་མཛེས་མ་རྣམས་ཀྱིས་འདོད་འོས་སུ་འཁྲུལ་མིག་ཚུགས་ལྟ་ཞིང་མཆོད་གྱུར་ལ། །སེན་མོའི་འོད་གསལ་དཀར་ཞིང་མཛེས་པར་གྱུར་པ་པདྨའི་རྩ་བའི་ཚོགས་པ་ལྟ་བུ་འཛིན་མཛད་ཅིང་། །མི་ཆུང་འདོད་པ་རབ་རྒྱས་འདོད་ལྡན་ལྟ་བུར་གཞན་གྱི་དབང་གྱུར་ མ་ཡི་སྤྱོད་ལ་རབ་ཏུ་འཇུག །མི་དམན་ལྷ་ཡི་གྲོང་གི་ཙནྡན་གྱིས་བྱུགས་ཕྱག་ན་པདྨའི་ཞབས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག །ཀུན་དགའི་ཁུར་བུ་མི་དམན་རབ་རྒྱས་ལྷ་ཡི་ལག་པས་ཡོངས་འདུའི་མེ་ཏོག་རབ་ཏུ་གཏོར་རྣམས་ལ། །བུང་བའི་དོན་མཐུན་ནག་པོ་བརྩེགས་པ་ཤིན་ཏུ་གནག་པར་གསལ་ བའི་ཚོགས་པ་ལྟ་བུ་རབ་རྒྱས་པ། །ཕྱག་ན་པདྨའི་ཞབས་ཀྱི་མཚོ་སྐྱེས་དག་གི་སེན་མོའི་འོད་ནི་དྲི་མེད་འོ་མའི་ཆུ་གཏེར་གྱི། །དབུས་ལས་འཁྲུངས་པའི་དཔལ་མོ་གཡོ་མེད་དགའ་བའི་རྒྱུ་འདིས་ཁྱེད་ཀྱི་དགེ་ལེགས་མཆོག་ཏུ་སྒྲུབ་གྱུར་ཅིག །རེ་བ་རྣམ་ཆད་སྐྱོ་བས་འཕེལ་བའི་མེ་ཡི་རྩེ་མོ་གཅོད་ པའི་ཆུ་ཆེན་རབ་ཏུ་རྒྱས་གྱུར་ཅིག །པདྨ་མཛེས་པའི་རྗེས་མཐུན་གྱིས་དྲངས་སྦྲང་རྩི་བྱེད་པའི་སྒྲིབ་བྱེད་རྣམས་ཀྱིས་བསྒྲིབས་པར་གྱུར་པའི་དཔལ། །སེན་མོའི་འོད་ཟེར་དཀར་ཞིང་རགས་ལ་སྟུག་པོར་གྱུར་པས་རང་དགར་ཁྱབ་ཅིང་ནང་ནི་ཁེངས་གྱུར་པ། །སོར་མོ་ཆུ་སྐྱེས་དཔལ་ལ་རེག་པའི་ཞབས་ ཀྱིས་ཚེགས་མེད་མ་ཆད་ཁྱེད་ཀྱི་འདོད་པ་སྦྱིན་གྱུར་ཅིག །འཁོར་ལོའི་འོད་ནི་རབ་ཏུ་མཛེས་དང་ལྡན་གྱུར་དྲི་མེད་སེན་མོས་བསྐྱེད་པ་དོ་ཟླ་མེད་པའི་དཔལ། །མཚུངས་མེད་ཡོན་ཏན་གྲངས་མེད་བསོད་ནམས་རྣམས་ཀྱིས་འཐོབ་པའི་མཚན་གྱི་ཚོགས་ནི་རྣམ་པར་འཛིན་གྱུར་ཅིང་། །མ་ལུས་གླིང་ རྣམས་གསལ་བའི་མཐུ་ལྡན་ཤིན་ཏུ་ཆེ་བར་ཕུན་སུམ་ཚོགས་པས་ས་ཡི་བདག་པོ་རྣམས། །ཕྱག་བགྱིད་མགོ་ཡི་འཁོར་ལོས་སྒྱུར་བ་དབུ་ལ་སངས་རྒྱས་ཞབས་ཀྱིས་ཁྱེད་རྣམས་ཡུན་རིང་སྲུང་གྱུར་ཅིག །མཐོ་རིས་གང་གཱའི་གསེར་གྱི་པད་ལྗོན་མེ་ཏོག་ཅུང་ཟད་བྱེ་བས་འདི་ལ་གཏོར་བའི་ཡོན་ཏན་ ཅི། །གསལ་ལྡན་མཚོ་སྐྱེས་སུ་འཁྲུལ་བུང་བའི་ཕྲེང་བས་གླུ་དབྱངས་ཉིད་ལ་གླུ་རྣམས་ཀྱིས་ནི་ཅི་ཞིག་བྱ། །རབ་མཛེས་སེན་མོ་འདི་ལ་ནོར་བུའི་ཕྲེང་བ་རྣམས་ཀྱིས་མཛེས་པ་ཉིད་དུ་བགྱི་བར་ནུས་མིན་ཞེས། །གང་ཞིག་མཆོད་ལ་ལྷ་ཡི་དབང་པོས་གསུངས་གྱུར་ཕྱག་ན་ཆུ་སྐྱེས་བསྡམས་པའི་ཞབས་དེས་རྒྱལ་ གྱུར་ཅིག །གང་ཞིག་མགོན་པོ་ཁོ་ནའི་བདེ་བར་གཤེགས་པའི་རྒྱུར་གྱུར་འབའ་ཞིག་མ་ཡིན་སྐྱེ་བའི་སྣོད་ཀྱི་ཡང་། །གང་དུ་པདྨོ་མངོན་འདོད་སྦྲང་རྩི་འཐུང་བའི་ཚོགས་ཉིད་འདབ་བསྐྱོད་མ་ཡིན་སྐྱེ་བོ་རྣམས་ཀྱི་ཡང་། །གང་གིས་རབ་ལྕི་ས་ཉིད་ཤིན་ཏུ་བླ་མར་གྱུར་ཅིང་འདུད་རྙེད་མ་ཡིན་འཇིག་རྟེན་ གསུམ་པོ་ཡང་། །དབུ་ལ་བདེ་གཤེགས་རི་བོང་འཛིན་པའི་འོད་ཀྱིས་རྣམ་པར་གསལ་ལྡན་ཞབས་དེས་འཇིག་རྟེན་སྲུང་གྱུར་ཅིག །གང་ཞིག་སྟེན་བྱེད་བུང་བ་རྣམས་ལ་བཏུད་པའི་སྦྱིན་པས་དགའ་མགུ་རངས་པའི་ཚོགས་ནི་སྐྱེད་མཛད་ཅིང་། །གང་གི་རྩ་བ་མི་དམན་ངེས་པ་ཁོ་ནར་ལྗང་གུ་ ཉིད་མིན་མཆོག་ཏུ་མཛེས་པ་ཉེར་འཛིན་ལ། །རྡུལ་གྱི་ཚོགས་རྣམས་འཆི་མེད་མགོར་ཉལ་དཔལ་ནི་གནས་པའི་སར་གྱུར་སེན་མོའི་འོད་ཟེར་བཞད་པ་ཡི། །གེ་སར་དང་ལྡན་འཇིག་རྟེན་མགོན་པོའི་ཞབས་ཀྱི་པདྨས་ཁྱེད་ལ་ཡུན་རིང་དགེ་ལེགས་སྦྱིན་གྱུར་ཅིག །ལུས་འཇོམས་ཉམས་བྱེད་འཇིགས་སུ་ རུང་བའི་དགྲ་འཇོམས་སྒྲུབ་པ་ལུས་ཅན་རྣམས་ཀྱི་མཚོན་ཏེ་འདོད་པ་ཡི། །དངོས་གྲུབ་འབོད་པར་བྱེད་ཅིང་ཀྱེ་མ་ཤིན་ཏུ་ཆེར་བསགས་མི་བཟད་སྡིག་པའི་ཚོགས་ཆེན་ཟད་མཛད་པ། །ཉོན་མོངས་བཀོད་པ་དགྲ་ཡི་བསམ་པའི་སྲེག་བླུགས་ཀྱིས་བསྐྱེད་སྡུག་བསྔལ་མེ་ཆེན་གྱིས་ནི་བསྲེགས་པ་དག ། སེལ་བའི་ཆུ་ཀླུང་ཕྱག་ན་པདྨའི་ཞབས་ཀྱི་འོད་ཀྱིས་ཁྱེད་ཀྱི་ཟེར་ལ་རྣམ་མང་ཕན་པ་སྒྲུབ་གྱུར་ཅིག །དབུ་ལ་སངས་རྒྱས་རྒྱན་ལྡན་ཞབས་ཀྱི་ཉེ་འཁོར་དུ་རྒྱུ་ཚད་མེད་པ་ཡི་པདྨོར་འཁྲུལ་ལྡན་པ། །བུང་བའི་ཕྲེང་བ་སྒྲ་སྙན་སྒྲོགས་པ་རྣམས་ནི་སེམས་ཅན་བསྐྱབ་སའི་བྱ་བ་གཅིག་པུར་རབ་བརྟན་ལ། ། ཡུན་རིང་བཞུགས་པར་བརྟན་པར་བགྱི་སླད་སྟོབས་ཆེན་སྙིང་རྗེ་དག་གིས་སྦོམ་ཞིང་གནག་པ་ལྕགས་ཀྱི་ནི། །ལྕགས་སྒྲོག་བཀོད་པ་ལྟ་བུས་ཁྱེད་རྣམས་དག་གི་ཕུན་སུམ་ཚོགས་པ་ངེས་པར་གཡོ་མེད་སྒྲུབ་གྱུར་ཅིག །པདྨའི་ནང་གི་འདབ་མའི་ཕྲེང་བ་ལྟར་མཛེས་འཇམ་ཞིང་རྡོ་རྗེ་ལྟ་བུ་སྲ་ལ་རྣམ་པར་ བརྟན། །གདུག་པའི་དགྲ་རྣམས་ཀྱིས་ནི་རབ་ཏུ་བསྣུན་བྱས་མཚོན་ཆའི་ཚོགས་རྣམས་རྣམ་པར་ཉམས་པར་འགྱུར་བའི་ས། །དམར་ཞིང་ཆགས་པ་ཉེ་བར་ཞི་བ་འཁོར་བའི་ཆུ་གཏེར་དག་ལས་སྒྲོལ་བར་བགྱིད་པའི་བྱེད་པ་པོ། །ཤིན་ཏུ་སྟོབས་ལྡན་བདེ་བར་གཤེགས་པའི་རི་བོང་ཅན་འཛིན་ཞབས་ ཀྱིས་ཁྱེད་ཀྱི་སྐྱོ་བ་སེལ་གྱུར་ཅིག །དབང་པོའི་ཆུ་སྐྱེས་རབ་ཏུ་རྒྱས་ཤིང་མཛེས་པའི་ཚོགས་ལ་བུང་བ་གཡོ་ལྡན་ཡིན་ཡང་མི་གཡོ་ཞིང་། །ཀུན་དུ་དགའ་བའི་ཀུནྡ་འཕྲོག་བྱེད་ལག་ན་གནས་པའི་ཚོགས་ལ་སྲེག་ལྡན་ཡིན་ཡང་མི་སྲེད་དེ། །མདུན་དུ་ཁྱབ་འཇུག་གིས་གཏོར་མཛེས་ལྡན་ཡོངས་འདུའི་མེ་ ཏོག་དྲི་བཟངས་ལྡན་ལའང་དགའ་བ་མི་སྐྱེ་བར། །གང་དུ་བུང་བའི་ཕྲེང་བ་དགར་འགྱུར་རྒྱལ་བ་འཛིན་པའི་ཞབས་ཀྱི་པདྨ་དེས་ཁྱེད་སྲུང་གྱུར་ཅིག །འོད་ཟེར་རབ་ཏུ་མང་བའི་ཚོགས་ལས་གྱུར་པའི་རལ་པ་གཡོ་ཞིང་ཤིན་ཏུ་རབ་མཛེས་གསལ་ལྡན་ལ། །དམར་ཞིང་མཛེས་པས་རྩེས་འབྲེལ་རབ་ཏུ་ མཐོ་བ་སེན་མོའི་སོ་གཙིགས་ཀུན་ནས་མཛེས་ཤིང་ཡིད་དུ་འོང་། །ཉེས་པར་ཞུགས་པའི་གཉིས་འཐུང་དགྲ་བོ་སྐྲག་བགྱིད་རིང་དུ་གཡོ་བའི་སྤྱན་གྱིས་ཀུན་ཏུ་གཟིགས་གྱུར་པ། །པད་སྐྱེས་རལ་པའི་ནགས་ཉལ་འཇིག་རྟེན་དབང་པོའི་ཞབས་ཀྱི་སེང་གེ་ཁྱེད་རྣམས་ཞི་བའི་སླད་གྱུར་ཅིག །ཤིན་ཏུ་དྲི་མ་ མེད་ཀྱང་མི་ཆུང་ཡང་བ་མིན་ཡང་མྱུར་དུ་ཕྱོགས་ཀྱི་སྒོ་རྣམས་འགོད་པར་བགྱིད། །འཇིག་རྟེན་གསུམ་པོ་ཀུན་དུ་དགའ་བར་བགྱིད་ཀྱང་སྟོབས་ལྡན་ཕ་རོལ་ལུས་ཁྱབ་ཡོངས་སུ་གདུང་བའི་རྒྱུ། །མཛེས་སྡུག་འགྱུར་བྱེད་བྱུག་པར་ལྡན་ཡང་ཕུལ་བྱུང་ཡིད་འོང་རྒྱལ་བའི་འོད་ཟེར་དག་གིས་མེ་ ཏོག་ནི། །རྣམ་རྒྱས་ཕྲེང་བའི་ཐོད་ཅན་ཞབས་ཀྱི་འོད་ཟེར་ཁྱེད་རྣམས་ཕོངས་པའི་ཟུག་རྔུ་འགོག་པར་མཛད་གྱུར་ཅིག །གང་ལ་རྒྱལ་པོའི་རྒྱལ་པོས་མེ་ཏོག་རྣམས་དང་འཕྲོག་བྱེད་ཀྱིས་ཀྱང་ཡོངས་འདུའི་ལྗོན་ཤིང་ཡིད་འཕྲོག་རྣམས། །ཟླ་བས་ཀུན་དགའ་ལྡན་པར་ཀུནྡ་རྣམས་དང་ནོར་ལྷའི་རྒྱུད་ ཀྱིས་འོད་ལྡན་ནོར་བུ་མང་པོའི་ཚོགས། །ཞབས་ལྡན་དགའ་བས་པཱ་ལ་ཤ་སྟེ་དེ་ལྟར་ལྷ་ཡི་སྐྱེ་བོས་མཆོད་པའི་ཁྱད་པར་རབ་མང་རྣམས། །རྗེས་སུ་ཁྲིད་པའི་སྙན་ངག་ལྟ་བུས་མཆོད་བགྱིད་ཕྱག་ན་ཆུ་སྐྱེས་ཞབས་དེས་ཁྱེད་རྣམས་སྲུང་གྱུར་ཅིག །འོད་རྣམས་རྣམ་པར་གསལ་བ་ཉི་མས་བསྟོད་བགྱིས་ སེན་མོ་རྣམས་ལ་མཐོ་རིས་མགོན་པོ་ཡིས། །སོར་མོའི་རྩེ་མོའི་ཚོགས་ལ་དབང་ཕྱུག་འདྲེན་བྱེད་རྣམ་པར་མི་གཡོ་མཛེས་པའི་མཐའ་ལ་མཐར་བྱེད་ཀྱང་། །ལྷ་ཡི་འཇིག་རྟེན་རྣམས་ལ་གང་གི་ཐུན་མོང་མིན་པའི་མཛེས་པ་ཕུལ་དུ་བྱུང་བའི་ཡུལ་རྣམས་ནི། །མ་ལུས་མཐོང་བའི་ནུས་པ་ཡོད་མིན་མགོ་ ལ་སངས་རྒྱས་གཟུགས་ཀྱིས་མཚན་མའི་ཞབས་དེས་རྒྱལ་གྱུར་ཅིག །ཡང་དག་རྫོགས་པའི་སངས་རྒྱས་འོད་ཀྱིས་རབ་གསལ་རལ་པའི་ཚོགས་ཀྱི་རྩི་ཤིང་ལྡན་པ་ཆེ་བའི་སྐུ། །འཁོར་བའི་ཆུ་གཏེར་གཏིང་དུ་འཇུག་བྱེད་སྐྱེ་བོའི་ཚོགས་ཀྱི་ཤིན་ཏུ་ལྕི་བའི་ས་གཞི་རབ་གནོན་ཞིང་། །མཐའ་རྣམས་ དག་ལས་ཡང་དག་བྱུང་བ་ཡིད་འོང་ཟབ་ཅིང་དམར་བའི་ཁམས་ཆེན་ལྡན་པའི་ཆུ་རྣམས་འབབ། །གྲུབ་པའི་དོན་མཐུན་གྱིས་བསྟེན་པདྨོ་འཛིན་པ་རི་བོའི་ཞབས་ནི་ཁྱེད་ཀྱི་བཟང་པོའི་སླད་གྱུར་ཅིག །འཁོར་བའི་ལམ་ལ་རབ་བགྲོད་འགྲོ་བ་མཐའ་དག་ངལ་ཞིང་དུབ་ལྡན་ཞི་བའི་རྒྱུ་ཡི་གྲིབ་ བསིལ་ཅན། །རབ་ཏུ་མཛེས་པའི་ཡལ་ག་རང་གསལ་སེན་མོའི་མེ་ཏོག་འཛིན་ཅིང་འདོད་དོན་འབྲས་བུ་དང་ལྡན་པ། །ལྷ་ཡི་སྐྱེ་བོས་རབ་བཏུད་མགོ་ཡི་ཕྲེང་བས་བསྐྱོར་བའི་རྩ་བར་ནོར་བུའི་བུམ་པ་གང་བ་ཡི། །དྲི་མེད་འོད་ཀྱི་ཆུས་བྲན་འཇིག་རྟེན་དབང་པོའི་ཞབས་ཀྱི་ལྗོན་ཤིང་ཚོགས་ཀྱིས་ཁྱེད་རྣམས་ སྲུང་གྱུར་ཅིག །རྩ་བ་རབ་བརྟན་ཉོན་མོངས་ཚོགས་པའི་དགྲ་བོ་སྟོབས་ལྡན་སྟོབས་རྣམས་རྩད་བཅད་རྙེད་པ་ཆེན་པོ་ཡིས། །རངས་པ་ཐོབ་གྱུར་རྣམ་པར་སྒེག་ལྡན་སྟོབས་ལྡན་ལས་རྒྱལ་མགོ་ཡི་གནས་ལ་གཡོ་ཞིང་རྣམ་པར་རྩེ། །ཆུ་སྐྱེས་རྒྱས་པའི་རྒྱུན་ལ་ཆགས་ཤིང་ཀུན་དུ་སྲེད་ལྡན་དར་དིར་མེད་ པོ་རབ་ཏུ་སྒྲོགས་པ་ཡི། །བུང་བའི་ཚོགས་པ་མི་བཟློགས་མཚུངས་མེད་དྲི་བྲལ་པདྨ་འཛིན་པའི་ཞབས་ཀྱིས་ཁྱེད་ལ་སྲུང་གྱུར་ཅིག །འཇིག་རྟེན་གསུམ་གྱི་དབང་ཕྱུག་དཔལ་འབྱོར་ལག་ལྡན་ཆུང་མ་གཡོ་བའི་སྡོམ་ཐག་གདགས་སའི་དབྱུག་པ་སྟེ། །ཉོན་མོངས་སྡུག་བསྔལ་སྦྲུལ་གདུག་སོས་ ཟིན་འགྱེལ་བའི་འགྲོ་བ་མཐའ་དག་སྐྱོང་བར་བྱེད་མཁས་ནམ་མཁའ་ལྡིང་། །མི་ཆུང་དམྱལ་བའི་གྲོང་ཁྱེར་ནང་ན་བཟློག་དཀར་འཇུག་པའི་སྒོ་སྡོམ་རབ་བརྟན་སྲིད་པའི་ཆུ་གཏེར་ནི། །ལེགས་པར་རྒལ་བའི་གདོས་པ་གཅིག་པུ་འཇིག་རྟེན་དབང་པོའི་ཞབས་ནི་ཁྱེད་རྣམས་འབྱོར་པའི་སླད་གྱུར་ཅིག ། འདུན་ས་གང་དུ་ལྷ་ཡི་རོལ་མོ་མཁན་རྣམས་མཛེས་པས་ཡིད་བཟུང་མཆོད་པ་བགྱིད་པར་མི་ནུས་ཏེ། །གང་རྣམས་རྣམ་པ་ལས་འདས་སིལ་སྙན་རིག་བྱེད་ཁ་ན་མ་ཐོ་མེད་རྣམས་དེ་ཚེ་རྣམ་པར་ཉམས། །དམན་པ་མིན་པའི་གླུ་དབྱངས་མི་ལེན་ཉམས་རྣམས་དག་གིས་སྤྲས་པའི་དངོས་པོ་ཉིད་མིན་ངོ་བོར་གྱུར། ། དེ་ལྟས་བརྒྱ་བྱིན་ནང་དུ་བཞད་གྱུར་ལྟ་བས་མི་ངོམས་གཟུགས་ཅན་མཚོ་སྐྱེས་ཅན་དེས་རྒྱལ་གྱུར་ཅིག །དཔལ་ལྡན་བར་མེད་རབ་ཏུ་མཚུངས་པ་མེད་ཅིང་ཆེར་གྱུར་འདོད་པ་ཆེན་པོའི་ཁང་པ་མཆོག་གི་སར། །ལྷག་པའི་སྟོབས་ལྡན་གཡོན་གྱི་རིམ་པར་མི་ཟད་འདུས་པའི་བདུད་ཀྱི་ཡིད་རྣམས་རབ་ ཏུ་འཇོམས་མཛད་ཅིང་། །སེམས་ཅན་དགའ་བདེ་རབ་བཞེད་གྲགས་པ་དང་ནི་འཇམ་པའི་ཐུགས་ལྡན་ངལ་བས་སྐྱོ་བར་མི་འགྱུར་བ། །མགོ་ལ་འོད་དཔག་མེད་པས་ཁྱེད་ཀྱི་གཏི་མུག་གིས་བསྐྲུན་རབ་འཇོམས་རྒྱ་ཆེའི་འཇིགས་པ་འཇོམས་གྱུར་ཅིག །བརྟན་པའི་ར་བ་འཇིགས་སུ་རུང་བས་བསྐོར་ཞིང་སྒྲ་ ལྡན་བཅིང་བས་དམ་བཅིངས་རིང་པོར་གསལ་བའི་སྒྲ། །དྲག་པོ་ཤིན་ཏུ་འཇིགས་རུང་དམྱལ་བའི་གྲོང་ཁྱེར་ཉིད་ཀྱི་རྣམ་པར་འཛིན་པའི་དགྲ་བོ་རྣམས་དག་ནི། །བཙོན་ཁང་ནང་དུ་གདུང་བ་དྲག་པོས་ཤིན་ཏུ་འཇིགས་པར་གྱུར་རྣམས་དྲན་ནས་སྐྱབས་ལ་རབ་གཤེགས་ཤིང་། །བཀུར་སྟིར་སྒྲུབ་མཛད་ སྙིང་རྗེ་རབ་ལྕི་འཇིག་རྟེན་དབང་ཕྱུག་གང་ཡིན་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག །བསྐལ་པའི་མཐའ་ཡིས་དབའ་རླབས་ལྟར་འཕྱོ་གཡོ་བའི་རླུང་གི་སྟོབས་ཀྱིས་རབ་གཙུབས་དབའ་རླབས་ཕྲེང་བ་རྣམས། །སྒྲ་དྲག་སྒྲོགས་ཤིང་ཐོར་ཐོར་དང་ལྡན་ཆུ་སྲིན་ཚོགས་ཀྱིས་གང་བ་འཇིགས་རུང་ཆུ་ཡི་ཆུ་ གཏེར་ནི། །གང་ཞིག་དམིགས་པ་ཉིད་ན་མཐོན་མཐིང་དྲི་མ་མེད་པའི་ཚོགས་ཆེན་བཀྲམ་པ་རྩེ་དགའ་དག་གི་གནས། །ཉམས་རབ་དགའ་བར་འགྲུབ་འགྱུར་པདྨོ་ཅན་དེ་ཤིན་ཏུ་མྱུར་བར་འགྲོ་རྣམས་སྲུང་བའི་སླད་གྱུར་ཅིག །དུ་བའི་ཚོགས་ཀྱི་འཆིང་བས་བཅིངས་པས་ཟླ་བ་ཉི་མའི་འོད་ཟེར་ཉམས་ཤིང་ འབྲས་བུ་མེད་པར་བྱེད། །འགོག་པ་བསྐྱེད་པའི་བགེགས་ལ་མཁས་པའི་ལྷ་ཡི་ཆུང་མ་རྣམས་ཀྱང་བརྟེན་པའི་མཐུ་རྣམས་ཉམས་འགྱུར་བའི། །དུ་བའི་རྒྱལ་མཚན་ཅན་ཡང་གང་གི་མིང་བརྗོད་རྒྱུན་འཛིན་འཛིན་བྱེད་རྣམས་ལ་རབ་ཏུ་ཉམས་འགྱུར་བ། །སངས་རྒྱས་འཛིན་པས་ཁྱེད་ལ་ཉམས་དགར་རྒྱུན་ཆད་ མེད་ཅིང་སྒྲུབ་བྱེད་དང་བཅས་ལེགས་པ་སྒྲུབ་གྱུར་ཅིག །ཁྲོས་པས་རབ་བསླང་ལག་པ་དུས་ཀྱི་མཚོན་ཆ་དང་འདྲ་འཇིགས་སུ་རུང་བའི་ཕུད་ཅེས་སྒྲོགས་པར་བྱེད། །ཆང་གིས་བསྒོས་པའི་འགྲམ་པ་དག་ཏུ་བུང་བའི་ཚོགས་གཏིབས་གློ་བུར་གནག་གྱུར་དར་ཞིང་ཆེ་བའི་ལུས། །ལག་ལྡན་དབང་པོ་འོང་བ་གང་ གི་མཚན་གྱི་ལྕགས་ཀྱུ་བརྣག་དཀས་བཏབ་ནས་ཞུམ་ཞིང་སྐྲག་འགྱུར་བ། །འཇིག་རྟེན་དབང་པོའི་ཐུགས་རྗེ་རབ་འདོད་ཡོ་བྱད་དེ་ནི་ཁྱེད་ཀྱི་འདོད་པའི་བྱ་བ་མཛད་གྱུར་ཅིག །ཕུད་ཅེས་དབུགས་ནི་འཇིགས་རུང་ཁྲོ་བའི་རང་གནས་ཟ་བས་སྲེག་བྱེད་མི་ཆུང་དུག་གི་དུ་བར་ལྡན། །སོ་ཡི་བཟའ་བ་མཐོང་བས་མགོ་བོ་ ཤིན་ཏུ་རབ་ཏུ་གདེངས་གྱུར་ཉེས་བྱེད་སོ་རྩེ་ལྡན་པ་རྣམས། །རང་གི་མཚན་ནི་དུག་སོ་དབང་པོའི་དགྲར་གྱུར་བློ་ལ་རྣམ་པར་བཞུགས་པས་ནུས་མེད་ཉམས་འགྱུར་བ། །འཇིག་རྟེན་དབང་དེ་ཀུན་གྱི་ཉོན་མོངས་ཕུང་པོ་ཤིན་ཏུ་མི་བཟད་མངོན་གྱུར་ཞི་བའི་སླད་གྱུར་ཅིག །སྤོས་དྲིས་རབ་ཏུ་བསླང་བའི་ དྲེགས་པ་ཆེ་འཛིན་གླང་ཆེན་ཚོགས་རྣམས་ཟ་བར་སྒྲོགས་ཤིང་འཇིགས་པའི་ཤུགས། །ཁྲོ་བས་རྩེ་གཅིག་ཏུ་འགྲོ་མགྲིན་པའི་ཕུག་ཟབ་དག་ནས་དྲག་པོའི་ངར་སྒྲ་ཟབ་མོ་སྒྲོགས་བྱེད་པའི། །རི་དགས་དབང་པོ་འཁོལ་བྱེད་ཀྱིས་བཀོལ་འོས་པ་ཉིད་དུ་གང་གི་ཡོན་ཏན་བརྗོད་པས་ལྡན་འགྱུར་བ། །ཡན་ལག་མཆོག་ འཐོར་བདེ་གཤེགས་གནས་ཤིང་རྣལ་འབྱོར་ལྡན་དེས་ཁྱེད་ཀྱི་ངན་པར་འབྲེལ་པ་སེལ་གྱུར་ཅིག །རབ་མང་གནོད་པས་རྗེས་སུ་དཔག་བྱ་བརྩེ་བ་ཟད་པའི་སྙིང་ལྡན་འཇིགས་པ་སྒྲུབ་པར་བྱེད་གྱུར་པ། །མཁའ་ལ་གནས་ཤིང་རི་ཡིས་ཉེ་བར་གཞལ་བྱ་བུང་བ་མ་ཧེ་མངོན་འགྱུར་འོད་ལྟའི་ལུས་ཀྱི་ཚོགས། ། སྦྱོར་ཐབས་ལེགས་ལྡན་སྒྱུ་མའི་རང་བཞིན་ལྟ་བུ་གང་ཞབས་བརྗོད་པས་དམན་ཞིང་བརྩོན་འགྲུས་མེད་པ་དང་། །རྣམ་པར་ཉམས་པར་བགྱིད་ལྡན་བདེ་བར་གཤེགས་པའི་གནས་དེས་ཁྱེད་རྣམས་རྣམ་པར་རྒྱལ་བའི་སླད་གྱུར་ཅིག །གླང་ཆེན་ཚོགས་ཀྱི་ཆུ་སྲིན་རབ་རྒྱུ་རལ་གྲི་མདུང་རིངས་འོད་དང་ལྡན་ པའི་དབའ་རླབས་འཁྲུག་ཅིང་རྒྱུག །རབ་བསླང་དཀར་ཞིང་གཡོ་བའི་ཏོག་གི་དབུ་བ་ལེགས་པར་གསལ་ལྡན་སྐྲག་པའི་གནས་ཀྱི་སར་གྱུར་པ། །མཚུངས་མེད་སྒྲ་རྣམས་ཡང་དག་སྒྲོགས་པའི་སྡེ་བརྟན་ཆུ་བོ་དག་ནི་གང་ཞིག་བརྟན་པ་ལེགས་པའི་གྲུས། །སྤྲོ་བ་དང་བཅས་ཡང་དག་རྒལ་གྱུར་མཚོ་ སྐྱེས་ཅན་དེས་ཁྱེད་ཀྱི་བདེ་མིན་བདེ་བར་སེལ་གྱུར་ཅིག །ས་འཛིན་ཚོགས་རྣམས་འབྱེད་པའི་མཐུ་ལྡན་འོད་ཟེར་རབ་མང་འབྱོར་པའི་འོད་ལ་སྤྱོད་ཅིང་འཇིགས་བྱེད་པ། །རབ་ཏུ་བཀྲ་བའི་མེ་འོད་རྣམ་འཛིན་འཇིགས་པས་ཟིལ་གནོན་འབྱུང་པོ་རྣམས་ནི་རྨོངས་ཤིང་འཁྲུལ་བསྐྱེད་པ། །རྡོ་རྗེ་འཇིགས་ པའི་སྣོད་ཀྱི་མངོན་དུ་ལྷུང་བ་དག་ནི་གང་ལ་གུས་པའི་མཐུ་ལས་མྱུར་ཉིད་དུ། །རྣམ་པར་ཉམས་པའི་སར་འགྱུར་མཛེས་ལྡན་མཚོ་སྐྱེས་འཛིན་པ་དེ་ཡིས་ཁྱེད་ཀྱི་སྲིད་པ་འབྱེད་གྱུར་ཅིག །ཀུན་ཏུ་གཟིར་བས་བརྟེན་ཉམས་འཕོ་བའི་སྒྲུབ་བྱེད་ཉེ་གྱུར་ལྷ་ངན་ཁྲོས་པས་ཁ་རྗེ་ཞན་གྱུར་པ། །ཟུག་གཟེར་ བརྣག་དཀའ་དྲག་པོས་འགོག་བྱེད་རྣམ་པ་སྣ་ཚོགས་མང་པོའི་ནད་ཀྱིས་རབ་ཏུ་གཟིར་བའི་ལུས། །གང་གིས་བསམ་གཏན་ངེས་བརྗོད་བདུད་རྩི་འཛིན་བྱེད་ཀྱིས་བཟུང་འགྲོ་བ་བློ་ལྡན་ཟུག་རྔུས་མི་བརྫི་བར། །ལྷག་པར་དགའ་བསྐྱེད་མགོ་ལ་སངས་རྒྱས་དེ་ཡིས་ཁྱེད་རྣམས་བློ་ནི་བྱང་ཆུབ་སླད་དུ་སྲུང་གྱུར་ ཅིག །རིང་ནས་འཁོད་བཞིན་གཤེགས་པའི་ས་བདག་མཚུངས་མེད་དགྲ་རྣམས་ཉམས་ཤིང་རབ་ཏུ་གདུང་བར་བྱེད་པའི་གླུ། །དྲག་ཏུ་ལེན་ཅིང་ཁྲིམས་ལུགས་གྲགས་པ་ཕ་མེས་བདག་པོའི་གྲགས་པ་ལས་རྒྱལ་ཁྲིམས་ལུགས་དག་དང་ལྡན། །འབྱོར་པ་རྣམ་ཀུན་བརླག་པ་བསྐྱེད་པའི་རྒྱུར་གྱུར་ཁྲོས་ པའི་བློ་ཅན་གང་ཞབས་བརྗོད་པའི་ནུས་པ་ཡིས། །མཆོག་ཏུ་མཛའ་བར་འགུགས་བྱེད་རྒྱལ་བའི་ཁྱུ་མཆོག་གནས་དེས་ཁྱེད་ཀྱི་འཇིགས་པ་ཡང་དག་འཕྲོག་གྱུར་ཅིག །ཚངས་པ་དམན་པ་ཉིད་གྱུར་བླ་མ་ཡང་ནི་བླ་མ་མིན་དང་མ་ཉམས་པར་བརྗོད་ཉམས་པ་ཉིད། །ཁྱབ་འཇུག་མི་སྨྲའི་ངང་ཚུལ་དབང་ ཕྱུག་ཀྱང་ནི་ཚིག་རྣམས་རྣམ་པར་འགོད་པའི་ཁེངས་པ་མེད་གྱུར་ལ། །ཚིམ་ཞིང་གསལ་བར་བསྟོད་འདོད་རྣམས་ཀྱང་དེ་ལྟར་ལྷ་རྣམས་གང་གི་ཡོན་ཏན་བརྗོད་ལ་མཁས་མིན་ཏེ། །རྒྱལ་བའི་ཐུགས་ཀྱི་སྤྱོད་ཡུལ་ནང་གི་ཡོན་ཏན་ཚོགས་མངའ་ཕྱག་ན་པདྨ་དག་གིས་རྒྱལ་གྱུར་ཅིག །ཡབ་ཀྱིས་ཡ་ མཚན་ལ་སྟེ་ལྷ་དགྲའི་དགྲ་ཡིས་སྤྱོད་པ་དང་ནི་མིག་གསུམ་ལྡན་པས་མིག་དག་ལ། །རིགས་ཀྱི་དགྲ་ཡིས་རིགས་ལ་བླ་མ་ཡིས་ཀྱང་གཤེགས་པ་ལ་སྟེ་མཚན་མོའི་བདག་པོས་སྐུ་ལའོ། །གྲོགས་པོ་ཡིས་ནི་བྱམས་པ་ལ་སྟེ་ཨ་ཏྲའི་བུ་ཡིས་འགྲོ་ཀུན་བུ་ལྟར་གྱུར་པའི་མཉེས་གཤིན་ལ། །འདི་བསྟོད་ བསྟོད་པའི་སྣོད་གང་མཐའ་ཡས་སྦྱིན་མཛད་ཕྱག་ན་ཆུ་སྐྱེས་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག །གང་ལ་ཚངས་པས་རང་གི་ཞལ་རྣམས་མང་པོ་ཉིད་ལས་མང་པོ་ལེགས་པར་བཞད་དང་ལྡན་པས་བསྟོད། །ཀུན་དགས་ཁེངས་ཤིང་ཕུང་པོས་ཀྱང་ངོ་གླུ་རྣམས་དག་གི་མགོན་པོས་ཀྱང་ནི་སྤྱི་བོས་ འདུད་པར་བགྱིད། །བརྒྱ་བྱིན་འདྲེན་བྱེད་བརྒྱ་ཕྲག་བཅུ་རྣམས་བསྔགས་པ་བགྱིད་ཅིང་གང་ལ་རྣམ་གཟིགས་རྒྱུན་ཆད་མེད་པར་ནི། །འདྲེན་བྱེད་དགའ་བས་ཕྱག་འཚལ་བསྟོད་པའི་སྣོད་གྱུར་འཇིག་རྟེན་གཉེན་དེས་འཇིག་རྟེན་གསུམ་རྣམས་སྲུང་གྱུར་ཅིག །པདྨ་འཛིན་པའི་གདུང་མེད་རབ་ གསལ་འཇིག་རྟེན་པ་རྣམས་སྣང་བའི་དོན་དུ་ཡོད་པ་མིན་ནམ་ཞེས། །མཁའ་ཡི་ལམ་ལ་ཉི་མའི་འགྲོན་པོ་འདི་ནི་ངལ་ཞིང་སྣང་བྱེད་འོད་ཟེར་འབྲས་བུ་མེད་པར་གླེང་། །བློ་ཡི་ནོར་ཅན་བློ་ལྡན་རྣམས་ཀྱིས་བསྟོད་པ་བགྱིས་པས་འདུན་སར་རགས་པའི་སྣང་བ་སྒྲུབ་བྱེད་ལ། །གང་གི་བཀའ་དྲིན་ མྱུར་དུ་དགྲ་རྣམས་ཉམས་པར་བྱེད་པ་དེ་ལས་འགྲོ་བ་དགེ་ལེགས་ལྡན་གྱུར་ཅིག །ཕྱག་འོས་གང་ལ་ཕྱག་འཚལ་བཀོད་པ་ལས་ཀྱང་བསོད་ནམས་སྣོད་རྣམས་ཤིན་ཏུ་མཐོ་བ་ཉིད་འགྱུར་ལ། །ཐུན་མོང་མིན་པའི་མཆོད་འོས་གཅིག་པུ་མཆོད་ཀྱང་གུས་པའི་སྣོད་རྣམས་ཉེ་བར་བསགས་པ་ཤིན་ཏུ་མང་། ། གང་གི་བསམ་གཏན་གནས་པ་དྲན་པ་ཡིས་ཀྱང་འབྱུང་པོའི་འཇིགས་པ་དག་ནི་འཕྲལ་ལ་བརྗེད་འགྱུར་བ། །མཐའ་ཡས་བསམ་གྱིས་མི་ཁྱབ་འཇིག་རྟེན་ཕན་པའི་སྒྲུབ་ལམ་འཇིག་རྟེན་མགོན་དེས་ཁྱེད་རྣམས་སྲུང་གྱུར་ཅིག །དབང་པོའི་རྡོ་རྗེ་བརྫུན་ཏེ་ལྷ་ཡི་དགྲ་རྣམས་ཉམས་པར་གང་གིས་བྱས་ཤིང་སྟོབས་ ལྡན་འཕྲོག་བྱེད་ནི། །ཤིན་ཏུ་རྣོ་ཞིང་ཡིད་འཕྲོག་མངོན་པར་མེ་ཏོག་མདའ་ཅན་དག་ལ་མེ་ཏོག་ཅན་ནི་འབྲས་བུ་མེད། །ཁྱབ་འཇུག་འཁོར་ལོ་ལ་ནི་འཁོར་ལོ་དོན་ཡོད་མིན་ཞེས་སྐྱེ་བོའི་ཚོགས་ཀྱིས་ངེས་པར་བརྗོད་ཅེས་ནས། །མཚོན་ཚོགས་བཟུང་བ་མེད་པར་དགྲ་ཡི་སྐྱེ་བོ་དགའ་བས་བཅོམ་པ་མཚོ་སྐྱེས་ལྡན་ པས་རྒྱལ་གྱུར་ཅིག །འཇིག་རྟེན་འདས་པའི་བདེ་བ་འཛིན་པར་གྱུར་ཀྱང་འགྲོ་བའི་སྡུག་བསྔལ་དྲག་པོ་དག་གིས་སྡུག་བསྔལ་ལྡན། །རྟག་ཏུ་རྗེས་སུ་ཆགས་པ་བཏང་བར་གྱུར་ཀྱང་སྐྱབས་མེད་སྡུག་པའི་སྲོག་ཆགས་གཏོང་བ་དག་ལས་གྲོལ། །འཇིག་རྟེན་གསུམ་གྱི་མགོན་པོ་ཉིད་དུ་གྱུར་ཀྱང་མི་མཉམ་ སྲེད་ལྡན་འགྲོ་ལ་བརྟེན་ཞིང་འདུད་པ་བགྱིད། །མཚུངས་བྲལ་བསམ་ཡས་སྤྱོད་པ་སྒྲུབ་མཛད་མགོ་ལ་སངས་རྒྱས་གང་དེས་ཁྱེད་རྣམས་ཡུན་རིང་སྲུང་གྱུར་ཅིག །རྒྱུན་མི་འཆད་པར་འཇིག་རྟེན་གསུམ་དུ་དཔེ་མེད་མཉེས་གཤིན་སྣུམ་བླུགས་སྦྱོར་བ་དག་ལས་ཞི་བར་ནི། །གང་ཞིག་མི་གཤེགས་སྟོབས་ལྡན་ མི་ཆུང་མུ་སྟེགས་རླུང་འཚུབས་དག་གིས་རབ་ཏུ་རྣམ་པར་མི་གཡོ་ཞིང་། །གཞན་ཕན་རྒྱུ་ལ་བརྩོན་པ་རབ་བརྟན་སྡོང་བུ་མི་ཉམས་འོད་ཟེར་དང་ལྡན་སྲིད་པའི་ཁང་པར་ནི། །གཏི་མུག་མུན་ནག་རབ་ཏུ་འཐིབས་པ་སེལ་བྱེད་འཇིག་རྟེན་དབང་པོའི་སྒྲོན་མ་དེ་ཡིས་རྒྱལ་གྱུར་ཅིག །གང་དུ་འདི་ནི་ཀུན་ལ་བྱམས་ལྡན་ མི་བཟད་མང་པོར་གྱུར་པའི་ཉོན་མོངས་དགྲ་རྣམས་ཅི་ལ་བསྲེག །གང་དུ་གྲོལ་བར་ནུས་པའི་མཐུ་ལྡན་སྙིང་རྗེའི་ཞགས་པ་བརྟན་པོས་གཡོ་བ་མེད་པར་ཅི་ལ་འཆིང་། །གང་དུ་བཏང་སྙོམས་ཕྱོགས་ཉིད་ལ་བརྟེན་གཞན་ལ་ཕན་པར་བགྱིད་སླད་ཅི་ལ་འཁྲུག་སྟེ་དེ་ཡི་ཕྱིར། །རྣམ་བཀྲ་ངོ་མཚར་ཕྱག་ན་པདྨའི་སྤྱོད་ པ་འགྲོ་ལས་འདས་པས་ཁྱེད་རྣམས་དམན་ལས་རྒྱལ་གྱུར་ཅིག །ཀུན་ལ་ཕན་ཞིང་ཀུན་གྱི་རང་བཞིན་དུ་གསལ་རྒྱ་ཆེ་ཚུལ་ལྡན་དུས་ཀུན་དུ་ནི་ཀུན་གྱི་མགོན། །ཀུན་གྱི་དོན་ཆེན་ཐམས་ཅད་སྒྲུབ་སླད་གང་ཞིག་འདུལ་བའི་སྒྲུབ་བྱེད་རྣམ་པ་ཀུན་ནི་སྟེར་བར་བགྱི། །བླ་མར་གྱུར་ཅིང་ཆེ་བའི་ཡོན་ཏན་ཀུན་གྱིས་ཀུན་ ལས་འདས་ཤིང་ཁེངས་པ་ཀུན་ནི་ཞུམ་པར་བགྱིད། །ཀུན་ནི་ཀུན་ལ་རབ་སྦྱིན་མགོ་ལ་ཀུན་མཁྱེན་དེས་ནི་སྲིད་ཆེན་ཁྱེད་རྣམས་འབྲས་དང་བཅས་གྱུར་ཅིག །དབང་པོ་རྗེ་བོ་སྐྱེ་དགུ་རྣམས་བདག་འཆི་མེད་བླ་མ་འཇིག་རྟེན་སྐྱོང་བ་དག་དང་དབང་པོ་ཆེ། །འོད་ལྡན་དང་ནི་དགྲ་ཐུལ་དབྱུག་པ་གཞན་ ལས་རྒྱལ་བའི་སྟོབས་ལྡན་ལས་རྒྱལ་ནོར་སྦྱིན་རྒྱལ་བའི་ཞབས། །དོན་ལྡན་མིང་གི་སྣོད་ནི་རྒྱལ་བ་ཉིད་ཅེས་ཁོང་བཤད་ཀྱིས་ཁེངས་འཁོར་གྱི་སྐྱེ་བོས་སྨྲས་པ་ལས། །ལྷ་མི་སྐྱེ་བོ་ངོ་མཚར་གྱུར་རྣམས་གང་ལ་ཕྱག་བགྱིད་ཕྱག་ན་ཆུ་སྐྱེས་དེ་ཡིས་རྒྱལ་གྱུར་ཅིག །གཙོ་བོ་འཕགས་པ་རྣམས་ཀྱི་མཆོག་ གྱུར་བསྡོམས་པ་དག་ནི་ཕ་རོལ་ཕོངས་པ་རབ་ཏུ་སེལ་བའི་མཆོག །རབ་ཏུ་མང་བའི་མཆོག་སྦྱིན་རྒྱ་ཆེའི་ཚོགས་ཀྱི་ཆུ་ཡི་ཆར་དྲག་གསལ་ཞིང་ཆེ་བའི་རྒྱུན་ཚོགས་ཀྱི། །སྦྱིན་པ་མི་དམན་རྒྱུན་འཛིན་གྱུར་ཅིང་བཟློག་དཀར་རབ་བརྟེན་བདུད་ཀྱི་དགྲ་ཡི་དཔའ་བོས་མི་ཐུལ་བ། །དཔག་མེད་འོད་ཟེར་འཛིན་པའི་ དཔའ་བོ་ཡིས་ནི་ཁྱེད་རྣམས་དག་གི་དཔའ་བོས་དགྲ་རྣམས་བཟློག་གྱུར་ཅིག །གང་དུ་ཕྱག་ན་པདྨོ་མཛེས་ལྡན་ནུས་པ་མཆོག་གྱུར་མཐུ་དང་ལྡན་ཞིང་རྟག་ཏུ་སྦྱོར་བ་ལ། །འཁོར་བའི་ཆུ་བདག་ལམ་ཞུགས་འཇིག་རྟེན་མགོན་པོ་མཐའ་དག་མགོན་དང་བཅས་ཞེས་རྣམ་པར་བསམས་ནས་ནི། །སངས་རྒྱས་ སྙིང་རྗེ་མི་ཆུང་ཀུན་གྱི་སྒྲོན་མར་གྱུར་པར་དོན་དང་ལྡན་པ་དམ་བཅའི་ཁུར་པོ་དག །རྣམ་པར་དོར་ནས་ཡང་ཞིང་མྱ་ངན་འདས་པ་འཐོབ་པར་དགྱེས་འཕེལ་དེ་ཡིས་ཁྱེད་རྣམས་སྲུང་གྱུར་ཅིག །འགྲོ་བའི་བྱ་བའི་ཚོགས་ཀྱི་ཁུར་ནི་བླ་མར་གྱུར་པའི་བདེ་གཤེགས་བཞིན་དུ་གཙུག་གིས་ལེགས་པར་ བླངས། །བསྔགས་པར་འོས་པ་པདྨོའི་རྒྱན་ནི་གུས་པའི་སྣོད་ལ་རང་ཉིད་བཞིན་དུ་ལག་ཏུ་ལེགས་པར་གཏོད། །སེམས་ཅན་ཚོགས་ཀྱིས་ཞི་བ་དག་ནི་དམྱལ་མེ་བཞིན་དུ་ཡུན་རིང་འཐོབ་པར་བགྱིད། །གང་གི་ཉོན་མོངས་རབ་འཆིང་རྣམས་ནི་ཤིན་ཏུ་མི་བཟད་འགྲོ་བ་བཞིན་དུ་ཞི་མཛད་ དེས་ཁྱེད་སྲུངས། །གང་ཞིག་སྒྱུ་ཅན་མིན་ཡང་རང་བཞིན་སྣ་ཚོགས་མཐའ་ཡས་སྟོན་བྱེད་གསལ་བར་གྲགས་པའི་རྒྱུ་དང་ལྡན། །འཇིགས་ཀུན་ཡང་དག་ཞི་ཡང་ཤིན་ཏུ་སྙིང་རྗེ་ལྡན་པ་ཉིད་ཀྱིས་འཇིགས་པར་གྱུར་པའི་ཀུན་སྤྱོད་མཛད། །ཁྲོ་དང་བྲལ་བ་ཡིན་ཡང་གདུག་པའི་བསམ་པ་འདུལ་ལ་ མཁས་པའི་ཁྲོ་བ་རྟག་ཏུ་རྗེས་སུ་འབྲེལ། །བསམ་གྱིས་ཁྱབ་པ་མིན་ཡང་ཆེན་པོས་བསམ་བྱ་མགོ་ལ་རྫོགས་སངས་རྒྱས་མཛེས་ལྡན་དེས་རྒྱལ་གྱུར་ཅིག །ཡན་ལག་དམ་པ་ཁོ་ན་མ་ལགས་སྐུ་ལུས་མཆོག་ཀྱང་དཔག་མེད་འོད་ཀྱིས་མངོན་པར་དགའ་བ་འཛིན། །གང་གི་པདྨོ་ཁོ་ན་མ་ལགས་དགྲ་ སྡེ་དག་ཀྱང་ཅི་འཇིགས་བཟོད་པར་དཀའ་བ་དག་ཀྱང་སནྣཱ་ལམ། །གང་གིས་རལ་པ་ཁོ་ན་མ་ལགས་ནུས་པ་དག་ཀྱང་འགྲོ་བའི་དགྲ་འཇོམས་བྱེད་པར་ཆས་ཤིང་བསྡངས། །མཁས་པ་འཇིག་རྟེན་མགོན་འདིས་གཤིན་རྗེ་ཁྲོས་པའི་བཞིན་ནི་སྣང་བ་དག་ལས་ཁྱེད་རྣམས་སྲུང་གྱུར་ཅིག ། མ་ལུས་སེམས་ཅན་དོན་གྱི་བྱ་བ་བགྱི་སླད་ནུས་པ་དག་ནི་ཀུན་ནས་རབ་ཏུ་བསྟར་བྱས་ཤིང་། །ཆས་ཀྱིས་བསྡམས་པ་གང་གི་ཚེ་ན་སྲིད་པའི་ཆུ་གཏེར་དག་ནི་སྐམས་ཀྱི་དོགས་ནས་འདར་བྱེད་ཅིང་། །ཉོན་མོངས་དོན་མཐུན་རབ་འབྲོས་བྱང་ཆུབ་སེམས་དཔའ་ངལ་སོ་ཐུབ་པ་རྣམས་ཀྱང་མྱ་ངན་ འདས་པ་ལ། །དགེ་ཞེས་བསྔགས་ཤིང་གཞོལ་བྱེད་མགོ་ལ་བདེ་གཤེགས་གནས་དེས་ཁྱེད་ཀྱི་རབ་འདོད་དྲི་མ་ཞི་གྱུར་ཅིང་། །བགེགས་ཀྱི་ཚོགས་རྣམས་གནོད་པ་དག་གིས་རྣམ་པར་འཇོམས་པ་མི་བཟད་ཡིད་ཀྱིའང་སྤྱོད་ཡུལ་མིན་པའི་ལས། །གཅིག་ཏུ་ངེས་པར་བདེ་བ་གཅོད་པའི་འགྲོ་ བའི་དགྲ་བོ་བཅད་པའི་སླད་དུ་ཕྱག་ན་པདྨོ་ནི། །དབང་མེད་མྱོས་བཞིན་ཤིན་ཏུ་འཇིགས་ལྡན་རྣམ་པར་མི་འགྱུར་གང་གིས་སྐོ་བྱེད་མགོན་པོ་དག་གི་ཡང་། །ལྕི་བར་འགྱུར་བའི་ཇོ་བོ་བརྩེ་བ་དེས་ནི་ཁྱེད་རྣམས་བརྩེ་མེད་མཐར་བྱེད་དག་ལས་སྲུང་གྱུར་ཅིག །ཟིལ་གྱིས་མནན་པའི་ས་ཉིད་མ་ཡིན་ ཤིན་ཏུ་འཇམ་པ་ཡིན་ཡང་ཇི་སྙེད་འཇིག་རྟེན་མཁས་མཐའ་ཡས། །བརྩོན་འགྲུས་ཤིན་ཏུ་བཟློག་བྱ་མ་ཡིན་དུས་གཅིག་ལ་ཡང་རབ་ཏུ་སྣང་བ་དག་གིས་ཁྱབ་པར་བྱེད། །མ་ལུས་ཤིན་ཏུ་གསལ་བ་མ་ཡིན་གཟི་ལྡན་གཟི་ཡང་མེ་ཁྱེར་འོད་ཀྱི་ཆ་ཤས་རྗེས་མཐུན་པ། །འཇིག་རྟེན་དབང་ཕྱུག་གཟི་ བརྗིད་དེ་ཡིས་འཇིགས་པ་ཞི་སླད་ཁྱེད་ཀྱི་གཏི་མུག་མུན་ཆེན་འཕྲོག་གྱུར་ཅིག །མ་ལུས་ནམ་མཁའི་ཁམས་ནི་སྐྱེ་བོ་བཞིན་དུ་ཀུན་ནས་ཡོངས་སུ་རྫོགས་པར་བྱས་གྱུར་རེ་བའི་ཕྱོགས། །ལྟུང་བའི་ཕུང་པོ་ཐམས་ཅད་སྣང་བ་བཞིན་དུ་རྣམ་པར་ཉམས་པར་རབ་བརྩོན་ཕུལ་བྱུང་མེད་པར་བགྱིད། །གང་ གི་རྫུ་འཕྲུལ་ཆེ་ལྡན་ཡིད་ཀྱི་བདུད་ནི་མུན་པའི་ཚོགས་དང་ལྷན་ཅིག་ཞི་བར་འགྲོ་བགྱིད་པ། །མཚོ་སྐྱེས་ལྡན་པའི་སྣང་བ་དེ་ནི་ཁྱེད་རྣམས་དག་གི་རབ་མང་འབྱོར་པ་འཕེལ་བའི་སླད་གྱུར་ཅིག །གཞན་གྱི་འོད་རྣམས་ཉམས་བྱེད་དབང་ཕྱུག་ཅིག་ཤོས་འོད་ཀྱིས་མཚུངས་དཀའ་མུན་པའི་ཕུང་པོའི་སྟོབས་ འབིགས་ཤིང་། །སེམས་ཅན་འཚེ་བའི་བསམ་པ་ཅན་རྣམས་ཁྱད་པར་དུ་ནི་གདུང་བྱེད་བཀྲ་བའི་འོད་ཟེར་མི་ཉམས་པ། །སྣ་ཚོགས་མཐའ་ཡས་གཡོ་མེད་ལ་སོགས་བསྒྲིབས་པའི་ཡུལ་རྣམས་དག་ནི་གསལ་བར་བྱེད་པའི་ནུས་པ་འཛིན། །འཇིག་རྟེན་དབང་པོའི་སྣང་བ་གཅིག་ཀྱང་འཆི་མེད་ཚོགས་ མཚུངས་དེ་ནི་ཁྱེད་ཀྱི་འཇིགས་སེལ་སླད་གྱུར་ཅིག །གང་དུ་སེམས་ཅན་མ་ལུས་རབ་མང་འདོད་པའི་ཆུ་ལ་རྒྱུ་བའི་བདེ་བ་རྙེད་དཀའ་ཕུན་ཚོགས་ཤིང་། །དོན་མེད་མུ་སྟེགས་ངན་པའི་སྐྱེ་བོ་རི་བོ་ལྟ་བུ་རྒལ་བར་དཀའ་བའི་གཏིང་དུ་འགྲོ་བྱེད་ལ། །བཟློག་དཀའ་ཀུན་ནས་རབ་རྒྱས་འགྲོ་བའི་སྲིད་པ་ ཉམས་པར་བྱེད་པའི་རླབས་ཕྲེང་རབ་ཏུ་འཕེལ་ལྡན་པ། །ཕྱག་ན་པདྨའི་འོད་ཟེར་ཆུ་གཏེར་ཁྱེད་ཀྱི་ནགས་མེའི་འཇིགས་པ་ཞི་སླད་རྣམ་པར་འཕེལ་གྱུར་ཅིག །ཆོས་ཀྱི་བདུད་རྩིའི་ཆུ་བོ་གདུལ་བྱ་ལ་ཡོད་གལ་ཏེ་དམྱལ་བའི་མེ་རྣམས་ཞི་བ་འདི་ནི་ཅི། །བཅིང་བར་བྱས་པ་རལ་པའི་ཕུང་པོ་ལ་ཡོད་གལ་ཏེ་ དགྲ་ཡི་ཚོགས་རྣམས་འགྲོ་བ་བྲལ་བ་ཅི། །སྤྱི་བོའི་ཁང་པར་རྒྱལ་བ་རབ་ལྕི་གནས་གྱུར་གལ་ཏེ་མགོན་པོ་འཇིག་རྟེན་གསུམ་རྣམས་དུད་པ་ཅི། །དེ་ལྟར་འཇིག་རྟེན་གཉེན་གྱིས་རྣམ་པར་བཀྲ་བའི་ཐ་སྙད་དག་གིས་ཁྱེད་ཀྱི་དགྲ་རྣམས་འཇོམས་གྱུར་ཅིག །མངོན་པར་དགའ་བས་རྒྱས་པ་གཅིག་པུ་ཉིད་ཀྱང་ སེམས་ཅན་བསམ་པའི་དབང་བྱས་རྣམ་པ་ཐ་དད་པ། །དབྱེ་དཀའ་ཡང་དག་མིན་པའི་རྟོག་པ་གཡོ་མེད་མི་གཡོ་དག་ལ་རྩོམ་པ་ཆེན་པོ་རྡོ་རྗེའི་རྩེ། །དམ་པའི་བློ་གྲོས་ཀུ་མུ་ཏི་ལ་ཟླ་བའི་འོད་ཟེར་མུ་སྟེགས་དོན་མེད་ཅན་བརྗོད་མུན་པ་ལ། །ཉམས་པར་བྱེད་པའི་ཉི་མ་འཇིག་རྟེན་དབང་པོས་ གསུངས་པའི་བསྟན་པ་ཁྱེད་ཀྱི་སྲིད་འབྱེད་སླད་གྱུར་ཅིག །སྣ་ཚོགས་རྣམ་པར་རྩོད་པའི་གནས་ཀྱི་འདུན་སར་འདུས་པ་རྒྱ་ཆེར་དྲེགས་པའི་ཆ་ལས་སྨྲ་བ་པོ། །བཟློག་དཀར་རབ་གྱུར་བསྙོན་པའི་སྒྲ་ཆེན་ལྡན་པ་རྐང་མིག་ལ་སོགས་དམན་པ་དང་བཅས་ཞུམ་གྱུར་ཅིང་། །བག་མེད་མྱོས་པའི་སྐྱེ་བོ་རྣམས་ ཀྱིས་རྣམ་པར་ལྟུང་བ་རབ་སེལ་མཁས་པ་རྣམས་ཀྱི་དགའ་སྐྱེད་པ། །མགོ་ལ་རྒྱལ་བའི་སྐུ་ལུས་འོད་ཟེར་ཕུན་ཚོགས་དག་གི་དངོས་པོ་སྐྱེ་མེད་གསུང་དེས་རྒྱལ་གྱུར་ཅིག །དགྲ་རྣམས་དབང་འགྱུར་རྒྱལ་ལྡན་མཚོན་གང་འོད་ཟེར་ཚོགས་ནི་རབ་ཏུ་མཛེས་ཤིང་འགྲོ་བ་དག་གིས་བསྟོད། །མྱ་ངན་ དམྱལ་བའི་གནས་རྣམས་དག་ལ་རྒྱ་ཆེར་གདུང་བ་རབ་ཏུ་འཇོམས་བྱེད་རྣམ་པར་རྒྱས་པའི་ཆུ། །དགྲ་ཡིས་འཕངས་པའི་མཚོན་ཕྲེང་དག་ལ་སྟོབས་ལྡན་རྡོ་རྗེ་སྲིད་གསུམ་མཐའ་དག་འཇིགས་པར་གྱུར་པ་རྣམས། །ཉམས་པར་བགྱིད་པ་ལ་བསྔགས་ཕྱག་ན་པདྨའི་ཕྱག་ནི་ཁྱེད་རྣམས་ཆགས་ཉམས་མེད་ པའི་སླད་གྱུར་ཅིག །འཇིག་པའི་འཐོར་རླུང་དག་གིས་རབ་ཏུ་དཀྲུགས་ལྟར་ཡུལ་གྱི་རི་བོ་རབ་མཐོར་ལྗོན་པའི་ཕྲེང་བའི་རྩ་བ་རྣམས། །རྩད་ནས་འབྱིན་པའི་སྟོབས་དང་ལྡན་ཞིང་དགྲ་ཡི་གླང་ཆེན་དྲེགས་པ་མི་ཆུད་ཉམས་པ་ཉིད་དུ་བགྱིད། །སློང་བའི་སྦྲང་རྩི་བྱེད་འགུགས་སྦྱིན་པའི་རྒྱུན་འབེབས་འཇིག་རྟེན་ དབང་ཕྱུག་ཕྱག་གི་སྡོང་པོ་ལ་དགའ་བ། །བཟང་པོ་དག་ནི་ཁྱེད་ཀྱི་དགྲ་ཡི་གྲོང་ཁྱེར་སྲིད་པ་འཇོམས་པའི་སླད་དུ་བརྟུན་ཏེ་འཇུག་གྱུར་ཅིག །དམ་པའི་ཁོངས་ནི་གང་ཞིག་ནོར་ལ་སྲེད་ལྡན་སྐྱེ་བོའི་ཚོགས་ཀྱི་རེ་བ་མི་འཆད་གྲུབ་པའི་གཏེར། །གང་ཞིག་ཡུ་བ་དག་ནི་རྡོ་རྗེའི་རྗེས་མཐུན་དགྲ་རྣམས་སྐྲག་བགྱིད་འདབ་ མ་དམ་པར་གྱུར་པའི་ཚེ། །ཡང་དག་རྫོགས་ཟེར་པགས་པའི་བྱང་ཆུབ་དཔལ་མོས་གནས་བགྱིས་ཡོན་ཏན་བསྔགས་པར་འོས་ལྡན་རྣམ་པར་མ་བཏང་བ། །འཇིག་རྟེན་མགོན་པོའི་ཕྱག་གི་ཡོངས་རྫོགས་པདྨ་དེ་ནི་ཁྱེད་རྣམས་དག་གི་གྲོལ་བའི་རྒྱུར་གྱུར་ཅིག །རྟག་ཏུ་སྲེད་པ་རྣམ་པར་འཕེལ་ཞིང་མགྲིན་པའི་ ཕུགས་སྐམས་དམན་པར་གྱུར་པའི་ཡི་དགས་ཕུང་པོ་རྣམས། །ཀུན་ཏུ་དགའ་བ་སྐྱེད་བྱེད་དམ་པའི་བཅུད་ལྡན་མཆོག་ཏུ་བྱང་ཆུབ་དཔལ་མོ་ལྷག་པར་གནས་པ་ཅན། །འབྱོར་འདོད་ཡིད་དང་ལྡན་པ་རྣམས་ཀྱིས་ལེགས་པར་བསྟེན་གནས་དམ་པའི་པདྨ་གསལ་ཞིང་མཛེས་པ་ཡི། །ཚོགས་ཀྱིས་རབ་ སྦྲས་ཟེ་བ་དང་ལྡན་འཇིག་རྟེན་དབང་པོའི་ཆུ་སྐྱེས་གང་དེས་ཁྱེད་རྣམས་སྲུང་གྱུར་ཅིག །ཉོན་མོངས་ཉི་མ་སྡུག་བསྔལ་ཚོགས་ཀྱི་འོད་ཟེར་ཆུང་བ་མ་ཡིན་སྟུག་པོར་གྱུར་པའི་ཚ་གདུང་གིས། །གདུང་ཞིང་དམན་པའི་སྐྱེ་བོ་གང་དག་རྣམས་ལ་ཚད་པའི་གདུགས་དང་མཚུངས་པར་རྗེས་སུ་གྲུབ་བྱེད་ཅིང་། །མི་དམན་ གདུང་བར་མི་འགྱུར་མ་ལུས་འཇིག་རྟེན་དག་ལ་མ་ཚང་མེད་འོད་སྟེང་གི་བླ་རེར་བྲིས། །འཇིག་རྟེན་དབང་པོའི་ཕྱག་ན་འབྱོར་པའི་དྲི་མེད་པདྨོས་ཁྱེད་ཀྱི་སྡིག་པ་ཉམས་པར་འགྲོ་གྱུར་ཅིག །སྟོབས་རྣམས་ཀྱི་གནས་བདག་ཉིད་ཆེ་རྣམས་ཆེ་བར་དར་བའི་གཞི་དང་འོད་ཟེར་གྲགས་པ་དག་གི་ཁྱིམ། །དགྲ་རྣམས་ སྐྲག་པར་འགྱུར་བའི་གནས་དང་བརྣག་པར་དཀའ་བའི་འཇིགས་པ་འཇོམས་པའི་ས་གཞི་ཉིད་གྱུར་པ། །སྡུག་ཅིང་མཛེས་པའི་བསྟི་གནས་དང་ནི་འགྲོ་ལས་འདས་པའི་བརྩོན་འགྲུས་ཕུང་པོ་རྒྱ་ཆེར་གྱུར་པའི་གནས། །འཇིག་རྟེན་དབང་པོའི་དཔུང་པ་འགྲོ་བ་རྣམས་ཀྱི་དགྲ་མང་ཚར་གཅོད་གཏུམ་པོའི་དབྱུག་ པ་ཉིད་གྱུར་ཅིག །གང་ཞིག་རྣམ་མཛེས་བདུད་རྩིའི་རྒྱུན་གྱི་འགྱུར་བག་ལྡན་ཡང་དགྲ་བོ་རྣམས་ནི་འཇིགས་པ་ཁོ་ནར་བགྱིད། །མཐོང་བ་རྩོལ་བར་བགྱིད་པ་མིན་ཉིད་དེ་ལྟ་ན་ཡང་ལྟ་བྱེད་རྣམས་ཀྱི་དགའ་བ་ཆུང་བ་མིན། །རྒྱན་རྣམས་ཀུན་གྱིས་རབ་ཏུ་མཛེས་པའི་ཁང་པ་ཡིན་ཡང་འགྲོ་ཀུན་རྒྱན་རྣམས་མཛེས་ དང་བྲལ་བར་བགྱིད། །འོད་ལྡན་ཆུ་སྐྱེས་ཅན་གྱི་གོས་ནི་གཅིག་པུ་དེ་ཡིས་ཁྱེད་ཀྱི་བདེ་མིན་བདེ་བར་སེལ་གྱུར་ཅིག །གང་ཞིག་རབ་མཛེས་རྒྱ་མཚོར་གཟུགས་ཀྱི་མངོན་པའི་ང་རྒྱལ་ནུབ་ཅིང་བསོད་ནམས་སྣོད་ཀྱི་ལྟ་བྱེད་རྣམས། །འགྲོ་བ་འབྲས་བུ་དང་བཅས་སྲེད་པ་སྐྱེས་པ་ཡང་ནི་མི་གནས་རབ་ཏུ་ གཡོ་བས་འཇོམས་འགྱུར་བ། །མཚུངས་མེད་རབ་ཏུ་མཛེས་ལྡན་རི་བོང་མཚན་མ་ཅན་སོགས་གྲངས་མེད་རྣམས་ནི་གཅིག་ཏུ་བགྱིས་སམ་ཞེས། །སྙམ་པར་འགྱུར་ཞེས་དེ་ཡི་པདྨ་ལས་ཀྱང་རྒྱལ་ལྡན་ཕྱག་ན་པདྨའི་བཞིན་དེས་རྒྱལ་གྱུར་ཅིག །གང་ཞིག་རྒྱུན་ཆད་མེད་པར་མཛེས་པའི་ཆུ་ཚོགས་ལྡན་པའི་ སྤྲིན་རྣམས་ཀྱིས་བསྒྲིབས་དགྲ་རྣམས་སྣོད་ལ་ནི། །ཤིན་ཏུ་རབ་གསལ་ལན་ཅིག་མ་ཡིན་འཚིག་པ་སྟེར་བའི་ཡུལ་ངན་དུ་གྱུར་ལུས་ཅན་རྣམས་ལ་ཡང་། །ཤིན་ཏུ་རྗེས་འབྲེལ་དྲི་མ་མང་པོའི་སྣག་ཚའི་འདམ་གྱི་ཚོགས་ཀྱིས་རབ་ཏུ་བསྒོས་རྣམས་འཁྲུ་བར་བགྱིད། །མགོ་ལ་སངས་རྒྱས་ཁང་ བའི་བཞིན་ནི་ཤིན་ཏུ་བཞིན་བཟངས་ཁྱེད་ཀྱི་རྣམ་བཀྲའི་བྱ་བ་མཛད་གྱུར་ཅིག །ཕྱག་ན་བཞད་པའི་ཆུ་སྐྱེས་དག་གིས་སྐྱོ་བ་མེད་པའི་རལ་པའི་ཐོར་ཚུགས་དག་ནི་རབ་གསལ་ཞིང་། །ཆེ་བར་བརྩིགས་ཏེ་བཀོད་པའི་ནང་ན་རྣམ་བཞུགས་གསལ་བ་དང་འདྲེས་འོད་དཔག་མེད་ཀྱི་འོད་གསལ་ཚོགས། །ཐ་ དད་དུ་བྱས་འོད་ནི་གསལ་ལྡན་གྱེན་དུ་བརྩམས་ཤིང་བཅིངས་པའི་སྟེང་གི་སྟུག་པོ་བཀོད་པ་ནི། །མཛེས་པས་ཚིམ་པ་མི་མཐོང་དྲག་རྣམས་རབ་འཇིགས་གསལ་ཞིང་སྒྲ་ལྡན་གོ་ཆས་ཁྱེད་རྣམས་སྲུང་གྱུར་ཅིག །རྒྱུན་ཆད་མེད་པར་རྣམ་འཕྲོ་ཤིན་ཏུ་ཀུན་དགའི་རྒྱུར་གྱུར་འོད་དཔག་མེད་འོད་ཆུ་ཡི་ ཚོགས་ལྟ་བུས། །བྲན་པ་ལས་ནི་ཤིན་ཏུ་ཕུལ་བྱུང་དག་ཅིང་མཛེས་པའི་འཕེལ་བ་རྙེད་གྱུར་ལྷག་པའི་དྲི་བཟངས་ཅན། །ལྷ་ཡི་མེ་ཏོག་རྨད་བྱུང་ཚོགས་རྣམས་རྫོགས་པའི་པདྨོ་འཛིན་པའི་རལ་པ་དག་གི་ནི། །དཔག་བསམ་འཁྲི་ཤིང་ཚོགས་ནི་ཁྱེད་རྣམས་དག་གི་བསམ་པའི་དོན་རྣམས་ཕུན་ཚོགས་ འགྲུབ་པའི་རྒྱུར་གྱུར་ཅིག །གང་ཞིག་བཅིངས་པར་གྱུར་ཀྱང་རྣམ་པར་གྲོལ་བར་ངེས་པར་བགྲོད་བྱེད་གང་ཞིག་ལུས་ལ་ལྷག་གནས་པ། །གཞན་རྣམས་ངེས་པར་སྤངས་ཀྱང་ཐུན་མོང་མིན་པར་མགོན་པོ་འོད་དཔག་མེད་ཀྱིས་རྣམ་པར་བརྒྱན་པར་མཛད། །དྲི་བཟངས་ཐམས་ཅད་སྤངས་ཀྱང་གང་ཞིག་ མཚུངས་མེད་དྲི་བཟངས་མང་པོས་མ་ལུས་ཕྱོགས་རྣམས་འགེངས་གྱུར་པ། །འཇིག་རྟེན་དབང་པོའི་ཤིན་ཏུ་ཆེ་བའི་རལ་པ་དེ་ཡིས་ཁྱེད་ཀྱི་ངེས་པར་ཐོབ་བྱའི་འཆིང་བ་འཕྲོག་གྱུར་ཅིག །རལ་ཚོགས་མ་ལགས་སྐྱེ་བོ་མ་ལུས་རྣམས་ཀྱི་ཡིད་ནི་འཆིང་བར་བགྱིད་པ་ཞགས་པའི་ཕུང་པོ་ལགས། ། མཛེས་སྡུག་མ་ལགས་འོན་ཀྱང་སྡུག་བསྔལ་མེ་ཡིས་རྣམ་བཅོམ་འགྲོ་རྣམས་གསོ་བྱེད་བདུད་རྩི་དག་གི་རྒྱུན། །པདྨོ་མ་ལགས་མ་རུངས་མཐར་བྱེད་རྟ་རྒོད་འདུལ་ལྕག་རྒྱལ་བའི་རི་བོང་ཅན་སྦྱར་སྐྲ་ཡི་དཔལ། །ཁྱེད་ཀྱི་ཉོན་མོངས་སྐྱོན་རྣམས་ཤིན་ཏུ་འཇོམས་ཤིང་མངོན་པར་འདོད་པའི་དངོས་ གྲུབ་སྦྱིན་པར་མཛད་གྱུར་ཅིག །མ་ལུས་ཕྱོགས་རྣམས་སྲེག་བྱེད་ལྷག་པར་ཀུན་ཏུ་དམར་སེར་གཟི་བརྗིད་ལྡན་པ་རྣམ་པར་བཀོད་གྱུར་པ། །འཇིག་རྟེན་གསུམ་པོ་རྨོངས་ཤིང་འཇིགས་ལ་སྐྱབས་མེད་ཟ་བའི་ཚོགས་འབར་བསྐལ་པའི་མེ་ལྟར་བརྟག་བྱ་བ། །སོ་བསྡམས་སྡང་མིག་རབ་ཏུ་འབར་བའི་རྟ་ མགྲིན་དག་གིས་རྗེས་སུ་ཀུན་ནས་གཏད་དེ་གཟིགས་པ་ལས། །མཚུངས་མེད་བརྩེ་ལྡན་འཇིག་རྟེན་དབང་ཕྱུག་སྐད་ཅིག་འཇིགས་པའི་གཟིགས་སྟངས་སྐྱེས་པས་ཁྱེད་རྣམས་སྲུང་གྱུར་ཅིག །འཇིག་རྟེན་རྣམས་ནི་བརླག་པར་རབ་གཏོང་གསལ་བ་མ་ལུས་ས་འཛིན་ཆེ་རྣམས་དི་རིང་མྱུར་བར་ནི། །ཕྱེ་མར་ འགྱུར་བགྱིད་འཛིན་པར་བྱེད་པ་ཡང་སྟེ་མཐའ་མེད་ཆུ་ཡི་གཏེར་རྣམས་སྐམ་པ་ཉིད་བགྱིད་པ། །དེ་ལྟས་གང་ཞིག་ཁྲོ་བ་བཟུང་སྟེ་ཁྲོ་གཉེར་རབ་རྒྱས་བསྡུས་གྱུར་འཇིགས་སུ་རུང་བའི་དཔྲལ་བ་ལས། །ངེས་འཐོན་ལྷ་མོ་མཚུངས་མེད་དཔུང་སྟོབས་ཅན་གྱིས་མཐོང་ནས་སྐྲག་འགྱུར་མཚོ་སྐྱེས་ ཅན་དེས་རྒྱལ་གྱུར་ཅིག །བསྟོད་འོས་རྣམས་ཀྱིས་བསྟོད་ཅིང་བླ་མ་རྣམས་ཀྱིའང་འགྲོ་བའི་བླ་མ་ཕྱག་བྱ་རྣམས་ཀྱིས་ཕྱག་བྱས་པ། །མི་ཉུང་བསྐལ་པར་བསྒྲུབས་པའི་ཟོལ་མེད་ནུས་ལྡན་མཐའ་དག་འགྲོ་བའི་སྐྱབས་གྱུར་མཚུངས་པ་མེད་པ་ཡིས། །བརྩེ་བ་རང་ཉིད་ལུས་ཅན་བཞིན་དུ་འཇིག་རྟེན་སྡུག་ བསྔལ་གཞིལ་ཕྱིར་པདྨོ་ཅན་ལས་ལེགས་འཐོན་པ། །སྒྲོལ་མ་ཡིས་ནི་ཁྱེད་ཀྱི་འཁོར་བའི་བཙོན་རའི་ནང་དུ་ལྕི་བར་གྱུར་པའི་གདུང་བྱེད་འཕྲོག་གྱུར་ཅིག །ཚིག་མཐའ་ལྡན་པའི་ཚོགས་ཀྱི་གྲངས་ནི་བགྲང་བར་ལྕི་ཞིང་ཚིག་བདག་མཆོག་གི་ཚིག་གི་སྡེ་ཚན་ཡང་། །རྗེས་སུ་གཟུང་བར་ནུས་པ་མ་ ཡིན་ངང་པའི་འགྲོས་དང་དྲག་པོའི་ཚིག་རྣམས་ཀྱིས་ཀྱང་གསལ་བར་ནི། །བརྗོད་པར་རྟོགས་དཀའ་བརྗོད་བྱ་མིན་པའི་ཚོགས་ནི་ཆ་ཤས་ཆུང་ངུས་གུས་པས་བརྗོད་དེ་ཡོངས་རྫོགས་པ། །བདེ་གཤེགས་ཚིག་གིས་ཡང་དག་བརྗོད་བྱ་ཆུ་སྐྱེས་ལྡན་པའི་ཡོན་ཏན་ཚོགས་ཀྱིས་ཁྱེད་རྣམས་སྲུང་གྱུར་ཅིག ། སྐྱེ་བའི་སྐྱེ་བ་རྣམས་སུ་སྤྱན་རས་གཟིགས་དབང་གི། །ཞབས་ལ་གུས་ཤིང་རང་བཞིན་ཤིན་ཏུ་དྲང་བ་དང་། །བློ་གྲོས་མི་གཡོ་གཞན་ཕན་བླ་མའི་བྱ་བ་དག །བྱ་བར་ལྡན་ཞིང་སྙན་ངག་མཁན་དུའང་འགྱུར་བར་ཤོག །འཇིག་རྟེན་དབང་ཕྱུག་གི་བསྟོད་པ་བརྒྱ་པ། སྙན་ངག་མཁན་ཆེན་པོ་ཤྲཱི་ བཛྲ་དེ་བ་ཞེས་བྱ་བས་མཛད་པ་རྫོགས་སོ།། །།ཡོན་ཏན་ཕུལ་དུ་བྱུང་བ་དཔག་ཏུ་མེད་པ་དང་ལྡན་པ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོ་དང་། མིའི་དབང་པོ་དཔོན་ཆེན་ཤཱཀྱ་བཟང་པོའི་བཀའ་ལུང་གིས། རྒྱ་གར་གྱི་མཁན་པོ་སྙན་ངག་མཁན་པོ་མ་ཧཱ་པཎྜི་ཏ་ལཀྵྨཱི་ཀ་ར་དང་། བོད་ཀྱི་ལོ་ཙཱ་བ་ དགེ་སློང་ཤོང་སྟོན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་རཱ་ཡ་སྟོ་ཏྲ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འཇིག་རྟེན་བླ་མ་ས་གསུམ་གྱིས་ཕྱག་བྱས། །ལྷ་དབང་ཚངས་པ་མཆོག་གིས་བསྟོད་པ་སྟེ། ། ཐུབ་མཆོག་རྒྱལ་པོ་མྱུར་དུ་དངོས་གྲུབ་སྩོལ། །སྤྱན་རས་གཟིགས་མགོན་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་རང་བཞིན་བདུད་རྩིའི་ངོ་བོ་འཆང་། །སྣ་ཚོགས་མཚན་གྱིས་སྤྲས་པའི་སྐུ་ལུས་མཆོག །བདེ་གཤེགས་འོད་དཔག་མེད་པའི་དབུ་རྒྱན་ཅན། །གསེར་གྱི་པདྨས་གཡོན་གྱི་ཕྱག་ བརྒྱན་པ། །དྲི་མེད་རལ་པ་འཁྱིལ་ནག་ཅུང་ཟད་སེར། །ཟླ་བའི་དབྱིབས་འདྲ་གསལ་ཞིང་རྫོགས་པའི་ཞལ། །པདྨ་ལྟར་ཡངས་མཆོག་ཏུ་མཛེས་པའི་སྤྱན། །མཁུར་བ་གངས་ཀྱི་དུམ་བུ་ལྟ་བུར་དཀར། །རི་དྭགས་རྒྱལ་པོའི་དགའ་བཞིན་ཞལ་སྒྲོས་དམར། །ཉི་མ་འཆར་ཀ་ལྟར་དམར་བཙོད་ཀྱི་མདོག ། པདྨ་གཞོན་ནུ་ལྟ་བུར་མཆུ་དམར་ལ། །སྟོན་ཀའི་སྤྲིན་ཚོགས་ལྟ་བུར་སྒྲ་སྒྲོགས་པ། །དཔུང་གཉིས་སྣ་ཚོགས་མཚན་གྱིས་མཛེས་པ་སྟེ། །ཕྱག་མཐིལ་པདྨ་གཞོན་ནུ་ལྟ་བུར་འཇམ། །རི་དྭགས་པགས་པ་སྐུ་ཡི་སྟོད་ན་མནབས། །སྙན་གཉིས་རྣ་རྒྱན་གཡོ་ཞིང་མཛེས་པ་མངའ། །ཕྱག་ནི་ཡངས་ཤིང་ ལྟེ་བ་ཟབ་པ་སྟེ། །པདྨ་དྲི་མ་མེད་པ་ལྟ་བུ་ལགས། །གསེར་མཆོག་སྐུ་རགས་ནོར་བུའི་རྒྱན་ལྡན་པ། །ན་བཟའ་མཛེས་པས་སྐུ་ཡི་སྨད་བརྒྱན་པ། །རྒྱལ་བ་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན། །བསོད་ནམས་དུ་མ་ལས་ནི་འཁྲུངས་པའི་མགོན། །རིམས་དང་ནད་འཇོམས་བདེ་བ་མཆོག་བསྐྱེད་པ། །སྲིད་པ་ མཐར་མཛད་མཁའ་ལ་རྒྱུ་བ་དང་། །ཀུན་ཏུ་རྒྱུ་བའི་སྐུ་མཆོག་ལ་བསྟོད་པ། །བདུད་རིགས་སྣ་ཚོགས་སྟོབས་ནི་ངེས་པར་འཇོམས། །ཞབས་མཆོག་རྐང་གདུབ་མཆོག་གི་སྒྲ་སྒྲོགས་ལ། །གླང་པོ་དྲེགས་དང་ངང་པའི་སྟབས་སུ་གཤེགས། །བདུད་རྩི་ཆེན་པོ་ཐུགས་ཆུད་ཡོངས་རྫོགས་ བརྙེས། །གསེར་བཞིན་རྟག་ཏུ་དགྱེས་པའི་རྒྱན་མངའ་བ། །རི་བོ་གྲུ་འཛིན་ན་ནི་དགྱེས་པར་བཞུགས། །འཇིག་རྟེན་དབང་ཕྱུག་ཁྱེད་ལ་རབ་ཏུ་བསྟོད། །དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཎི་དྭཱི་པ་མ་ཧཱ་ཀཱ་རུ་ཎི་ཀ་དེ་བ་པཉྩ་སྟོ་ཏྲ། བོད་སྐད་དུ། ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔ་ལ་བསྟོད་པ། རྗེ་བཙུན་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ནོར་བུའི་གླིང་དུ་ཐུགས་རྗེའི་སྐུ་འཁྲུངས་དཔལ་ལྡན་པདྨའི་རིགས། །རི་རྒྱལ་པོ་ཏ་ལ་ཡི་རིན་ཆེན་བྲག་ཕུག་ཉམས་དགའ་བར། །པད་ཟླའི་དབུས་ན་ཐུགས་རྗེའི་སྐུ་ནི་འགྱིང་ཞིང་རོལ་པའི་ ཉམས། །ཐུགས་རྗེའི་སྨན་གྱིས་བདག་ནད་གསོ་བ་མགོན་པོ་ཐུགས་རྗེ་ཅན། །མ་རིག་ཐིབས་པོ་འགྲོ་བའི་མུན་སེལ་རྗེ་བཙུན་རབ་རིབ་སེལ། །སྐྱེ་རྒ་ན་འཆི་ཐར་དཀའ་ཡང་སྲིད་རྩིབས་དྲུག་འཁོར་ལོར་ཆུད། །སྲིད་པའི་འཁྲུལ་འཁོར་བཟློག་དཀའ་སེམས་ཅན་འཁོར་བའི་རྒྱ་མཚོར་བྱིང་། །མགོན་ པོ་ཆོས་ཀྱི་འཁོར་ལོ་བསྐོར་མཛད་ཐུགས་རྗེའི་སྐུ་ཡིས་སྒྲོལ། །ཟླ་བ་ལྟར་དཀར་ཕྱག་གཉིས་པདྨ་གདུང་བ་སེལ་བའི་ཕྱག །དཔག་མེད་ཅོད་པན་རིན་ཆེན་མཛེས་བརྒྱན་གཞོན་ནུ་ཞི་བའི་སྐུ། །ཐུགས་རྗེ་བདུད་རྩིའི་རྒྱུན་གྱིས་ཟུག་རྔུའི་ནད་དང་སྡུག་བསྔལ་སེལ། །ཐུགས་རྗེ་རི་དྭགས་ལྤགས་འཛིན་ སྲིད་པའི་བླ་མ་ཕྱག་འཚལ་ལོ། །ཐུགས་རྗེའི་ཐུགས་གདུངས་སྤྱན་གཡས་ཆབ་ལས་ལྷ་མོ་ཐུགས་རྗེའི་སྐུ། །ཡིད་འོང་སྒྲོལ་མ་ལྗང་སེར་བདེ་མ་རིན་ཆེན་རྒྱན་མཛེས་སྒེག །པདྨོའི་སྐུ་ལ་ཕྱག་མཚན་ཨུཏྤལ་ཁ་འབྱེད་ཕྱག་གཉིས་ཀྱིས། །བཅུད་རྒྱས་ནུ་མས་གསོ་མཛད་འགྲོ་བའི་ཡུམ་ལ་ཕྱག་འཚལ་ ལོ། །སེམས་ཅན་སྡུག་བསྔལ་གཟིགས་ནས་སྙིང་རྗེའི་ཆུ་ལས་མཛེས་མ་འཁྲུངས། །ཁྲོ་གཉེར་ཞི་བ་སེར་མོ་རིན་ཆེན་སྐུ་བརྒྱན་ཐུགས་རྗེས་འགྱིང་། །རྗེ་བཙུན་མགོན་གཟིགས་ཕྱག་མཚན་གུས་པའི་ཕྱག་རྒྱ་དབྱུག་པ་བསྣམས། །མཆོག་སྦྱིན་བུམ་ཆུས་འགྲོ་བའི་རེ་སྐོང་ཡུམ་ལ་ཕྱག་འཚལ་ལོ། །ཐུགས་ རྗེས་ཕྲིན་ལས་དྲེགས་པ་ཚར་གཅོད་དབང་མཛད་ཁྲོ་རྒྱལ་སྐུ། །སྦྲུལ་བརྒྱན་འོད་དམར་རྟ་གདོང་ལྗང་གུ་སྤྱི་བོར་རྟ་སྐད་བཞད། །མགོན་པོ་པ་ནེ་ལ་འདུད་པུས་བཙུགས་རྡོ་རྗེ་དབྱུག་པ་བསྣམས། །པདྨའི་རིགས་སྤྲུལ་ཐུགས་རྗེའི་བརླན་གྱིས་སྒེག་ཁྲོ་ཕྱག་འཚལ་ལོ། །ཕྱག་ན་པདྨའི་དྲུང་ན་དམ་ཆོས་ ཉེར་ཞུ་ཚོང་དཔོན་བུ། །ནོར་བཟངས་སྲས་པོ་གསེར་མདོག་སྐལ་ལྡན་ཉིད་བཞུགས་རིན་ཆེན་བརྒྱན། །ཨེ་མ་བླ་མ་ལ་གུས་ཐལ་སྦྱར་པུས་བཙུགས་པུསྟི་བསྣམས། །བཞིན་བཟངས་ཁྱེའུ་དད་ལྡན་ནོར་བཟངས་བུ་ལ་ཕྱག་འཚལ་ལོ། །རྗེ་བཙུན་གསུང་གི་དབང་ཕྱུག་ཁརྶ་པཱ་ཎི་ འཁོར་བཅས་ལ། །བདག་གིས་གུས་པར་བསྟོད་བགྱིས་ཟླ་ལྟར་དགེ་བ་དྲི་མེད་དེས། །སྲིད་མཚོ་སྐེམས་ཤིང་ཐུགས་རྗེའི་ཆུ་ཡིས་སྐྱེ་འགྲོ་ཀུན་ངོམས་ནས། །རྒྱལ་བའི་དཀྱིལ་འཁོར་ཉམས་དགའ་པོ་ཊ་ལ་རུ་སྐྱེ་བར་ཤོག །སྡུག་བསྔལ་རྒྱ་མཚོ་རྒྱ་ཆེན་ཕ་རོལ་རབ་ཏུ་རྒལ་གྱུར་པ། །ཐུབ་པ་རྒྱལ་ བ་འགྲོ་བའི་གཙོ་ལ་བསྟོད་པ་ཡིས། །བསོད་ནམས་ཅི་མཆིས་དེས་ནི་འདི་ན་འགྲོ་བ་མ་ལུས་ཀུན། །བྱང་ཆུབ་རིན་ཆེན་རབ་མཆོག་ཞི་ཞིང་བདེ་ལ་རེག་པར་ཤོག །ནོར་བུ་གླིང་གི་ཐུགས་རྗེ་ཆེན་པོ་ལྷ་ལྔའི་བསྟོད་པ། །སློབ་དཔོན་རྟ་དབྱངས་ཀྱི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་སྟོ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །པདྨ་དཀར་པོ་འདབ་བརྒྱད་ཀྱི། །གེ་སར་དཀྱིལ་ན་སྤྱན་རས་གཟིགས། །མན་འཛིའི་རི་དང་མཆོད་ཕྲེང་གཡས། ། གཡོན་པ་པདྨོ་ཞགས་པ་འཛིན། །སྤྱན་གསུམ་དབུ་ལ་འོད་དཔག་མེད། །ཤེལ་གྱི་རི་ལྟར་དཀར་བ་སྟེ། །རིན་ཆེན་རྒྱན་གྱིས་རྣམ་པར་སྤྲས། །མ་ཆགས་དཀྱིལ་འཁོར་གཙོ་ལ་བསྟོད། །དོན་ཡོད་ཞགས་པ་སྡུག་བསྔལ་འདྲེན། །སྤྱན་གསུམ་ཕྱག་བཞི་རྒྱན་གྱིས་བཀླུབས། །རྡོ་རྗེ་དང་ནི་ཞགས་པ་ གཡས། །གཡོན་པ་པདྨོ་ལྕགས་ཀྱུ་དང་། །འོད་དཔག་མེད་ཀྱི་དབུ་རྒྱན་མཐོ། །དམར་སྐྱ་ཕྱེད་བསྐུམ་ཕྱེད་ལྡན་བསྟོད། །ཀྲོ་དྷ་མགྲིན་སྔོན་གདུག་པ་སེལ། །ཞལ་གཅིག་སྤྱན་གསུམ་ཕྱག་བཞི་སྟེ། །གཡས་ན་རྡོ་རྗེ་བེ་ཅོན་འཛིན། །སྡིགས་མཛུབ་པདྨ་ཟུམ་པ་གཡོན། །སྦྲུལ་དང་སྟག་ལྤགས་ སྐུ་བརྒྱན་པ། །དམར་པོ་རྟ་དབུར་ལྡན་ལ་བསྟོད། །དོ་ཀེར་གཅིག་མ་བྲན་བཞིན་ཉན། །སྤྱན་གསུམ་ཕྱག་བརྒྱད་ཤིན་ཏུ་ཁྲོ། །རྡོ་རྗེ་རལ་གྲི་བེ་ཅོན་དང་། །ཐོད་པ་གཡས་ན་འཛིན་པ་སྟེ། །དགྲ་སྟེ་ཤཀྟི་ཐོད་ཞགས་གཡོན། །མཐིང་ནག་གླང་གཟིགས་དཔའ་གང་བསྟོད། །ཁྲོ་གཉེར་ཅན་ནི་ བཀའ་བཞིན་བྱེད། །ཞལ་གཅིག་སྤྱན་གསུམ་ཕྱག་བཞིར་ལྡན། །བགྲང་ཕྲེང་ཕྱག་འཚལ་ཐལ་མོ་གཡས། །གཡོན་ན་དབྱུག་པ་གུནྡྷེ་འཛིན། །རིན་ཆེན་རྒྱན་ལྡན་ཤེལ་ལྟར་དཀར། །སྐྱིལ་ཀྲུང་ཕྱེད་པའི་གར་ལྡན་བསྟོད། །ཚིམ་པར་མཛད་དང་མཛེས་པར་མཛད། །སྣང་བར་མཛད་དང་བདེ་བར་ མཛད། །རྒྱལ་བའི་ཡོན་ཏན་མཛེས་ཚུལ་འཛིན། །ལྷ་མོ་རྨད་བྱུང་བཞི་ལ་བསྟོད། །སྒོ་ཡི་དབུས་ན་བཞུགས་པ་གང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོགས་དྲིལ། །ཚད་མེད་བཞི་ཡི་ངོ་བོ་ཉིད། །སྒོ་སྐྱོང་རྣམ་པ་བཞི་ལ་བསྟོད། །ཚངས་དབང་དྲག་པོ་ཉི་ཟླ་དང་། །ཕྱོགས་བཞིའི་འཇིག་རྟེན་ སྐྱོང་ལ་སོགས། །གཙང་མ་རིགས་ཀྱི་སྲུང་མར་བཅས། །རྣམ་ཀུན་འཁོར་ལྡན་ཀུན་ལ་བསྟོད། །མི་རྟོག་ཡེ་ཤེས་ཁྱད་པར་ལས། །སེམས་ཅན་ཀུན་ལ་ཐུགས་བརྩེའི་ཕྱིར། །ཕྲིན་ལས་བཞི་ཡིས་དོན་མཛད་པ། །དཀྱིལ་འཁོར་གྲྭ་གནས་བཞི་ལ་བསྟོད། །ཁྱོད་ཀྱི་ཡོན་ཏན་དཔག་མེད་ལས། ། ཤིན་ཏུ་ཕྲ་བའི་ཆ་བླངས་ནས། །མངོན་སུམ་ལྟ་བུར་དད་དམིགས་པས། །ཁྱེད་ལྟར་ཡོན་ཏན་རབ་རྫོགས་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་དང་བཅས་པ་ལ་བསྟོད་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་རུ་ཎི་ཀ་ཀུ་ བཱཀྱ་སྟོ་ཏྲ་ནཱ་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱི་བསྟོད་པ་ཞེས་བྱ་བ། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་བཞིན་མཛེས། །ཇི་ལྟར་མཁའ་ལ་ཉི་སྟོང་འབར་བ་བཞིན། །དཔའ་བོ་འོད་ ཟེར་ཚོགས་ཀྱིས་རྣམ་པར་མཛེས། །སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས། །ཁམས་གསུམ་འགྲོ་བ་ཡོངས་ཀྱི་གཉེན་གཅིག་པུ། །ཐུགས་རྗེའི་ལྷ་ཁྱོད་བདག་ལ་དགོངས་སུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ སྟོར་ལམ་ལོག་སྲིད་པའི་འཁོར་བར་འཁྱམས། །སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་ནོངས། །སྡིག་པའི་ལས་ནི་ཅི་བྱས་རང་གནོད་འགྱོད། །དར་ཞིང་རྒྱས་པའི་ལས་དབང་དེ་བཙན་པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་བསྲེགས། །གཏི་ མུག་མུན་པ་ཆེན་པོས་ཤེས་རབ་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང་། །ང་རྒྱལ་མཐོན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་ནག་འཚུབ་མས་འཁོར་བར་གཡེངས། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་དང་འདྲ་བའི་འོབས་སུ་ལྷུང་། ། སྡུག་བསྔལ་དྲག་པོའི་མདའ་ཆར་དྲག་ཏུ་བབ། །མེ་ཁམས་ཉི་མའི་དུག་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་རླན་ནི་འོག་ནས་གྲང་། །ཕྱི་རོལ་སེར་བུའི་དད་ནི་མཐའ་ནས་ཚ། །བད་ཀན་རླུང་མཁྲིས་ནད་ནི་ཁོང་ནས་ལྡང་། །དེ་འདྲའི་སྡུག་བསྔལ་དྲག་པོ་བཟོད་དཀའ་ནའང་། །སྡོམ་པའི་དམ་ཚིག་བཤིག་ པར་ག་ལ་རུང་། །སྡུག་བསྔལ་ཀུན་དང་བསྔོས་ནས་སྡོམ་བསྲུང་ཞིང་། །མོས་ཤིང་དད་པས་འཕགས་མཆོག་མི་གཏོང་ན། །འཕགས་མཆོག་འགྲོ་དོན་མི་མཛད་ཅི་ལ་དགོངས། །བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །ཡེ་ཤེས་སྤྱན་ཅན་ཁྱེད་ཀྱི་སྤྱན་སྔ་རུ། །བདག་འདྲས་སྨྲེ་སྔགས་ གསོལ་བར་མི་རིགས་ཀྱང་། །ཤིན་ཏུ་སྐྲག་པའི་སྨྲེ་སྔགས་གསོལ་ལགས་ན། །ཐུགས་རྗེ་ཆེན་པོས་བདག་ལ་དགོངས་སུ་གསོལ། །བདག་འདྲའི་སྐྱེ་བོ་ལས་ངན་སྡིག་པོ་ཆེ། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་དབང་ཆུ་རྒྱུན་འཕྲལ་ལ་ག་ལ་ཟློག །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་ཐལ། །ལས་ཀྱི་འབྲས་བུ་ངན་པས་ཤིན་ཏུ་བསྲེགས། །ལས་དབང་སྲེག་པའི་མེ་ནི་རབ་འབར་ཞིང་། །རྣམ་ཤེས་དབང་ པོའི་མྱུ་གུ་གདུངས་གྱུར་ན། །ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་པས། །བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ། །ཡེ་ཤེས་སྤྱན་ཅན་ཁྱེད་ཀྱི་སྤྱན་སྔ་རུ། །སྡིག་པའི་རྣམ་གྲངས་མ་ལུས་མཐོལ་བཤགས་ན། །ཐུགས་རྗེ་ཆེན་པོས་དག་པར་མཛད་དུ་གསོལ། །ད་ནས་བཟུང་ནས་ སྡིག་པ་མི་བགྱིད་སྤོང་། །བཀའ་ཡི་དོན་ལ་མངོན་སུམ་ཕྱོགས་པར་བགྱིད། །ནམ་ཡང་སྡིག་པའི་དབང་དུ་མ་གྱུར་ཅིག །ཉི་ལྟར་འོད་གསལ་ཟླ་ལྟར་འོད་མདངས་པ། །ཐུགས་རྗེ་ཆེན་པོའི་ཞལ་མཐོང་འཚལ་ལགས་ན། །ཐོག་མ་མེད་ནས་མ་རིག་ལིང་ཐོག་གིས། །བསྒྲིབས་ཤིང་ནོངས་པའི་ མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་ད་ལྟ་གང་ན་བཞུགས། །སྡུག་བསྔལ་དྲག་པོ་ཤིན་ཏུ་མི་བཟད་པས། །ཤིན་ཏུ་བསྲེགས་པས་སྐྱི་གཡའ་རབ་འཇིགས་ཤིང་། །ད་དུང་གདུང་བའི་སྨྲེ་སྔགས་ཉིད་འདོན་ན། །ཉམ་ཐག་ཕོངས་པའི་ང་རོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་ གྱིས་གསན་ལགས་སམ། །ཕོངས་པ་གང་གིས་ང་ཡི་མཚན་ཐོས་ན། །དེ་ཡི་སྡུག་བསྔལ་ཞི་བར་བྱའོ་ཞེས། །འགྲོ་ལ་ཉིད་ཀྱི་ཐུགས་རྗེས་ཞལ་བཞེས་ནས། །བདག་ཅག་འགྲོ་བ་སེམས་ཅན་ཐམས་ཅད་ལ། །དུག་ལྔ་དུག་གསུམ་ནད་ཀྱིས་གཟིར་ལགས་ན། །མི་བཟད་ནད་ནི་ཐུགས་རྗེས་ཞི་བར་ འདོད། །ཐུགས་རྗེའི་ཐུགས་ཀྱིས་བདག་ལ་དགོངས་སུ་གསོལ། །ཐུགས་རྗེའི་སྤྱན་གྱིས་བདག་ལ་གཟིགས་སུ་གསོལ། །ཐུགས་རྗེའི་གསུང་གིས་བདག་ལ་སྒྲོགས་སུ་གསོལ། །བདག་ནི་ཤི་འཕོས་ལུས་སེམས་བརྗེས་པའི་ཚེ། །གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་ཁྲིད། །དེ་དུས་ འཇིག་རྟེན་ཉེ་དུས་མི་ཕན་པས། །ལས་ཀྱིས་མནར་བས་བདག་རང་གཅིག་པུར་འཁྱམ། །དེ་དུས་བདག་ལ་མགོན་སྐྱབས་མ་མཆིས་ན། །ཐུགས་རྗེ་ཆེན་པོས་མགོན་སྐྱབས་མཛད་དུ་གསོལ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་མ་མེད་ནས་ཕྱིན་ཅི་ལོག་རྟོགས་པས། །ཁམས་གསུམ་ འཁོར་བའི་འདམ་ལས་མ་ཐར་ཏེ། །བསྐལ་པ་དཔག་མེད་སྐྱེ་བ་གྲངས་མེད་དུ། །གདོས་བཅས་ལུས་བླངས་སྐྱེ་བ་དཔག་མེད་ཞིག །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་བསགས་ན་མཐའ་ཡས་བརྗོད་མི་ལང་། །ཁམས་ གསུམ་བགྲངས་ཤིང་སྐྱེ་བའི་ཁ་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་གསན། །བཀའ་ཡི་གཏན་ཚིགས་ཟབ་མོ་མ་ཁྲོལ་ཅིང་། །ཤེས་རབ་ཟབ་མོའི་མིག་བུ་མ་བྱེ་བས