Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 4 / 23 (50.000 ký tự/trang)
ེགས་པས་ན་དེ་བཞིན་གཤེགས་ པ་ཞེས་བྱ་བའི་ཕྱིར་རོ། །དགྲ་རྣམས་བཅོམ་པས་ན་དགྲ་བཅོམ་པ་སྟེ། འདིས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །དགྲ་དག་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཏེ། དགེ་བའི་ཆོས་ཐམས་ཅད་ལ་གནོད་པ་བྱེད་པའི་ཕྱིར་རོ། །སྤངས་པ་ཕུན་སུམ་ཚོགས་པ་འདི་སྔར་སྨོས་པ་ནི། དེ་ལ་ཡེ་ ཤེས་ཕུན་སུམ་ཚོགས་པའི་སྔོན་དུ་འགྲོ་བའི་ཕྱིར་རོ། །ཡང་དག་པ་ཕྱིན་ཅི་མ་ལོག་པར་ཀུན་ནས་སངས་རྒྱས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །འདིས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པར་བསྟན་པའི་ཕྱིར་རོ། །གལ་ཏེ་ཐུབ་ པ་སྔ་མ་རྣམས་ལམ་གང་ནས་གཤེགས་པའི་ལམ་དེ་ནས་འདི་ཡང་གཤེགས་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་ན། ལམ་དེ་ཉིད་གང་ཡིན་ཞེ་ན། རིག་པ་དང་ཞབས་སུ་ལྡན་པ་སྟེ། འདིས་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་བསྟན་ཏེ། རིག་པ་ནི་ཡང་དག་པའི་ལྟ་བའོ། །ཡང་དག་པའི་ རྟོག་པ་ལ་སོགས་པ་ཡན་ལག་བདུན་ནི་ཞབས་ཏེ། ཡང་དག་པའི་ལྟ་བས་དེ་ཁོ་ན་གཟིགས་ནས། ཡང་དག་པའི་རྟོག་པ་ལ་སོགས་པ་ཞབས་སུ་གྱུར་པ་རྣམས་ཀྱིས་གཤེགས་པའི་ཕྱིར་རོ། །ཡང་ན་བསླབ་པ་གསུམ་ནི། རིག་པ་དང་ཞབས་ཏེ། ལྷག་པའི་ཤེས་རབ་ཀྱི་བསླབ་ པ་ནི་རིག་པའོ། །ལྷག་པའི་སེམས་དང་། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ནི་ཞབས་ཏེ། ཤེས་རབ་ཀྱི་སྔོན་དུ་ཡོངས་སུ་སྤྱོད་པར་གྱུར་པ་ནི་ཞབས་ཏེ་སྤྱོད་པ་ཡིན་པའི་ཕྱིར་རོ། །རིག་པ་སྔར་སྨོས་པ་ནི་དེ་ཡོངས་སུ་དག་པས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཡོངས་སུ་དག་པར་འགྱུར་བའི་ཕྱིར་རོ། ། ཡང་ན་སྔོན་གྱི་གནས་རྗེས་སུ་དྲན་པ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་། འཆི་འཕོ་དང་། སྐྱེ་བ་ཤེས་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་། ཟག་པ་ཟད་པ་མངོན་སུམ་དུ་བྱ་བའི་མངོན་པར་ཤེས་པ་དང་། འདི་གསུམ་ནི་རིག་པའོ། །ཞབས་ནི་ཚུལ་ཁྲིམས་ཕུན་སུམ་ ཚོགས་པ་དང་། སྤྱོད་པ་ཕུན་སུམ་ཚོགས་པ་དང་། བཟློག་པ་ཕུན་སུམ་ཚོགས་པ་དང་། ལྷག་པའི་སེམས་ལས་བྱུང་བ་ཚེ་འདི་ལ་བདེ་བར་གནས་པ་བཞི་པོ་རྣམས་ཏེ། རིག་པ་རྣམས་ཀྱི་སྔོན་དུ་ཡོངས་སུ་སྤྱོད་པར་གྱུར་པའི་ཕྱིར་ཏེ། སྔར་སྤྱད་པ་ཡིན་པའི་ཕྱིར་རོ། །དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་ པ་ནི་རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་སྤངས་ཤིང་མ་ཉམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ། །སྤྱོད་པ་ཕུན་སུམ་ཚོགས་པ་ནི་སྤྱོད་ལམ་ཐམས་ཅད་ཤེས་བཞིན་དུ་གནས་པའོ། །བཟློག་པ་ཕུན་སུམ་ཚོགས་པ་ནི་མིག་ལ་སོགས་པའི་ཡུལ་རྣམས་ལ་མཚན་མར་མི་འཛིན་པས། དབང་པོ་བསྡམས་ པའོ། །དེ་ལྟར་ཚུལ་ཁྲིམས་ཡོངས་སུ་དག་པ་དང་། ཤེས་བཞིན་དུ་གནས་པ་དང་། དབང་པོ་རྣམས་ཀྱི་སྒོ་བསྲུང་བ་ནི། ལྷག་པའི་སེམས་ལས་བྱུང་བ། ཚེ་འདི་ལ་བདེ་བར་གནས་པ་བཞི་སྒྲུབ་པར་བྱེད་དེ། དེ་དག་ནི་བསམ་གཏན་བཞི་པོ་རྣམས་སོ། །དེའི་ཕྱིར་འདི་ལྟར་བཅོམ་ལྡན་འདས་དེ་ནི་རིག་པ་ རྣམས་དང་། ཞབས་འདི་རྣམས་དང་ལྡན་པས། རང་གི་དོན་ཕུན་སུམ་ཚོགས་པ་བརྙེས་པར་གྱུར་པའི་ཕྱིར། རིག་པ་དང་ཞབས་སུ་ལྡན་པ་ནི་རང་གི་དོན་ཕུན་སུམ་ཚོགས་པ་འཐོབ་པའི་རྒྱུར་བསྟན་པ་ཡིན་ནོ། །རང་གི་དོན་ཕུན་སུམ་ཚོགས་པ་དེ་ཇི་ལྟ་བུ་ཡིན་པ་དེ་ཡང་། བདེ་བར་གཤེགས་པ་ཞེས་བྱ་ བས་བསྟན་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ལམ་ནས་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པར་ལེགས་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། གཟུགས་ལེགས་པ་བཞིན་ནོ། །ཡང་ན་ཕྱིར་མི་ལྡོག་པར་གཤེགས་པས་ན་བདེ་བར་གཤེགས་པ་སྟེ། རིམས་ནད་ལེགས་པར་སོས་པ་ བཞིན་ནོ། །མ་ལུས་པར་གཤེགས་པའི་ཕྱིར་ཡང་བདེ་བར་གཤེགས་པ་སྟེ། བུམ་པ་ཤིན་ཏུ་གང་བ་བཞིན་ནོ། །དོན་འདི་གསུམ་ཡང་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་། སློབ་པ་དང་། མི་སློབ་པ་རྣམས་ལས་རང་གི་དོན་ཕུན་སུམ་ཚོགས་པ་བྱེ་བྲག་ཏུ་བྱ་བའི་ཕྱིར་རོ། །འཇིག་རྟེན་མཁྱེན་པ་ནི་སྐལ་ བ་དང་ལྡན་པ་དང་། སྐལ་བ་དང་ལྡན་པ་མ་ཡིན་པ་མཁྱེན་པའི་ཕྱིར་རོ། །འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པའི་རྒྱུ་བསྟན་ཏོ། །སྐལ་བ་དང་ལྡན་པ་དང་། སྐལ་བ་དང་ལྡན་པ་མ་ཡིན་པ་ཐུགས་སུ་ཆུད་ནས། སྐལ་བ་དང་ལྡན་པ་རྣམས་འདུལ་བར་མཛད་པས་ན། སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་ པ་ཞེས་གསུངས་ཏེ། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །གདུལ་བར་འོས་པ་དང་། གདུལ་བར་ནུས་པ་ཡིན་པའི་ཕྱིར། གདུལ་བ་སྟེ་སྐྱེས་བུ་ཉིད་གདུལ་བ་ཡིན་པའི་ཕྱིར་རོ། །སྐྱེས་བུ་གདུལ་བའོ། །དེ་དག་གིས་ཁ་ལོ་སྒྱུར་བ་ནི་ལམ་ངན་པ་ནས་བཟློག་སྟེ་ལམ་བཟང་པོར་འཛུད་ པའི་ཕྱིར་དང་། ཡོན་ཏན་གྱི་ཁྱད་པར་བསྐྱེད་པའི་ཕྱིར་ཏེ། རྟ་ལ་སོགས་པའི་ཁ་ལོ་སྒྱུར་བ་བཞིན་ནོ། །བླ་ན་མེད་པ་སྨོས་པ་ནི། གདུལ་དཀའ་བ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ཤས་ཆེ་བ་འཕགས་པ་མཛེས་དགའ་དང་། སོར་ཕྲེང་དང་། ལྟེང་རྒྱས་འོད་སྲུངས་ དང་། རྒྱལ་པོ་ཆེན་པོ་ཀ་པི་ན་ལ་སོགས་པ་གདུལ་བ་ཡང་ཡིན་ནོ་ཞེས་བསྟན་པའི་དོན་ཏོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཇི་ལྟ་བུ་ཡིན་པ་བསྟན་ཏོ། །སྟོན་པའི་ཕྱིར་ནི་སྟོན་པ་སྟེ། བསྟན་པ་ན་འཕགས་པའི་བདེན་པ་བཞི་ཁོང་དུ་ཆུད་པའོ། །དེ་བས་ན་ལྷ་དང་མི་ སྨོས་ཏེ། དེ་དག་ཁོ་ན་ཁོང་དུ་ཆུད་པའི་སྐལ་བ་དང་ལྡན་པའི་ཕྱིར་རོ། །ལམ་བཟང་པོ་སྟོན་པ་ལ་སོགས་པའི་རྒྱུ་ཉིད་ཀྱིས་ནི་ཐམས་ཅད་ཀྱི་ཡང་སྟོན་པ་ཡིན་ཏེ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས་གསུངས་སོ། །འཕགས་པའི་བདེན་པ་རྟོགས་པ་དེས་ཞུགས་ན། ཐེག་པ་ཇི་ལྟ་བ་བཞིན་དུ་ ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར། ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཞེས་བྱའོ། །དེ་ལྟར་ན་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པ་དེ་སུ་ཡིན་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་དཔལ་ གྱི་གཟི་བརྗིད་རྒྱལ་པོ་ལྟ་བུ་ཞེས་བྱ་བ་ཞེས་གསུངས་པ་དང་སྦྱར་ཏེ། བློ་ཁྱད་པར་དུ་འཕགས་པ་འདི་ལ་ཡོད་པས་ན་སངས་རྒྱས་ཞེས་བྱའོ། །བློ་ཁྱད་པར་དུ་འཕགས་པ་ཡང་རྣམ་པ་དགུ་སྟེ། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་དང་། བསྒྲིམ་མི་དགོས་པར་མཁྱེན་པ་དང་། ལུང་ ཕོག་པ་མེད་པར་མཁྱེན་པ་དང་། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་སྤངས་པ་དང་། རྣམ་པ་ཐམས་ཅད་དུ་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པར་སྤྱོད་པ་དང་། ཐུགས་རྗེ་ཕུན་སུམ་ཚོགས་པ་དང་། ཟད་མི་ཤེས་པ་ཕུན་སུམ་ཚོགས་པ་དང་། མཚུངས་པ་མེད་པ་ཕུན་སུམ་ ཚོགས་པས་སོ། །ཡང་ན་དངོས་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། ད་ལྟར་གྱི་དུས་ལ་བྱའོ། །མ་འོངས་པ་ཡང་དེ་དེའི་རང་བཞིན་ཡིན་པའི་ཕྱིར། སངས་རྒྱས་ཞེས་བྱ་སྟེ། འོ་མ་དང་བུད་ཤིང་བཞིན་ནོ། །གལ་ཏེ་དེ་ལྟར་ན་འདས་པ་ན་སངས་རྒྱས་མ་ ཡིན་པར་འགྱུར་རོ་ཞེ་ན་མི་འགྱུར་ཏེ། སངས་རྒྱས་འདས་པ་ནི་མེད་པས་ཡོངས་སུ་མྱ་ངན་ལས་འདས་པ་ནི་མི་སྲིད་པར་བསྟན་ཟིན་ཏེ། འཁོར་བ་ཇི་སྲིད་ཡོད་ཀྱི་བར་དུ་སྐད་ཅིག་རེ་རེ་ལ་དངོས་པོའི་ཡུལ་མ་ལུས་པ་ལ་མཁྱེན་པ་འཇུག་པའི་ཕྱིར་རོ། །ཡང་ན་རྣམ་པ་ཐམས་ཅད་དུ་ལྷག་པ་མེད་པའི་ཡོན་ཏན་ཐམས་ཅད་ དང་ལྡན་པ་དེ་ལ་ནི་སངས་རྒྱས་ཞེས་བྱ་སྟེ། དེའི་ཕྱིར་འདི་ལ་ཉེས་པ་མེད་དོ། །ཡང་ན་སྟོན་པ་པོ་བཅོམ་ལྡན་འདས་ལ་དད་པའི་ཁྱད་པར་བསྐྱེད་པའི་ཕྱིར་རོ། །སྟོང་པ་ཉིད་ཕུན་སུམ་ཚོགས་པ་ཡོན་ཏན་གྱི་ཆེ་བ་ཉིད་བསྟན་ཏེ། སྟོན་པ་རྣམ་གཉིས་གང་གིས་འཐོབ། །ཅི་འདྲ་དེ་ཡི་ལམ་རྣམ་གཉིས། །གང་དག་ལ་ནི་ དེ་གནས་དང་། །དེ་དང་ལྡན་པའང་སྟོན་པར་བྱེད། །དེ་ལ་སྟོན་པ་ཉིད་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ནི། གསུངས་པ་ཉིད་ཀྱི་མཚན་ཉིད་དང་། བསྒྲུབ་པ་ཉིད་ཀྱི་མཚན་ཉིད་དོ། །དེ་ལ་གསུངས་པ་ཉིད་ཀྱི་མཚན་ཉིད་ནི། དེ་བཞིན་གཤེགས་པ་ཞེས་གསུངས་པ་ཡིན་ཏེ་ཆོས་རྣམས་ཇི་ལྟར་གནས་ པ་དེ་ཁོ་ན་བཞིན་དུ་གསུངས་པས་ན་དེ་བཞིན་གསུངས་པ་ཞེས་བྱ་བའི་ཕྱིར་རོ། །འདིས་ནི་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་པོ་ཉིད་ཡིན་པར་བསྟན་ཏོ། །སྒྲུབ་པ་ཉིད་ཀྱི་མཚན་ཉིད་ནི། སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་རྣམ་པ་གཉིས་ཏེ་གོ་རིམས་བཞིན་དུ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་པོ་ཉིད་དང་། ཉོན་མོངས་པ་ཐམས་ཅད་སྤངས་པ་དང་། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཐུགས་སུ་ཆུད་པས་བཅོམ་ལྡན་འདས་ཀྱིས་སྟོན་པ་ཉིད་ཕུན་སུམ་ཚོགས་པ་ཐུན་མོང་མ་ཡིན་པ་དང་། ཡོངས་ སུ་རྫོགས་པར་བསྟན་ཏེ། འདི་ལྟར་ཕྱི་རོལ་པ་རྣམས་ལ་ཕྱིན་ཅི་མ་ལོག་པར་ཆོས་སྟོན་པ་པོ་ཉིད་མེད་དེ། ཉོན་མོངས་པ་ཐམས་ཅད་མ་སྤངས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་དག་ཡང་དག་པའི་སྟོན་པ་མ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་མོངས་པ་ཐམས་ཅད་སྤངས་པ་ཡིན་པའི་ཕྱིར། ཡང་དག་པའི་སྟོན་པ་ཡིན་མོད་ཀྱི། རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཁོང་དུ་ཆུད་པ་མ་ཡིན་པས་ན། རྣམ་པ་ཐམས་ཅད་ཀྱི་སྟོན་པ་མ་ཡིན་ནོ། །བཅོམ་ལྡན་འདས་ནི་ཡང་དག་པའི་སྟོན་པ་དང་རྣམ་པ་ཐམས་ཅད་ཀྱི་སྟོན་པ་ཡིན་ནོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་དེ་གང་གིས་འཐོབ་པ་དེ་ནི་རིག་པ་ དང་ཞབས་སུ་ལྡན་པ་ཞེས་བྱ་བས་བསྟན་ཏོ། །སྟོན་པ་ཉིད་ཕུན་སུམ་ཚོགས་པ་རྣམ་པ་གཉིས་པ་དེ་ཅི་འདྲ་བ་དེ་ཡང་། བདེ་བར་གཤེགས་པ་ཞེས་བྱ་བས་བསྟན་ཏོ། །དེ་ཡང་ལེགས་པར་ཞེས་བྱ་བ་ལ་སོགས་པ་དོན་གསུམ་སྨོས་པས་ཅི་རིགས་པར་བཤད་པར་བྱའོ། །སྟོན་པ་ཉིད་ཕུན་སུམ་ཚོགས་ པ་དེའི་ཕྲིན་ལས་རྣམ་པ་གཉིས་ལ་སེམས་ཅན་སྐལ་བ་དང་ལྡན་པ་དང་། སྐལ་བ་དང་ལྡན་པ་མ་ཡིན་པ་ལ་གཟིགས་པའི་ཕྲིན་ལས་གང་ཡིན་པ་དེ་ནི་འཇིག་རྟེན་མཁྱེན་པ་ཞེས་བྱ་བས་བསྟན་ཏོ། །སྐལ་བ་དང་ལྡན་པ་འདུལ་བ་གང་ཡིན་པ་དེ་ནི་སྐྱེས་བུ་གདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱ་བས་ བསྟན་ཏོ། །སྐལ་བ་དང་ལྡན་པའི་གདུལ་བའི་ཕྲིན་ལས་གང་དག་ལ་གནས་པ་དེ་ནི། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བས་བསྟན་ཏོ། །སུ་སྟོན་པ་ཕུན་སུམ་ཚོགས་པ་དེ་དང་ལྡན་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བས་བསྟན་ཏོ། །ཚིག་གི་དོན་ནི་སྔར་བཤད་ཟིན་པས་འདིར་ནི་སྦྱར་བ་ཙམ་དུ་ཟད་དོ། ། ཡོངས་སུ་མྱ་ངན་ལས་འདའ་བའི་སྒོ་ནས་སྟོན་པ་པོ་བསྟན་པ་ནི། ཤཱ་རིའི་བུ་ཞེས་བྱ་བ་ལ་སོགས་པས་མཚན་དང་། ཡོན་ཏན་དང་། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ངེས་པ་རྣམ་པ་གསུམ་དུ་ཕྱེ་སྟེ། ཀྱེ་མ་འདིར་སངས་རྒྱས་བཅོམ་ལྡན་འདས་ཡོན་ཏན་གྱི་གཞི་འདི་ལྟ་བུ་ ཡང་། མི་རྟག་པ་ཉིད་ཀྱི་ལམ་ན་འདུག་ན། བདག་ཅག་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་སེམས་ཏེ། སྲོག་ཆགས་རྣམས་ཀྱིས་སྐྱོ་བའི་བྱེ་བྲག་བསྐྱེད་པའི་ཕྱིར་རོ། །ཚེ་ཞེས་བྱ་བ་ནི་ངེས་པའམ། ཡང་ན་ཁོང་དུ་ཆུད་པ་ལ་བྱ་བར་ཤེས་པར་བྱའོ། །གལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་པར་ ངེས་ན། དེས་ལོ་བདུན་ཁྲིར་ཞེས་བྱ་བ་ལ་སོགས་པའི་ཚིག་ཇི་ལྟར་སྐྱོན་དུ་མི་འགྱུར་ཞེ་ན། སྨྲས་པ། འཇིག་རྟེན་ཚེ་ནི་དཔག་མེད་ཚེ། །ཐུབ་པ་ཆེན་པོ་སྐྱེས་པ་དེ། །ཡོངས་སུ་མྱ་ངན་འདའ་བ་ཡི། །དུས་བབ་པ་ནི་དེ་འདྲའོ། །འཇིག་རྟེན་གྱི་ཚེ་དཔག་ཏུ་མེད་པ་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་རིན་ཆེན་དཔལ་གྱི་གཟི་བརྗིད་རྒྱལ་པོ་ལྟ་བུ་བྱུང་སྟེ། དེའི་ཕྱིར་དུས་དེ་ལ་ལྟོས་ནས། དེའི་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་ལ་བབ་པ་ཡང་ཡུན་རིང་བར་འགྱུར་ཏེ། དེ་ལྟ་བས་ན་དེ་ལོ་བདུན་ཁྲིར་ཞེས་བྱ་བ་ལ་སོགས་པའི་ཚིག་ལ་སྐྱོན་མེད་དོ། །གཟུངས་ཐོབ་པ་པོའི་རིགས་བསྟན་པ་ནི་རྣམ་པ་ ལྔར་མཛད་དོ། །མིང་དང་། རྒྱལ་པོ་དང་། གླིང་བཞིའི་བདག་པོ་དང་། དབང་ཕྱུག་དང་། མིའི་བདག་པོའོ། །སྣང་བ་འཛིན་ཞེས་བྱ་བ་ནི་གཞན་ཡང་ཡོད་པའི་ཕྱིར་རྒྱལ་པོ་སྨོས་སོ། །རྒྱལ་པོ་ནི་རྒྱལ་ཕྲན་ལ་ཡང་བྱ་བའི་ཕྱིར། འཁོར་ལོས་སྒྱུར་བ་སྨོས་སོ། །འཁོར་ལོས་སྒྱུར་བ་ཞེས་བྱ་བ་ནི་དེ་བཞིན་ གཤེགས་པ་ལ་ཡང་ཡོད་པའི་ཕྱིར་རྒྱལ་པོ་སྨོས་སོ། །འཁོར་ལོས་སྒྱུར་བ་སྨོས་པས་ཀྱང་རིན་པོ་ཆེ་སྣ་བདུན་དང་ལྡན་པར་མངོན་མོད་ཀྱི། རིན་པོ་ཆེ་སྣ་བདུན་དང་ལྡན་པ་སྨོས་པ་ནི་བྱེ་བྲག་ཏུ་དབྱེ་བའི་དོན་ཏེ། དེས་ནི་གླིང་བཞིའི་བདག་པོ་བསྡུའོ། །རིག་སྔགས་འཆང་གི་འཁོར་ལོས་སྒྱུར་བ་ཡང་ཡོད་པས་ ན། མིའི་དབང་པོ་སྨོས་སོ། །ཐོབ་པ་པོ་བསྟན་པ་ནི་རྣམ་པ་ལྔས་མཛད་དེ་མིང་དང་འབྲེལ་པ་དང་། ན་ཚོད་དང་། ཆོས་ཀྱི་རྣམ་གྲངས་ཐོབ་པ་དང་། སྟོན་པ་པོ་དང་འབྲེལ་པའོ། །ཐོས་ནས་ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པ་བསྟན་པ་ནི་རྣམ་པ་གཉིས་ཏེ། སྤྱི་དང་བྱེ་བྲག་གོ། །བྱེ་བྲག་ཀྱང་རྣམ་པ་ བརྒྱད་དེ། དུས་དང་རྨུགས་པ་དང་གཉིད་མེད་པ་དང་། དགའ་བ་མེད་པ་དང་། བརྩོན་འགྲུས་དང་། སེམས་རྩེ་གཅིག་པ་དང་། དེའི་འབྲས་བུ་དང་། དེ་ཉམས་སུ་ལེན་པ་དང་། རབ་ཏུ་འབྱུང་བའོ། །དེ་ལ་དུས་ནི་ལོ་བདུན་ཁྲི་སྟེ། འདི་ནི་རབ་ཏུ་མ་བྱུང་བའི་སྔ་རོལ་གྱི་ཡིན་པར་ཤེས་པར་བྱའོ། །དེ་ ཕྱིན་ཆད་ལོ་དགུ་ཁྲི་ནི་གཟུངས་སྒྲུབ་པའི་དུས་ཡིན་ནོ། །དེའི་རྒྱུ་ནི་སྤངས་པའི་ཕྱིར། །དེས་ནི་རྨུགས་གཉིད་དེ་མ་བསྟེན། །རྨུགས་པ་ནི་ལུས་དང་སེམས་ལས་སུ་མི་རུང་བ་ཉིད་དོ། །གཉིད་ནི་སེམས་མངོན་པར་སྡུད་པའོ། །དེ་གཉིས་ཀྱི་རྒྱུ་ནི་ཧ་ཅང་མང་དུ་ཟ་བ་དང་། ཧ་ཅང་ཉུང་ངུ་ཟ་བ་སྟེ། དེ་སྤངས་ པས་རྒྱལ་པོའི་བུ་དེས་རྨུགས་དང་གཉིད་མ་བསྟེན་ཏོ། །དེ་གཉིས་ནི་སེམས་རྩེ་གཅིག་ཏུ་བྱ་བ་ལ་བགེགས་བྱེད་པ་ཡིན་ཏེ། དེའི་ཕྱིར་འབྲས་བུ་ཐ་མི་དད་པས་མཚན་གཅིག་ཏུ་བསྡུའོ། །དངོས་པོའི་ངོ་བོ་ཉིད་ཤེས་པས། །དགའ་བ་རྣམ་གསུམ་སྤང་བར་བྱ། །འདུ་བྱེད་འདི་དག་མི་རྟག་པ་སྤོང་ བར་རྟོགས་པས་དགའ་བ་རྣམ་པ་གསུམ་མི་བྱེད་དེ། འདི་ལྟར་ཕྱི་རོལ་དང་། ནང་གི་ཡུལ་གྱི་བྱེ་བྲག་གིས་དགའ་བ་རྣམ་པ་གཉིས་ཡོད་ལ། ཕྱི་རོལ་གྱི་ཡུལ་ཡང་གཙོ་བོ་དང་། དེའི་ཡན་ལག་དང་རྣམ་པ་གཉིས་ཡོད་དོ། །དེས་ན་རྣམ་པ་གསུམ་དུ་འགྱུར་ཏེ། གཙོ་བོ་ནི་རྒྱལ་སྲིད་དོ། །དེའི་ཡན་ལག་ ནི་ནོར་ཡིན་ཏེ། དེ་ཡང་རིན་པོ་ཆེ་སྣ་བདུན་ལ་སོགས་པའོ། །བདག་གི་ལུས་དང་། དེའི་ཡན་ལག་ལ་སོགས་པ་ལ་དགའ་བ་ནི་བདག་ལ་དགའ་བའོ། །རྨུགས་པ་དང་གཉིད་ལ་སོགས་པ་དང་། དེ་གསུམ་ཡོངས་སུ་སྤངས་ནས་བརྩོན་འགྲུས་བརྩམས་པའི་ཕྱིར། དེ་ལོ་བདུན་ཁྲིར་ལན་འགའ་ ཡང་ས་ལ་གློས་མ་ཕབ་སྟེ་ཞེས་གསུངས་སོ། །དེ་ནས་ཏིང་ངེ་འཛིན་བསྒོམ་པའི་ཕྱིར། གཅིག་ཏུ་ངེས་པར་ནང་དུ་ཡང་དག་འཇོག་ལ་གནས་སོ་ཞེས་གསུངས་ཏེ། གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གཅིག་ཏུ་ངེས་པའི་སྐྱེ་བོ་མེད་པའི་ཕྱོགས་སམ། གཅིག་ཏུ་ངེས་པར་ནང་དུ་ཡང་དག་འཇོག་པས་ རང་བཞིན་གྱིས་སེམས་རྩེ་གཅིག་ཏུ་བྱེད་པ་ལ་ནི། གཅིག་ཏུ་ངེས་པར་ནང་དུ་ཡང་དག་འཇོག་ལ་བྱའོ། །ཏིང་ངེ་འཛིན་དེའི་འོག་ཏུ་ཏིང་ངེ་འཛིན་གྱི་འབྲས་བུ་འཐོབ་པ་ཡིན་ཏེ། ལོ་དགུ་ཁྲི་ཞེས་གསུངས་སོ། །འཇིག་རྟེན་ཁམས་གཞན་སངས་རྒྱས་རྣམས། །བཞུགས་པ་བྱང་ཆུབ་སེམས་ དཔའ་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་དཔལ་སྣང་བ་ཐོབ་པ་དེས་མཐོང་སྟེ། འཇིག་རྟེན་གྱི་ཁམས་གཅིག་ཏུ་མ་ཡིན་ཏེ། དེ་བཞིན་གཤེགས་པ་གཉིས་ནི་འཇིག་རྟེན་གྱི་ཁམས་གཅིག་ཏུ་ཅིག་ཅར་འབྱུང་བ་འགལ་བའི་ཕྱིར་རོ། །དེ་ལྟ་བས་ན་སངས་རྒྱས་བྱེ་བ་ ཕྲག་དགུ་བཅུ་ལས། ཆོས་བསྟན་པ་ནི་ཐོས་སོ་ཞེས། །བྱས་པའི་ཚིག་ལ་ཉེས་པ་མེད། །ཡང་ན་བློ་བཟང་འཇིག་རྟེན་ཁམས། །འདི་གཞན་སངས་རྒྱས་བཞུགས་པ་མཐོང་། །བསྟན་པ་འབྱུང་ལ་བརྟེན་ནས་ནི། །ཅིག་ཅར་སྐྱེ་བ་དགག་པ་ཡིན། །ཡང་ན་ བྱང་ཆུབ་སེམས་དཔའ་བློ་བཟང་པོ་དེས་སངས་རྒྱས་འཇིག་རྟེན་གྱི་ཁམས་འདི་ན་བཞུགས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པ་རྣམས་མཐོང་སྟེ། དེའི་ཕྱིར་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ཞེས་བྱ་བ་ལ་སོགས་པ་འདི་སྤྱིར་གསུངས་སོ། །སྔ་ཕྱི་མེད་པར་དེ་བཞིན་ གཤེགས་པ་གཉིས་འཇིག་རྟེན་དུ་མི་འབྱུང་ཞེས་བྱ་བ་འདི་ནི། དེའི་བསྟན་པ་འབྱུང་བ་ལ་དགོངས་ནས་ཅིག་ཅར་སྐྱེ་བ་དགག་པ་ཡིན་ནོ། །དེ་ཕྱིར་དེ་བཞིན་གཤེགས་པ་གཉིས་ཀྱི་བསྟན་པ་འཇིག་རྟེན་དུ་ཅིག་ཅར་མི་འབྱུང་སྟེ་དོན་དུ་དེ་ལ་བྱའོ། །དེ་གཉིས་ཀྱི་སྐྱེ་བ་དེ་ནི་འདི་ལྟར་བསྟན་པ་འབྱུང་བ་ ལ་བྱ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་གཞན་གྱི་དོན་དང་། གཞན་གྱི་དབང་གིས་སྐྱེ་བར་ཟད་པའི་ཕྱིར་རོ། །ཡང་ན་སྔ་ཕྱི་མེད་པར་མི་འབྱུང་ཞེས་སྨོས་པས་དེ་དག་རིམ་གྱིས་བྱུང་བ་ཁོ་ནར་བཀའ་སྩལ་པ་ཡིན་ནོ། །འབྱུང་བ་དེ་དག་ཀྱང་ཡོངས་སུ་མྱ་ངན་ལས་མི་འདའ་སྟེ། ལོངས་སྤྱོད་ རྫོགས་པའི་སྐུའི་ཚུལ་གྱིས་བཞུགས་པ་དེས་ན། བསོད་ནམས་དང་ལྡན་པ་མ་ཡིན་པ་རྣམས་ཀྱིས་མི་མཐོང་ལ། བསོད་ནམས་ཅན་རྣམས་ཀྱིས་ནི་བསོད་ནམས་ཇི་ལྟ་བ་བཞིན་དུ་ཉུང་ངུའམ། མང་པོ་ཡང་དག་པར་དམིགས་པ་ཙམ་དུ་ཟད་པའི་ཕྱིར་ཉེས་པ་མེད་དོ། །ཐོས་པ་ནི་བསྟན་པ་ཐོས་པར་ཟད་ན། བསྟན་པ་ཞེས་སྨོས་ཅི་དགོས་ཞེས་དེ་སྐད་ཟེར་ན་ནི། དོན་འདི་ཡིན་ཏེ། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་ཏེ་དགུ་བཅུ་དག་ལས་ཐོས། །ཆོས་ཞེས་བྱ་བ་ལྷག་མའོ། །དེ་དེ་ལྟ་ན་དོན་ནི་འདི་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱིས་ཆོས་བསྟན་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ལས་ཐོས་ སོ་ཞེས་བྱ་བའི་ཐ་ཚིག་སྟེ། དེས་ན་ཆོས་ཀྱི་དེ་ཁོ་ན། །བསྟན་པ་ཐབས་དང་བཅས་པ་བརྗོད། །རྒྱུ་དེས་བརྗོད་པ་ཡིན་ཏེ། ཆོས་ཀྱི་དེ་ཁོ་ན་ནི་སྟོང་པ་ཉིད་དོ། །ཐབས་ནི་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། ཆོས་ཀྱི་དེ་ཁོ་ན་ཐབས་དང་བཅས་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་ བསྟན་པ་དང་། སྟོན་པ་དང་། སྟོན་པར་འགྱུར་རོ། །སྐྱེས་པའི་རབས་ལ་སོགས་པ་གང་ཡིན་པ་དེ་དག་ལ་ནི། སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ་ཚངས་པར་ངེས་པ་མེད་དེ། འདི་ལས་ཆོས་ནི་ནན་ཏན་དུ། །ལེགས་བསྒྲུབ་ཉམས་སུ་ལེན་པར་བསྟན། གསུང་རབ་འདི་ལ་ལས་སུ་བྱས་པས་ སྟོང་པ་ཉིད་ཀྱི་ཆོས་ཡང་དག་པར་སྒྲུབ་ཅིང་རྟོགས་པར་བྱ་བ་དང་། སྦྱིན་པ་ལ་སོགས་པ་བསྒྲུབ་པ་འདི་ནི་ཉམས་སུ་བླང་བའོ། །ཡང་ན་འཛིན་པ་ལ་སོགས་པ། །ཡོན་ཏན་སྐྱེད་པར་འགྱུར་བ་ཡིན། །ཉམས་སུ་བླང་བ་ཞེས་བྱ་བ་ལ་སྙེགས་ཏེ། ཡང་ན་འཛིན་པ་དང་། སེམས་པ་དང་། བསྒོམ་ པ་དང་། གཞན་ལ་སྟོན་པ་ལ་སོགས་པ་ཡོན་ཏན་བསྐྱེད་པ་དེ་ཕྱིན་ཅི་མ་ལོག་པའི་ཕྱིར་ཉམས་སུ་བླང་བའོ། །ཡང་ན་རྗེས་སུ་ཡི་རང་བ་ཡང་ཉམས་སུ་བླང་བ་ཡིན་ནོ། །སངས་རྒྱས་གཞན་དག་མ་ཡིན་ཞེས། །དེ་ཡི་མཚན་ནི་སྨོས་པ་མཛད། །སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་པོ་གང་ཡང་རུང་བ་ ལས་རང་བྱུང་བར་འཛིན་པ་བསལ་བའི་ཕྱིར། རིན་ཆེན་དཔལ་གྱི་གཟི་བརྗིད་རྒྱལ་པོ་ལྟ་བུའི་མཚན་སྨོས་སོ། །མཚན་སྨོས་པ། དེས་ན་ཐུབ་པ་བཞུགས་པ་ནི། །འཇིག་རྟེན་ཕན་ཕྱིར་ཉིད་དུ་བསྟན། །འདི་ལྟར་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དཔགས་པ་ལས་ཀྱང་། བཅོམ་ལྡན་ འདས་དེ་དེ་སྲིད་ཀྱི་བར་དུ་བཞུགས་པ་ནི་རྒྱལ་པོའི་བུ་དེ་དེས་གདུལ་བ་ཡིན་པའི་ཕྱིར་ཏེ། དེའི་ཕྱིར་འདི་དག་གིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་ལ་ཕན་པ་ཁོ་ནའི་ཕྱིར་དུས་མཐའ་ཡས་པར་ཡང་བཞུགས་པར་མཛད་དོ་ཞེས་བསྟན་ཏོ། །སྡོམ་བརྩོན་ཚུལ་ཁྲིམས་ལྡན་པ་ དང་། །བརྩོན་དང་གཞན་དོན་གཞོལ་བ་ཡིས། །གཟུངས་ནི་ཐོབ་པར་ཐུབ་པ་དེས། །རབ་བྱུང་ལ་སོགས་ཚིག་གིས་བསྟན། །ཡོན་ཏན་ཐམས་ཅད་ཀྱི་གཞི་ནི་ཚུལ་ཁྲིམས་ཡིན་པའི་ཕྱིར། ཚུལ་ཁྲིམས་དང་ལྡན་པས་གཟུངས་འདི་འཐོབ་པར་འགྱུར་གྱི་གཞན་གྱིས་མ་ཡིན་པར་བཅོམ་ལྡན་ འདས་ཀྱིས་རབ་ཏུ་བྱུང་བའི་ཚིག་གིས་བསྟན་ཏེ། འདི་རྣམས་ཀྱིས་ནི། ཐོས་ནས་ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་བྱ་བ་བསྟན་པ་བསྙད་དོ། །བརྩོན་འགྲུས་བརྩམས་པས་གཟུངས་འདི་ཐོབ་པར་འགྱུར་གྱི། གཞན་གྱིས་མ་ཡིན་པར་ནི་ལོ་དགུ་ཁྲི་ཞེས་བྱ་བ་ལ་སོགས་ པས་བསྟན་ཏེ། འདིས་ནི་འཐོབ་པ་བསྟན་པ་བསྙད་དོ། །གཞན་གྱི་དོན་སྒྲུབ་པའི་བསམ་པ་ཅན་གྱིས། གཟུངས་འདི་འཐོབ་པར་འགྱུར་གྱི། གཞན་གྱིས་མ་ཡིན་པར་ནི་བསྒྲུབས་ནས་ཀྱང་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། འདིས་ནི་ཐོབ་པའི་འབྲས་བུ་བསྟན་པ་བསྙད་དེ་དེ་ཁོ་ན་ཡིན་ནོ་ ཞེས་གཟུང་བར་བྱའོ། །དེ་ལྟ་མ་ཡིན་ན་ནི་རབ་ཏུ་བྱུང་བ་ལ་སོགས་པ་བསྟན་པ་ཡང་དོན་མེད་པར་འགྱུར་རོ། །དེ་ལ་ཐོབ་པའི་འབྲས་བུ་བསྟན་པ་ནི་རྣམ་པ་གཉིས་ཀྱིས་བཤད་དེ། ཡང་དག་པར་རབ་ཏུ་བསྟན་པ་དང་། ཡང་དག་པར་རབ་ཏུ་བསྟན་པའི་འབྲས་བུའོ། །ཡང་དག་པར་རབ་ཏུ་བསྟན་ པ་ཡང་། ཡང་དག་པར་སྦྱིན་པ་དང་། རྒྱས་པ་དང་། རང་གི་ངོ་བོ་དང་རྣམ་པ་གསུམ་སྟེ། ཡང་དག་པར་སྦྱིན་པ་ནི་སེམས་ཅན་ཐམས་ཅད་ལའོ། །དེ་དག་ཀྱང་གཟུངས་ཡང་དག་པར་རབ་ཏུ་བསྟན་པས་འདུལ་བ་ཁོ་ན་ཡིན་པར་གཟུང་བར་བྱ་སྟེ། ཐམས་ཅད་ཀྱི་སྒྲ་ནི་བརྗོད་པར་འདོད་པས་མ་ ལུས་པ་ལ་བྱ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཁོ་ན་ལ་བྱ་བ་མ་ཡིན་ཏེ། དེ་དག་ལ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་ཡང་དག་པར་རབ་ཏུ་བསྟན་པར་བྱ་མི་ནུས་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པས་དེ་བསྟན་དུ་ཡང་སེམས་ཅན་ཐམས་ཅད་ཡུལ་དུ་འགྱུར་མི་སྲིད་དེ། དགོས་པ་ མེད་པའི་ཕྱིར་མི་རུང་ངོ་། །རྒྱས་པ་ཞེས་བྱ་བ་ནི་གཟུངས་ལ་སྦྱོར་བ་དང་། འཐོབ་པ་དང་། འབྲས་བུ་དང་། ཡོན་ཏན་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་ལ་སོགས་པའི་རང་གི་ངོ་བོ་ཚད་མ་དང་ལྡན་པའི་ཕྱིར། ཡང་དག་པར་ཕྱིན་ཅི་མ་ལོག་པ་དང་། ཕོ་བྲང་འཁོར་གྱི་སྐད་ལ་སོགས་ པའི་ཡོན་ཏན་ཡན་ལག་བཅུ་དང་ལྡན་པའི་ཚིག་གིས་རབ་ཏུ་དང་། ཕ་རོལ་རྣམས་ཟིལ་གྱིས་མནན་ནས་བསྟན་པའོ། །ཡང་དག་པར་རབ་ཏུ་བསྟན་པའི་འབྲས་བུ་ནི། ཕྱིར་མི་ལྡོག་པའི་ས་ལ་འགོད་པ་སྟེ། འདི་ནི་ཤིན་ཏུ་ཁྱད་ཞུགས་པའི་འབྲས་བུར་བསྟན་ཏོ། །ལྷ་དང་། མིར་སྐྱེ་བ་དང་ས་འཐོབ་པ་ ལ་སོགས་པའི་འབྲས་བུ་གཞན་ནི་མ་སྨོས་ཀྱང་འགྲུབ་པའི་ཕྱིར་མ་བསྟན་ཏོ། །ཉན་ཐོས་ལ་སོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་ས་ཡང་ཡོད་པའི་ཕྱིར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྨོས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་ཕྱིར་མི་ལྡོག་ པའི་ས་ཡོད་པའི་ཕྱིར་ཕྱིར་མི་ལྡོག་པ་སྨོས་ཏེ། འདིས་ནི་གཟུངས་འཐོབ་པ་རྒྱུན་གྱིས་འབྲེལ་པའི་དོན་དུ་བསྟན་ཏོ། །དེའི་ཕྱིར་དེའི་འོག་ཏུ་ཤཱ་རིའི་བུ་འཁོར་དེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུངས་ཐོབ་པ་རྒྱུན་གྱིས་འབྲེལ་པས་ནི་ཇི་ལྟ་བུར་བརྩོན་པར་བྱེད་ཀྱང་རུང་བ་གང་དང་ གང་ཡིན་པ་དེ་དང་དེས་ནི། གཟུངས་འདི་ངེས་པ་ཁོ་ནས་འཐོབ་པར་འགྱུར་ཏེ། ལ་ལས་མ་ཐོབ་པ་གང་ཡིན་པ་དེ་ནི་བདག་ཉིད་ཀྱི་ཉེས་པ་ལ་སོགས་པ་ལས་གྱུར་པར་བསྟན་ཏོ། །རྗེས་སུ་ཡི་རང་བར་བྱེད་པ་བསྟན་པ་ནི། འཁོར་དང་། འབྲེལ་པ་དང་། རིགས་དང་། མིང་དང་། དགེ་བའི་ བཤེས་གཉེན་དང་། འབྲེལ་པ་དང་། རྗེས་སུ་ཡི་རང་བའོ། །རྗེས་སུ་ཡི་རང་བའི་འབྲས་བུ་བསྟན་པ་དགུ་སྟེ། ཡང་དག་པའི་དགེ་བའི་བཤེས་གཉེན་རྙེད་པ་དང་། དེ་ལས་ཆོས་ཐོས་པ་དང་། དེ་ཉམས་སུ་བླངས་པ་དང་། གཟུངས་ཐོབ་པ་རྣམས་ཀྱི་མཆོག་དང་། གཟུང་བའི་ཚིག་དང་ ལྡན་པ་རྣམས་ཀྱི་མཆོག་དང་། །སྤོབས་པ་རྒྱུན་མི་འཆད་པ་རྣམས་ཀྱི་མཆོག་དང་། དེ་དག་མཉེས་པར་བྱ་བའི་དུས་དང་། མཉེས་པར་བྱ་བ་དང་། བླ་ན་མེད་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའོ། །དེ་ལ། མོད་ལ་ཞེས་བྱ་དེ་མ་ཐག །ཡང་ན་ཅིག་ཅར་འབྱུང་བ་ཡིན། །རྗེས་ སུ་ཡི་རང་བའི་མོད་ལ་ཞེས་བྱ་བ་ནི་འདི་ལ་མོད་ལ་ཞེས་བྱ་བའི་སྒྲ་སྨོས་པ་དེ་ནི་འདིར་དེ་མ་ཐག་ཏུ་བྱུང་བ་ལ་བྱ་སྟེ། དཔེར་ན་བྱམས་པའི་མོད་ལས་སྐྱེས་པ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྒོམ་པར་བྱེད་དོ་ཞེས་བྱ་བ་དེ་བཞིན་དུ། འདིར་ཡང་རྗེས་སུ་ཡི་རང་མ་ཐག་པའོ། །སྐྱེས་པ་ནི་ ཐོབ་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཅིག་ཅར་འབྱུང་བ་ལ་བྱ་སྟེ། འཁོར་ལོ་དང་བཅས་པར་ཟུང་ཤིག་ཅེས་བྱ་བ་ལ་སོགས་པ་དེ་བཞིན་དུ། རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པ་ནི་ཐོབ་སྟེ། བྱུང་ཞེས་བྱ་བའི་ཐ་ཚིག་གོ། །དགུ་བཅུ་ཞེས་བྱ་ལ་སོགས་ཚིག །དེས་ནི་དུས་གཞན་དགོངས་ པ་ཡིན། །དགུ་བཅུ་ཞེས་བྱ་བའི་ཚིག་གང་ཡིན་པ་དེས་ནི་དུས་གཞན་ལ་དགོངས་ཏེ་གསུངས་པ་ཡིན་ནོ། །རྗེས་སུ་ཡི་རང་བའི་མོད་ཁོ་ན་ལས་སྐྱེས་པའི་དགེ་བའི་རྩ་བ་ལས་དེ་མ་ཐག་ཏུ་དེ་ལྟ་བུའི་འབྲས་བུ་ཐོབ་པ་ནི་མ་ཡིན་ཏེ་ཐལ་ཆེས་པའི་ཕྱིར་རོ། །ཕུལ་ཕྱིན་ཡོན་ཏན་ལྡན་པ་ཡི། ། ཕུལ་དུ་ཕྱིན་པ་ཆེན་པོའི་ཡང་ཆེན་པོའི་མཚན་ཉིད་ཀྱིས་དང་། གཟུངས་ཐོབ་པ་དང་འབྲེལ་པའི་ཡོན་ཏན་གྱིས་སོ། །ཡང་ན་ཕུལ་དུ་ཕྱིན་པ་མ་ལུས་པའི་མཚན་ཉིད་དང་ལྡན་པའི་སྒོ་མཐའ་ཡས་སྒྲུབ་པའི་གཟུངས་ནི་ཐོབ་པར་གྱུར་པའི་ཕྱིར། དེའི་རྒྱུས། བདེ་བར་གཤེགས་པའི་སྲས་པོ་དེ། ། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་པོ་དེ་དག་གི་འཁོར་དུ་གང་དག་གཟུངས་ཐོབ་པར་གྱུར་པ། གཟུངས་ཐོབ་རྣམས་ཀྱི་མཆོག་ཡིན་ནོ། །བྱང་ཆུབ་སེམས་དཔའ་དེ་དག་གི་མཆོག་ཡིན་ནོ། །ཡེ་ཤེས་ཁྱད་འཕགས་འབྲེལ་བ་དང་། །ཡོན་ཏན་ཕུལ་ཕྱིན་ལྡན་པའི་ཕྱིར། །དེའི་རྒྱུས་དེ་དག་གི་ འཁོར་དུ་བྱང་ཆུབ་སེམས་དཔའ། དེ་ནི་ཚིག་གཟུངས་ལྡན་རྣམས་ཀྱི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན། མཆོག་ཏུ་རྒྱལ་བ་རྣམས་ཀྱིས་བསྟན། །ཡེ་ཤེས་ཁྱད་པར་དུ་འཕགས་པ་ནི། ས་དང་། གཟུངས་དང་། ཡེ་ཤེས་ལ་སོགས་པ་ཕུལ་དུ་ཕྱིན་པ་དང་ལྡན་པའོ། །ཡོན་ཏན་ནི་ མངོན་པར་ཤེས་པ་ལ་སོགས་པ་སྟེ། གང་གིས་སེམས་ཅན་རྣམས་ཀྱི་རང་བཞིན་དང་། བསམ་པ་དང་། བག་ལ་ཉལ་ལ་སོགས་པ་རྟོགས་ན། རྫུ་འཕྲུལ་ལ་སོགས་པས་འདུན་པར་བྱེད་པའོ། །སྤོབས་པ་རྒྱུན་མི་ཆད་པ་རྣམས། །གང་ལ་བྱ་ཞེ་ན། གང་དག་སོ་སོ་ཡང་དག་རིག་ཐོབ་རྣམས། ། དེ་དག་ནི་བཞི་སྟེ། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །སོ་སོ་ཡང་དག་པར་རིག་པ། །དེ་དག་ཕུལ་ཕྱིན་ལྡན་པའི་ཕྱིར། །དེའི་རྒྱུས་སངས་རྒྱས་དེ་དག་གི་འཁོར་ན་བྱང་ཆུབ་སེམས་དཔའ་སྤོབས་པ་རྒྱུན་མི་ཆད་པ། དེ་ནང་རྒྱལ་སྲས་ དེ་མཆོག་གོ། །བྱང་ཆུབ་སེམས་དཔའ་སྨོས་པ་ནི། །སངས་རྒྱས་བཅོམ་ལྡན་འདས་ལ་མི་བྱ་བར་དགར་བའི་ཕྱིར་རོ། །དེ་དག་གིས་གསུངས་ཚུལ་ཁྲིམས་ནི། །བསྒྲུབ་པ་མཉེས་བྱེད་ཡིན་པར་འདོད། །སངས་རྒྱས་དེ་དག་གིས་གསུངས་པའི་ཚུལ་ཁྲིམས། སྡོམ་པ་དང་། སེམས་ ཅན་གྱི་དོན་བྱ་བ་དང་། དགེ་བའི་ཆོས་སྡུད་པའི་མཚན་ཉིད། །མ་ཞིག་མ་རལ་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྒྲུབ་པ་གང་ཡིན་པ་དེ་ནི་མཉེས་པར་བྱེད་པ་ཡིན་པར་འདོད་དོ། །བསྐལ་པ་གསུམ་དུ་ཚོགས་རྣམས་ནི། །ཡོངས་སུ་རྫོགས་བྱས་བྱང་ཆུབ་ཐོབ། །ཚོགས་ཡོངས་སུ་ རྫོགས་པ་ནི་མཉེས་པར་བྱས་ནས་ཞེས་བྱ་བ་འདིས་བསྟན་ཏེ། གལ་ཏེ་ཚོགས་རྣམས་ཡོངས་སུ་རྫོགས་པར་བྱེད་ན་དེ་ལྟར་དེ་དག་ཤིན་ཏུ་མཉེས་པར་བྱས་པ་ཡིན་ནོ། །ཇི་ལྟར་བསྐལ་པ་གསུམ་གྱིས་ཚོགས་ཡོངས་སུ་རྫོགས་ཤེ་ན། ཉེས་པ་མེད་དེ། གང་གི་ཕྱིར་དེས་སྔོན་བསྐལ་པ་གྲངས་ མེད་དུ་མར་ཚོགས་བསྒྲུབས་ཏེ། སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་པོ་རྣམས་ནི་བསྐལ་པ་གསུམ་དུ་མཉེས་པར་བྱས་པས་ཚོགས་ཡོངས་སུ་རྫོགས་ནས་བྱང་ཆུབ་ཐོབ་པར་གྱུར་པའི་ཕྱིར་རོ། །མངོན་པར་རྫོགས་པར་སངས་རྒྱས་པར་ཡང་མ་ཟད་ཀྱི། དེ་བཞིན་གཤེགས་པ་མར་མེ་མཛད་དུ་ གྱུར་ཏོ་ཞེས་ངེས་པར་བྱ་བའི་ཕྱིར་ཡང་། ཚོང་དཔོན་གྱི་བུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱལ་པོའི་བུ་ཡོན་ཏན་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པའི་དཔལ་ཡང་དེ་བཞིན་གཤེགས་པ་ཚེ་དཔག་མེད་དུ་གྱུར་ཏོ་ཞེས་ཞར་ལ་བསྟན་ཏེ། དེའི་ཕྱིར་དེ་ནི་ཕྱིས་གསུངས་སོ། །དངོས་པོ་སྟོང་ པས་འདོད་མི་བྱ། །ཚད་མ་དང་ཡང་འགལ་བའི་ཕྱིར། །མི་མཐུན་བློ་ནི་མི་བསྐྱེད་ཅིང་། །ཅིས་ཀྱང་ཐེ་ཚོམ་མི་བྱའོ། །ཚོང་དཔོན་གྱི་བུ་ཟླ་བའི་ཏོག་ཅེས་བྱ་བ་ནི་མར་མེ་མཛད་ལས་ཐ་དད་དོ་སྙམ་དུ་སོམ་ཉི་འདོད་པའི་མཚན་ཉིད་ལྟ་བུ་ཡང་མི་བྱའོ། །དེ་ནི་དངོས་པོ་སྟོང་པའི་ཕྱིར་ཏེ། འདི་ལྟར་མར་ མེ་མཛད་ཉིད་ཚོང་དཔོན་གྱི་བུ་ཟླ་བའི་ཏོག་ཡིན་པའི་ཕྱིར་རོ། །ཁྱོད་ཀྱིས་མི་འདོད་པའི་ཕྱིར། ཟླ་བའི་ཏོག་མར་མེ་མཛད་མ་ཡིན་པར་མི་འགྱུར་ཏེ་ཐལ་ཆེས་པའི་ཕྱིར་རོ། །ཟླ་བའི་ཏོག་ནི་དངོས་པོ་ཁོ་ནར་མར་མེ་མཛད་མ་ཡིན་ནོ་སྙམ་དུ་མི་མཐུན་པའི་བློ་ཡིད་གཉིས་དེ་ལྟ་བུ་ཡང་ཚད་མ་དང་འགལ་བའི་ ཕྱིར་མི་བྱ་སྟེ། འདི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་མར་མེ་མཛད་ཉིད་ཟླ་བའི་ཏོག་ཡིན་པར་མངོན་སུམ་དུ་གཟིགས་སོ། །ཅི་ཟླ་བའི་ཏོག་འདི་དེ་བཞིན་གཤེགས་པ་མར་མེ་མཛད་ཡིན་ནམ། འོན་ཏེ་མ་ཡིན་སྙམ་དུ་ཐེ་ཚོམ་དེ་ལྟ་བུ་ཡང་མི་བྱ་སྟེ། འདི་ལྟར་མར་མེ་མཛད་ ཉིད་ཟླ་བའི་ཏོག་ཡིན་པར་སངས་རྒྱས་ཐམས་ཅད་དང་ངས་ཀྱང་མཁྱེན་ཏོ། །ཐོས་པ་ལ་སོགས་ཤེས་པའམ། །ཡང་ན་ཚད་མ་གསུམ་པོ་ཡིས། །ཡོངས་སུ་བཅད་པར་མི་རུང་ཕྱིར། །སོམ་ཉི་ལ་སོགས་ཚིག་གསུམ་སྨོས། །ཡང་ན་སོམ་ཉི་དང་ཐེ་ཚོམ་རྣམས་ནི་དོན་ གཅིག་ཡིན་དུ་ཟིན་ཀྱང་ཐོས་པའི་ཤེས་པའི་ཡོངས་སུ་བཅད་དུ་མི་རུང་བའི་ཕྱིར་ནི་སོམ་ཉིའོ། །བསམ་པ་ཡི་ནི་ཡིད་གཉིས་སོ། །བསྒོམ་པ་ཡི་ནི་ཐེ་ཚོམ་སྟེ། དེའི་ཕྱིར་མིང་གསུམ་དུ་གསུངས་སོ། །ཡང་ན་མངོན་སུམ་གྱིས་ཡོངས་སུ་བཅད་དུ་མི་རུང་བ་ནི་སོམ་ཉིའོ། །རྗེས་སུ་དཔག་པ་ཡི་ནི་ ཡིད་གཉིས་སོ། །ལུང་གི་ནི་ཐེ་ཚོམ་སྟེ། དེའི་ཕྱིར་ཚིག་གསུམ་སྨོས་སོ། །ཤཱ་རིའི་བུ་ཁྱོད་ཀྱིས་ཞེས་བྱ་བ་ལ་སོགས་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་འདི་ནི་ངེད་ཀྱིས་ཀྱང་ཟླ་བའི་ཏོག་ནི་མར་མེ་མཛད་ཁོ་ན་ཡིན་པར་མངོན་སུམ་དུ་ཡིད་ཆེས་ཀྱིས། ཁྱོད་ཀྱང་ངེད་ཀྱི་ཚིག་གིས་ཡིད་ཆེས་ པར་བྱོས་ལ་སོམ་ཉི་ལ་སོགས་པ་ལ་གནས་པར་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །ཤཱ་རིའི་བུ་ང་དང་བསྐལ་པ་བཟང་པོའི་ཞེས་བྱ་བ་ལ་སོགས་པ་འདི་ནི་སྤྱིར་གསུངས་པ་ཡིན་ཏེ། དེའི་ཕྱིར། སྤྱིར་བསྟན་པ་ནི་ཡིན་མོད་ཀྱི། །འོན་ཀྱང་བདག་གིས་འབྲས་བུ་བཤད། །བཅོམ་ལྡན་ འདས་ཀྱིས་བསྐལ་པ་འབུམ་ཕྲག་བཞི་ཁྲིར་ཞེས་བྱ་བ་ལ་སོགས་པས། ཉིད་ཀྱི་ང་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་དགེ་བའི་རྩ་བ་བཤད་ཀྱི། བསྐལ་པ་བཟང་པོ་པ་རྣམས་ཀྱི་མ་ཡིན་ཏེ། དེའི་ཕྱིར་འདི་ནི་མཚོན་པ་ཁོ་ན་སྟེ། དེ་དག་གི་རྗེས་སུ་ཡི་རང་བའི་མོད་ལས་སྐྱེས་པའི་དགེ་བའི་རྩ་ བའི་འབྲས་བུ་ཡང་ཡོད་མོད་ཀྱི། མཚོན་པའི་ཕྱིར་བདག་ཉིད་ཀྱི་འབྲས་བུ་བསྟན་ཏོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པའི་མདོའི་ཚིག་གིས་མངོན་པ་ཡིན་བསམ་པ་ལ་སོགས་པའི་སྟོབས་བསྐྱེད་པ་ལས། ཁ་ཅིག་ནི་བསྐལ་པ་མང་པོ་ཞིག་ཏུ་འཁོར་བ་ཕྱིར་བསྙིལ་བར་བྱེད་ ལ། ཁ་ཅིག་ཏུ་ནི་ཉུང་ངུ་ཞིག་ཏུ་བྱེད་པར་འགྱུར་བ་ཙམ་དུ་ཟད་དོ། །སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ཞེས་བྱ་བ་ལ་སོགས་པའི་འབྲས་བུ་དེ་ནི་ཐམས་ཅད་ཀྱི་ཡིན་པར་འདྲ་སྟེ། དེ་ལྟར་ན་སྔ་མའི་སྐབས་སུ་ཟླ་བའི་ཏོག་གི་འབྲས་བུ་བསྟན་པ་ཡང་མཚོན་པའི་ཕྱིར་ཏེ། གཟུངས་བསྟན་པས་གདུལ་བ་ ཐམས་ཅད་ཀྱི་འབྲས་བུ་ནི་དེ་ཡིན་པར་ཤེས་པར་བྱའོ། །ད་ནི་བཞེད་པའི་དོན་བསྒྲུབས་ནས། དེ་ལྟ་བས་ན་ཞེས་བྱ་བ་ལ་སོགས་པས་མཇུག་སྡུད་པར་མཛད་དེ། དེ་མན་ཆད་ནི་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བ་ཉིད་བསྟན་ཏོ། །མཇུག་བསྡུས་པ་དེ་ཡང་རྣམ་པ་གཉིས་ཏེ། བརྗོད་ཟིན་པའི་དོན་བསྙད་པ་དང་། མ་ བརྗོད་པའི་དོན་བསྙད་པའོ། །མ་བརྗོད་པའི་དོན་བསྙད་པ་ཡང་རྣམ་པ་གསུམ་སྟེ། གནོད་སྦྱིན་གྱི་ཕན་ཡོན་བསྙད་པ་དང་། བྱང་ཆུབ་སེམས་དཔའི་ཕན་ཡོན་བསྙད་པ་དང་། འཆད་པའི་ཚེའི་ཕན་ཡོན་བསྙད་པའོ། །བརྗོད་ཟིན་པ་བསྙད་པ་ཡང་རྣམ་པ་ལྔར་མཛད་དེ། ཆོས་ཀྱི་རྣམ་གྲངས་ ལ་རྗེས་སུ་ཡི་རང་བ་ཙམ་གྱིས་གཟུང་བ་བསྙད་པ་དང་། དེའི་འབྲས་བུ་བསྙད་པ་དང་། སྦྱོར་བས་གཟུང་བ་བསྙད་པ་དང་། དེའི་འབྲས་བུ་བསྙད་པ་དང་། ཚིགས་སུ་བཅད་པ་དག་གིས་གསུངས་པའི་དོན་བསྙད་པའོ། །རྗེས་སུ་ཡི་རང་བ་ཙམ་གྱིས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བསྐལ་ པ་བྱེ་བ་འབུམ་ཕྲག་བཞི་ཁྲིར་འཁོར་བ་ཕྱིར་བསྙིལ་ཏོ། །དེ་བཞིན་དུ་གཞན་ཡང་བསམ་པའི་སྟོབས་ཀྱིས་དེ་ལས་ལྷག་པར་ཡང་ཕྱིར་བསྙིལ་བར་བྱེད་དེ། དེ་ལྟ་བས་ན་མྱུར་དུ་ཞེས་བྱ་བ་གསུངས་སོ། །དེའི་གཏན་ཚིགས་བཀའ་སྩལ་པ། དེ་ནི་མི་ལྡོག་ས་ཡི་དང་། གང་གི་ཕྱིར་རྗེས་སུ་ཡི་རང་ བ་ཙམ་དང་ལྡན་པ་དེ་རྒྱུར་འགྱུར་བ་དེ་ནི་དེས་ཚེ་གཅིག་པོ་དེ་ཉིད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །རྫོགས་པའི་སངས་རྒྱས་མཉེས་བྱ་བའི། །རྒྱུར་འགྱུར་བས་ན་རྒྱུ་གང་གིས་འགྱུར་བ་དེ་ནི་དེས་བསྐལ་པ་གསུམ་དུ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ། །དེའི་ཕྱིར་རྒྱུ་གཉིས་ཀྱིས། དེ་ཡིས་བྱང་ཆུབ་མྱུར་དུ་འཐོབ། །དེ་ཐམས་ཅད་མྱུར་དུ་བྱང་ཆུབ་འཐོབ་པའི་རྒྱུ་ཁོ་ནར་གནས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གིས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཆེད་དུ་ཞེས་བྱ་བ་འདི་ནི་རྒྱུའི་དོན་ཏོ། །ཆོས་སྨྲ་བ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་སོ། །སྦྱོར་བས་གཟུད་པ་བསྙད་ པ་ནི་ཡི་གེར་འདྲི་བ་ལ་སོགས་པ་རྣམ་པ་བདུན་གསུངས་པ་ཡིན་ནོ། །དོན་དང་ཡི་གེ་གཉི་ག་ལས། །འདིར་ནི་ཀུན་ཆུབ་བྱེད་པར་བསྟན། །དོན་དང་ཡི་གེ་གཉི་གའི་སྒོ་ནས་ཀུན་ཆུབ་པར་བྱེད་པ་ནི། ཀུན་ཆུབ་པར་བྱེད་པ་སྟེ། ཀུན་ནས་ཆུབ་པར་བྱེད་པའི་ཕྱིར་རོ། །ཡང་ན་བསམ་པ་ ལ་སོགས་ཐམས་ཅད་དང་། འདིར་ཡང་ཀུན་ཆུབ་པར་བྱེད་པར་བསྟན་ཞེས་བྱ་བ་དང་སྦྱར་རོ། །སོགས་པ་སྨོས་པས་ནི་བསྒོམས་པ་ལས་བྱུང་བའི་ཤེས་པ་བསྡུའོ། །ཡང་ན་ཡི་གེར་འདྲི་སོགས་ཀུན། །འདིར་ཡང་ཀུན་ཆུབ་བྱེད་པར་བསྟན། །ཞེས་བྱ་བ་དང་སྦྱར་རོ། །སོགས་ པ་སྨོས་པས་ནི། ལུང་ནོད་པ་དང་། འཛིན་པ་དང་། ཀློག་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པ་བསྡུའོ། །རིགས་པས་འགལ་བ་མ་ཡིན་དང་། །ཡང་ན་ཇི་སྐད་ཐོས་པ་བཞིན། །ཡིད་ལ་བྱེད་པ་གང་ཡིན་པ། །དེ་ནི་ཚུལ་བཞིན་ཡིད་བྱེད་ཡིན། །མངོན་སུམ་ལ་སོགས་པའི་ ཚད་མ་དང་མི་འགལ་བའི་དོན་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་ཞེས་བྱའོ། །ཡང་ན་སློབ་དཔོན་གྱི་ཁ་ནས་ཇི་སྐད་ཐོས་པ་བཞིན་དུ་ཡིད་ལ་བྱེད་པ་གང་ཡིན་པ་དེ་ནི་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། སློབ་དཔོན་ནི་ཡང་དག་པ་ཉིད་ཀྱི་ལུང་འབོགས་པ་ལ་བྱའོ། །དོན་ དང་ཡི་གེའི་སྒོ་ནས་ནི། ཆོས་ཀྱི་རྣམ་གྲངས་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་གང་ཡིན་པ་དེ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད། སྦྱོར་བ་དང་། འགྲུབ་པ་དང་། ཡོངས་སུ་རྫོགས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ལ་སོགས་པའི་བྱེ་བྲག་གིས་སོ། །ཡང་ན་རྣམ་པ་ཐམས་ ཅད་དུ། །གཟུངས་འདི་ཡང་དག་རབ་སྟོན་བྱེད། །དེ་ནི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པའོ། །དེ་ཡི་དེ་ནི་བདག་ཉིད་ཀྱིས། །ཚད་མས་ཤེས་པར་མི་ནུས་ལ། །བསོད་ནམས་ཀྱི་ཕུང་པོ་དེའི་ཚད་ནི། ཉན་པ་པོ་དེའི་བདག་ཉིད་དམ། སྟོན་པ་པོས་ཀྱང་མངོན་སུམ་ལ་སོགས་པའི་ཚད་མས་ ཤེས་པར་མི་ནུས་ལ། སྟོན་པ་པོ་གཞན་དག་གིས་ནི་བསྟན་ན་ཡང་། ཉན་པ་པོས་ཚད་དེ་ནི་བསམ་པར་མི་ནུས་སོ། །དེ་ལྟར་ན་བསོད་ནམས་ཀྱི་ཕུང་པོ་དེའི་ཚད་ནི། ཤེས་པར་བྱར་མེད་པ་དང་། བསམ་གྱིས་མི་ཁྱབ་པ་ཁོ་ནར་དེ་གཉིས་ལས་མངོན་ནོ། །ཤེས་བྱ་མ་ལུས་མཁྱེན་པའི་ཕྱིར། །འདྲེན་ པ་རྣམས་ཀྱིས་དེའི་ཚད་དེ། །མངོན་སུམ་ཡོངས་སུ་མཁྱེན་པ་དང་། །དགོངས་པར་ཡང་ནི་སྤྱོད་པ་ཡིན། །དེ་བས་ན་དེ་བཞིན་གཤེགས་པ་མ་གཏོགས་པར་ཞེས་གསུངས་པའི་ལྷག་མའོ། །བློ་རྨོངས་རྣམས་དང་མ་འདུས་དང་། །སྐྱེ་བོ་བློ་ནི་གཡེངས་རྣམས་ཕྱིར། །དོན་དེ་ཚིགས་སུ་བཅད་རྣམས་ ཀྱིས། །ཐུབ་པ་ཡིས་ནི་བཟླས་ཏེ་གསུངས། །གང་དག་གིས་དོན་ཐོས་ཀྱང་བློ་རྨོངས་པའི་ཕྱིར་ལེགས་པར་ཁོང་དུ་མ་ཆུད་པ་རྣམས་དང་། གང་དག་དོན་དེ་བསྟན་པའི་དུས་ན་མ་འདུས་ཏེ་ཕྱིས་ལྷགས་པ་རྣམས་དང་། གང་དག་དེར་འདུས་ཀྱང་བློ་རྣམ་པར་གཡེངས་པའི་ཕྱིར་དོན་དེ་མ་ཐོས་པ་དག་ ཡོད་དེ། དེ་དག་ཐམས་ཅད་ལ་ཕན་གདགས་པའི་ཕྱིར་དང་། བདག་ཉིད་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཐོབ་པ་ཡིན་པར་བསྟན་པའི་ཕྱིར་ཡང་དོན་དེ་ཉིད་ཚིགས་སུ་བཅད་པ་དག་གིས་བཟླས་ཏེ་གསུངས་སོ། །དགོངས་པ་འདི་ནི་གཞན་དག་ཏུ་ཚིགས་སུ་བཅད་དེ་གསུངས་པ་ ལ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཚིགས་སུ་བཅད་པ་རྣམས་ནི་རྣམ་པ་དྲུག་གིས་བསྟན་ཏེ། བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་བསྙད་པ་དང་། དེའི་འབྲས་བུ་བསྙད་པ་དང་། སྔོན་བྱུང་བ་བསྙད་པ་དང་། ཚེགས་ཆུང་ངུས་འབྲས་བུ་འགྲུབ་པར་བསྙད་པ་དང་། དཔེ་བསྟན་པས་ བསོད་ནམས་ཀྱི་ཕུང་པོ་དཔེ་མེད་པར་བསྙད་པ་དང་། སྨྲ་བར་འདོད་པའི་དོན་བསྒྲུབས་ནས་མཇུག་བསྡུ་བ་བསྙད་པའོ། །བསོད་ནམས་ཀྱི་ཕུང་པོ་ཚད་མེད་པར་བསྙད་པ་ནི་མདོ་སྡེ་ཐོབ་དང་ཞེས་བྱ་བ་ལ་སོགས་པ་རྣམ་པ་ལྔས་བསྟན་ཏོ། །དེ་དག་ཀྱང་མཚོན་པ་ཡིན་ཏེ། དེས་ན་ལུང་ནོད་པ་དང་ ཀུན་ཆུབ་པར་བྱེད་པ་དང་ཚུལ་བཞིན་ཡིད་ལ་བྱེད་པ་དང་། གཞན་ལ་སྟོན་པ་ཡང་བསྡུའོ། །དེའི་འབྲས་བུ་བསྙད་པ་ནི་རྣམ་པ་བཅུ་སྟེ། ཚེ་རབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་། སངས་རྒྱས་དེ་དག་ལ་དད་པ་བསམ་གྱིས་མི་ཁྱབ་པ་རྙེད་པ་སྟེ། དད་པ་བསམ་གྱིས་མི་ཁྱབ་པ་ནི་འབྲས་བུ་ བསམ་གྱིས་མི་ཁྱབ་པ་འཕེན་པའི་ཕྱིར་དང་ཆེན་པོའི་ཆེན་པོ་ཡིན་པའི་ཕྱིར་རོ། །མདོ་སྡེ་ཟབ་མོ་ཚུལ་ཤེས་པ་སྟེ། མདོ་སྡེ་ཟབ་མོ་གང་དུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པ་སྟོན་པ་དེ་དག་གི་ཚུལ་ནི་ཡང་དག་པའི་ཀུན་རྫོབ་ཉེ་བར་བཟུང་སྟེ་དེ་དག་བསྟན་པ་དང་། དོན་དམ་པར་དེ་དག་ བསྟན་པ་ལ་སོགས་པའི་དགོངས་པའོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེས་མྱུར་དུ་རྟོགས་པར་འགྱུར་བ་དང་། ཏིང་ངེ་འཛིན་ལས་ཉམས་པར་མི་འགྱུར་ཏེ། ཏིང་ངེ་འཛིན་ནམ་མཁའི་མཛོད་ལ་སོགས་པའོ། །མངོན་པར་ཤེས་པ་ལས་ཉམས་པར་མི་འགྱུར་བ་སྟེ། མངོན་པར་ཤེས་པ་ ནི་དྲུག་གོ། །དེ་ལ་ཟག་པ་ཟད་པའི་མངོན་པར་ཤེས་པ་མེད་པ་ཉིད་ཡིན་ན། དེ་ལས་ཉམས་པར་མི་འགྱུར་བར་ཇི་སྙེད་དུ་བརྗོད། དེ་ནི་བདེན་ཏེ། ཐོབ་པ་ཡོངས་སུ་ཉམས་པར་འགྱུར་བའི་ཉམས་པ་ནི་མེད་མོད་ཀྱི། མ་ཐོབ་པའི་ཡོངས་སུ་ཉམས་པར་འགྱུར་བ་ནི་ཡོད་པ་ཉིད་དེ། མི་ཉམས་པ་ཇི་ལྟ་བུ་ཞེ་ན། མ་ཐོབ་པ་དེ་བསྐྱེད་པར་འོས་པའི་བདག་ཉིད་དུ་གནས་པའོ། །གཟུངས་ཉམས་པར་མི་འགྱུར་བ་སྟེ། གཟུངས་ནི་སྒོ་མཐའ་ཡས་པས་བསྒྲུབ་པ་ལ་སོགས་པའོ། །གཟུངས་ཉམས་པར་མི་འགྱུར་བ་སྟེ་གཟུངས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ ལ་སོགས་པས་བརྒྱན་པའོ། །ལོངས་སྤྱོད་རྣམས་ཉམས་པར་མི་འགྱུར་བ་སྟེ། ལོངས་སྤྱོད་ནི་རྫས་ལ་སོགས་པ་འབྱོར་བའོ། །སངས་རྒྱས་མཐོང་བ་ལས་ཉམས་པར་མི་འགྱུར་བ་སྟེ། མཐོང་བ་སྨོས་པས་ནི་མཚོན་པའི་དོན་དེ་བསྙེན་བཀུར་བྱེད་པ་ལ་སོགས་པ་ཡང་བསྡུའོ། །བླ་ན་མེད་ པའི་བྱང་ཆུབ་ལ་རེག་པར་མ་གྱུར་གྱི་བར་དུ་ཞེས་འབྱུང་ན། ཅི་བྱང་ཆུབ་ཐོབ་ཟིན་པ་ལ་དེ་དག་ཉམས་པར་འགྱུར་བ་ཡོད་དམ་ཞེ་ན། དེ་ནི་མེད་དོ། །བྱང་ཆུབ་ཐོབ་པའི་སྔ་རོལ་ན་ཡང་ཉམས་པར་འགྱུར་བ་མེད་ན། བྱང་ཆུབ་ཐོབ་ཟིན་པ་ལྟ་ལ་ཧ་ཅང་ཡང་ཆེས་མེད་སྙམ་དུ་དགོངས་ནས་ གསུངས་པ་ཡིན་ནོ། །སྔོན་བྱུང་བ་བསྙད་པ་ནི་རྣམ་པ་གཉིས་ཏེ། རྗེས་སུ་དྲན་པ་བསྙད་པ་ནི། རྗེས་སུ་དྲན་པ་བསྙད་པ་དེ་ཡང་། མངོན་སུམ་མཚོན་པའི་དོན་ཏོ། །དྲན་པ་ནི་ཉམས་སུ་མྱོང་བ་སྔོན་དུ་འགྲོ་བའི་ཕྱིར་རོ། །འདིས་ནི་འདི་ནི་ངའི་མངོན་སུམ་དུ་གྱུར་པ་ཡིན་ཏེ། དེ་བས་ན་འདི་ ལ་ཐེ་ཚོམ་མ་བྱེད་ཅིག་ཅེས་བྱ་བར་སྟོན་ཏོ། །རྗེས་སུ་དྲན་པའི་ཡུལ་བསྙད་པ་དེ་ཡང་། དུས་དང་རིགས་དང་། ཐོས་པ་དང་། གཟུངས་ཀྱི་ཁྱད་པར་གྱི་རྒྱུ་ལས་བྱུང་བ་ལ་སོགས་པའི་ཡུལ་གྱི་བྱེ་བྲག་བསྟན་པར་ཆེས་བརྟན་པོར་ངེས་པ་བསྐྱེད་པའི་ཕྱིར་རོ། །སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ ཞེས་གསུངས་སམ། །གང་གཱའི་བྱེ་མ་སྙེད་ཅེས་ཇི་སྐད་དུ་བྱ་ཞེ་ན། ཉེས་པ་མེད་དེ། དེ་ནི་འབྲས་བུ་ཁྱད་པར་དུ་འཕགས་པ་ཐོབ་པར་བསྙད་པའི་ཕྱིར་དུས་གཞན་ལ་དགོངས་ནས་གསུངས་ཏེ། སྔོན་རོལ་དུ་དེས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་བྱེ་མ་སྙེད་མཐོང་བའི་ཕྱིར་རོ། །འདོད་ བཞིན་ཞེས་གསུངས་པ་ནི། གཟུངས་ཐོབ་པའི་མཐུས་ཉོན་མོངས་པ་མེད་པར་བྱང་ཆུབ་ཐོབ་པར་བསྙད་པའི་ཕྱིར་རོ། །འོད་ཟེར་མཐའ་ཡས་པ་སྨོས་པ་ནི་ཟླ་བའི་ཏོག་མཚོན་པའི་ཕྱིར། ཡང་ན་ཤེས་པའི་བདག་ཉིད་དམ། ལུས་དང་འབྲེལ་པའི་འོད་ཟེར་མཐའ་ཡས་པ་གང་ལ་ཡོད་པ་ནི་ འོད་ཟེར་མཐའ་ཡས་པ་སྟེ། དེ་ཡང་མར་མེ་མཛད་དང་། ཚོང་དཔོན་གྱི་བུ་ལ་སོགས་པ་ཐམས་ཅད་ཀྱི་ཁྱད་པར་ཡིན་ནོ། །ཚེགས་ཆུང་ངུས་འབྲས་བུ་འགྲུབ་པར་བསྙད་པ་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། བྱང་ཆུབ་ཐོབ་པ་དང་། བདུད་བཅོམ་པ་སྟེ། བདུད་སྨོས་པས་ནི་ཉོན་མོངས་ པ་དང་། ལྷའི་བུ་དང་། ཕུང་པོ་དང་། འཆི་བདག་གི་བདུད་རྣམས་བསྡུའོ། །བསོད་ནམས་བརྒྱས་མཚན་འགྲུབ་པ་སྟེ། སྐབས་འདིར་ཡང་མྱུར་དུ་ཞེས་བྱ་བ་དང་སྦྱར་རོ། །བསོད་ནམས་བརྒྱའི་ཚད་ནི། འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་ལས་ཤེས་པར་བྱའོ། །བྱང་ ཆུབ་ལ་རེག་པ་ཞེས་བྱ་བ་ལ་སོགས་པ་རྣམས་ནི། གཅིག་བསྟན་པས་གཞན་གཉིས་ཀྱང་བསྟན་པ་ཁོ་ནར་འགྱུར་ཏེ། འཁྲུལ་པ་མེད་ན་ཅིའི་ཕྱིར་གསུམ་ཆར་གསུངས་ཤེ་ན། འབྲས་བུའི་རབ་ཏུ་དབྱེ་བ་བསྙད་པས། གཟུངས་ལ་བརྩོན་པ་ལ་གུས་པའི་ཁྱད་པར་བསྐྱེད་པའི་ཕྱིར་རོ། ། དཔེ་བསྟན་པས་བསོད་ནམས་ཀྱི་ཕུང་པོ་དཔེ་མེད་པ་བསྙད་པ་ནི། གང་གཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བ་ལ་སོགས་པས་བསྟན་ཏེ། གཞི་དང་མང་དང་རྫས་བཟང་དང་། །ཡོངས་སུ་བཀང་བའི་བྱེ་བྲག་གིས། །སྦྱིན་པར་བྱ་བའི་ཁྱད་ལས་འདིར། །སྦྱིན་པ་ཁྱད་པར་འཕགས་པར་བསྟན། ། སྦྱིན་པའི་ཁྱད་པར་ནི་འདིར་སྦྱིན་པར་བྱ་བའི་ཁྱད་པར་རྣམ་པ་བཞི་ལས་བསྟན་ཏེ། དེ་ལ་གཞིའི་ཁྱད་པར་ནི། འཇིག་རྟེན་ཁམས་ཏེ། དེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའོ། །མང་པོའི་ཁྱད་པར་ནི། གང་གཱའི་ཀླུང་གི་བྱེ་མ་སྙེད་དེ། དེས་ན་གཞི་ཚད་ཆེ་བ་དང་། གྲངས་མང་བར་དེ་ལྟར་ བསྟན་ཏོ། །རྫས་བཟང་བའི་ཁྱད་པར་ནི། རིན་ཆེན་རྣམས་སོ། །ཡོངས་སུ་བཀང་བའི་ཁྱད་པར་ནི་བྱུར་བུར་བཀང་བ་སྟེ། དེས་ན་བཅུད་ཀྱི་རིགས་ཆེ་བ་དང་། གྲངས་མང་བར་དེ་ལྟར་བསྟན་ཏོ། །བསོད་ནམས་དེ་ལྟ་བུ་ཡང་ཡི་གེར་བྲིས་པ་ཙམ་མམ། ཡང་ན་བཟུང་བ་ཙམ་གྱིས་ཡིན་པར་ ཤེས་པར་བྱའི། གཉི་གའི་ནི་མ་ཡིན་ནོ། །འདི་ཡང་མཚོན་པ་ཡིན་ཏེ། དེས་ན་ལུང་ནོད་པ་ལ་སོགས་པ་ཙམ་གྱིས་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ། །སྨྲ་བར་འདོད་པའི་དོན་བསྒྲུབས་ནས་མཇུག་བསྡུ་བ་བསྙད་པ་ནི་རྣམ་པ་གསུམ་སྟེ། རྒྱུ་དང་། སླ་བ་དང་འབྲས་བུའོ། །དེ་ ལ་རྒྱུ་ཡང་རྣམ་པ་བརྒྱད་དེ། གཟུངས་ཉན་པ་དང་། སེམས་གཏོད་པ་དང་། དད་པ་དང་། གཟུངས་འཛིན་པ་སྟེ། དེ་ཡང་ཡི་གེ་དང་། དོན་གཉི་གའི་སྒོ་ནས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། ཚུལ་ཁྲིམས་དང་ལྡན་པ་སྟེ། ཚུལ་ཁྲིམས་དང་ལྡན་པ་ཉིད་མཁས་པ་ཡིན་པའི་ཕྱིར་རོ། ། དེ་ཡང་དགེ་སློང་དག །ལྔ་པོ་འདི་དག་མཁས་པ་རྣམས་ཀྱི་མཁས་པའི་མཚན་ཉིད་དོ་ཞེས་གསུངས་པ་ལྟ་བུའོ། །བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་། གཟུངས་ཡི་གེར་འདྲི་བ་དང་། གླེགས་བམ་དུ་བྱས་ཏེ་འཆང་བའོ། །སེམས་པ་ནི་ཕྱིན་ཅི་མ་ལོག་པའི་ཚུལ་གྱིས་སོ། །འདིར་སེམས་ གཏོད་པ་དང་། དད་པ་ནི་ཉན་པ་དང་འཛིན་པ་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། བྱང་ཆུབ་ཏུ་སྨོན་ལམ་འདེབས་པ་དང་། ཡི་གེར་འདྲི་བ་འཆང་བ་འམ། སེམས་པའི་རྒྱུར་འགྱུར་བར་སྦྱར་རོ། །སླ་བ་ནི་རྙེད་པར་དཀའ་བ་མེད་ཅེས་བྱ་བ་འདིས་བསྟན་ཏོ། །འབྲས་བུ་ནི་བླ་ན་མེད་པའི་བྱང་ཆུབ་པོ། ། ད་ནི་སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་འདི་ལ་ཞེས་བྱ་བ་ལ་སོགས་པས་གནོད་སྦྱིན་གྱི་ཕན་ཡོན་བསྟན་ཏེ། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ། །མངོན་པར་བརྩོན་པ་གང་ཡིན་པ། །དེ་ནི་གཟུངས་ལ་བརྩོན་ཞེས་བྱ། །དེ་ལྟར་སྐབས་ཀྱིས་མངོན་པ་ཡིན། །གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ ལ་མངོན་པར་བརྩོན་པ་གང་ཡིན་པ་དེ་ནི། གཟུངས་འདི་ལ་མངོན་པར་བརྩོན་པ་ཞེས་བྱ་བར་འདོད་དོ། །ཇི་ལྟ་ཞེ་ན། དེས་སྒོ་མཐའ་ཡས་པས་བསྒྲུབ་པའི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པ་དེ་ལས་ཐོས་ཏེ་ཞེས་བྱ་བ་ལ་སོགས་པས་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཐོག་ མ་ཁོ་ནར་དམིགས་ཀྱིས་གླེངས་པའི་ཕྱིར་རོ། །ཕན་ཡོན་བསྙད་པ་དེ་ཡང་རྣམ་པ་བདུན་གྱིས་བསྙད་དེ། དེ་ལ་རིགས་ནི་གྲངས་ན་གནས་པ་རྣམས་རིགས་ཆེ་བར་བསྙད་པའི་ཕྱིར་དང་། གྲངས་ནི་ཡི་གེ་འབྲུ་བརྒྱད་བསྒོམ་པའི་མཐུ་བསྟན་པའི་ཕྱིར་དང་། གཟི་བྱིན་འཇུག་པར་བྱེད་པ་དང་། ཉིན་མཚན་དུ་སྲུང་ཞིང་སྐྱོབ་ལ་སྦེད་པ་སྟེ། འདི་གཉིས་ནི་ཆོས་ཀྱི་རྣམ་གྲངས་ཀྱི་ཆེ་བ་ཉིད་ཤེས་པར་བྱ་བ་དང་། བདག་ཉིད་བསྟན་པ་ལ་ཕན་འདོགས་པ་པོར་ཤེས་པར་བྱ་བ་དང་། བཅོམ་ལྡན་འདས་ལ་བཀའ་དྲིན་དུ་གཟོ་བ་ཤེས་པར་བྱ་བའི་ཕྱིར་རོ། །ལུས་དང་ངག་དང་བློ་གྲོས་ལ། །སྟོབས་ དང་གཟི་བརྗིད་རབ་རྣོ་བ། །རིམ་བཞིན་གཟི་བརྗིད་ཤེས་པར་བྱ། །ལུས་ཀྱི་སྒྲ་དེས་ལུས་གནས་བསྡུ། །ལུས་ཀྱི་སྟོབས་གང་ཡིན་པ་དང་། ཚིག་གི་གཟི་བརྗིད་གང་ཡིན་པ་དང་། བློའི་རྣོ་བ་གང་ཡིན་པ་དེ་གསུམ་ལ་གཟི་བྱིན་ཞེས་བྱའོ། །ལུས་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་གཙོ་བོ་ལུས་ ཡིན་པའི་ཕྱིར་རོ། །ལུས་ལ་གནས་པའི་ཚིག་དང་བློ་གཉིས་ནི་ཡོན་ཏན་གྱི་བརྡར་རིག་པར་བྱའོ། །ལུས་ནི་རྣམ་གསུམ་བྱེ་བྲག་གིས། སྲུང་སྐྱོབ་སྦེད་གསུངས་ཡང་ན་ནི། །གང་ཕྱིར་གནམ་བསྐོས་ལ་སོགས་པའི། །བྱེ་བྲག་གིས་ནི་གནོད་པ་གསུམ། །ལས་མི་དགེ་བ་རྣམ་པ་གསུམ་ཡོད་དེ། ཚེ་འདི་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ། དེ་དག་ལས་གྱུར་པའི་གནོད་པའི་གཉེན་པོར། སྲུང་བ་དང་། སྐྱོབ་པ་དང་སྦེད་པ་རྣམས་གོ་རིམས་བཞིན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །ཡང་ན་གང་གི་ཕྱིར་ གནམ་གྱིས་བསྐོས་པ་ལ་སོགས་པའི་བྱེ་བྲག་གིས་གནོད་པ་རྣམ་པ་གསུམ་དུ་འགྱུར་ཏེ། དེའི་ཕྱིར་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་གསུམ་གོ་རིམས་བཞིན་དུ་གསུངས་ཏེ། གནམ་གྱིས་བསྐོས་པའི་གནོད་པ་ནི་གོང་དུ་མི་དགེ་བ་ཁོ་ནས་བྱས་པར་མངོན་གྱི། སྲོག་ཆགས་གཞན་ གྱིས་བྱས་པ་མ་ཡིན་པ་སྟེ། དཔེར་ན་མི་ངས་དང་། མུ་གེ་དང་། ཐོག་ལ་སོགས་པ་འབབ་པ་ལྟ་བུའོ། །མི་ལས་གྱུར་པའི་གནོད་པ་ནི། །གང་དུ་སྲོག་ཆགས་རྣམས་ཀྱིས་གནོད་པར་བྱས་པར་མངོན་ལ། གནམ་གྱིས་བསྐོས་པ་ཡོད་བཞིན་དུ་མི་མངོན་པ། གང་གི་ཕྱིར་ལས་མ་ གཏོགས་པར་འབྲས་བུ་ཅི་ཡང་མེད་པའི་ཕྱིར་ཏེ། དཔེར་ན་ལོ་ཏོག་ལ་སོགས་པ་སྨིན་དུ་ཟིན་ཀྱང་། ཕ་རོལ་གྱི་དམག་ཚོགས་ཀྱིས་གནོད་པར་བྱས་ཏེ་མུ་གེར་གྱུར་པ་ལ་སོགས་པ་ལྟ་བུའོ། །གནམ་གྱིས་བསྐོས་པ་དང་མི་ལས་གནོད་པར་གྱུར་པ་ནི་གང་དུ་གཉི་གས་བྱས་པར་མངོན་པའོ། ། ལས་ནི་གནམ་གྱིས་བསྐོས་པ་དང་། མི་ལས་གྱུར་པ་ཁོ་ནར་ཟད་དེ། གནམ་གྱིས་བསྐོས་པ་དང་། མིའི་ལས་ཀྱིས་འཇིག་རྟེན་འཚོ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུའོ། །ཡང་ན་བདག་གཞན་རྐྱེན་གྱུར་ལས། །གནོད་པ་རྣམ་གསུམ་ཤེས་པར་བྱ། །སེམས་ཅན་སེམས་ཅན་མིན་ བགྲང་བའི། །བྱེ་བྲག་གིས་ནི་གཞན་གཉིས་བསྟན། །ཡང་ན་གནོད་པ་རྣམ་པ་གསུམ་ཡོད་དེ། རང་གི་རྐྱེན་ལས་གྱུར་པ་དང་། གཞན་གྱི་རྐྱེན་ལས་གྱུར་པའོ། །གཞན་གྱི་རྐྱེན་ལས་གྱུར་པ་འང་རྣམ་པ་གཉིས་ཏེ། སེམས་ཅན་དུ་མི་བགྲང་བའི་རྐྱེན་ལས་གྱུར་པ་དང་། སེམས་ཅན་ དུ་བགྲང་བའི་རྐྱེན་ལས་གྱུར་པའོ། །དེ་བསྡུས་ན་རྣམ་པ་གསུམ་དུ་འགྱུར་ཏེ། དེའི་གཉེན་པོར་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་གསུམ་པོ་གོ་རིམས་བཞིན་དུ་ཤེས་པར་བྱའོ། །མིང་གི་ཁྱད་པར་ནི་གདུལ་བ་རྣམས་མངོན་པར་ཡིད་ཆེས་པ་བསྐྱེད་པའི་ཕྱིར་རོ། །གནོད་སྦྱིན་རྣམས་ འོང་བར་བྱ་བའི་ཆོ་ག་བསྟན་པ་ནི། རྣམ་པ་ལྔར་གསུངས་པ་སྟེ། ཇི་ལྟ་ཞེ་ན། མངོན་དུ་ཕྱོགས་པར་བྱ་བ་གཉིས། །འོང་བར་བྱ་བའི་ཕྱིར་གསུངས་ཏེ། །འོང་བར་བྱ་བའི་ཕྱིར་ཤིན་ཏུ་ཁྲུས་བྱ་བ་དང་། གོས་ཤིན་ཏུ་གཙང་མ་བགོ་བར་བྱས་ན། གནོད་སྦྱིན་དེ་དག་མངོན་དུ་ཕྱོགས་པར་བྱེད་དེ། འདི་ལྟར་ཤིན་ཏུ་ཁྲུས་བྱ་བ་ཡང་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི་ཆོ་ག་དང་སྦྱར་ཏེ་ཆུས་བཀྲུ་བ་དང་། ནང་གི་ཚུལ་ཁྲིམས་ཡོངས་སུ་དག་པས་སོ། །གོས་ཤིན་ཏུ་གཙང་མ་བགོ་བ་ཡང་རྣམ་པ་གཉིས་ཏེ། ཕྱི་རོལ་གྱི་བགོ་བ་གཙང་མ་ལ་སོགས་པས་ལུས་གཡོགས་པ་དང་། ནང་གི་བྱམས་པ་ལ་ སོགས་པས་སེམས་ཀྱིས་ལུས་དཀྲི་བ་སྟེ། ཕ་རོལ་དང་ནང་རྣམ་པར་དག་པས་མཛེས་པ་མཐོང་ན་གནོད་སྦྱིན་དེ་དག་འོང་བར་སྤྲོ་བར་འགྱུར་བའི་ཕྱིར་ཏེ། དེ་ལྟར་ན་འོང་བའི་ཕྱིར་སྤྲོ་བ་སྐྱེད་པར་འགྱུར་རོ། །གཅིག་གིས་སྤྲོ་བར་བྱ་བ་བསྟན། །འཆག་པར་འགྲོ་བ་ཞེས་བྱ་བའི་ཚིག་གིས་བསྟན་ཏེ། གནོད་སྦྱིན་རྣམས་ནི་འདོང་བྱའི་ཕྱིར། །འཆག་པ་བསུ་བའི་བསམ་པར་བསྟན། །དེ་ལྟ་མིན་དུ་ཟིན་ན་ནི། །དེ་ཡིས་ལྷག་པར་ཅི་ཞིག་བསྟན། །དེ་ལྟར་དོན་དུ་གཉེར་ཤེས་ནས། །འོང་བར་སྤྲོ་བའི་སེམས་ལྡན་རྣམས། །སྤྲོ་བའི་མཐུ་ལ་དམིགས་ནས་ནི། །དེ་དག་ངེས་པར་འོང་བར་འགྱུར། །དེ་དག་ནི་ བརྡ་ཕྲད་པར་སླ་བས་མ་བཤད་དོ། །གཉིས་ཀྱིས་དེ་དག་གུས་པ་སྐྱེས། །ཞེ་འགྲས་པ་མེད་པའི་སེམས་དང་། ཆོས་ཀྱི་རྣམ་གྲངས་ཡིད་ལ་བྱེད་པ་གཉིས་ནི་གནོད་སྦྱིན་དེ་དག་གུས་པ་སྐྱེ་བར་འགྱུར་ཏེ། འདི་ལྟར་ཞེ་འགྲས་པ་མེད་པའི་སེམས་ཀྱིས་བསམ་པ་དགེ་བར་གྱུར་པའི་ཕྱིར། །ཡོན་ཏན་ ལ་གུས་པ་སྐྱེ་བ་དང་། ཆོས་ཀྱི་རྣམ་གྲངས་ཡིད་ལ་བྱེད་པས་ཆོས་ལ་གུས་པ་སྐྱེ་བར་འགྱུར་རོ། །དེ་ལྟར་འོང་འདོད་པའི་སྤྲོ་བ་སྐྱེས་ནས་ཀྱང་། དེ་དག་གུས་པར་ངེས་པ་ཁོ་ན་བཞིན་སྟོན་པར་འགྱུར་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གནོད་སྦྱིན་དེ་དག་ལྷགས་ནས་ནི། །བརྟན་ བཞིན་བརྟུལ་ཞུགས་སྤྱོད་དེ་ལ། མྱུར་དུ་གཟུངས་ཀྱི་སྒོ་རྣམས་ནི། །ཐེ་ཚོམ་མེད་པར་སྟོན་པར་བྱེད། །སྒོ་ཞེས་བྱ་བའི་སྒྲས་ནི་སྒོ་ཟད་མི་ཤེས་པའི་གཟུངས་ཀྱི་སྒོ་ལ་སོགས་པ་བསྡུའོ། །ཚིགས་སུ་བཅད་པའི་དོན་ལྷག་མ་ནི་མ་བཤད་དོ། །ཡང་ན། ཡན་ལག་ཀུན་གྱི་གཙོ་བོ་བཞིན། །བསྙད་པས་ དེ་དག་བློ་དགའ་བས། །ལྷགས་པ་ཡིན་ཏེ་དེ་དག་ལས། །འབྲས་བུར་འགྱུར་བར་ཐེ་ཚོམ་མེད། །དགའ་བར་མ་གྱུར་ན་བཞིན་སྟོན་པར་མི་བྱེད་དོ་སྙམ་དུ་དགོངས་སོ། །བྱང་ཆུབ་སེམས་དཔའི་ཕན་ཡོན་བསྙད་པ་ནི་རྣམ་པ་དྲུག་སྟེ། གྲངས་དང་། རིམ་པ་དང་། སེམས་པ་དང་། མིང་དང་གཟུངས་ ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པ་དང་། གཟུངས་ལ་བརྩོན་པ་ལ་གཟུངས་སྟོན་པའོ། །ཡི་གེ་བརྒྱད་པོ་དེ་དག་ནི། །བྱང་ཆུབ་སེམས་དཔའ་བརྒྱད་པོ་ཡིན། །དེའི་ཕྱིར་དོན་དེ་བསྒོམ་པ་ལ། །དེ་དག་ཐམས་ཅད་ཕན་འདོགས་སོ། །པ་ཞེས་བྱ་བ་ལ་སོགས་པའི་ཡི་གེ་བརྒྱད་པོ་དེ་དག་ནི། །རྣམ་ པར་སྣང་བྱེད་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་པོ་དག་གི་ཡིན་ཏེ། དེ་དག་གི་ཏིང་ངེ་འཛིན་སྟོན་པས་ན། དེའི་ཕྱིར། ཡི་གེ་དེ་དག་ནི་དོན་བསྒོམ་པ་ན་དེ་དག་ཐམས་ཅད་ཕན་འདོགས་པར་བྱེད་པར་འོས་པ་སྟེ། དེའི་ཕྱིར་བརྒྱད་ཅེས་གསུངས་སོ། །གཞན་ལ་ཕན་འདོགས་ཞུགས་ པའི་ཕྱིར། སྨོན་ལམ་སྟོབས་ཀྱིས་དེ་དག་རྣམས། །དེ་དང་དེར་ནི་སྐྱེད་བྱེད་པ། །གང་ཡིན་དེ་ལ་ཐེ་ཚོམ་མེད། །གང་གི་ཕྱིར་བྱང་ཆུབ་སེམས་དཔའ་འདི་དག་ནི་བློ་སྙིང་རྗེས་དབང་དུ་བྱས་ཤིང་ཕ་རོལ་ལ་ཕན་པར་བྱ་བ་ལ་གཞོལ་བས། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་ནང་དུ་དེ་དང་དེར་སྐྱེ་བར་བྱེད་ དེ། དེའི་ཕྱིར་དེ་དག་ཀྱང་དེ་ལ་ཞེས་བྱ་བ་ལ་སོགས་པ་འདི་གསུངས་པ་གང་ཡིན་པ་དེ་ལ་ཐེ་ཚོམ་མི་བྱ་བར་ངེས་པ་ཁོ་ནར་གཟུང་བར་བྱ་སྟེ། འདི་ལ་འཁྲུལ་པ་བསྐྱེད་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་སྦྱིན་གྱི་རིགས་བསྙད་པ་ན་ཡང་འདི་ཉིད་དགོངས་ཏེ། དེ་དག་ བྱང་ཆུབ་སེམས་དཔའ་ཉིད་ཡིན་ལ། མངོན་པར་ཤེས་པ་ཆེན་པོ་གནོད་སྦྱིན་གྱིས་གདུལ་པ་རྣམས་ལ་ཕན་གདགས་པའི་ཕྱིར། འཕགས་པ་ལག་ན་རྡོ་རྗེ་བཞིན་དུ་སྐྱེས་པ་ཡིན་ཏེ། དེ་ལྟ་བུ་ཡིན་གྱི་བྱང་ཆུབ་སེམས་དཔའ་མིན་ན་དེ་ལྟ་མ་ཡིན་ན་ནི། གནོད་སྦྱིན་དེ་དག་མཐུ་མེད་པའི་ཕྱིར། གཟུངས་ལ་བརྩོན་པ་འཇིག་རྟེན་གྱི་ཁམས་གཞན་དག་ན་འཁོད་པ་རྣམས་ལ་ཕན་འདོགས་པར་མི་བྱེད་པས། གནོད་སྦྱིན་གྱི་ཕན་ཡོན་བསྙད་པ་ཁྱབ་པ་མ་ཡིན་པར་འགྱུར་རོ། །སེམས་དཔའ་ཞེས་ནི་གསུངས་པ་འདི། །སེམས་ནི་སྙིང་རྗེས་བརླན་རྣམས་ཀྱིས། །ཕན་པར་བྱ་བ་འདོད་པའི་ བློས། །སྙིང་བརྩེ་ནས་ནི་བལྟས་པ་ཡིན། །ཚིགས་སུ་བཅད་པ་འདིའི་དོན་ནི་གསལ་བའི་ཕྱིར་མ་བཤད་དོ། །རྒྱལ་བའི་སྲས་པོ་དེ་དག་ནི། །ཕན་པ་ཉེ་བར་བསྒྲུབ་པ་དང་། །གནོད་པ་མེད་པར་སྤོངས་པ་ཡིས། །གཟུངས་ཐོབ་བྱ་ཕྱིར་མངོན་པར་བརྩོན། །ཕན་པ་ནི་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྒྲུབ་པ་དང་། མཐུ་ཡོད་པར་བྱ་བ་ལ་སོགས་པའོ། །གནོད་པ་ནི་སྡིག་པའི་གྲོགས་པོ་དང་འདྲེ་བ་དག །རྒོད་པ་དང་འགྱོད་པ་ལ་སོགས་པའོ། །ཕན་པ་དང་གནོད་པ་དེ་གཉིས་གོ་རིམས་བཞིན་དུ་བྱ་བ་དང་། གསལ་བས་བྱང་ཆུབ་སེམས་དཔའ་དེས་གཟུངས་ ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་བརྩོན་པར་འགྱུར་རོ། །གཟུངས་ལ་བརྩོན་པའི་བྱ་བ་བསྟན་པ་ཡང་རྣམ་པ་བདུན་དུ་གསུངས་ཏེ། དམ་བཅས་པ་ལ་བརྟན་པ་དང་། བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་དང་། ཆོས་འདོད་པ་དང་། ཆོས་ལ་དགའ་བ་དང་། ཟབ་མོའི་ ཆོས་ལ་བཟོད་པ་ལ་བརྩོན་པ་དང་། བགོ་བཤའ་བྱེད་པའི་ངང་ཚུལ་ཅན་དུ་བྱ་བའོ། །གཟུངས་ལ་བརྩོན་བྱེད་གང་ཞེ་ན། །གང་ཞིག་ཉན་སེམས་རྗེས་ཡི་རང་། །འདི་དང་ལུང་ནོད་འདོན་ལ་སོགས། །སྟོན་པའི་ཚུལ་གྱིས་བརྩོན་བྱེད་པའོ། །སོགས་པ་སྨོས་པས་ནི་འཛིན་པ་དང་། ཀུན་ཆུབ་ པར་བྱེད་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པ་ལ་སོགས་པ་བསྡུའོ། །ལྷག་མའི་དོན་ནི་གསལ་བས་མ་བཤད་དོ། །གཟུངས་བསྐྱེད་ཆོ་ག་རྒྱལ་བ་ཡིས། །བདག་གཞན་ལྟོས་ལ་བཟླས་ཏེ་གསུངས། །སྟོན་པ་ལ་སོགས་བྱེ་བྲག་གིས། །གཞན་ནི་རྣམ་པ་གསུམ་དུ་འགྱུར། །སྔར་ཡང་བཅོམ་ལྡན་ འདས་ཀྱིས་གཟུངས་བསྐྱེད་པའི་ཆོ་ག་གསུངས་མོད་ཀྱི། <ད་‚དེ་>ཡང་བདག་དང་གཞན་ལ་ལྟོས་པའི་སྒོ་ནས་གསུངས་ཏེ། དེ་ལ་བདག་ལ་ལྟོས་པ་ནི། བདེན་པར་དམ་བཅའ་བར་བྱའོ་ཞེས་བྱ་བས་བསྟན་ཏོ། །བདེན་པར་དམ་བཅའ་བ་ནི་བརྟན་པོར་དམ་བཅའ་བའོ། །དེ་འདྲ་བ་དེ་ནི་གཟུངས་ངེས་ པར་སྐྱེད་པར་བྱེད་དེ། འདི་ལྟར་དེས་གཟུངས་བདག་གིས་བསྐྱེད་པར་བྱའོ་ཞེས་དམ་བཅས་ན། དེ་ནི་དེ་མ་བསྐྱེད་ཀྱི་བར་དུ་བར་མ་དོར་ཕྱིར་མི་ལྡོག་གོ། །ལྷག་མ་རྣམས་ཀྱིས་ནི་གཞན་ལ་ལྟོས་པའི་སྒོ་ནས་གཟུངས་བསྐྱེད་པར་བྱ་བའི་ཆོ་ག་བསྟན་ཏེ། གཞན་པོ་དེ་ཡང་། སྟོན་པ་དང་། ཆོས་དང་། འདུ་བའི་བྱེ་བྲག་གིས་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ལ་སྟོན་པའི་ལྟོས་པ་ནི། བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཅན་ཞེས་བྱ་བ་འདི་གཉིས་ཀྱིས་གཟུངས་བསྐྱེད་པའི་ཆོ་ག་བསྟན་ཏེ། འདི་ལྟར་བཅོམ་ལྡན་འདས་དང་། འབྲེལ་པའི་སྐྱབས་གསུམ་ཐོབ་པ་ལ་སོགས་པ་ བཀའ་དྲིན་དྲན་ནས། དེས་གསུངས་པ་བཞིན་དུ་ངེས་པ་ཁོ་ནར་སྒྲུབ་པར་བྱེད་དེ། དེས་གསུངས་པའི་གཟུངས་ནི་དོན་ཆེན་པོ་ཡིན་པས་ན་བསྐྱེད་དགོས་སོ་སྙམ་པའི་ཕྱིར་རོ། །སུས་བྱས་པ་ཚོར་བ་དེ་ཡང་ངེས་པ་ཁོ་ནར་གཟུངས་སྐྱེད་པར་བྱེད་དེ། འདི་ལྟར་གཟུངས་བསྒྲུབས་པས་བཅོམ་ ལྡན་འདས་ཀྱི་བཀའ་དྲིན་ཚོར་བའི་ཕྱིར་རོ། །དེ་བྱས་པ་ཚོར་བར་བྱེད་པའི་ངང་ཚུལ་ཅན་ཡིན་པས་ན་བྱས་པ་ཚོར་བ་ཅན་ནོ། །ཆོས་ལ་ལྟོས་པ་ནི་ཆོས་འདོད་པ་ཞེས་བྱ་བ་ལ་སོགས་པས་གཟུངས་བསྐྱེད་པའི་ཆོ་ག་བསྟན་ཏེ། གང་གི་ཕྱིར་སུ་ཆོས་ལ་འདོད་ཅིང་སྲེད་པ་དེ་ནི་ངེས་པར་གཟུངས་ བསྐྱེད་པར་འགྱུར་ཏེ། དེ་ནི་ཆོས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ཆོས་ལ་དགའ་བ་ནི། གང་ཆོས་ལ་ཤིན་ཏུ་ཞུགས་པ་སྟེ། དེ་ལྷུར་ལེན་པའི་ཕྱིར་རོ། །དེ་འདྲ་བ་དེ་ནི་གཟུངས་མ་བསྐྱེད་པར་མི་འདུག་གོ། །ཟབ་མོའི་ཆོས་ལ་བཟོད་པ་ལ་བརྩོན་པ་ནི་ག་ལ་ཞིག་གཟུངས་བསྐྱེད་པར་མི་བྱེད་དེ། དེ་ནི་མཆོག་ཏུ་ཟབ་པའི་ཕྱིར་རོ། །གཞན་གྱི་དོན་གྱི་ཕྱིར་ཡང་གཟུངས་འདི་བསྐྱེད་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཟུངས་ལ་བརྩོན་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་དང་ཟང་ཟིང་བྱེ་བྲག་གིས། །བགོ་བཤའ་རྣམ་པ་གཉིས་ སུ་བསྟན། །བགོ་བཤའ་ནི་རྣམ་པ་གཉིས་ཏེ། ཆོས་ཀྱི་བགོ་བཤའ་དང་། ཟང་ཟིང་གི་བགོ་བཤའོ། །ངང་ཚུལ་སྨོས་པས་ནི་བགོ་བཤའི་ངོ་བོ་ཉིད་བསྟན་ཏེ། དེས་ན་སེམས་ཀྱི་ཤིན་ཏུ་འཛིན་པ་མེད་པར་བསྟན་ཏོ། །ཆུང་དང་ཉུང་དང་མང་པོ་ནི། །རྫས་དང་གྲངས་དང་གཉི་གར་བསྟན། ། ཆུང་ངུ་ནི་རྫས་ཆུང་བའི་ཕྱིར་རོ། །ཉུང་ངུ་ནི་གྲངས་ཉུང་བའི་ཕྱིར་རོ། །མང་པོ་ནི་རྫས་དང་གྲངས་མང་བའི་ཕྱིར་རོ། །གཟུངས་དོན་བསྟན་པ་ཡིན་མོད་ཀྱི། །འོན་ཀྱང་སྤྱིར་ཡང་བསྟན་པ་མཛད། །བྱས་གཟོ་ལ་སོགས་གཞན་དུ་ཡང་། །བྱ་བའི་ཕྱིར་ན་གསུངས་པ་ཡིན། །གཟུངས་ཀྱི་དོན་བསྟན་པའི་ སྐབས་ཡིན་མོད་ཀྱི་སྤྱིར་བསྟན་ཏེ་གསུངས་པའི་བྱས་པ་གཟོ་བ་ལ་སོགས་པ་གང་ཡིན་པ་དེ་ནི་གཞན་དུ་ཡང་བྱ་དགོས་པའི་ཕྱིར་དོན་དེ་བསྟན་པའི་ཐ་ཚིག་གོ། །བཤད་པའི་ཚེ་ཕན་ཡོན་བསྙད་པ་ནི་རྣམ་པ་གཉིས་ཏེ། ཕྱིར་མི་ལྡོག་པའི་ས་འཐོབ་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ པའོ། །དེ་ཡང་། འདིར་ནི་གཙོ་བོར་ཐུབ་པ་ཡིས། །འབྲས་བུ་གཉིས་སུ་བསྟན་པ་ཡིན། །ཇི་ལྟ་ཞེ་ན། སྨྲས་པ། མཐོ་རིས་ལ་སོགས་འབྲས་བུ་ནི། །གཞན་བསྟན་པ་ལས་རྟོགས་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་ཐམས་ཅད་ཀྱང་ལྷ་དང་མི་ལ་སོགས་པར་སྐྱེ་བ་དང་། རྒྱལ་སྲིད་ལ་སོགས་པ་དང་མི་འབྲལ་བར་འཕེན་པ་ཡིན་ནོ། །འབྲས་བུ་འདི་གཉིས་གཙོ་བོར་བསྟན་པ་ཡང་བྱང་ཆུབ་ཆེན་པོར་ངེས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་དང་། གཞིར་གྱུར་པའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་ས་ཐོབ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཁོ་ན་ཡིན་པའི་ཕྱིར། སྔ་ མའི་སྐབས་སུ་བྱང་ཆུབ་སེམས་དཔའ་སྨོས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་བྱང་ཆུབ་སེམས་དཔའ་མ་ཡིན་པ་ཁོ་ན་དག་བྱེད་པ་ཡིན་པས་ན། ཕྱི་མའི་སྐབས་སུ་ནི་བྱང་ཆུབ་སེམས་དཔའ་མ་སྨོས་སོ། །ད་ནི་མིང་ཞུས་པ་བརྗོད་པར་བྱ་སྟེ། བདག་དང་ གཞན་དོན་རིམ་བཞིན་དུ། །ཞུས་པ་དང་ནི་དགོས་པ་བསྟན། །ཡང་ན་དོན་ནི་ཆེ་བའི་ཕྱིར། །ཚིག་གཉིས་ཀྱིས་ནི་བཟླས་ཏེ་ཞུས། །འདིའི་མིང་ཅི་ལགས་ཞེས་བྱ་བས་ནི་མིང་ཞུས་པ་བསྟན་ཏོ། །མིང་ཞུས་པ་དགོས་པ་མེད་དུ་དོགས་པ་ལ། འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བས་དགོས་པ་བསྟན་ཏེ། ཐ་སྙད་གདགས་ པའི་དུས་ན་འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་ཕྱིས་ཐ་སྙད་གདགས་པའི་བྱ་བ་ཞུས་པའི་དགོས་པ་ཡིན་པར་བསྟན་པ་ཡིན་ནོ། །ཡང་ན་འདིའི་མིང་ཅི་ལགས་ཞེས་བྱ་བ་ནི་བདག་གི་དོན་དུ་ཞུ་བའོ། །འདི་ཇི་ལྟར་གཟུང་བར་བགྱི་ཞེས་བྱ་བ་ནི་གཞན་གྱི་དོན་དུ་ཞུ་བ་སྟེ། དེ་དག་ཀྱང་ཐ་སྙད་གདགས་པར་བྱ་བའི་ཕྱིར་ཆོས་ཀྱི་རྣམ་གྲངས་ཀྱི་མིང་ཐོས་པར་འདོད་ན། ཆོས་ཀྱི་རྣམ་གྲངས་འདི་གཞན་དག་འཛིན་ན་ཇི་ལྟར་འཛིན་དུ་གཞུག་པར་བགྱི་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཆོས་ཀྱི་རྣམ་གྲངས་འདི་དོན་ཆེ་བའི་ཕྱིར། དད་པས་འདུན་པར་བྱས་པའི་སེམས་ཀྱིས་ ཡང་དང་ཡང་དུ་མིང་ཞུ་བར་བྱེད་དོ། །ཡང་ཞེས་བྱ་བ་ནི་མ་སྨོས་པ་བསྡུ་བའི་དོན་ཏེ། དེ་བས་ན་ཚིག་གཉིས་ཀྱིས་བདག་ཉིད་ཀྱི་མིང་ཐོས་པར་འདོད་པ་བསྟན་ཏེ། འདི་ལྟར་སྤྱིར་ཞུས་མོད་ཀྱི། འོན་ཀྱང་བདག་ཉིད་ལ་བསྡུ་བའི་ཕྱིར། འདི་ཇི་ལྟར་གཟུང་བར་བགྱི་ཞེས་སྨྲས་སོ། །ད་ནི་མིང་འདོགས་ པ་བསྟན་ཏེ། འདི་ནི་གོ་རིམས་ཁོ་ན་བཞིན། །རྒྱུ་དང་འབྲས་བུའི་དངོས་པོ་ཡིས། །མིང་ནི་རྣམ་པ་བཞིར་མཛད་དེ། །དེ་ཕྱིར་མི་ཉུང་ལྷག་པ་མེད། །མིང་རྣམ་པ་བཞི་པོ་འདི་ནི་ཆོས་ཀྱི་རྣམ་གྲངས་འདིའི་བརྒྱུད་པའི་འབྲས་བུར་འགྱུར་བ་གང་ཡིན་པ་དེའི་རྒྱུ་དང་འབྲས་བུའི་དངོས་པོར་འདུག་པའི་ཕྱིར་ ཏེ། ས་དང་ཕ་རོལ་ཏུ་ཕྱིན་པ་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་རྣམས་སྒོ་མཐའ་ཡས་པས་བསྒྲུབ་པའི་ཕྱིར་ན་ཆོས་ཀྱི་རྣམ་གྲངས་འདིའི་མིང་སྒོ་མཐའ་ཡས་པས་བསྒྲུབ་པ་ཞེས་བྱའོ། །གང་གི་ཕྱིར་འདིའི་མིང་སྒོ་མཐའ་ཡས་ པས་བསྒྲུབ་པ་ཞེས་བྱ་བ་དེའི་ཕྱིར། འདིའི་མིང་བྱང་ཆུབ་སེམས་དཔའ་གཅིག་ཏུ་ངེས་པར་མངོན་པར་འཕགས་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག་ཅེས་གསུངས་ཏེ། གང་གི་ཕྱིར་རྒྱུ་དེ་ལྟ་བུ་ལས་འབྲས་བུ་དེ་ལྟ་བུ་ངེས་པར་འབྱུང་བའི་ཕྱིར་རོ། །གཅིག་ཏུ་ངེས་པར་ཞེས་བྱ་བ་ནི་ ལྡན་པའི་དོན་ཏེ། འདི་ལས་བྱང་ཆུབ་སེམས་དཔའ་གཅིག་ཏུ་ངེས་པར་མངོན་པར་འཕགས་པར་འགྱུར་རོ་ཞེས་བསྡུ་བར་བྱའོ། །མངོན་དུ་ཕྱོགས་པས་གོང་ནས་གོང་དུ་ཁྱད་པར་འཐོབ་པའི་ཕྱིར་འཕགས་པ་ནི་མངོན་པར་བྱེད་པའོ། །གང་གི་ཕྱིར་འདིའི་མིང་བྱང་ཆུབ་ སེམས་དཔའ་ཐམས་ཅད་གཅིག་ཏུ་ངེས་པར་མངོན་པར་འཕགས་པར་བྱེད་པ་ཞེས་བྱ་བ་དེའི་ཕྱིར། འདིའི་མིང་བདུད་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག་ཅེས་གསུངས་ཏེ། འབྲས་བུ་ནི་རྒྱུ་དང་འདྲ་བའི་ཕྱིར་རོ། །བདུད་སྨོས་པས་ནི་ཉོན་མོངས་དང་། ལྷའི་ བུའི་བདུད་བསྡུས་ཏེ། འདིས་བདུད་ཐམས་ཅད་རྣམ་པར་འཇིག་པའི་ཕྱིར་ཞེས་ཚིག་སྦྱར་བར་བྱའོ། །གང་གི་ཕྱིར་འདིའི་མིང་བདུད་ཐམས་ཅད་རྣམ་པར་འཇིག་པ་ཞེས་བྱ་བའི་ཕྱིར། གཅིག་ཏུ་ངེས་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག་ཅེས་ གསུངས་ཏེ། དེ་གཅིག་ཏུ་ཡང་ངེས་པ་ཡིན་ལ། ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་པ་ཡང་ཡིན་ནོ་ཞེས་ཚིག་སྦྱར་བར་བྱའོ། །ཡང་ན་འབྲུ་མང་པོ་མ་ཡིན་པར་སྦྱར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་འབྲས་བུ་གཞན་ཡོད་པས་ན་མི་ཉུང་བ་ཡང་མ་ཡིན་ལ། དེ་ཡན་ཆད་འབྲས་ བུ་མེད་པའི་ཕྱིར་ལྷག་པ་མེད་དོ། །ལུགས་འབྱུང་ལུགས་འབྱུང་མ་ཡིན་ལས། །སྒྲུབ་དང་བསྒྲུབ་བྱའི་དངོས་པོ་ཡིས། །མིང་ནི་རྣམ་པ་བཞིར་མཛད་དེ། །དེ་ཕྱིར་མི་ཉུང་ལྷག་པ་མེད། །ཡང་ན་ལུགས་སུ་འབྱུང་བའི་ཚུལ་གྱིས་སྔ་མ་སྔ་མ་ནི་རྒྱུ་ཡིན་ལ། ཕྱི་མ་ཕྱི་མ་ནི་བསྒྲུབ་པར་བྱ་བ་ཡིན་ པའི་ཕྱིར་མིང་རྣམ་པ་བཞིར་མཛད་དོ། །ལུགས་སུ་འབྱུང་བ་མ་ཡིན་པ་ནི་ཕྱི་མ་ཕྱི་མ་ནི་རྒྱུ་ཡིན་ལ། སྔ་མ་སྔ་མ་ནི་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར། མིང་རྣམ་པ་བཞིར་མཛད་དེ། ལྟོས་པ་དང་བཅས་པའི་ཕྱིར། ཉུང་བ་ཡང་མ་ཡིན་ལ། སྒྲུབ་པ་པོའི་ལྟོས་པ་མེད་པས། མིང་གཞན་བྱར་ མེད་པའི་ཕྱིར། ལྷག་པར་ཡང་མ་མཛད་དོ། །བཤད་པ་འདིའི་སྐབས་སུ་བདུད་སྨོས་པས་ནི་བདུད་ཐམས་ཅད་བསྡུའོ། །ཡང་ན་ཡོན་ཏན་ཐམས་ཅད་དང་། །ཡེ་ཤེས་ཕུན་སུམ་སྤོང་ཕུན་སུམ། །ཁྱད་པར་འཕགས་པ་ཕུན་སུམ་གྱི། །རྟེན་ནི་དེ་ཉིད་ཡིན་ཕྱིར་རོ། །ཡང་ན་ཆོས་ཀྱི་རྣམ་ གྲངས་འདི་ནི། ཕུན་སུམ་ཚོགས་པ་རྣམ་པ་བཞིའི་རྟེན་ཡིན་ཏེ། དེའི་ཕྱིར་མིང་རྣམ་པ་བཞིར་མཛད་དོ། །ཕུན་སུམ་ཚོགས་པ་རྣམ་པ་བཞི་ནི། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤང་བ་ཕུན་སུམ་ཚོགས་པ་དང་། ཁྱད་པར་འཕགས་པ་ཕུན་ སུམ་ཚོགས་པ་སྟེ། ཁྱད་པར་འཕགས་པ་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་གོང་ནས་གོང་དུ་ཞེས་བྱ་བ་བར་གྱི་ཚིག་མི་མངོན་པར་བྱས་ནས་བསྟན་པ་ཡིན་ནོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ལ་སོགས་པ་ནི་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པའི་ཁོངས་སུ་ཡང་འདུས་མོད་ཀྱི་གཙོ་བོར་ བསྟན་པའི་ཕྱིར་ལོགས་ཤིག་ཏུ་བསྟན་ཏོ། །ཕུན་སུམ་ཚོགས་པ་ནི་གུད་ན་ཅི་ཡང་མེད་པའི་ཕྱིར་མིང་རྣམ་པ་བཞིར་མཛད་དེ། ལྷག་པ་ཡང་མེད་ལ་ཉུང་བ་ཡང་མི་ཉུང་ངོ་། །སྤང་བ་ནི་བདུད་ཐམས་ཅད་འཇིག་པ་སྟེ། དེ་ཡང་ལྷའི་བུ་ལ་སོགས་པ་ནི་ཟིལ་གྱིས་གནོན་པའོ། །འདོད་ཆགས་ལ་ སོགས་པ་ནི་བག་ཆགས་དང་བཅས་པ་རྩ་ནས་འདོན་པའོ། །སྔར་ནི་གཟུངས་ཀྱི་མིང་དུ་བསྟན་པར་མཛད་ལ། ད་ནི་ཆོས་ཀྱི་རྣམ་གྲངས་ཀྱི་མིང་དུ་བསྟན་པས་ན་ཟློས་བུར་འགྱུར་བར་དོགས་པར་མི་བྱའོ། །ད་ནི་ཡི་རངས་པ་བསྟན་ཏེ། ཐུབ་པའི་གསུང་ལས་འཇིག་རྟེན་གྱིས། །དོན་ཆེན་སྐྱེས་ པ་མཐོང་གྱུར་ནས། །སེམས་ནི་རངས་པར་གྱུར་པའི་ཕྱིར། །མཁས་རྣམས་མངོན་པར་བསྟོད་པར་བྱེད། །ཐུབ་པའི་གསུང་ལས་རྐྱེན་རྐྱེན་དུ། །ཁྱད་པར་ཐོབ་པར་གྱུར་ནས་ནི། །ཡིད་ཀྱང་དགའ་བར་གྱུར་པའི་ཕྱིར། །མཁས་པས་ཁ་ཅིག་མངོན་པར་བསྟོད། །བཅོམ་ལྡན་འདས་ཀྱིས་འདི་ བསྟན་པས་ལྷ་དང་མི་རྣམས་ཀྱིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ལ་སོགས་པ་དང་། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། ཕྱིར་མི་ལྡོག་པའི་ས་དང་། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། མངོན་པར་ཤེས་པ་དང་། གཟུངས་དང་གཟུངས་ཀྱི་སྒོ་དང་། སོ་སོ་ཡང་དག་པར་རིག་པ་ཐོབ་པ་ལ་སོགས་པ་སྐལ་པ་ཇི་ལྟ་བ་བཞིན་དུ། དངོས་དང་། བརྒྱུད་པའི་སྒོ་ནས་འཇིག་རྟེན་གྱི་དོན་ཆེན་པོ་སྐྱེས་པ་མཐོང་ནས་ཐུབ་པའི་དབང་པོས་གསུངས་པ་ལ། ཤཱ་རིའི་བུ་ལ་སོགས་པ་མཁས་པ་རྣམས་ཡིད་ཡང་དག་ པར་དགའ་བར་གྱུར་ནས་བསྟན་པ་དེ་ཉིད་ཀྱི་མོད་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་ཀྱིས་བསྟན་པ་འདི་ལྟ་བུར་ཤིན་ཏུ་རྨད་དུ་བྱུང་བ་གང་གིས་ལྷག་པ་མེད་པའི་དོན་འདི་ལྟ་བུ་འཇིག་རྟེན་མ་ལུས་པའི་དོན་བྱེད་ལ། བསྟན་པ་དེས་ཀྱང་དེ་ཉིད་ཀྱི་མོད་ལ། མཁས་པ་ཁ་ ཅིག་རྒྱུ་ཇི་ལྟ་བ་བཞིན་དུ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། རབ་ཏུ་དགའ་བ་ལ་སོགས་པའི་ས་ཐོབ་པའི་ཁྱད་པར་སོ་སོ་རང་གིས་རིག་པར་བྱེད་པ་ན་ཡིད་ཡང་དག་པར་དགའ་ནས་མངོན་པར་བསྟོད་དོ། །ཁ་ཅིག་ཅེས་སྨོས་པ་ནི། དོན་ཡོད་མཐོང་བ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ རྣམས་ལ་དེ་མེད་པའི་ཕྱིར་རོ། །གལ་ཏེ་བདག་གིས་ཀྱང་ལྷག་པ་འགའ་ཞིག་ཐོབ་པར་གྱུར་ན་ནི། ཕྱིར་མི་ལྡོག་པའི་ས་ཐོབ་པ་བཞིན་དུ། ཁྱད་པར་དུ་འཕགས་པའི་ཕྱིར། དེ་ཡང་བསྟན་པར་འགྱུར་བ་ཞིག་ན་མ་བསྟན་པས་དེའི་ཕྱིར་ཚོགས་ཡོངས་སུ་རྫོགས་པ་དེ་དག་གིས་ནི་ལྷག་པ་འགའ་ ཡང་ཐོབ་པ་མེད་དེ། འོན་ཀྱང་དེ་དག་དེར་འདུས་པ་ཡང་དོན་མེད་པར་མི་འགྱུར་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཡང་དོན་མེད་པར་མི་འགྱུར་ཏེ། ས་ཡོངས་སུ་རྫོགས་པར་བྱ་བ་ལ་སོགས་པའི་ཡོན་ཏན་རྣམས་བརྒྱུད་པའི་ཚུལ་གྱིས་ཡོད་པའི་ཕྱིར་རོ། །འཕགས་པ་ཤཱ་རིའི་བུ་ལ་ སོགས་པ་དག་གི་ནང་ནས་ནི་སྐལ་པ་ཇི་ལྟ་བ་བཞིན་དུ། ཁ་ཅིག་གིས་ནི་ཕྱིར་མི་ལྡོག་པའི་ས་ཐོབ་ལ། ཁ་ཅིག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ནི་བྱང་ཆུབ་ཆེན་པོའི་རིགས་དང་ལྡན་པ་ཉིད་ཡིན་པ་ལས་ཇི་ཞིག་ལྟར་ཉན་ཐོས་ཀྱི་བྱང་ཆུབ་ལ་ཞུགས་ནས་ཉོན་མོངས་པ་སྤང་བར་བྱས་པར་ཟད་ དོ། །བྱང་ཆུབ་ཆེན་པོའི་རིགས་དེ་ཉིད་ལ་བརྟེན་ནས། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱིས་འཕགས་པ་དམ་པའི་ཆོས་པདྨ་དཀར་པོའི་མདོ་ལས་ལུང་བསྟན་ཏེ། ཆོས་བཅུ་པའི་མདོ་ལས་ཀྱང་། དེ་བཞིན་དུ་དགོངས་པས་བཤད་པའི་ཕྱིར་རོ། །ཚོང་དཔོན་དང་། དེད་དཔོན་གྱི་དཔེ་ལ་ སོགས་པ་རྣམས་ཀྱང་བྱང་ཆུབ་ཆེན་པོའི་རིགས་དང་ལྡན་པ་དེ་དག་ཉིད་ཀྱི་དབང་དུ་བྱས་པ་ཁོང་དུ་ཆུད་པར་བྱའོ། །ཉོན་མོངས་པའི་བུད་ཤིང་ཐམས་ཅད་མ་ལུས་པར་བསྲེགས་པའི་རྒྱུད་ཅན་ཉན་ཐོས་རྣམས། ཇི་ལྟར་བྱང་ཆུབ་ཆེན་པོའི་ཚོགས་ཡོངས་སུ་རྫོགས་པར་བྱེད་པར་འགྱུར་སྙམ་དུ་ ཡང་ཡིད་ལ་མི་བྱ་སྟེ། དེའི་དོན་ནི་མདོ་གཞན་ལས་རྣམ་པར་ཕྱེ་བའི་ཕྱིར་རོ། །འདིར་ནི་གཏམ་དེ་ཤིན་ཏུ་རྒྱས་པ་དང་ལྡན་པ་ཡིན་པས། ཡི་གེ་མངས་སུ་དོགས་པའི་ཕྱིར་མ་བཤད་དོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་ བར་སྦྱར་ཏེ། ཉན་ཐོས་ཆེན་པོ་ལ་སོགས་པའི་ཚོགས་རྣམས་དང་། དེ་བཞིན་དུ་སོ་སོར་ཚིག་གི་དོན་བསྟན་པའི་ལུགས་དང་སྦྱར་བར་བྱའོ། །གསལ་ཞིང་དྲི་མེད་ཡོན་ཏན་ལྡན་པ་ཤིན་ཏུ་རབ་ཏུ་གཏིང་དཔག་དཀའ་བས་ཉམས་དགའ་གཟུངས་སྔགས་འདི། །བདག་འདྲ་ཉོན་མོངས་ཤིན་ཏུ་བློ་ ཞན་བཞིན་དུ་བདག་གིས་ཆེ་ལོང་ཆེ་ལོང་རྣམ་པར་ཕྱེ་བ་ཡིས། །བསོད་ནམས་ཕུང་པོ་སྐྱེ་བོ་ཕལ་ཆེན་རྣམས་ལ་སྐྱེ་བའི་མཐུ་ཅན་གང་ཡིན་པ། །དེ་དག་ཐམས་ཅད་ཀྱིས་ནི་འགྲོ་བ་འདི་དག་ཀུན་གྱིས་ཡེ་ཤེས་སྙིང་པོ་རྟག་ཏུ་འཆང་བར་ཤོག །འཕགས་པ་སྒོ་མཐའ་ཡས་པས་བསྒྲུབ་པའི་ གཟུངས་རྒྱ་ཆེར་འགྲེལ་པ་སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲི་ས་མ་ཡ་བྱཱུ་ཧ་རཱ་ཛ་ཤ་ཏ་ཨཀྵ་ ར་སཱ་དྷ་ནཾ། བོད་སྐད་དུ། དམ་ཚིག་གསུམ་བཀོད་པའི་རྒྱལ་པོའི་ཡི་གེ་བརྒྱ་པའི་སྒྲུབ་ཐབས། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་འདིར་ངན་འགྲོའི་རྒྱུན་གཅོད་ཅིང་། །མངོན་མཐོ་དངོས་གྲུབ་ཀུན་འབྱུང་གནས། །སྔོན་བསགས་སྡིག་པ་དག་བྱའི་ ཕྱིར། །བླ་མར་གྱུར་པ་ཀུན་ལ་འདུད། །དེ་ལ་དང་པོ་རྣལ་འབྱོར་པས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ཅིང་། །བླ་མ་མཉེས་བྱས་རྗེས་གནང་ཐོབ། །མན་ངག་ཇི་བཞིན་རྙེད་པ་དང་། །འཇིག་རྟེན་ཆོས་དག་རྣམ་པར་སྤངས། །སེམས་ཅན་ཀུན་ལ་སྙིང་བརྩེ་བ། །རྟག་ཏུ་བསྒོམ་དང་བཟླས་ལ་དགའ། ། དེ་ནི་རྒྱལ་བས་རྣལ་འབྱོར་གསུངས། །དགོན་པ་ཆེན་པོའི་ས་ཕྱོགས་སམ། །དུར་ཁྲོད་ནགས་ཚལ་མཆོད་རྟེན་དྲུང་། །མེ་ཏོག་འབྲས་བུའི་ཚོགས་ཀྱིས་བརྒྱན། །ཨ་ཤོ་ཀ་ཡི་ཤིང་དྲུང་དུ། །དངོས་གྲུབ་ཐམས་ཅད་བསྡུས་པ་འགྲུབ། །ཡོན་ཏན་ཀུན་ཚང་རྣལ་འབྱོར་པས། །ཡིད་དང་རྗེས་ མཐུན་ནགས་སུ་ནི། །འཇམ་པའི་སྟན་ལ་ལེགས་འདུག་ནས། །སེམས་དཔའི་སྐྱིལ་མོ་ཀྲུང་བཅས་ཏེ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡི། །སྔགས་ཀྱིས་བགེགས་རྣམས་གཞོམ་པར་བྱ། །ན་མཿས་མནྟ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲཱ་