Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 9 / 23 (50.000 ký tự/trang)
་ཡེ་ཤེས་སེམས་དཔའ་མདུན་དུ་བཞུགས་པ་ལ་མཆོད་དོ། །གསོལ་བ་གདབ་པ་དང་། བཟོད་པར་གསོལ་བ་དང་། གཤེགས་པར་མཁྱེན་པར་བྱ་བའི་ཕྱིར་ཛ་ཧི་ཞེས་ལན་གསུམ་ བརྗོད་དོ། །ལངས་ནས་མཆོད་སྟོན་ལ་སོགས་པ་བྱའོ། །འདིར་གང་དག་དེ་སྙེད་ཀྱི་ཕྱག་རྒྱ་དག་དམིགས་པར་མི་ནུས་པས་ཕྱག་བརྒྱད་པའམ། ཞལ་གཅིག་ཕྱག་བཞི་པའམ། ཞལ་གཅིག་ཕྱག་གཉིས་པ་ཡང་བསམ་ཞིང་ཕྱག་གཉིས་པ་པདྨ་དང་མཆོག་སྦྱིན་པར་བལྟའོ། ། སྒྲུབ་ཐབས་ཆོ་ག་བཀོད་པ་ཡིས། །དགེ་བ་གང་ཞིག་དྲི་མེད་ནི། །བདག་གིས་བསགས་དེས་འགྲོ་བ་ཀུན། །སྲིད་མཚོའི་ཕ་རོལ་འགྲོ་བར་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པའི་སྒྲུབ་ཐབས། དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། །།རྒྱ་ གར་གྱི་མཁན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་ར་སྟོ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་ རྟེན་བླ་མ་སྲིད་པ་གསུམ་གྱིས་བསྟོད་པ་པོ། །ལྷ་ཡི་གཙོ་བོ་བདུད་དང་ཚངས་པས་བསྟོད་པ་པོ། །ཐུབ་པའི་རྒྱལ་མཆོག་བསྟོད་པས་གྲུབ་པར་མཛད་པ་པོ། །འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ། །བདེ་གཤེགས་དཔག་མེད་སྐུ་མཆོག་སྐུ་བཟང་འཛིན་པ་པོ། ། བདེ་གཤེགས་སྣང་མཐའ་ཡས་ཀྱི་དབུ་རྒྱན་འཛིན་པ་པོ། །ཕྱག་གཡས་མཆོག་སྦྱིན་ཡི་དགས་བཀྲེས་སྐོམ་སེལ་བ་པོ། །གཡོན་པའི་ཕྱག་ནི་གསེར་གྱི་པདྨོས་བརྒྱན་པ་པོ། །དྲི་ཞིམ་རལ་པའི་ཕྲེང་བ་དམར་སེར་འཁྱུག་པ་པོ། །ཞལ་རས་རྒྱས་པ་ཟླ་བ་ལྟ་བུར་མཛེས་པ་པོ། །སྤྱན་ གྱི་པདྨོ་མཆོག་ཏུ་བཟང་ཞིང་ཡངས་པ་པོ། །ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡང་བ་པོ། །དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་པོ། །མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་པོ། །པདྨའི་མཚོ་ལྟར་ཕྱག་ནི་དངར་བར་བྱས་པ་པོ། །སྟོན་ཀའི་སྤྲིན་གྱི་མདོག་དང་ ལྡན་ཞིང་གཞོན་པ་པོ། །རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ། །ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ། །རི་དགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ། །སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་བ་པོ། །དྲི་མ་མེད་པའི་པདྨོའི་མཆོག་ལ་གནས་ པ་པོ། །ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ། །གསེར་གྱི་རྐང་གདུབ་སྒྲ་ཡིས་ཞབས་ཡིད་འོང་བ་པོ། །གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ། །སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ། །ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་ པ་པོ། །མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ། །རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ། །གསུམ་ཐར་མཛད་ཅིང་མཁས་སྤྱོད་སྤྱོད་པ་སྟོན་པ་པོ། །ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་པོ། །ཚངས་པའི་གནས་པ་བཞི་ ཡིས་དབེན་པར་མཛད་པ་པོ། །ངང་པའི་འགྲོས་དང་གླང་ཆེན་དྲེགས་འདྲར་གཤེགས་པ་པོ། །ཚོགས་ཀུན་ཉེ་བར་བསགས་ནས་ཆོས་ཀུན་སྟོན་པ་པོ། །སྡུག་བསྔལ་མཚོ་དང་ཉོན་མོངས་མཚོ་ལས་སྒྲོལ་བ་པོ། །གང་ཞིག་རྟག་ཏུ་ཐོ་རངས་ལངས་ནས་གུས་པ་ཡིས། །སྤྱན་རས་ གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་། །བསྟོད་པའི་མཆོག་འདི་དག་ཅིང་གསལ་བར་འདོན་བྱེད་ན། །དེ་ནི་སྐྱེས་པའམ་ཡང་ན་བུད་མེད་ཡིན་ཡང་རུང་། །སྐྱེ་བ་འདི་དང་མ་འོངས་སྐྱེ་བ་ཐམས་ཅད་དུ། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཀུན་འགྲུབ་འགྱུར། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ། དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་སྟོ་ཏྲ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ། རྗེ་བཙུན་ཐུགས་རྗེ་ ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །འཁོར་བའི་འདམ་གྱིས་མ་གོས་པས། །པདྨ་ཟླ་བའི་གདན་དང་ལྡན། །ཐུགས་རྗེ་ཆེ་ལ་ཕྱག་འཚལ་ལོ། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་ སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱེ་བྲག་བཅུ་གཅིག་ཞལ། །རྩ་བའི་ཞལ་ནི་དཀར་པོ་མཛེས། །ལྗང་དང་དམར་པོ་གཡས་དང་གཡོན། །ཞི་བའི་ཞལ་ལ་ཕྱག་འཚལ་ལོ། །དབུས་ལྗང་གཡས་དཀར་གཡོན་དམར་ཞལ། ། དབུས་དམར་གཡས་ལྗང་གཡོན་དཀར་ཞལ། །སྤྱན་དཀྱུས་རིང་ཞིང་ཞལ་ཕྲ་བ། །འཛུམ་བཅས་བཞུགས་ལ་ཕྱག་འཚལ་ལོ། །ཁྲོ་ཞལ་ནག་པོ་སྤྱན་གསུམ་པ། །མཆེ་གཙིགས་སྐྲ་བརྫེས་སྨ་ར་སེར། །སྟེང་ཞལ་དམར་པོ་གཙུག་ཏོར་ལྡན། །བཅུ་གཅིག་ཞལ་ལ་ཕྱག་ འཚལ་ལོ། །ཆོས་ཉིད་ཐུགས་ཆུད་ཐུགས་ཀར་ཐལ་མོ་སྦྱར། །ཐུགས་རྗེ་རྒྱུན་ཆད་མེད་པས་ཕྲེང་བ་འཛིན། །ཡི་དགས་བཀྲེས་སྐོམ་སེལ་བའི་མཆོག་སྦྱིན་ཕྱག །ཕྱག་གཡས་འཁོར་ལོ་བསྣམས་ལ་ཕྱག་འཚལ་ལོ། །འཁོར་བའི་འདམ་གྱིས་མ་གོས་པདྨ་བསྣམས། །རིལ་པ་སྤྱི་ བླུགས་ཉོན་མོངས་དྲི་མ་འཁྲུ། །ཐབས་དང་ཤེས་རབ་གཉིས་མེད་མདའ་གཞུ་བསྣམས། །རྣམ་ཐར་བརྒྱད་ལྡན་ཁྱེད་ལ་ཕྱག་འཚལ་ལོ། །རིན་ཆེན་རྒྱན་མངའ་ཀུན་ནས་མུན་སེལ་ཞིང་། །སྐུ་མདོག་དཀར་གསལ་རི་དགས་པགས་པ་འཛིན། །གཞོན་ནུ་ལང་ཚོ་ལྡན་པའི་འཛུམ་བཅས་ ཞལ། །འགྲོ་བའི་སྡུག་བསྔལ་སེལ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་བལྟ་བས་མི་ངོམས་སྣ་ཚོགས་སྐུ། །ཐུགས་རྗེ་མཐར་ཕྱིན་ཕྱག་སྟོང་འགྲོ་རྣམས་སྐྱོབ། །ཤེས་རབ་མཐར་ཕྱིན་དྲི་མེད་སྤྱན་སྟོང་གཟིགས། །འཇིགས་པ་ཀུན་ལས་སྐྱོབ་ལ་སྐྱབས་སུ་མཆི། །ཐུགས་རྗེ་བསིལ་ མཛད་ཟླ་བ་དྲི་མ་མེད། །ཞལ་གཅིག་ཕྱག་བཞི་སྐུ་མདོག་ཟླ་བའི་འོད། །སྐྱབས་སྦྱིན་རྔ་ཡབ་པདྨ་ཆུ་ཤེལ་འཛིན། །མེ་ཡི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །སེམས་ཅན་རེ་སྐོང་ཡིད་བཞིན་འཁོར་ལོས་སྒྱུར། །ཞལ་གཅིག་ཕྱག་བཞི་སྐུ་མདོག་གངས་རིའི་མདོག ། སྐྱབས་སྦྱིན་རིན་ཆེན་པདྨ་འཁོར་ལོ་འཛིན། །ཆུ་ཡི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །ཡོན་ཏན་རབ་རྒྱས་ནོར་བུ་འཛིན་པ་པོ། །ཞལ་གཅིག་ཕྱག་བཞི་སྐུ་མདོག་གསེར་དང་མཚུངས། །སྐྱབས་སྦྱིན་ནོར་བུ་པདྨ་པུ་སྟི་འཛིན། །སེང་གེའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །འགྲོ་ རྣམས་སྨིན་མཛད་ཉི་མ་རབ་ཏུ་སྣང་། །ཞལ་གཅིག་ཕྱག་བཞི་སྐུ་མདོག་བཙོ་མ་འདྲ། །སྐྱབས་སྦྱིན་ཨུཏྤལ་པདྨ་མེ་ཤེལ་འཛིན། །གླང་པོའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །སེམས་ཅན་ཡོངས་སྒྲོལ་ཐུགས་རྗེ་དོན་ཡོད་ཞགས། །ཞལ་གཅིག་ཕྱག་བཞི་པདྨ་རཱ་གའི་མདོག །སྐྱབས་ སྦྱིན་ལྕགས་ཀྱུ་པདྨ་ཞགས་པ་འཛིན། །རྒྱལ་པོའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །དབང་སྡུད་ཆེན་པོ་ཆུ་སྲིན་འཛིན་ཁྲི་དཔལ། །ཞལ་གཅིག་ཕྱག་བཞི་ཀུ་ཤའི་མདོག་འདྲ་བའི། །སྐྱབས་སྦྱིན་རྒྱལ་མཚན་པདྨ་གཎྜཱི་འཛིན། །ཀླུ་ཡི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །དུག་ གསུམ་འཇོམས་མཛད་ཧ་ལ་ཧ་ལ་ཆེ། །ཞལ་གཅིག་ཕྱག་བཞི་བཻ་ཌཱུརྱ་འདྲ་བ། །སྐྱབས་སྦྱིན་རྩེ་གསུམ་པདྨ་བ་དན་འཛིན། །མཁའ་འགྲོའི་འཇིགས་པ་སྐྱོབ་ལ་སྐྱབས་སུ་མཆི། །དངོས་པོའི་སྟོབས་འཇོམས་མཐུ་ཆེན་རབ་ཐོབ་པ། །ཞལ་གཅིག་ཕྱག་བཞི་ཨིནྡྲ་ནཱི་ལའི་ མདོག །སྐྱབས་སྦྱིན་རྡོ་རྗེ་པདྨ་དྲིལ་བུ་འཛིན། །མི་རྒོད་འཇིགས་པ་འཇོམས་ལ་སྐྱབས་སུ་མཆི། །མེ་ཆུ་སེང་གེ་གླང་ཆེན་ལྕགས་སྒྲོག་སྦྲུལ། །མཁའ་འགྲོ་མི་རྒོད་འཇིགས་པ་བརྒྱད་ལས་ནི། །གང་ལ་གང་འདུལ་ཕྲིན་ལས་རྣམ་པ་བཞིས། །སྨིན་མཛད་སྤྱན་རས་གཟིགས་ ལ་སྐྱབས་སུ་མཆི། །གཙོ་བོ་འཇིགས་པ་ཀུན་ལས་སྐྱོབ་མཛད་ཅིང་། །སྤྲུལ་པའི་འཁོར་གྱི་གདུལ་བྱའི་སྣང་བ་ལ། །ཞི་བ་རྒྱས་པ་དབང་དང་དྲག་ཚུལ་དུ། །སྐྱོབ་མཛད་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །ཡོན་ཏན་རབ་རྒྱས་རྒྱན་རྣམས་ཀུན་གྱིས་བརྒྱན། །བྱམས་པའི་ ན་བཟའ་ཐུགས་རྗེའི་འོད་ཟེར་འཕྲོ། །བྱང་ཆུབ་སེམས་ཀྱི་དཔའ་རྟགས་སྟག་ལྤགས་ཅན། །འཇིགས་གཟུགས་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །མགོན་པོ་ཁྱོད་ཀྱི་ཡོན་ཏན་བརྗོད་པས་ནི། །གང་གཱའི་ཀླུང་གི་བྱེ་སྙེད་སངས་རྒྱས་ལ། །དེ་སྙེད་ཕྱག་དང་མཆོད་བྱས་གྱུར་ པ་ཡི། །དོན་ལྡན་སྤྱན་རས་གཟིགས་ལ་སྐྱབས་སུ་མཆི། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ། དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བྷཊྚཱ་རཱ་ཀ་མ་ཧཱ་ཀཱ་རུ་ཎི་ཀ་སྟོ་ཏྲ། བོད་སྐད་དུ། རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ། ཐུགས་རྗེ་ ཆེན་པོ་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་ཐུགས་རྗེ་ཅན། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱི་དབུ་རྒྱན་ཅན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དང་ནི་ཤེས་རབ་གཉིས། །མཉམ་པར་སྦྱོར་བའི་ཐུགས་ མངའ་ཞིང་། །ཕྱག་གཉིས་ཐུགས་ཀར་མཉམ་སྦྱོར་བ། །དཔལ་ལྡན་མཉམ་སྦྱོར་ལ་ཕྱག་འཚལ། །སངས་རྒྱས་ཀུན་གྱི་སྙིང་པོ་གཙོ། །གསང་སྔགས་རྒྱལ་པོའི་བགྲང་ཕྲེང་མཆོག །མུ་ཏིག་ལྟར་དཀར་གཡས་ན་འཛིན། །རིག་སྔགས་འཆང་ལ་ཕྱག་འཚལ་ལོ། །འཁོར་བའི་འདམ་ གྱིས་མ་གོས་པས། །དག་པའི་ཤེལ་ལྟར་འོད་གསལ་བ། །པདྨ་དཀར་པོ་གཡོན་ན་འཛིན། །ཕྱག་ན་པདྨ་ཕྱག་འཚལ་ལོ། །ཆོས་དབྱིངས་རྣམ་དག་དྲི་མ་དག །ཟླ་བའི་འོད་ལྟར་རྒྱལ་བའི་ཡུམ། །གཟུགས་ཀྱི་ལྷ་མོ་ཡིད་འོང་སྐུ། །ཡིག་དྲུག་མ་ལ་ཕྱག་འཚལ་ལོ། །མཐའ་ཡས་འོད་ལྡན་ གསེར་མདོག་ཅན། །ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །སེམས་ཅན་རེ་འདོད་སྐོང་མཛད་པ། །ནོར་བུ་འཛིན་ལ་ཕྱག་འཚལ་ལོ། །རང་བཞིན་མི་དམིགས་སྟོང་པའི་ངང་། །བུད་མེད་གཟུགས་ཀྱིས་འགྲོ་བ་འདུལ། །གསང་སྔགས་ངོ་བོ་ཤེས་རབ་བསྐྱེད། །རིག་སྔགས་ཆེ་ལ་ཕྱག་འཚལ་ ལོ། །རྗེ་བཙུན་ཐུགས་རྗེ་ཆེན་པོ་ལ་བསྟོད་པ་དགེ་སློང་མ་དཔལ་མོས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཥྚོཏྟ་རཱ་ས་ཏ་ཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་པ། ། རྗེ་བཙུན་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་གིས་ཚོགས་གཉིས་རབ་བསགས་པས། །དེ་ཉིད་ཟབ་མོ་མངོན་གཟིགས་ཏེ། །བརྩེ་བས་འགྲོ་ལ་སྣ་ཚོགས་ཐབས། །སྟོན་མཛད་འཇིག་རྟེན་གསུམ་མགོན་འདུད། །སྟོང་ཉིད་སྙིང་རྗེ་ལས་བྱུང་ བ། །རྣམ་ལྔ་བྱང་ཆུབ་ཆེ་བདག་ཉིད། །སྐུ་གསུང་ཐུགས་ཀྱི་ཐུགས་དག་པ། །འཇིག་རྟེན་མགོན་པོ་མཁས་པས་སྒྲུབ། །པདྨོ་ཟླ་དབུས་གཞོན་ནུའི་སྐུ། །སྐྱིལ་ཀྲུང་ཕྱེད་བརྐྱང་འགྱིང་བག་བརྟན། །ཟླ་བ་རྒྱས་པའི་ཞལ་མཛེས་ལས། །ས་གསུམ་བདག་གིར་མཛད་གཟིགས་པའོ། ། མཆོག་སྦྱིན་པདྨོའི་གཡས་དང་གཡོན། །རྒྱལ་བའི་ཅོད་པན་རིན་ཆེན་བརྒྱན། །འོད་དཔག་མེད་ཀྱིས་སྤྱི་གཙུག་མཛེས། །དེ་ཡི་ཐུགས་ནི་པདྨར་རྒྱས། །ཧྲཱིཿཡིག་རང་སེམས་འོད་གསལ་བ། །ས་གསུམ་སྦྱོང་མཛད་ཡི་གེ་བཞི། །འཁོར་ལོ་རྣམ་གསུམ་དམ་ཚིག་བཞི། །སྒྱུ་མ་ བྲག་ཅ་མཁའ་འདྲའོ། །ཐུགས་རྗེ་ཆེན་པོ་ཁཪྶ་པཱ་ཎའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།། ༄༅། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །སྲིད་གསུམ་གཙོ་བོ་ཞི་བའི་ལྷ། །ཐུགས་རྗེས་མི་བསྙེལ་ཤེས་རབ་ཀྱིས། །ཆགས་བྲལ་འཇིག་རྟེན་དབང་ ཕྱུག་གི། །ཞབས་ཀྱི་པདྨོར་སྤྱི་བོས་འདུད། །གསུམ་ལ་སྐྱབས་སོང་སེམས་བསྐྱེད་པས། །བྱམས་སོགས་ཚད་མེད་ལེགས་སྦྱངས་ཤིང་། །བརྩེ་ཆེན་ཡེ་ཤེས་སྙིང་གི་མེས། །ལུས་ཅན་སྒྲིབ་པའི་བུད་ཤིང་བསྲེག །རྣམ་ལྔ་བྱང་ཆུབ་ལས་འཁྲུངས་སྐུ། །གཞོན་ནུ་ དཀར་མཛེས་ཕུན་ཚོགས་ཚུལ། །མཆོག་སྦྱིན་པདྨོ་གཡས་དང་གཡོན། །འོད་དཔག་མེད་པའི་དབུ་བརྒྱན་བསྒོམ། །དེ་སྙིང་པདྨ་འདབ་བཞིས་ཏེ། །ལྟེ་བར་རང་སེམས་ཧཱུཾ་ཡིག་ནི། །ཨོཾ་དང་ཨཱཿདང་ཧྲཱིཿཧཱུཾ་བཞིས། །བསྐོར་བའི་དག་གིས་ས་གསུམ་སྦྱང་། །མེ་ལོང་གཟུགས་ དང་བྲག་ཅའི་སྒྲ། །མཁའ་འདྲ་དག་དང་དྲི་མེད་དང་། །ཡེ་ཤེས་ཕྲིན་ལས་སྦྱར་བ་ཡི། །སེམས་འདི་ལྷ་ཡི་བདག་ཉིད་འགྱུར། །རྗེ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། ༄༅། །ཐུགས་རྗེ་ཆེན་པོ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དབང་ ཕྱུག་བྱམས་པ་དང་། །སྙིང་རྗེ་དགའ་བ་བཏང་སྙོམས་ལས། །བྱུང་བའི་བྱང་ཆུབ་སེམས་ཀྱི་བདག །འཇིག་རྟེན་མགོན་པོ་ལ་ཕྱག་འཚལ། །དེ་ཞབས་པདྨོ་ལ་རེག་པས། །འཇིག་རྟེན་སྡུག་བསྔལ་བསྒྲལ་བའི་ཕྱིར། །ཇི་བཞིན་ཇི་ལྟར་སྒྲུབ་པའི་ཐབས། །མདོར་བསྡུས་བདག་གིས་ བསྟན་པར་བྱ། །མཁའ་ལྟར་དྲི་མེད་སྟོང་ཉིད་དབྱིངས། །དབང་པོའི་གཞུ་ལྟར་གསལ་བའི་དངོས། །པདྨོ་ཟླ་བ་རྒྱས་ལ་གསུང་ཐུགས་འོད་འཕྲོ་སྒྱུ་མའི་རྣམ་ཐར་སྤྲུལ་པའི་སྐུ། །རབ་མཛེས་སྐུ་ནི་གཟི་བརྗིད་བརྟན་མཛེས་འབར་བའི་འོད་ཟེར་དཀར་འཁྲིགས་པ། །སྐྱིལ་ཀྲུང་ཕྱེད་བརྐྱང་དུལ་ བའི་ཕྱག་གཡས་མཆོག་སྦྱིན་པདྨོ་གཡོན་གྱི་ཕྱག །པདྨོ་སྡོང་མཛེས་དྲི་མེད་འདབ་རྒྱས་གཞོན་ནུ་སྒེག་མོའི་ཐུགས་ཀར་འཛིན། །ཤེལ་ལྟར་དྲི་མེད་ཨུཏྤལ་སྤྱན་རིང་ཀུན་ནས་ཡིད་འཕྲོག་འོད་འབར་ཞལ། །བརྟན་པོ་དཀར་གསལ་ཟླ་རྒྱས་སྟོང་ལྷག་རལ་པའི་ཅོད་པན་ཐུབ་པའི་གདན། ། འབར་བའི་རིན་ཆེན་དྲི་མེད་སྣ་ཚོགས་ཤིན་ཏུ་འོད་སྦྱངས་ལེགས་སྤྲས་མཛེས། །མཁའ་ལ་ཉི་ལྟར་ལྷམ་མེ་ལྷང་ངེ་ནམ་མཁའི་མཐའ་གཏུགས་འོད་འགྱེད་པ། །དཔེ་བྱད་མཚན་རྫོགས་གཅིག་པུ་སྐྱོབ་པ་སྐྱབས་ཀྱི་དམ་པ་བླ་མེད་ནི། །ཤིན་ཏུ་རྟོགས་དཀའ་དེ་ཉིད་བཞིར་གྱུར་སྙིང་གི་ པད་འདབ་ཧྲཱིཿཡིག་གིས། །གང་བའི་ཕྱོགས་རྣམས་དེ་བཞིན་དེ་གཟུགས་ཨོཾ་དང་ཨཱཿདང་ཧྲཱིཿཧཱུཾ་བསམ། །དཀར་སོགས་ཁ་དོག་ངག་གི་ཕྲེང་བ་ཡིད་ནི་ཡེ་ཤེས་ཡིག་འབྲུའི་དངོས། །བརྩེ་བའི་རླུང་བསྐྱོད་ཡེ་ཤེས་མེ་འབར་འགྲོ་བའི་སྡིག་ཚོགས་བུད་ཤིང་བསྲེག །ཞི་བའི་<དང་‚ངང་>ལ་ གཉིས་མེད་མི་དམིགས་མཁའ་ལྟར་སྤྲོས་བྲལ་རོ་གཅིག་རོ། །བདེ་ཆེན་འབྱུང་གནས་ཡེ་ཤེས་དྲི་མེད་མཉམ་གཞག་ཆེན་པོར་བསྒོམ་པར་བྱ། །དེ་རྗེས་མཆོད་སོགས་དག་པའི་ཡན་ལག་ཆོ་ག་ཇི་བཞིན་ཡེ་ཤེས་སེམས་དཔའ་ལེགས་བཅུག་སྟེ། །རྣམ་གསུམ་འཁོར་བ་དཀར་དམར་སྔོ་ཚུལ་ གོ་རིམས་ཇི་བཞིན་སྐུ་གསུང་ཐུགས། །མཐོ་རིས་ས་སྟེང་ངན་འགྲོའི་སར་གནས་སྐྱེ་དགུའི་སྙིང་རབ་སིམ་བྱེད་པས། །བརྟན་གཡོའི་མཚན་ཉིད་དམ་པའི་ཞལ་བཞིན་མཁས་པས་རབ་ཏུ་ཤེས་པར་བྱ། །ཐུགས་རྗེ་ཆེན་པོ་ཡེ་ཤེས་སེམས་དཔའི་སྒྲུབ་ཐབས་རྫོགས་སོ།། །། ༄༅། །འཕགས་པ་སྤྱན་རས་གཟིགས་འཁོར་ལོ་གསུམ་ལ་ཕྱག་འཚལ་ལོ། །ས་བླ་དང་ནི་ས་སྟེངས་ས་འོག་དུད་འགྲོ་ལ་སོགས་སྦྱོང་བ་ཡི། །འཁོར་ལོ་དྲི་མེད་དཀར་དང་དམར་པོ་རྣམ་པར་སྔོ། །སྤྱི་བོ་སྙིང་ག་ལྟེ་བའི་དབུས་བཞུགས་ཟླ་བ་དང་། །པདྨོ་ཉི་མ་ཧཾ་དང་ཧཱུཾ་དང་ཨཱཿས་མཚན་ པའོ། །དེ་ལ་སྤྱི་བོ་བདེ་བ་ཆེན་པོའི་བདག་ཉིད་ཀྱི་རྩིབས་སུམ་ཅུ་རྩ་གཉིས་པའི་འཁོར་ལོ་ཟླ་བའི་ཁ་དོག་ཅན་ནོ། །དེའི་སྙིང་པོ་ལ་ནི་གསལ་བྱེད་དམར་པོས་བརྒྱན་ཏོ། །སྙིང་གར་ནི་ཆོས་ཀྱི་བདག་ཉིད་ཀྱི་འདབ་མ་བཅུ་དྲུག་པའི་པདྨ་འབུར་པ་བྱི་རུའི་ཁ་དོག་ཅན་ནོ། །དེའི་སྙིང་པོ་ལ་ནི་ དབྱངས་ཡིག་དཀར་པོས་བརྒྱན་ཏོ། །ལྟེ་བར་ནི་སྤྲུལ་པའི་བདག་ཉིད་ཀྱི་རྩིབས་དྲུག་ཅུ་རྩ་བཞི་རལ་གྲིའི་ཁ་དོག་ཅན་ནོ། །དེའི་སྙིང་པོ་ལ་ནི་འབེབས་པ་སྔོན་པོས་བརྒྱན་ཏོ། །གསུམ་ཀའི་སྲོག་ཤིང་ནི་རྩ་མཆོག་གོ། །ལྕགས་ཀྱུ་ཞེས་བྱ་བའི་རླུང་གིས་བསྐོར་བར་བྱའོ། །འོག་ མས་ནི་སྡུད་པར་བྱའོ། །ཐོག་མས་ནི་དབབ་པར་བྱའོ། །བར་མས་ནི་བསྲེ་བར་བྱའོ། །ཐམས་ཅད་ལས་ནི་ཡེ་ཤེས་རང་བྱུང་ངོ་། །འཛག་པ་ལ་སོགས་པའི་རིམ་པ་ཡང་ཕྲེང་བའི་འཁོར་ལོ་ལའོ། །རབ་ཏུ་གསལ་བ་དང་བདེ་བ་ཆེན་པོ་དང་རྣམ་པར་མི་རྟོག་པ་འབྱུང་བར་ འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྩ་དང་རླུང་དང་ཐིག་ལེ་ཉིད་སྦྱོར་བར་བཤད་དོ། །ཕ་དང་མ་དང་བདེ་བར་གཤེགས་པའི་སྙིང་པོའི་ས་བོན་ནོ། །ཐོག་མ་དང་ཐ་མ་དང་བར་རོ། །སྐུ་གསུང་ཐུགས་རྣམ་པར་སྦྱོང་བ་ཉིད་དོ། །འདུས་བྱས་འདུས་མ་བྱས་གཉིས་མེད། ། ཟབ་མོ་མངོན་པར་འབྱུང་བའི་ལམ། །རྟོག་པའི་རྒྱལ་པོ་ལས་བསྡུས་པ། །རྣལ་འབྱོར་ལ་ཕན་བྱེད་པ་ཡིན། །སྤྱན་རས་གཟིགས་འཁོར་ལོ་གསུམ་བསྒོམ་པ་རྫོགས་སོ།། ༄༅། །ཐུགས་རྗེ་ཆེན་པོ་རྒྱལ་བ་ལྔ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་དག་དང་བའི་མཚོར། །རབ་མཛེས་སྡོང་ བུ་ལྔ་ལྡན་སྟེང་། །རྣམ་སྣང་རྡོ་རྗེ་སེམས་དཔའ་དང་། །རིན་འབྱུང་འོད་དཔག་མེད་དོན་གྲུབ། །ལྔ་རིག་རྣམ་དག་སྣ་ཚོགས་གཟུགས། །དངོས་གཅིག་རྒྱལ་བ་ལྔ་ལ་འདུད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་ལ་གནས་པས་སྙིང་རྗེ་ཆེན་པོ་མདུན་དུ་བྱས་ལ། །ཐོག་མ་ ཁོ་ནར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་བསྒོམ་པར་བྱའོ། །གདོད་ནས་མ་སྐྱེས་འོད་གསལ་བ། །གང་ཤར་ཉིད་ན་ངོ་བོ་མེད། །ཆོས་རྣམས་ཀུན་གྱི་མཚན་ཉིད་དེ། །བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །གང་འདི་ལྟར་ངོ་བོ་མེད་པའི་ཆོས་འདི་དག་ནི་ཟབ་པའི་ཕྱིར་རྟོགས་ དཀའ་བས་མི་ཤེས་པའི་འགྲོ་བ་ལྔ་པོ་ནི་ངེས་པར་སྡུག་བསྔལ་བའོ་ཞེས་བརྟགས་ནས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོས་རླུང་གི་དཀྱིལ་འཁོར་མངོན་པར་བསྐྱོད་པས། སྐྱེ་བོ་ཉོན་མོངས་སྒྲིབ་ཚོགས་སྤྲིན་གྱི་ཕུང་པོ་ཤིན་ཏུ་མཐུག་པོ་གཏིབས་གྱུར་ལ། །ཚམ་ ཚོམ་མེད་པར་དྲག་པོའི་ཤུགས་ཀྱིས་ཀུན་དུ་རབ་ཏུ་དྲལ་ཞིང་ཡོངས་སུ་གཏོར། །དེ་ཡི་ཐབས་གྱུར་ཐུགས་རྗེའི་དབྱིངས་ཀྱི་སྣ་ཚོགས་མཛད་པས་དབྱེར་མེད་ཅིག་ཅར་བསྒྲུབ་པ་ཡི། །མགོན་པོ་དམ་པ་རིགས་ཀྱི་ལྷ་ལྔ་བསྒྲུབ་ཅིང་སྟོབས་ལྔ་སོགས། །དེ་ལ་དབུས་ སོགས་སྡོང་འདབ་བཅས། །ཟླ་བའི་འཁོར་ལོ་གསལ་བ་ལ། །མེ་ལོང་གཟུགས་ལྟར་འབྲུ་ལྔ་བསམ། །ཕྲིན་ལས་ལ་སྦྱར་སྐུར་བསྐྱེད་དོ། །རྣམ་པར་སྣང་མཛད་ནི་ཁ་བའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན་ཧྲཱིཿའི་སྙིང་པོ་ཅན་འཁོར་ལོས་མཚན་ པའོ། །རྡོ་རྗེ་སེམས་དཔའ་ནི་ནམ་མཁའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན་ཧཱུཾ་གི་སྙིང་པོ་ཅན་རྡོ་རྗེས་མཚན་པའོ། །རིན་ཆེན་འབྱུང་ལྡན་ནི་གསེར་བཙོ་མའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན་ཏྲཱཾ་གི་སྙིང་པོ་ཅན་རིན་པོ་ཆེས་མཚན་པའོ། །འོད་དཔག་མེད་ནི་མེ་ལྕེ་འབར་བའི་ མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན་ཧྲཱིཿའི་སྙིང་པོ་ཅན་པདྨོས་མཚན་པའོ། །དོན་ཡོད་གྲུབ་པ་སཱ་ལུ་ལྗང་བའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན་ཨཿའི་སྙིང་པོ་ཅན་རལ་གྲིས་མཚན་པའོ། །འདི་དག་དབུས་བཅས་ཕྱོགས་རྣམས་སུ། །རིམ་བཞིན་ལས་ལྔ་མཛད་པ་ལ། ། བརྩོན་པས་ཏིང་ངེ་འཛིན་བཞེངས་པ། །བདག་སྦྱང་བ་དང་གཞན་སྦྱང་བ་གཉིས། ཨོཾ་ཨཱ་སྭ་པཱ་རཱརྠ་ཛྙཱ་ན་སྭ་བྷཱ་བ་ཤུདྡྷ་པྲ་ཀཱ་སྭཱ་ཧཱ། འཁོར་ལོ་ལྟ་བུའི་སྔགས་སོ། །ཐུགས་རྗེ་ཆེན་པོ་ལྷ་ལྔའི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ ཕྱུག་སྟོང་ཉིད་ཚད་མེད་བཞིའི་བདག་ཉིད་ལ་ཕྱག་འཚལ་ལོ། །རྣམ་ལྔ་མངོན་པར་བྱང་ཆུབ་རིམ། །ཚངས་པའི་གནས་པས་ལེགས་པར་གནས། །རྣམ་དག་སྟོང་པ་ཉིད་དག་ལ། །རྒྱལ་བ་ལྔ་ནི་བསྒོམ་པར་བྱ། །བཅུ་དྲུག་རྒྱང་གྲགས་པདྨོས་ཁེབས་པའི་མཚོ་ནང་ནས། །ཀླུ་ ཤིང་སྡོང་པོ་དྲི་མེད་མཛེས་ལྕུག་ལེགས་འཁྲུངས་རྩེར། །པདྨ་ཟླ་བ་ཧྲཱིཿཡིག་གིས་མཚན་ཡོངས་གྱུར་པ། །དཔལ་ལྡན་སྟོང་ཉིད་སྤྱན་རས་གཟིགས་ནི་དང་པོར་བསྒོམ། །དེ་ནི་དཀར་གསལ་གཟི་བརྗིད་མཛེས། །སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤུད། །ཧྲཱིཿཡིག་དུང་མདོག་ སྙིང་པོར་བཅས། །འགྲོ་ལ་སྟོང་པ་ཉིད་སྟོན་བཞེངས། །དེ་རྗེས་ཡང་དག་རྗེས་འགྲོ་མ་ཡིན་དང་། །དམིགས་བཅས་དམིགས་བྲལ་མངོན་པར་འདུ་བྱེད་དང་དེ་ཡི། །ངེས་པའི་སར་ཆུད་མཚན་མེད་ཤིན་ཏུ་ཞི་བ་ཡིས། །ཡིད་བརྟན་བྱས་ལ་ལྷ་བཞི་རྣམ་པར་སྤྲུལ་བར་བྱ། །བྱམས་ པ་ཚད་མེད་ལ་སྐྱེས་ཤིང་། །ཧྲཱིཿཡིག་སྔོས་མཚན་སྔོན་པོའི་མདོག །འོད་ཀྱི་དཀྱིལ་འཁོར་སྔོ་ལྡན་པ། །བྱམས་པས་འགྲོ་སྐྱོབ་ཤར་དུའོ། །སྙིང་རྗེ་ཚད་མེད་ལས་སྐྱེས་པ། །ཧྲཱིཿཡིག་སེར་ལྡན་སེར་པོའི་མདོག །འོད་ཀྱི་དཀྱིལ་འཁོར་སེར་མངའ་བ། །སྙིང་རྗེས་འགྲོ་སྐྱོབ་ལྷོ་རུའོ། ། དགའ་བ་ཚད་མེད་ལས་སྐྱེས་པ། །ཧྲཱིཿཡིག་དམར་མངའ་དམར་པོའི་མདོག །འོད་ཀྱི་དཀྱིལ་འཁོར་དམར་འཁྱིལ་བ། །དགའ་བས་འགྲོ་སྐྱོབ་ནུབ་ཏུའོ། །བཏང་སྙོམས་ཚད་མེད་ལས་སྐྱེས་པ། །ཧྲཱིཿཡིག་ལྗང་མཚན་ལྗང་གུའི་མདོག །འོད་ཀྱི་དཀྱིལ་འཁོར་ལྗང་གསལ་བ། །བཏང་ སྙོམས་འགྲོ་སྐྱོབ་བྱང་དུའོ། །དཀྱིལ་འཁོར་བཟང་ལྔ་ཇི་ལྟར་གཞུག་པའི་ཆོ་ག་ཡིས། །ལེགས་བཅུག་ལུས་ཅན་ནམ་མཁའི་མཐའ་མཉམ་གཉེན་ཚོགས་ལ། །རིམ་དང་རིམ་མིན་སྟོང་ཉིད་ཚད་མེད་དྲག་བསྒོམས་ནས། །མཁས་པས་དོན་བསྒྲུབ་ལྷ་ལྔའི་ཕྲིན་ལས་རབ་འབྱམས་སྤྲོ། །དཔལ་ འཇིག་རྟེན་མགོན་པོ་ཚད་མེད་བཞིའི་སྒྲུབ་ཐབས་རྫོགས་སོ།། ༄༅། །ཇོ་བོ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པ་ལ་ཕྱག་འཚལ་ལོ། །དེ་ནས། བདེ་ཆེན་ཤེས་རབ་སྙིང་རྗེ་མཆོག །ཅེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །བདེ་ཆེན་སྟོང་པ་ཉིད་བདག་ལྷ། །མགོན་པོ་ཉིད་ དང་ཤེས་རབ་མཆོག །བརྩེ་ཆེན་རང་བཞིན་ནོར་བུ་དང་། །པདྨོ་འཛིན་ལ་ཕྱག་འཚལ་བཤད། །རྣལ་འབྱོར་རྒྱལ་པོ་ཤེས་རབ་ཐབས། །རིགས་འཛིན་དཀྱིལ་འཁོར་བླ་ན་མེད། །དཔལ་ལྡན་ཕ་རོལ་ཕྱིན་དྲུག་དངོས། །ཆོ་གའི་དམ་པ་འདི་གསུངས་སོ། །ཨོཾ་མ་ཎི་པདྨེ་ཧཱུཾ། །གསང་སྔགས་ རྒྱལ་པོ་ཡི་གེ་དྲུག །ལུགས་འབྱུང་བ་དང་ལུགས་བཟློག་ལས། །རྒྱུད་དྲུག་འགོག་དང་ལམ་དྲུག་སྦྱོང་། །འབྲས་བུ་དྲུག་ལ་རབ་སྦྱོར་ཉིད། །དེ་བཞིན་རྒྱུད་དྲུག་བསྐྱེད་པ་དང་། །ལམ་དྲུག་ལ་ནི་སྦྱོར་བ་དང་། །འབྲས་བུ་དྲུག་ནི་མངོན་དུ་བྱ། །གཟི་བརྗིད་དྲུག་པ་ཞེས་བཤད་དོ། །ཨོཾ་ཨཱཿ ཧྲཱིཿཧཱུཾ་ཕཊ། རང་བཞིན་གཉིས་མེད་སྟོང་པ་ཉིད། །ཆོས་རྣམས་ཀུན་གྱི་མཚན་ཉིད་དེ། །འགག་པ་མེད་དང་གསལ་མེད་དང་། །མ་བསྒྲིབས་འགྲོ་འོང་མེད་མཚན་ཉིད། །ཨོཾ་ཨཱཿཧྲཱིཿམ་ཎི་ཧཱུཾ། ཤེས་རབ་ཆེན་པོ་དྲི་མ་མེད། །རྣམ་པར་ཤེས་ཀུན་མཚན་ཉིད་དེ། །མ་སྐྱེས་མི་གནས་འགག་པ་ མེད། །གདོད་ནས་རྣམ་གྲོལ་མངོན་སུམ་པ། །ཨོཾ་ཨཱཿཔདྨེ་ཧཱུཾ། སྙིང་རྗེ་ཆེན་པོ་ལྷུན་གྱིས་གྲུབ། །དམིགས་པ་ཀུན་གྱི་མཚན་ཉིད་དེ། །མི་ཕྱེད་མི་འགྱུར་འབྲལ་བ་མེད། །སྐྱོ་མེད་རེ་བ་རྣམ་སྤངས་པའོ། །ཆོས་ཀུན་མཚན་མེད་མཁའ་འདྲའི་རྣལ་འབྱོར་དག་པ་ལ། །ཐུགས་རྗེའི་སྤྱན་ བསྐྱོད་པདྨོ་ཟླ་དབུས་གཞོན་ནུའི་སྐུ། །ཞལ་གཅིག་ཕྱག་བཞི་ཇི་བཞིན་ཕྱག་རྒྱས་མཚན་པ་དང་། །དེ་བཞིན་གཡས་གཡོན་ནོར་བུ་པདྨོ་འཛིན་པའོ། །དམ་ཚིག་རྡོ་རྗེ་ལྷ་གསུམ་ལ། །ཡེ་ཤེས་མཁའ་སྤྱོད་གསུམ་བཅུག་ལ། །ཐུན་མོང་ཐུན་མོང་མ་ཡིན་པའི། །རྣལ་འབྱོར་རིམ་པས་བཟླས་པར་ བྱ། །ལྷ་ཡི་རིམ་པས་སྔགས་རིམ་བཞིན། །རྣམ་གསུམ་རྫོགས་པའི་རིམ་པ་ཡང་། །མཁས་པས་འབད་དེ་བསྒོམ་པར་བྱ། །དཔལ་འཇིག་རྟེན་མགོན་པོ་ཡི་གེ་དྲུག་པའི་སྒྲུབ་ཐབས་རྫོགས་སོ།། ༄༅། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཡིད་རྙོག་པ་མེད་པར་མཛད་པ་ལ་ཕྱག་ འཚལ་ལོ། །ས་གསུམ་དབང་ཕྱུག་ལྷ་གསུམ་འཇིག་རྟེན་འོད་མཛད་ནི། །གངས་རི་ལྟར་དཀར་སྐལ་ལྡན་ཡིད་ཀྱི་ངལ་སོའི་རྒྱུ། །བདེ་གནས་མཆོག་སྦྱིན་གཅིག་པུ་རྟག་ཏུ་དབུགས་འབྱིན་བརྩོན་གྱུར་གང་། །དཔལ་ལྡན་མགོན་པོ་སྤྱན་རས་གཟིགས་དབང་ཉིད་རྟག་འདུད། །རིང་ནས་ དུབ་པ་སྐྱབས་མེད་པ། །རྣམ་གཡེང་རྣམ་པར་གཟིངས་པ་ཡིས། །རྟག་ཏུ་ཉོན་མོངས་གྱུར་པ་གང་། །དེ་དག་དལ་བའི་ཐབས་འདི་བརྗོད། །ཡིད་དང་རྗེས་མཐུན་གནས་སུ་ནི། །བློ་ལྡན་རྙོག་པ་མེད་ཡིད་ཀྱིས། །ལྟོས་པ་ཐམས་ཅན་དོར་ནས་སུ། །ལྷ་གསུམ་རྣལ་འབྱོར་བསྒོམ་པར་བྱ། ། སྟོང་པ་ཉིད་སྐྱེས་པདྨ་དང་། །བདེ་ཆེན་ལས་གྲུབ་ཟླ་དཀྱིལ་དུ། །ལུས་ངག་སེམས་ཀྱི་རང་བཞིན་རིམ། །ཧྲཱིཿདང་ཨཱཿདང་ཧཱུཾ་ཞེས་པ། །དཀར་དང་དམར་པོ་སྔོན་པོ་དག །སྐུ་གསུང་ཐུགས་དག་སྦྱོར་བ་ཡིས། །བསམས་ལ་འོད་སྤྲོ་བསྡུ་བ་ཡིས། །ཕྱག་འཚལ་ཉིད་དང་སྐུ་བལྟའོ། ། དེ་ལ་དབུས་སུ་འཇིག་རྟེན་མགོན། །གཞོན་ནུ་དཀར་སྒེག་མཛེས་པའི་གཟུགས། །གཡས་སུ་ཁྲོ་གཉེར་དམར་མཛེས་ཁྲོ། །གཡོན་དུ་སྒྲོལ་མ་ལྗང་ངུལ་མའོ། །རང་རང་འདབ་སྐྱེས་འདབ་བཞིའི་ཐུགས། །རྩ་བའི་ཡི་གེ་བཞིས་མཚན་པ། །རང་གི་སྙིང་པོ་ས་བོན་བཅས། །གསལ་ བྱས་ཡེ་ཤེས་གཞུག་པར་བྱ། །དེ་ནས་དུབ་པ་ངལ་སོའི་ཕྱིར། །ཆོ་གའི་སྦྱོར་བས་འགྲོ་བ་ཡི། །སེམས་དུལ་དལ་བ་རྙེད་པ་ལ། །བརྩོན་པས་གསང་སྔགས་བཟླས་པར་བྱ། །རང་དང་རྗེས་མཐུན་འོད་ཟེར་གྱིས། །འགྲོ་བའི་དུབ་པ་གང་གི་རྒྱུ། །ཆགས་སྡང་མ་རིག་ལས་བཅས་འཕྲོས། ། སྡུག་བསྔལ་དྲི་མ་བསལ་བར་འགྱུར། །དེ་རྗེས་མཁས་པ་དམིགས་བཅས་དང་། །དམིགས་བྲལ་རྣམ་པར་མི་རྟོག་ལ། །རྣལ་འབྱོར་གཉུག་མར་གནས་ན་ནི། །མ་ལུས་མཚན་མ་རྣམ་གྲོལ་བསྒོམ། །གང་ཕྱིར་གང་དུ་གང་གིས་གང་། །ཇི་ལྟར་བཅིང་བས་བདག་དུབ་པ། །དེ་ཕྱིར་ དེ་ཡིས་དེར་དེ་ཉིད། །དེ་ལྟར་གྲོལ་བས་བདག་དལ་བའོ། །ཨེ་མའོ་རྣལ་འབྱོར་ཟབ་མོ་ཆེ། །ཨེ་མའོ་འཆིང་བ་འཆི་བ་མེད། །ཨེ་མའོ་རྟག་ཏུ་བདེ་བ་ཆེ། །ཨེ་མའོ་ཨེ་མ་ངོ་མཚར་རྨད། །ཡང་ནི་དམིགས་བྲལ་ཉིད་ཡིད་ཀྱིས། །ལུས་ཅན་དམིགས་མེད་དམིགས་བྱས་ལ། །སྟོང་ཉིད་ འོད་ཟེར་དབུགས་འབྱིན་པའི། །སྦྱོར་བས་དུབ་པ་ངལ་སོ་བྱ། །ནམ་མཁའི་མཐའ་གཏུགས་སྲིད་ན་འདི་དག་མི་ངལ་སེམས་དུབ་རྣམ་པ་ཀུན་ཏུ་ཉོན་མོངས་དབང་གྱུར་སྡུག་བསྔལ་ནི། །སྣ་ཚོགས་ཀུན་རྟོག་བག་ཆགས་ལས་བཅས་འཛིན་པའི་བློས་བསླད་མངོན་ཞེན་འཆིང་བ་དམ་པའི་ མདུད་པས་ཉེར་བཅིངས་པ། །ཆོ་ག་གང་གིས་དེ་ཤེས་གྱུར་ན་སྐད་ཅིག་དེ་ལ་དཔག་མེད་རྒྱལ་བའི་ཕྱག་གིས་རྗེས་སྐྱབས་དྲི་རྡུལ་མེད། །སྙིང་གི་དབུས་སུ་བདེ་བ་ཆེ་ཐོབ་གཞའ་ལུས་འདི་དང་ཚངས་པའི་ངག་ཐོབ་འགྲོ་བའི་གཉེན་གཅིག་བླ་མར་གྱུར། །གང་ཚེ་སྐྱོ་བས་ལྡང་འདོད་ན། །དྲན་ པས་བརྟན་པར་བྱེད་པ་ཡི། །ཏིང་ངེ་འཛིན་ལ་མཉམ་གཞག་ནས། །བརྩེ་ལྡན་དལ་བུས་ལྡང་བར་བྱ། །ཁ་ན་མ་ཐོ་མེད་དྲན་བཅས། །རྣལ་འབྱོར་རྣམ་པར་མི་རྟོག་དང་། །བྱམས་ལྡན་ཀུན་ཏུ་ཡིད་གཞུངས་པ། །རྗེས་སྤྱོད་དགེ་ཚོགས་བརྩམ་པར་བྱ། །སེམས་ངལ་སོ་བའི་ཐུགས་རྗེ་ཆེན་ པོའི་སྒྲུབ་ཐབས་རྫོགས་སོ།། ༄༅། །སྤྱན་རས་གཟིགས་ཡི་གེ་མེད་པ་ལ་ཕྱག་འཚལ་ལོ། །དེ་ནས་ཁྱོད་ལ་ཡི་གེ་མེད། །ཅེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །ལུས་གནས་ཨ་ཧཾ་ཧཱུཾ་ཡིག་ལ། །ཀ་དང་ཨ་ཕྲེང་ཕྱོགས་བདག་བཞི། །ཡེ་ཤེས་མེ་ལྕེ་ལྷན་ཅིག་འཇུག ། ཞུ་བ་སྟོང་ཉིད་རྣམ་དག་གོ། །དེ་ལྟར་ལྷའི་ཏིང་ངེ་འཛིན་དང་ལྡན་པས། ཡི་གེ་ཅན་གྱི་རིམ་པ་གཉིས་སོ། །འདི་ལྟ་སྟེ། འབར་བ་དང་འབད་པའོ། །བབ་པས་ཟད་པར་གྱུར་པ་ན་རྩ་བ་ཆད་པས་འཁོར་ལོ་དང་འཁོར་ལོ་ཆེན་པོ་ཐམས་ཅད་འཚིག་པར་འགྱུར་རོ། །ཚིག་པ་རྣམ་པར་རྟོག་ པའི་ཡི་གེ་གསུམ་ཡང་ནུབ་པར་འགྱུར་ཏེ། བདེ་ལྡན་ཟད་པས་ཆགས་པ་དང་། །འབར་བྱེད་ཟད་པས་སྡང་བ་ཉིད། །ས་བོན་ཟད་ཕྱིར་གཏི་མུག་ཀྱང་། །བརླག་འགྱུར་ཡི་གེ་ལས་ཡིག་མེད། །ལུས་མེད་སེམས་ནི་མི་འགྲོ་མི་འོང་གནས་པ་མེད། །སྒྱུ་མའི་སྐྱེས་བུ་དགའ་དང་གདུང་བ་གང་ཐོབ་པ། ། འདི་ཉིད་ཆོས་ཀུན་ནམ་མཁའ་ལྟ་བུར་སྒྲུབ་པོ་ལ། །ཡི་གེ་མེད་པའི་རྣལ་འབྱོར་ཟབ་མོ་སྟོན་པ་ཡིན། །གང་ཞིག་ཡིད་ལ་བྱེད་ན་ཡང་། །དེ་ཚེ་དེ་ནི་དེ་ཉིད་ཡང་། །དངོས་པོ་འགའ་ཡང་མི་བྱེད་ཕྱིར། །བདག་ཉིད་ཡི་གེ་མེད་པར་བརྗོད། །གང་དུ་སྣང་བའི་ཡི་གེ་ནི། །དེ་གནས་པར་ནི་མི་འགྱུར་ ཏེ། །གནས་མེད་གནས་པར་རབ་སྣང་བ། །སྣང་བ་ཕྱི་ནང་མེད་ཡི་གེ། །ཆོས་ཀུན་ཡི་གེ་མེད་མཚན་ཉིད། །དེ་ནི་གདོད་ནས་ཡོད་མིན་ཞིང་། །སླར་ཡང་ཡོད་པར་མི་འགྱུར་བས། །ཡི་གེ་ཐོག་མཐའ་མེད་ཅེས་བཤད། །ངོ་བོ་གནས་དང་དུས་ཡིག་མེད། །ནམ་མཁའ་ལ་ནི་སྒྲ་བློ་བཞིན། ། བསམ་སོགས་རེག་པར་མི་ནུས་པ། །དེ་བཞིན་ཉིད་ཡིག་མེད་པའོ། །ཇི་ལྟ་ཇི་ལྟར་རྟོག་པ་ནུབ། །མཉམ་པར་གཞག་པ་འོད་གསལ་བརྗོད། །དེ་ལྟ་དེ་ལྟར་རྣམ་ཀུན་རྟོག །ཐམས་ཅད་དེ་ཉིད་མཚན་ཉིད་དོ། །ཟབ་མོ་ལྐོག་ཏུ་མ་གྱུར་དང་། །བྱེད་བཅས་བྱེད་པ་མེད་ཉིད་དང་། །ཅི་ ཙམ་སྣང་བ་དེ་ཙམ་དུ། །དམིགས་པ་ཆད་ཕྱིར་ཡི་གེ་བྲལ། །དེ་ནས་ཐུན་གྱི་དུས་ལ་བབ་པ་ན་སླར་ཡང་གདུལ་བྱ་དང་རང་གི་བསོད་ནམས་དང་སྨོན་ལམ་གྱི་མཐུས། འཕགས་པ་སྤྱན་རས་གཟིགས་བཙུན་པའི་ཆ་ལུགས་ཅན་རྒྱན་སྤངས་པར་བལྟས་ནས། མཚན་མ་གཡེང་ བར་མི་འགྱུར་བའི་ཕྱིར། མཆོད་རྟེན་ལ་སོགས་པའི་ལས་བསྒྲུབ་པར་བྱའོ། །ཐུགས་རྗེ་ཆེན་པོ་ཡི་གེ་མེད་པའི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་པ་བྱང་ཆུབ་པ་ལ་ཕྱག་འཚལ་ལོ། །ཁྱོད་ནི་སྟོང་པ་ཉིད་རང་བཞིན། །ཞེས་འབྱུང་ བའི་སྒྲུབ་ཐབས་བཤད་པའོ། །གང་ཞིག་དབང་པོའི་གཞུ་ལྟར་དྲི་མེད་མངོན་པར་གསལ་བའི་སྐུ་གཟུགས་མཆོག །སྟོན་ཀའི་ཟླ་ལྟར་རབ་ཏུ་དཀར་ཞིང་ཕྱོགས་བཅུར་འོད་མཛད་ཁྱབ་པ་པོ། །ཕྲ་བའི་ཨ་དཀར་ཤིན་ཏུ་མི་རྟོག་ཡེ་ཤེས་མ་ལུས་བསྐྱེད་པའི་གཞི། །གང་གིས་ཡོངས་ ཤེས་དེ་ཉིད་གཞན་མིན་འཆི་བ་མེད་ཐོབ་གྲོལ་བྱེད་རྒྱལ། །ཏཱ་ལ་བདུན་སྲིད་སྟེང་གི་མཁར། །པདྨོ་ཟླ་རྒྱས་གདན་སྟེང་ན། །དཔལ་ལྡན་སྟོང་ཉིད་སྤྱན་རས་གཟིགས། །ལུས་ཅན་ལུས་མེད་སྟོན་བསྒོམ་བྱ། །དཀྱིལ་འཁོར་འོད་གསལ་དྲི་མེད་ཀྱིས། །སྐུ་བརྒྱན་པདྨོས་ཕྱག་ མཚན་པ། །ཟླ་བའི་ཞལ་མངའ་སྡིག་འཇོམས་ཕྱིར། །བརྩོན་པས་བཞེངས་པའི་དབང་པོའོ། །འདི་ཡི་ཐུགས་ཀྱི་པད་འདབ་བརྒྱད། །སྣང་དང་འཛིན་པ་ཞེན་པ་དང་། །དེ་རྒྱུན་ཡོངས་སུ་སྦྱོང་བ་དང་། །དྲི་གསུམ་སྦྱོང་ཕྱིར་ཡིག་འབྲུ་བརྒྱད། །ཨོཾ་ཨཾ་ཧྲཱིཿདྷི་ཏྲཾ་ཏྭཾ་ཁཾ་ཧཱུཾ། དཀར་སེར་ དམར་ལྗང་སྔོན་པོ་དང་། །དུང་མདོག་མངོན་པར་སྐབས་ཡོད་དང་། །སྣ་ཚོགས་ཁ་དོག་རིམ་བཞིན་དུ། །ཕྲེང་བ་དྲི་མེད་འཁོར་ལོ་བསམ། །བསམ་གཏན་མཆོག་གི་ཕྱག་རྒྱ་ལ། །གནས་ནས་ངེས་པའི་སྦྱོར་བ་དང་། །ཡང་དག་རྫོགས་པའི་རིམ་གྱིས་སུ། །སྤྲོས་བྲལ་ལ་ནི་སྤྲོས་བྲལ་ གཞག །སོར་གཞག་བལྟ་དང་རང་གྲོལ་དང་། །གཉུག་མ་ཉིད་དང་འོད་གསལ་དང་། །ལྷུན་གྱིས་གྲུབ་དང་དེ་སྦྱང་བ། །ཡོངས་སུ་དག་པ་ཉིད་ཀྱིས་སོ། །འདི་དག་བསྒོམ་དང་བསྒོམ་པ་ཡི། །ལམ་གཟུང་བ་དང་སྐྱོན་བསལ་དང་། །དེ་ལ་མཐུན་པ་བསྒྲུབ་རྣམ་གསུམ། །རིམ་པ་ བཞིན་དུ་བསྟན་པ་ཡིན། །སྟོང་པ་ཉིད་བསྒོམ་པའི་མན་ངག་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་མར་མེ་སྦར་བ་ལ་ཕྱག་འཚལ་ལོ། །དེ་ནས། འཇིག་རྟེན་སྒྲོན་མ་སྒྲོན་མའི་དབུས། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པའོ། །སྔགས་ལས་སྐྱེས་པའི་འཇིག་ རྟེན་མགོན། །རྣམ་དག་སྒྲོན་མ་འབར་བ་ལ། །དགེས་དགུས་རོལ་པར་བཞུགས་པ་ནི། །མར་མེས་མུན་པ་སེལ་བ་བཞིན། །ཉི་མའི་འོད་ཟེར་ནུབ་གྱུར་ཅིང་། །ཟླ་བ་ཉ་བར་མ་གྱུར་པའི། །མཚན་མོ་མུན་པ་ཐིབས་པོ་ལ། །བསོད་ནམས་བསྡུས་པའི་མར་མེ་འབར། །རྡོ་རྗེ་ཐལ་སྦྱོར་གསང་ སྔགས་ཀྱིས། །བཏབ་པའི་རྩི་མར་སྣ་ཚོགས་པ། །སྒྲོན་ཤིང་མེ་ལྕེས་བཞུ་བྱས་ལ། །སྣོད་བཟངས་པདྨོས་མཚན་པ་ཡི། །ཀོང་བུ་ཤིན་ཏུ་བྱི་དོར་བྱས། །སྨད་འཚོང་ཆང་འཚོང་གསོ་རས་མའི། །ཁྱིམ་བླངས་རས་ཀྱི་སྡོང་བུ་ལ། །མགར་གྱི་སོ་མལ་མེས་བསྲེགས་བྱ། །སྒྲོན་ མའི་དབུས་བཞུགས་ཧྲཱིཿས་མཚན་པ། །སྒེག་པོ་གཞོན་ནུ་རོལ་པའི་ཚུལ། །ཟླ་བའི་འོད་འབྱིན་ཡིད་དུ་འོང་། །རོལ་བཞི་པ་ནི་རྣམ་པར་བསྒོམ། །དེ་ལ་མེ་ཏོག་སྤོས་མཆོག་སོགས། །སྣ་ཚོགས་མཆོད་པ་ཀུན་གྱིས་མཆོད། །འཇུངས་པ་རྣམས་དང་དབུལ་ཕོངས་དང་། །སྡིག་ལྡན་རྒྱལ་པོའི་ མར་དཀར་སྦྱིན། །ཚངས་པའི་གནས་བཞི་ཉེར་བརྩམས་པའི། །ཆོས་སྦྱིན་རྗེས་སུ་ཡིད་བྱེད་དང་། །སྙིང་པོའི་རྣལ་འབྱོར་མཆོག་སྔོར་བཅས། །ཐུན་གསུམ་དུ་ནི་རྟག་ཏུ་བྱ། །བདུན་ཕྲག་བདུན་གྱི་ཆོ་ག་ཡིས། །ཐོ་རངས་མཚན་མ་གསུམ་མཐོང་བ། །དེ་ཚེ་གཞོན་ནུ་གཞོན་ནུ་མའི། །སྟོན་ མོ་བྱིན་ལ་མེ་ཏོག་གི། །ཕྲེང་བས་མགུལ་བརྒྱན་མེ་ལོང་དང་། །མར་མེའི་འཁོར་ཡུག་དྲི་བྱུག་དང་། །མཎྜལ་རོལ་མོ་ཕུལ་ནས་ནི། །མར་མེའི་དུ་བའི་ཐིག་ལེ་སྦྱིན། །དེ་ལ་སྔགས་ནི་འདི་ཡིན་ཏེ། །ཨ་ཀ་རུ་ཡི་བདུག་པས་བདུགས། ཨོཾ་ཨཱཿཧྲཱིཿཨཱརྱཱ་བ་ལོ་ཀེ་ཏེ་ཨཱ་ལོ་ཀ་ཛྙཱ་ན་ཛྭ་ལ་ཛྭ་ལ་པྲ་ཀསྤ་ མ་མ་ཙིཏྟེ་སྠཱི་ར་ཧཱུཾ་ཧཱུཾ་ཧཱུཾ། རང་ལུས་མར་མེ་འབར་བ་དང་། །མཁའ་ལ་ལྷ་མཐོང་ལུང་བསྟན་པའོ། །དཔལ་ཁཪྶ་པཱ་ཎ་མར་མེ་འབར་བའི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་སྐུ་གསུམ་དང་ལྡན་པ་ལ་ཕྱག་འཚལ་ལོ། །དེ་ནས། མཆོད་རྫོགས་སྤྲུལ་ པའི་སྐུ་འཆང་བ། །ཞེས་བྱ་བ་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །ལུས་ཅན་ཀུན་གྱི་སེམས་དབུས་ལ་གནས་བདེ་ཆེན་འོད་གསལ་དྲི་མེད་སྐུ། །དེ་སྟོབས་ཀྱིས་སྣང་དཔེ་བྱད་བརྒྱད་ཅུ་དེ་བཞིན་མཚན་མཆོག་སུམ་ཅུ་གཉིས། །བཅུ་གཉིས་མཛད་སོགས་ཇི་ལྟ་ཇི་ལྟར་གདུལ་བྱའི་རིམ་ བཞིན་དེ་ལྟ་དེ། །སྟོན་མཛད་སྐུ་གསུམ་རྟག་ཏུ་ལྷུན་གྲུབ་འཇིག་རྟེན་མགོན་ལ་ཕྱག་འཚལ་འདུད། །དྲང་སྲོང་མཆོག་གི་ཕོ་བྲང་མཆོག །པོ་ཏ་ལ་ཡི་རི་བོ་ཡི། །རྩེ་ནས་སྐྱོབ་པ་སྤྱན་རས་གཟིགས། །སྐུ་གསུམ་ཞེས་པ་འདི་བསྐྱོད་བྱ། །དེ་ནི་ཟླ་བའི་ཁ་དོག་གོ། །ཞལ་གསུམ་གཡས་ སྔོ་གཡོན་དམར། །དབུས་དཀར་ཞི་བའི་སྤྱན་གསུམ། །རབ་ཏུ་གཡོ་བའི་ཚུལ་ཡིན། །ཕྱག་དྲུག་དང་པོ་གཉིས་ཀྱི། །ལྟེ་བ་ལ་གཞག་མཆོག་མཛད། །གཡས་ཀྱི་གཉིས་པར་ཆོས་འཆད། །གཡོན་ན་པདྨ་འདབ་རྒྱས། །གཡས་ཀྱི་གསུམ་པ་མཆོག་སྦྱིན། །གཡོན་པ་བགྲང་ ཕྲེང་འཛིན་པ། །ཞབས་གཉིས་སྐྱིལ་ཀྲུང་བརྟན་བཅས། །མི་གཡོ་འཛུམ་ཞལ་དང་པོའོ། །དེ་ཡི་ཐུགས་ནི་པད་རྒྱས། །དྲི་མེད་མཛེས་དབུས་ཧྲཱིཿཡིག །ཀུན་ད་ལྟར་དཀར་འོད་འཕྲོ། །མི་བརྗེད་དྲན་པས་བསྒོམ་བྱ། །ཨོཾ་ཨཱཿཧྲཱིཿཏྲི་ཀཱ་ཡ་ལོ་ཀ་ནཱ་ཐཱ་སྭཱ་པ་རཱཪྠཱ་སིདྡྷ་ཀར་ཧཱུཾ་ ཧཱུཾ་ཧཱུཾ། ཉི་ཤུ་གཅིག་བཅས་སྔགས་འདི་སྔགས་པ་ཡིས། །ནམ་ལངས་ཐོག་ཐག་ཉི་མ་འཆར་ཀ་དང་། །ཟླ་བ་ཚེས་དང་ཚེས་བརྒྱད་ཉ་བའི་ཚེ། །སྟོང་ཉིད་བདེ་ཆེན་སྙིང་རྗེའི་ཡིད་ཀྱིས་བཟླས། །གང་ཚེ་མི་རྟོག་བསྐྱེད་པའི་རིམ་པ་གསལ་གྱུར་ཅིང་། །སྣ་ཚོགས་ཕྲིན་ལས་སེམས་ལ་ དབང་གྱུར་ཐོབ་པའི་ཚེ། །ཅི་རིགས་རྣམ་བཞི་ཕྲིན་ལས་མཐུ་ལ་སྦྱར་བ་ཡིས། །འགྲོ་བ་འདི་དག་མྱུར་དུ་དེ་ཡི་དབང་དུ་འགྱུར། །དེ་ལས་སེམས་ནི་དྲི་མེད་སྤྲོས་བྲལ་མི་གཡོ་སྟེ། །འདི་ལྟར་དེ་ནི་གཟུང་དང་འཛིན་པའི་གཡེང་བ་ཟད། །དེ་ཐོབ་བྱེད་པའི་རྡོ་རྗེ་འཛིན་པའི་བཀའ་དྲིན་ ལས། །སེམས་ནི་ས་བོན་ཧྲཱིཿཡིག་ལ་གནས་བརྟན་པས་འགྲུབ། །གང་ཞིག་ངེས་པས་སྐད་ཅིག་དེ་ལ་ཕྱོགས་བཅུ་ཡི། །རྒྱལ་དང་དེ་སྲས་ཉན་ཐོས་ལ་སོགས་འཁོར་མང་པོ། །སྣང་དང་མི་སྣང་བདེ་ཆེན་ཕུན་ཚོགས་སྟོན་པའི་སྐུ། །དངོས་གསུམ་དྲི་མེད་དག་པའི་སྐུ་གསུང་ ཐུགས་འགྲུབ་འགྱུར། །རྟོགས་པས་མི་ཟད་སྟོང་ཉིད་སྙིང་རྗེ་ཟུང་འཇུག་གང་། །མཐོང་བའི་མཐུ་ལས་དེ་ཉིད་མ་རྟོགས་སེམས་ཅན་ལ། །ཇི་ལྟར་གང་འདུལ་དེ་ལྟ་དེ་ལ་དེ་སྟོན་པའི། །མཛད་པ་དཔག་མེད་འོད་ཟེར་ཕུང་པོ་ལས་སྤྲུལ་བྱ། །ཇི་ལྟར་སྐུ་གསུམ་མཛད་དང་འདི་དག་ཉིད་ཀྱི་ ལས། །ཐུབ་པ་རྣམས་ཀྱིས་བསྟན་པ་འཛིན་པའི་སྔགས་པ་དེ་ཉིད་ཡིན། །དེ་ལས་ཉིན་རེ་འང་བསོད་ནམས་ཕུང་པོ་མཐའ་ཡས་འགྱུར། །ཟླ་བ་བརྒྱད་དམ་གསུམ་མམ་གཅིག་ན་རྟགས་མཐོང་བློ་མཆོག་འགྱུར། །ཚངས་དང་བརྒྱ་བྱིན་འཁོར་ལོས་སྒྱུར་སོགས་མགོས་གཏུགས་ཕྱག་ འཚལ་དང་། །སྨིན་མཚམས་ནས་འཐོན་ཉི་ཟླ་སྐར་ཚོགས་རྣམ་པར་འཕྲོ་བ་དང་། །སེང་གེ་གླང་ཆེན་ཤ་ར་ཎ་གཞོན་ཕྱོགས་བཅུར་རྒྱུག་པ་ཉིད། །འོད་ཀྱིས་ལུས་ཐོབ་བདུད་རྩིའི་ཆུ་རྒྱུན་སྲིན་ལག་རྩེ་ནས་འབབ་པའོ། །ཡང་ན་རྐང་གཉིས་ལྷ་དང་ཀླུ་དབང་གིས་བཏེག་མཁའ་ལ་ འགྲོ། །པོ་ཏ་ལ་དང་དགའ་ལྡན་བདེ་ལྡན་གནས་སོགས་ཕྱིན་པ་དང་། །རིན་ཆེན་གཞལ་མེད་སྒོ་སྟོང་བྱེ་བ་ནས་ཞུགས་ཏེ་སྟོང་གནས། །མགོན་པོ་ཉིད་ཕྱག་གླང་ཆེན་སྣ་ལྟས་བདག་གི་སྤྱི་བོར་རེག་པའོ། །འདི་དག་མཐོང་ནས་བློ་ལྡན་སྙེམས་མེད་ཐེ་ཚོམ་མེད་པ་དང་། །བརྩོན་འགྲུས་ལྷག་ བསྐྱེད་སླར་ཡང་ཇི་སྐད་བཤད་པའི་རྣལ་འབྱོར་ལ། །སྦྱོར་བ་ལྷག་མོས་ཉིན་རེ་ལན་གསུམ་སྒོམ་པར་བྱེད་ན་ནི། །མི་དེ་མྱུར་དུ་སྤྱན་རས་གཟིགས་ཀྱི་བློ་གྲོས་དམ་པ་ཐོབ་པར་འགྱུར། །དཔལ་ཁཪྶ་པཱ་ཎའི་སྐུ་གསུམ་གྱི་གདམས་པ་རྫོགས་སོ།། ༄༅། །འཕགས་པ་སྤྱན་ རས་གཟིགས་དབང་ཕྱུག་མཁའ་སྤྱོད་ལ་ཕྱག་འཚལ་ལོ། །དེ་ནས། འཕགས་པ་ནམ་མཁའི་སྤྱོད་ཡུལ་ཏེ། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །སྲིད་ལས་རིང་གྱུར་ཤིན་ཏུ་འཕགས་པའི་སྐུར་བསྟན་པ། །ཟླ་བ་ལྟར་དཀར་ཡེ་ཤེས་ཐུགས་ཀྱི་པདྨོ་ལས། །ལེགས་འཁྲུངས་ ཕྱོགས་ཆར་དབྱངས་ཅན་ནོར་རྒྱུན་རྡོ་རྗེ་ཕག །སྒྲོལ་མ་རྣམ་བཞིའི་ཅོད་པན་རིན་ཆེན་གྱིས་བཏུད་རྒྱལ། །མཐའ་དང་སྟོང་ཉིད་ཆེན་པོ་ཡི། །རྣལ་འབྱོར་སྙིང་རྗེ་མཆོག་གི་ངང་། །སྐྱེ་བ་མེད་ལས་སྐྱེ་བའི་དངོས། །འཕགས་པ་ཐུགས་རྗེ་ཆེ་བསྒོམ་བྱ། །ཏཱ་ལ་བདུན་སྲིད་ནམ་མཁའ་ཡི། །ངོས་ ལ་སྣ་ཚོགས་པད་ཟླའི་སྟེང་། །བདག་ཉིད་རྣམ་པར་ཤེས་ཀྱི་ཧྲཱིཿ། །འགྲོ་བའི་དོན་སྒྲུབ་བྱེད་བལྟའོ། །རིམ་གྱིས་པདྨོ་དཀར་ཉིད་དང་། །དེ་གྱུར་པས་ནི་མགོན་པོ་ཉིད། །གཡོན་ཞབས་འཁོར་ལོས་ཟླ་དབུས་མནན། །གཡས་ཞབས་གྱེན་དུ་ཆེར་བསྐྱོད་པའོ། །ཕྱག་གཡས་པདྨོ་མཛེས་ལྕུག་ སྡུག །འདབ་སྟོང་རྣམ་པར་བྱེ་བ་ཡི། །སྡོང་བུའི་ལྕུག་མ་འཁྱུད་སྐྱོགས་ཀྱིས། །ཞབས་གཡས་མཁྲིག་མ་བཏེག་བསྣམས་ལ། །འབར་བའི་རིན་ཆེན་ལྷག་གེ་བའི། །རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། །བདེ་ཆེན་རྣམ་པར་མི་རྟོག་དང་། །སྦྱིན་དང་མི་འཇིགས་རྒྱུར་བཅས་པའོ། །ཛཿཧཱུཾ་ བཾ་ཧོཿཧྲཱིཿ། འདི་དག་རང་དང་རྗེས་སུ་མཐུན་པའོ། །དོན་བསྒྲུབས་འོད་ཟེར་བསྡུ་བ་ཡི། །སྦྱོར་བས་ཤར་ལ་སོགས་པ་ཡི། །ཕྱོགས་བཞི་པོར་ནི་ལྷ་མོ་བཞི། །གངས་རི་ལྟར་དཀར་བློ་བཟངས་འོད་མཛད་རལ་གྲི་པུ་སྟི་གཡས་དང་གཡོན། །གསེར་བཟངས་ལྟར་སེར་ནོར་མང་ཡིད་འོང་ནོར་བུ་ སྙེ་མ་འཛིན་པ་དང་། །བྱི་རུ་ལྟར་དམར་འོད་མཛད་གྲི་གུག་མི་མགོ་ཕྱེད་ཁྲག་བཀང་། །ཨིནྡྲའི་མདོག་ལྗང་གཞོན་ནུ་སྒེག་མོ་སྐྱབས་སྦྱིན་ཨུཏྤལ་ལེགས་བསྣམས་པའོ། །དེ་རྗེས་ཡེ་ཤེས་དགུག་པ་ཡི། །ཆོ་ག་མཆོད་རྒྱས་ཁྱད་པར་བཞིས། །མཆོད་བྱས་གུས་པ་གསོལ་བ་ཡི། ། སྔགས་བརྗོད་དེ་ནས་སྔགས་བཟླའོ། །རྗེས་མཐུན་ཕྲིན་ལས་ལྔ་པོ་ཡིས། །མཁའ་ཁྱབ་དོན་ཀུན་བསྒྲུབས་ནས་ནི། །འོད་ཟེར་ལྕགས་ཀྱུས་འཇིག་རྟེན་ཀུན། །གྱེན་དུ་སྤར་བའི་རྣལ་འབྱོར་བྱ། །ཡང་ནི་ཕྱོགས་བསྡུ་དངོས་གྲུབ་བསླང་། །ཐེ་ཚོམ་མེད་བཅས་ཕྲིན་ལས་བཞི། །ལྷ་བཞི་རང་གི་རིགས་ བཞིན་དུ། །མཁས་པས་རྗེས་སུ་གཞུག་པར་བྱ། །ཐུགས་རྗེ་ཆེན་པོ་མཁའ་སྤྱོད་ཀྱི་སྒྲུབ་ཐབས་རྫོགས་སོ།། ༄༅། །ཐུགས་རྗེ་ཆེན་པོ་མཁའ་སྤྱོད་ཡུལ་ཅན་ལ་ཕྱག་འཚལ་ལོ། །དེ་ནས། ནམ་མཁའི་མཚན་ཉིད་དྲི་མ་མེད། །ཅེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །ངོ་མཚར་ བསོད་ནམས་བརྒྱ་ཡི་ཕ་རོལ་ཕྱིན། །སྣང་དང་མི་སྣང་དམིགས་པ་ཐམས་ཅད་ཀྱི། །སྤྱོད་ཡུལ་ལས་དབེན་གཅིག་མིན་དུ་མའི་ཚུལ། །བདེ་ཆེན་ནམ་མཁའ་དྲི་མེད་ཐུབ་ལ་འདུད། །དམིགས་པ་བྱེ་བ་སྟོང་ཕྲག་མང་པོ་དང་། །གང་ཞིག་བདག་ཏུ་ལྟ་བ་མི་བཟད་པས། །བློ་གྲོས་འཆལ་བ་དོན་མ་ མཐོང་བ་རྣམས། །གནས་འདིར་ནམ་མཁའ་དྲི་མེད་བསྒོམ་པར་བྱ། །ཡུལ་དང་དུས་དང་རང་བཞིན་གང་། །ཇི་ལྟ་ཇི་ཙམ་ཅི་ཞིག་ནི། །དེ་ན་དེ་ཚེ་དེ་ཉིད་དེས། །དེ་ལྟར་དེ་ཙམ་དེ་མེད་ཉིད། །བློ་གྲོས་སྦྱངས་པ་རྣམ་ཀུན་དུ། །ཆོས་ཀུན་དམིགས་པ་མེད་ཤེས་པ། །དེ་ནི་ཡང་དག་ལྷ་ མཆོག་མཐོང་། །ཤེས་རབ་ཕ་རོལ་ཕྱིན་པའོ། །ཧྲཱིཿགཞན་ནི་ཅིག་ཤོས་བློ་ཅན་དེ། །སྤྲིན་བྲལ་གསལ་བའི་མཁའ་དབྱིངས་སུ། །ཟླ་བའི་མདོག་ཅན་པདྨའི་ཕྱག །རྗེས་སུ་སྐྱེ་དང་གཞིག་པར་བྱ། །དག་པའི་ནམ་མཁའ་ངོ་བོ་ཉིད། །བསྐྱེད་པའི་རིམ་པས་གཞན་གྱུར་ཏེ། །རྗེས་སུ་གཞིག་ པས་དེ་སྟོང་འགྱུར། །བླ་མའི་དྲིན་ཐོབ་རྡོ་རྗེའི་བློ། །མཐོང་བས་གྲུབ་དང་གཞིག་པ་ན། །མེད་ཅེས་རྣམ་པར་རྟོག་པར་ཟད། །རྟོག་པ་དེ་ཡང་དམིགས་སུ་མེད། །བྱས་པས་བརྟགས་ཏེ་གསུམ་སྤྱད་པ། །མཁས་པས་དེ་ཉིད་གཅིག་མི་དམིགས། །གདོད་ནས་མ་སྐྱེས་བསྐྱེད་ པའི་རིམ། །ནམ་ཡང་མི་འཇིག་རྗེས་སུ་གཞིག །དེ་ལྟར་འཁོར་གསུམ་བཞི་གསུམ་གྱིས། །དམིགས་བྲལ་གྲུབ་པར་མི་འགྱུར་ན། །དེ་ཚེ་མེད་དང་ཡོད་པ་དང་། །བྱུང་བ་ཞིག་པའང་གང་ཞིག་ཡིན། །རྣལ་འབྱོར་ཟབ་མོ་ནམ་མཁའ་ཡི། །སྤྱོད་ཡུལ་ནམ་མཁའི་སྦྱོར་བ་ཡིས། །དམིགས་ པས་ཕུང་བར་གྱུར་རྣམས་ལ། །དམིགས་མེད་སྟོན་པ་ངོ་མཚར་ཡིན། །ནམ་མཁའ་དྲི་མེད་ཀྱི་སྒྲུབ་ཐབས་རྫོགས་སོ།། ༄༅། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ནམ་མཁའི་མཛོད་ལ་ཕྱག་འཚལ་ལོ། །དེ་ནས། ནམ་མཁའི་མཛོད་ནི་བརྙེས་པས་ཏེ། །ཞེས་འབྱུང་བའི་སྒྲུབ་ ཐབས་བཤད་པར་བྱའོ། །ས་བཅུའི་དབང་ཕྱུག་ལྷ་དང་མི་ཡི་གཙོ། །བསོད་ནམས་ཡེ་ཤེས་ཡོན་ཏན་རྒྱ་མཚོ་ཡི། །མཐར་ཕྱིན་གཏེར་ཕྱིན་ནམ་མཁའ་མཛོད་བརྙེས་པ། །འཇིག་རྟེན་མགོན་ལ་བཏུད་དེ་དེ་བསྙེན་བརྗོད། །སྔགས་འཆང་བདག་དོན་གཞན་དོན་ཐམས་ཅད་དུ། །མེ་འོབས་ འབར་བ་བསིལ་ཁང་ཉམས་དགའ་ལྟར། །ཤེས་ནས་མི་ཆགས་ཆགས་ཆེན་རྣལ་འབྱོར་སྤྱོད། །མཐའ་ཡས་ནམ་མཁའི་མཛོད་གཏེར་རྒྱལ་བས་གསུངས། །ཕུན་ཚོགས་ཚལ་ལམ་ཡང་ན་དབུལ་པོའམ། །ཡང་ན་དགོན་དབེན་ཡིད་དགའི་གནས་རྣམས་སུ། །ཤིན་ཏུ་གོས་གྱོན་ མེ་ཏོག་མཎྜལ་བྱས། །གདུང་བ་སྤངས་པས་མགོན་པོ་དྲན་པར་བྱ། །པདྨོ་ཟླ་སྟེང་རིན་ཆེན་བུམ་བཟང་དང་། །འདབ་སྟོང་ཨུ་དུམ་བཱ་རའི་གེ་སར་རྩེ། །མཉམ་མེད་ས་གསུམ་ཁ་ལོ་བསྒྱུར་མཛད་པ། །ཆོས་རྒྱས་གསེར་མདོག་འབར་བར་བསྒོམ་པར་བྱ། །ཧྲཱིཿལས་སྐྱེས་པའི་གཞོན་ ནུ་བལྟ་ན་སྡུག་པ་ཡིད་བཞིན་གྱི་ཤིང་ལ་སྐུ་བརྟེན་པ། གཡོན་ན་པདྨོ་འཛིན་ཅིང་གཡས་ཀྱིས་ནོར་རྣམས་ཐམས་ཅད་སྦྱིན་པར་མཛད་པ་དང་། ཕྱོགས་གཅིག་ན་འཕགས་པ་ནོར་འཕེལ་རྔ་ཡབ་ཐོགས་ནས་ནོར་གྱི་རྒྱུན་འབེབས་པ་དང་། ཕྱོགས་གཅིག་ན་ལྷ་མོ་ནོར་སྦྱིན་མ་རིལ་ བ་འཛིན་པ་ནོར་བུ་དམར་པོའི་ཕྲེང་བས་བརྒྱན་པ་སྟེ། འདི་དག་ནི་བཙུན་པ་སྤྱན་རས་གཟིགས་ནམ་མཁའི་མཛོད་བརྙེས་པའི་བདེན་པའི་བྱིན་རླབས་ཀྱི་རྣམ་པར་འཕྲུལ་པ་ཡིན་པར་རིག་པར་བྱའོ། །འདི་ནི་བསྒོམ་པར་བྱ་བའི་གནས། །འགྲོ་བའི་གདུང་བ་སེལ་བྱེད་པ། །བསོད་ ནམས་སྤྲིན་ཆེན་གསལ་བའི་རྒྱུ། །གསང་སྔགས་ཆར་ཆེན་ནོར་སྦྱིན་གཞན། །སྙིང་བརྩེ་དགའ་དང་ཡིད་གཞུངས་པས། །དོན་ཆེན་བྱེད་པ་རིག་སྔགས་ཆེ། །ནམ་མཁའ་མཐའ་ཡས་གཟུངས་དང་ནི། །སྤྲིན་ཆེན་མཛོད་ཀྱི་རྟོག་པའོ། །ཇི་སྐད་བསྟན་པའི་སྙིང་པོ་བཞི། །ནུས་གཉིས་ ལྡན་པ་སྔོན་འགྲོ་བས། །འབུམ་ཕྲག་ལྔར་ནི་བཟླས་ནས་སུ། །ཅི་ཡོད་ལམ་ཆེན་གནས་སུ་སྦྱིན། །ཤིན་ཏུ་ཕན་འདོད་གདུང་བ་ཡིས། །མགོན་པོ་ལ་ནི་མཆོད་པ་དང་། །རང་གི་འཚོ་བ་མ་གཏོགས་པར། །ཐམས་ཅད་ཡོངས་སུ་མི་གཟུང་ངོ་། །དེ་ལྟར་ཆོག་ཤེས་གཞན་དབང་གཡོ། ། སོམ་ཉི་སྤངས་དང་ཡང་མེད་དེ། །དེ་ནི་ཉིན་རེ་སྦྱིན་ན་ཡང་། །འབྱོར་པས་གཏུགས་པར་མི་འགྱུར་རོ། །ཐུགས་རྗེ་ཆེན་པོ་ནམ་མཁའ་མཛོད་ཀྱི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་བཅུ་གཅིག་པ་ལ་ཕྱག་འཚལ་ལོ། །དེ་ནས་ ནམ་མཁའ་ཀུན་ཁྱབ་བཅུ་གཅིག་ཞལ། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །ཟླ་བ་འབྲུག་སྒྲ་ནམ་མཁའ་ལྟར་རྨད་པ། །སྐུ་གསུང་ཐུགས་ཟབ་སྟོབས་བཅུའི་ཕ་རོལ་ཕྱིན། །སྣ་ཚོགས་སྤྲུལ་པས་དཔག་མེད་དོན་སྒྲུབ་པའི། །མགོན་ལ་བཏུད་དེ་བསྙེན་པ་བདག་གིས་བཤད། ། རེ་ཞིག་རྗེས་སུ་མཐུན་པའི་གནས་སུ་གནས་དང་ཡོ་བྱད་དང་གོས་དང་རྒྱན་ཉེ་བར་བསགས་པ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ། རང་གི་སེམས་དྲོ་བ་རྣམས་ཀྱི་བཞི་པ་མེའི་བུ་ལ་བརྟེན་པ་ང་རོ་བཞི་པས་མནན་ཅིང་གཞོན་ནུ་མའི་ནུ་མས་བརྒྱན་པ་ཅན་བལྟ་བར་བྱའོ། །དེ་ལས་ འོད་ཕྱུང་རོལ་མོའི་སྒྲས། །བློ་གྲོས་མི་ཟད་བཅུ་གཅིག་ཞལ། །སྤྱན་བྲངས་ལུས་བཏུད་ཕྱག་འཚལ་ཞིང་། །མཆོད་པ་ལྔས་ནི་ཡང་དག་མཆོད། །ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ། དེ་ནས་སྡིག་པ་བསལ་ ལ་སོགས། །ཡན་ལག་བཟང་པོ་སྤྱོད་ཀུན་གྱིས། །དྲི་མ་དག་པར་བྱས་ནས་སུ། །གནས་བཞི་ལས་ནི་སེམས་མཆོག་བསྐྱེད། །ཆོས་ཀུན་རང་བཞིན་མཚན་མ་མེད། །གདོད་ནས་མ་སྐྱེས་མི་འགྲོ་བ། །བདེ་ཆེན་འོད་གསལ་རྣམ་མི་རྟོག །མཁས་པས་ཁོང་ན་མངོན་དུ་བྱ། །ཨོཾ་སྭ་བྷཱ་བ་ ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅་ཧཾ། གང་ཞིག་ཀུན་རྟོག་མཚན་ཉིད་མེད། །དེ་ནི་བདག་སེམས་འོད་གསལ་ཉིད། །འགྲོ་འོང་གནས་དང་རྟེན་བྲལ་བ། །ད་ནི་སྒྱུ་མའི་སྐྱེས་བུ་བཞིན། །ཨོཾ་སྭ་ཙིཏྟ་ཤཱུ་ནྱ་ཏཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་པ་ཉིད་སེམས་སྒྱུ་མའི་ཚུལ། །སྤྲུལ་པའི་མཛད་པ་ཀུན་སྒྲུབ་ ཕྱིར། །སྐྱེ་བ་མེད་ལས་སྐྱེ་བའི་དངོས། །པདྨོ་ཟླ་དབུས་འཕགས་མཆོག་བསྐྱེད། །ཐུགས་རྗེའི་སྙིང་པོ་ལས་བྱུང་བ། །སྤྲོ་དང་བསྡུ་དང་སྡིག་སེལ་བའི། །མཚན་མ་རྒྱལ་བ་སྡུག་བསྔལ་གཅོད། །བཅུ་གཅིག་ཞལ་མངའ་རྣམ་པར་བསྒོམ། །ཕྱག་གཉིས་ཐུགས་ཀར་ཐལ་སྦྱར་ཞིང་། །བགྲང་ ཕྲེང་པདྨོ་གཡས་གཡོན་གཉིས། །རིལ་པ་མཆོག་སྦྱིན་འཁོར་ལོ་དང་། །རྡོ་རྗེ་མདའ་གཞུ་འཛིན་པར་བརྟག །ཏི་སེའི་གངས་དང་སྟོན་ཟླ་སོས་ཀའི་ཉི་འོད་ཅན། །མུ་ཏིག་གསེར་སོགས་ཇི་སྙེད་རྒྱན་མང་ཀུན་མངའ་བ། །ཞལ་ནི་བཅུ་གཅིག་ནོར་བུ་མེ་མདོག་སྐེ་རགས་ཅན། །རི་དགས་ལྤགས་འཛིན་ འཛུམ་ཞལ་གཟི་བརྗིད་འབར་བའོ། །དེ་ནས་སྙིང་པོའི་ས་བོན་གྱིས་སྤྱན་དྲངས་ནས་སྐུ་གསུང་ཐུགས་ལེགས་པར་གནས་པས་དབང་བསྐུར་བའི་མཐར་ཐུག་པའི་སྒྲུབ་པའོ། །སྐྱོ་བར་གྱུར་ན་སྔགས་བཟླས་པས་འཁོར་ལོ་དགྱེ་བའི་སྦྱོར་བ་བརྩམ་པར་བྱ་སྟེ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་ དྷུ་རུ། ཨིཊྚེ་བིཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་བ་རེ། ཨི་ལི་མི་ལི། ཙི་ཏེ་ཛྭ་ལ་མ་པ་ན་ཡེ་སྭཱ་ཧཱ། ཞེས་བྱ་བས་སོ། །གལ་ཏེ་བློ་ཞན་རྟུལ་མི་ཕོད། །ཞལ་ལྔ་ཕྱག་བརྒྱད་ཞལ་གསུམ་དང་། །ཕྱག་དྲུག་དེ་བཞིན་ཞལ་གཅིག་དང་། །ཕྱག་གཉིས་པ་ཡང་བསྒོམ་པར་ བྱ། །སྤྱན་རས་གཟིགས་བཅུ་གཅིག་པའི་ཞལ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། །།བཅོམ་ལྡན་འདས་སྤྱན་རས་གཟིགས་ཡེ་ཤེས་འཁོར་ལོ་ལ་ཕྱག་འཚལ་ལོ། །དེ་ནས། དཔལ་ལྡན་ཡེ་ཤེས་དཀྱིལ་འཁོར་བདག །ཅེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། ། འཛུམ་བཅས་དབུས་བཞུགས་ཟླ་བའི་ཞལ་མངའ་དཔལ་ཆེན་དོན་ཡོད་ཞགས་པ་འཆར་ཀའི་མདོག །བདུད་འཇོམས་རྟ་མཆོག་མེ་ལྕེའི་ཁ་དོག་ཁྲོས་<མདུང་‚མ་དུང་>མདོག་སྐར་མའི་འོད་ལྡན་བྷྲྀ་ཀུ་ཊཱི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཛིན་ཉི་ཤུ་དང་ནི་བཅུ་དྲུག་མཆོད་པའི་ལྷ་མོས་བརྒྱན། ། མཉམ་མེད་ཡེ་ཤེས་འཁོར་ལོ་ཆེ་ལ་སྤྱི་བོས་གཏུགས་བཏུད་ས་འདི་དེ་རིང་བཀྲ་ཤིས་གྱུར། །དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་རྣམ་པར་འཕྲུལ་པ་ལས་སྐུ་གསུང་ཐུགས་ཉེ་བར་བཀོད་པའི་བཅོམ་ལྡན་འདས་སྤྱན་རས་གཟིགས་འཁོར་ལོ་དང་བཅས་ པ་བསྒྲུབ་པར་འདོད་པས། ཐོག་མར་སྙིང་རྗེ་ཆེན་པོ་གོམས་པར་བྱའོ། །ཡིད་དང་རྗེས་མཐུན་ལ་སོགས་གནས། །བྱང་ཆུབ་མཆོག་ཞུགས་སེམས་བཟུང་བས། །སྙིང་གི་འོད་ཀྱིས་རྟེན་བཀུག་ལ། །བསོད་ནམས་ཕུང་པོ་ཡོངས་རྫོགས་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ ཤུདྡྷོ྅ཧཾ། ཆོས་རྣམས་རང་གི་མཚན་ཉིད་ཀྱིས། །རང་གི་རང་བཞིན་སྟོང་པ་ཉིད། །མཁའ་ལྟར་མཉམ་པར་བཞག་ནས་ནི། །དེ་ནས་བདག་ལུས་དཀྱིལ་འཁོར་བསྒོམ། །ལུས་གང་ཡིན་དེ་གཞལ་མེད་ཁང་། །སེམས་འདིར་ལྷ་ཡི་བདག་ཉིད་དེ། །སྔགས་པའི་ངག་ནི་སྔགས་ཡིན་ལ། །ཀུན་ ནི་དྲི་མ་མེད་རྟོག་སྤངས། །ཧྲཱིཿ པདྨོ་བཞི་དབུས་འཇིག་རྟེན་མགོན། །ཞལ་གཅིག་ཕྱག་གཉིས་གཡས་དང་གཡོན། །མཆོག་སྦྱིན་པདྨོ་འཛིན་དཀར་ཞིང་། །ཆོས་དབྱིངས་ཡེ་ཤེས་རང་བཞིན་ནོ། །ཧཿ། ཤར་གྱི་འདབ་མར་དོན་ཡོད་ཞགས། །ཕྱག་བཞི་ཞགས་པ་ལྕགས་ཀྱུ་དང་། །རྡོ་རྗེ་ ཕྲེང་ཐོགས་རབ་ཞི་དམར། །མེ་ལོང་ཡེ་ཤེས་བདག་ཉིད་དོ། །ཧཱུཾ། ལྷོ་ཡི་འདབ་མར་རྟ་མཆོག་ཞལ། །ཕྱག་བཞི་དབྱིག་པ་འཁོར་ལོ་དང་། །སྡིགས་མཛུབ་པདྨ་འཆང་ཁྲོས་པ། །མཉམ་ཉིད་ཡེ་ཤེས་བདག་ཉིད་དོ། །པ། ནུབ་ཀྱི་འདབ་མར་རལ་པ་གཅིག །ཕྱག་བཞི་གྲི་གུག་ཐོད་པ་ དང་། །རལ་གྲི་ཨུཏྤལ་བསྣམས་རྔམ་ནག །ཀུན་རྟོག་ཡེ་ཤེས་ངོ་བོའོ། །ཊ། བྱང་གི་འདབ་མར་ཁྲོ་གཉེར་ཅན། །ཕྱག་བཞི་དབྱིག་པ་ཕྲེང་བ་དང་། །པདྨ་རིལ་བ་ལྡན་ཁྲོ་སྐྱ། །དོན་གྲུབ་ཡེ་ཤེས་དངོས་ཉིད་དོ། །ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿཔི་ཝང་གླིང་བུ་རྫ་ རྔ་རྔ་ཟླུམ་བཞད་མ་དང་། །སྒེག་མོ་གླུ་མ་གར་མ་མེ་ཏོག་བདུག་སྤོས་མ། །མར་མེ་དྲི་དང་གཟུགས་མ་རོ་མ་རེག་མ་དང་། །ཆོས་ལྡན་ལྷ་མོ་བཅུ་དྲུག་རྒྱན་སྤུད་ཁྱམས་བཞིར་དགོད། །ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། ཕ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ ས་ཧ། ཀྵཿ། གཏོར་མ་ལ་སོགས་སྤྲིན་འཛིན་པར། །སུམ་ཅུ་ཉེ་བའི་མཆོད་པ་ཡི། །ལྷ་མོའང་དེ་བཞིན་ཁྱམས་ཀྱི་མཐར། །མཁས་པས་དེ་བཞིན་དགོད་པར་བྱ། །ཛཿཧཱུཾ་བཾ་ཧོཿ། ལྕགས་ཀྱུ་དཀར་དང་ཞགས་པ་སེར། ལྕགས་སྒྲོག་དམར་པོ་དྲིལ་བུ་ལྗང་། །ཤར་ལ་སོགས་པའི་ སྒོ་བཞི་ནི། །གཙོ་བོ་ལས་ཕྱུང་རིམ་བཞིན་བཞུགས། །དེའི་འོག་ཏུ་དམ་ཚིག་གི་དཀྱིལ་འཁོར་གསལ་བར་བཀོད་པ་ལ། ཡེ་ཤེས་པ་བཅུག་ནས་ནམ་མཁའ་ཇི་སྙེད་པའི་སེམས་ཅན་ལ་ཕན་པར་འདོད་པས། རང་རང་དང་རྗེས་སུ་མཐུན་པའི་འོད་ཀྱི་ཕྲེང་བ་སྤྲོ་ཞིང་དོན་གཉིས་ཅིག་ཅར་སྒྲུབ་ པའི་སེམས་ཀྱིས་སྔགས་བརྗོད་པར་བྱའོ། །ཨོཾ་ཨཱཿཧྲཱིཿན་མཿས་མནྟ་བུདྡྷཱ་ནཱཾ་སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་མ་ཧཱ་ཀཱ་རུ་ཎི་མཱུརྟ་ཡེ་ཧཱུཾ་ཛཿསྭཱ་ཧཱ། བཅོམ་ལྡན་འདས་ཀྱི་སྙིང་པོའོ། །ཨོཾ་ཧྲཱིཿཏྲཻ་ལོ་ཀྱ་བི་ཛ་ཡ། ཨ་མོ་གྷ་པཱ་ཤ་ཡ། ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུཾ་ཕཊ་སྭཱ་ཧཱ། དོན་ཡོད་ཞགས་པའི་སྙིང་ པོའོ། །ན་མཿས་མནྟ་བུདྡྷཱ་ནཱཾ་ཧཾ་ཁཱ་ད་བྷཱུཾ་ཛཾ་སཱ་ངཱ་ཡ་སྭཱ་ཧཱ། རྟ་མགྲིན་གྱི་སྙིང་པོའོ། །ཨོཾ་ཨེ་ཀ་ཛ་ཊི་མ་ཧཱ་རོ་ཥ་ཎི་ཏྲཱ་ས་མ་ཡེ་པྲ་ས་མ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རལ་གཅིག་མའི་སྙིང་པོའོ། །ན་མཿས་མནྟ་བུདྡྷཱ་ནཱཾ། སརྦ་བྷ་བ་སནྟྲ་ར་ན་ཧཱུཾ་ཕཊ་པ་ཏཱ་ཡ་སྭཱ་ཧཱ། ཁྲོ་གཉེར་ཅན་གྱི་སྙིང་པོའོ། །སྤྲོས་པས་ ཏིང་འཛིན་ངལ་བ་ནི། །དཀྱིལ་འཁོར་མཆོག་གཅིག་དྲི་མ་མེད། །ལྷ་དང་སྔགས་སོགས་རྣམ་གྲོལ་བ། །ཡེ་ཤེས་མཆོག་ལ་མཉམ་གནས་བྱ། །རྩེ་གཅིག་པ་ཡིས་རྣམ་པར་འབྱེད། །བཀྲམ་པ་དང་ནི་སྡུད་པ་དང་། །རྗེས་འགྲོ་ལྷན་ཅིག་སྤྱོད་པ་ཡི། །རིམ་པས་རྫོགས་པར་ཤེས་པར་བྱ། ། དེ་ལྟར་བསམ་གཏན་ལ་སེམས་རྟོན་པའི་རྣལ་འབྱོར་པ་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོས་ཡོངས་སུ་ཟིན་པའི་ཆོ་ག་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དེ་སྲིད་དུ་ཡོངས་སུ་བསྒོམས་ནས་ལྡང་བར་འདོད་པ་ན། བཀུག་པ་དང་བསྐྱེད་པའི་འཁོར་ལོ་གཤེགས་པར་བྱ་བ་དང་། དམིགས་པ་ཐིམ་པའི་མན་ངག་ གིས་བཟོད་པར་གསོལ་བ་དང་། དགེ་བའི་རྩ་བ་ཐམས་ཅད་གཞན་དུ་མ་གྱུར་པར་ཡོངས་སུ་བསྔོ་བར་བྱའོ། །དཔལ་ལྡན་ཡེ་ཤེས་འཁོར་ལོ་མཆོག་གི་ནི། །གནས་མཐོང་བླ་མའི་ཞལ་གྱི་དྲིན་ཐོབ་ནས། །ཇི་བཞིན་མདོར་བསྡུས་སྒྲུབ་ཐབས་འདི་བྲིས་པས། །སྐྱེས་ཀུན་ཐུགས་རྗེ་ཆེ་ མངའ་ཞལ་མཐོང་ཤོག །དཔལ་ཁཪྶ་པཱ་ཎ་ཡེ་ཤེས་ཀྱི་འཁོར་ལོའི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་བཞིན་ནོར་བུ་ལ་ཕྱག་འཚལ་ལོ། །དེ་ནས། ཡིད་བཞིན་ནོར་བུ་དཀྱིལ་འཁོར་འཁོར་ལོ་ཆེ། །ཞེས་འབྱུང་བའི་སྒྲུབ་ ཐབས་བཤད་པར་བྱའོ། །ཁོ་ན་ཉིད་ཐུགས་གསུང་དང་སྐུ། །ཡོན་ཏན་ཕྲིན་ལས་དམ་ཚིག་བཅས། །དཔལ་ལྡན་དཀྱིལ་འཁོར་ཆེར་བཏུད་དེ། །ཡིད་བཞིན་ནོར་བུའི་སྒྲུབ་ཐབས་བཤད། །བདག་ཉིད་ཆེན་པོས་ཕུན་ཚོགས་བཞིར། །ཆོས་ཀུན་རང་བཞིན་ཉིད་དྲན་པས། །སྙིང་རྗེ་ལས་གྲུབ་ དྲང་སྲོང་བསྐྱེད། །ཧྲཱིཿཡིག་ལ་གནས་ཏིང་འཛིན་སྒྲུབ། །ཡེ་ཤེས་རྒྱལ་བ་བཅུ་གནས་སུ། །ཉིད་ཀྱི་སྙིང་པོ་ལས་སྤྲོས་པས། །ལྷར་བཅས་གཞལ་ཡས་ཁང་བསམས་ཏེ། །མར་མེ་ལས་ནི་མར་མེ་ལྟར། །ཧ་ཧྲཱིཿཧཱུཾ་ཕཊ། འདབ་བརྒྱད་ཤར་སོགས་ཕྱོགས་བཞི་ལ། །དོན་ཡོད་ཞགས་ སོགས་བཞི་ཡིན་ཏེ། །མཚམས་བཞིར་བུམ་པ་བཟང་བཞི་གནས། །འདི་ནི་ཡེ་ཤེས་འཁོར་ལོའོ། །དྷཱིཿམཻ་ཧཱུཾ་ཧྲཱིཿ། དེ་ལས་འཁོར་ལོ་གཞན་འབྱུང་བ། །འཇམ་དབྱངས་བྱམས་པ་རྡོ་རྗེ་འཛིན། །གནོད་མཛེས་ཕྱོགས་རྩིབས་བཞི་ལས་ཏེ། །ཛཿཧཱུཾ་བཾ་ཧོཿ། དབྱངས་ཅན་ལ་སོགས་ཡུམ་ མཚམས་བཞིར། །ཨ་ཨི་ཨུ་རྀ་ལྀ་ཨེ་ཨོ་ཨཾ། །དེ་མཐར་རྩིབས་བརྒྱད་སེམས་མ་བརྒྱད། །ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཻ་ཨཽ་ཨཿ། དེ་བཞིན་དེ་མཐར་སེམས་དཔའ་བརྒྱད། །རྩིབས་བརྒྱད་ལ་གནས་ཐུགས་གསུང་སྐུ། །བརྒྱད་གསུང་འཁོར་ལོ་རིམ་གྱིས་མཛེས། །ཨཿརྣམ་དག་ཡོན་ཏན་ རྩིབས་སྟོང་ལྡན། །འཁོར་ལོ་འབར་བ་གཞན་འབྱུང་བའང་། །བསྐལ་བཟང་སངས་རྒྱས་སྟོང་གིས་བརྒྱན། །ཨ་སྟོང་ལས་སྐྱེས་རིམ་བཞིན་དགོད། །ཧཱུཾ། དེ་དག་ལས་ཀྱང་འཁོར་ལོ་གཞན། །རྩིབས་སྟོང་ལས་ཧཱུཾ་སྟོང་ལས་སྐྱེས། །ལྔ་བརྒྱ་ལྔ་བརྒྱ་རྒྱལ་སྲས་མཛད། །ཕྲིན་ལས་ འཁོར་ལོ་ཞེས་བཤད་དོ། །ཛཿཧཱུཾ་བཾ་ཧོཿ། སྒོ་བཞིར་ལྕགས་ཀྱུ་ཞགས་སོགས་བཞི། །ཁྱམས་རྣམས་སུ་ནི་མཆོད་པའི་ལྷ། །ཁོར་ཡུག་དུར་ཁྲོད་ཀུན་རྫོགས་ལྡན། །དམ་ཚིག་འཁོར་ལོ་ཞེས་བྱར་གྲགས། །དེ་རྗེས་དཀྱིལ་འཁོར་ཆེན་པོ་ཡི། །ཡེ་ཤེས་རི་མཆོག་ལས་བཀུག་ གཞུག །མེ་ལོང་གཉིས་གཟུགས་བྲག་ཅ་དང་། །མཁའ་འདྲར་དག་པ་རྟོགས་པར་བྱ། །ཇི་སྲིད་གཉིས་མེད་མཉམ་འཇོག་པ། །དེ་སྲིད་དེ་ཡོད་མི་འགལ་བའམ། །ཡང་ན་རོ་གཅིག་བསམ་གཏན་གནས། །སྐྱོ་བར་གྱུར་ན་གསང་སྔགས་བཟླས། །ཨོཾ་ཨཱཿཧྲཱིཿབཛྲ་ཛྙཱ་ན་ཙིནྟ་མ་ཎི་རཏྣ་ མཎྜལ་ཙཀྲ་པྲི་ཏི་སྠི་ཏི་ཧཱུཾ་སརྦ་བུདྡྷ་ཏ་ཏྭཱ་གརྦྷེ་ཀཱ་ཡ་ཝཀཱ་ཙིཏྟ་གུ་ཎ་ཀརྨ་ས་མ་ཡ་པྲ་སིདྡྷཾ་ཧཱུཾ། སརྦ་ཏ་ཐཱ་ག་ཏོ་ཛྙཱ་ན་གརྦྷེ་བི་ཤུདྡྷ་བཛྲ་ཏ་ཏྭཱ་ཨ་དྷིཥྛཱ་ན། ཛྭ་ལ་ཛྭ་ལ། སྥ་ར་སྥ་ར། སརྦ་པཱ་པ་བྷིཀྐ་ནཾ། ད་ཧ་ད་ཧ། ཧ་ར་ཧ་ར། ཤཱནྟ་ཀ་ར་ཡེ་ཧཱུཾ་ཕཊ་སྭཱ་ཧཱ། དེ་བཞིན་གཤེགས་ཀུན་སྙིང་པོ་འདིས། །དཀྱིལ་འཁོར་ བདག་པོ་ཀུན་མཉེས་བྱེད། །དད་དང་སྙིང་བརྩེ་བདེན་སྟོབས་མཐུས། །མ་ལུས་ཐུགས་བསྐུལ་འོད་འཕྲོ་འགྱུར། །རང་རང་རྗེས་མཐུན་དོན་བསྒྲུབས་ནས། །ས་གསུམ་མགོན་པོའི་སྲས་གྱུར་ཏེ། །བསམ་གཏན་རྒྱུན་གཅིག་ལ་གནས་མཐར། །དངོས་པོ་ཀུན་མཆོད་བཟོད་པར་གསོལ། ། དེ་རྗེས་བྱང་ཆུབ་སེམས་ལྡན་པས། །ཐལ་སྦྱར་ཡི་དམ་གསུམ་བླངས་ལ། །དངོས་གྲུབ་དོན་དུ་གསོལ་བཏབ་སྟེ། །བདེ་བར་སྤྱོད་ཡུལ་གཤེགས་པར་བྱ། །ཡིད་བཞིན་ནོར་བུའི་དཀྱིལ་འཁོར་ཆེ། །བརྟག་པའི་རྒྱལ་པོ་བླ་ན་མེད། །མ་ལུས་ཀུན་དོན་སྒྲུབ་བྱེད་པ། །འདིར་བསྡུས་ མྱུར་བདག་གཏེར་ཆེན་གྱུར། །སྤྱན་རས་གཟིགས་ཡིད་བཞིན་ནོར་བུའི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་པོ་ཏ་ལ་ཀེ་རིའི་རྩེ་མོ་པ་ལ་ཕྱག་འཚལ་ལོ། །དེ་ནས། རི་མཆོག་དཀྱིལ་འཁོར་རྒྱལ་པོ་ཁྱོད། །ཅེས་འབྱུང་བའི་སྒྲུབ་པའི་ཐབས་བཤད་ པར་བྱའོ། །ཐུགས་རྗེ་ཡི་སྟོབས་རི་མཆོག་རྩེར། །ཉི་ཤུ་རྩ་ལྔའི་བདག་ཉིད་སྟོན། །འཇིག་རྟེན་གསུམ་མགོན་ལ་བཏུད་དེ། །དེ་ཡི་སྒྲུབ་ཐབས་མདོར་བསྡུས་བྲི། །དང་པོར་རེ་ཞིག་རྣལ་འབྱོར་གྱི་དབང་ཕྱུག་ཚངས་པའི་གནས་བཞིས་ཡིད་ཉེ་བར་བརླན་པར་བྱས་ལ། བསམ་གཏན་གྱི་ཁང་ བུ་ལ་སོགས་པའི་གནས་མལ་གང་ཡིན་པ་པོ་ཏ་ལ་ཀེ་རིའི་རྒྱལ་པོར་བྱིན་གྱིས་བརླབས་ཏེ། དེར་གཞལ་མེད་ཁང་རིན་ཆེན་སྣ་བདུན་གྱི་རང་བཞིན་བཀོད་པ་ཕུན་སུམ་ཚོགས་པར་བཀོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་མངོན་པར་ བལྟ་བར་བྱའོ། །ཧྲཱིཿ། འདམ་སྐྱེས་སྡོང་བུ་འདབ་བརྒྱད་དབུས། །བདག་ཉིད་འཇིག་རྟེན་དབང་ཕྱུག་བསྐྱེད། །དེ་ནི་ཟླ་མདོག་སྐྱིལ་ཀྲུང་ཕྱེད། །མཆོག་སྦྱིན་པདྨ་འཛིན་པའོ། །ཨ་ཨི་ཨུ་ཨེ། ཤར་སོགས་ཕྱོགས་དང་མཚམས་རིམ་བཞིན། །འཁོར་ལོ་རིན་ཆེན་པདྨོ་ལས། ། ཕྱོགས་ཀྱི་ཁ་དོག་གཞོན་ནུའི་ཚུལ། །གཏེར་ཆེན་བུམ་པ་བཞིས་གང་བའོ། །ཨཱ་ཨཱི་ཨཱུ་ཨཻ། དེ་མཐར་འཁོར་ལོ་རྩིབས་བརྒྱད་ལ། །ཕྱོགས་མི་ཕྱོགས་ཀྱི་ཁ་དོག་ཅན། །གཏི་མུག་རྡོ་རྗེ་སྒྲོལ་མ་ཅན། །བག་ཆགས་རྡོ་རྗེ་རྡོ་རྗེ་འཛིན། །འདོད་ཆགས་རྡོ་རྗེ་ཞགས་པ་ཐོགས། །ཞེ་སྡང་རྡོ་རྗེ་ རལ་གྲི་བསྣམས། །ཨོ་ཨཽ་ཨཾ་ཨཿ། བྱང་ཤར་ལ་སོགས་མཚམས་བཞི་ཡུམ། །བརྟན་པའི་རྡོ་རྗེ་རི་རབ་འཛིན། །སྦྱོར་བའི་རྡོ་རྗེ་ཟླ་བ་དང་། །འབར་བའི་རྡོ་རྗེ་ཉི་མ་ཅན། །སྟོབས་ཀྱི་རྡོ་རྗེ་བ་དན་ཐོགས། །ཁ་དོག་ཕྱེད་གཟུགས་སྒེག་མོའི་ཚུལ། །ཀ་ཙ་ཊ་ཏ། ཁྱམས་ཀྱི་ཤར་སོགས་ ཕྱོགས་བཞིར་ཡང་། །ཕྱོགས་མདོག་གར་གྱིས་རོལ་པ་མོ། །རྡོ་རྗེ་གཟུགས་མཛེས་མེ་ལོང་ཅན། །རྡོ་རྗེ་སྒྲ་སྙན་པི་ཝང་བསྒྲེང་། །རྡོ་རྗེ་དྲི་མཆོག་བྱུག་པ་ཐོགས། །རྡོ་རྗེ་རོ་བཟངས་ཞལ་ཟས་འཛིན། །པ་ཡ་ཤ་ཀྵཿ། དེ་བཞིན་བྱང་ཤར་སོགས་གྲྭ་བཞིར། །རྡོ་རྗེ་རེག་མ་གོས་མཆོག་ཐོགས། ། རྡོ་རྗེ་ཆོས་མ་ཆོས་འབྱུང་ཅན། །རྡོ་རྗེ་ཞིང་མ་མཎྜལ་འཛིན། །རྡོ་རྗེ་སྣང་མ་སྒྲོན་མ་ཐོགས། །ཡིད་འོང་ཕྱོགས་ཕྱེད་མདོག་ཅན་ལའོ། །རྀ་རཱྀ་ལྀ་ལཱྀ། དེ་ནས་ཤར་སོགས་སྒོ་བཞིར་ཡང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །ཕྱོགས་མདོག་ཅུང་ཟད་ཁྲོ་བའི་ཚུལ། །དེ་ལྟར་ཀུན་ཕྱག་གཡོན་ པདྨོ། །བརྩོན་པའི་ཆ་བྱད་པད་ཟླ་ལ། །རང་གི་ས་བོན་ལས་གྱུར་མཚུངས། །དེ་རྗེས་སྒྱུ་མ་ཏིང་འཛིན་ལ། །གནས་ནས་དག་པ་རྟོགས་པར་བྱ། །གནས་དང་ལུས་རབ་རྣམ་པར་དག །དཀྱིལ་འཁོར་འཁོར་ལོ་ཞེས་བྱར་བརྗོད། །དེ་བཞིན་ལུས་དང་སེམས་རབ་དག །ཉི་ཤུ་ལྔ་ཡི་ བདག་ཉིད་དོ། །ཕེཾ་ཕེཾ་ཕེཾ་ཕེཾ། དེ་ནས་ཡེ་ཤེས་དཀྱིལ་འཁོར་ལྷ། །ཇི་བཞིན་བཀུག་ལ་མཆོད་སོགས་བཅས། །གསོལ་བཏབ་དམ་ཚིག་མཐུ་བསྐྱེད་དེ། །རིག་པའི་ཏིང་འཛིན་ལྡན་པས་བཟླས། །ཨོཾ་ཨཱཿཧྲཱིཿཔོ་ཏ་ལ་ཀེ་རུ་ཏུ་མ་ཧཱ་ཀཱ་རུ་ཎཱི་ཀ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨ་ཨི་ཨུ་ཨེ། ཨཱ་ཨཱི་ ཨཱུ་ཨཻ། ཨོ་ཨཽ་ཨཾ་ཨཿཀ་ཙ་ཊ་ཏ། པ་ཡ་ཤ་ཀྵཿ། རྀ་རཱྀ་ལྀ་ལཱྀ། ཧཱུཾ་ཕཊ་སྭཱ་ཧཱ། གལ་ཏེ་དམིགས་པའི་སྦྱོར་བ་ཡིས། །སྐྱོ་བར་གྱུར་ན་སྦྱོར་བྲལ་བ། །ཤིན་ཏུ་དམིགས་མེད་ཞི་བའི་རྒྱུ། །མཁས་པས་རྫོགས་པའི་རིམ་པ་བསྒོམ། །ནམ་ཞིག་དེ་ལས་ལྡང་འདོད་ཚེ། །སྙིང་རྗེ་ཆེན་པོས་བློ་བསྐྱེད་ ལ། །དཔལ་ལྡན་ཉི་ཤུ་རྩ་ལྔའི་བདག །དཀྱིལ་འཁོར་མཆོད་སོགས་བྱ་ཕྱིར་འབད། །བདུན་ཕྲག་གཅིག་གམ་གཉིས་སམ་གསུམ། །ཇི་སྟེ་བརྒྱའམ་བདུན་ཕྲག་བཅུས། །དམ་ཚིག་བསམ་གཏན་ལྡན་སྤྱོད་ལ། །དངོས་གྲུབ་ཐེ་ཚོམ་མི་བྱའོ། །རྡོ་རྗེ་འཛིན་པས་རྒྱུད་དང་ནི། །བླ་མ་ སངས་རྒྱས་འདྲར་བཤད་དེ། །རྒྱུད་བྲལ་བླ་མ་སྤངས་པ་ལ། །དངོས་གྲུབ་ཡོད་པར་མ་གསུངས་ཕྱིར། །མཚན་མ་ཙམ་མཐོང་བདག་གིས་འདིར། །བླ་མའི་གསུང་གི་རྒྱུད་དོན་བསྡུས། །དགེ་འདིས་འགྲོ་ཀུན་པོ་ཏ་ལའི། །རི་མཆོག་ནམ་ཞིག་བགྲོད་པར་འགྱུར། །དཔལ་ཐུགས་རྗེ་ ཆེན་པོ་པོ་ཏ་ལ་ཀེ་རིའི་རྩེ་མོའི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས། འཁོར་ལོས་སྒྱུར་རྒྱལ་དཀྱིལ་འཁོར་སྟོན། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །དེ་ནས་གཞན་ཡང་བཤད་ བྱ་བ། །འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་མགོན། །དཔལ་ལྡན་ཡེ་ཤེས་དཀྱིལ་འཁོར་ཆེ། །དོན་ཀུན་གྲུབ་བྱེད་བརྟག་པའོ། །རྒྱུ་སྐར་རྒྱལ་པོ་རྒྱལ་ལ་བབ་པའམ། །ཡང་ན་ཟླ་བ་ཚེས་དང་ཟླ་བ་ཉ། །སྣ་ཚོགས་མེ་ཏོག་འབྲས་བུ་རྒྱས་པའི་ཚེ། །སྐལ་བཟང་རྣམས་ཀྱིས་མགོན་ མཆོད་སྡིག་པ་བསལ། །དཀྱིལ་འཁོར་ཆེན་པོ་རྒྱན་གྱིས་སྤྲས། །སྣ་ཚོགས་དྲི་བསུང་ངད་ལྡན་པའི། །མེ་ཏོག་གཅལ་བཀྲམ་ལྷབ་ལྷུབ་ཅན། །མཆོད་རྫས་ཡོ་བྱད་སྤྲིན་གཏིབས་ནས། །སྟོབས་ཆེན་སྔོན་འགྲོ་ཉི་མ་དང་པོ་བུམ་པ་དང་ནི་ལྷ། །ལྷག་པར་གནས་བྱས་གཉིས་པ་ཏིང་ འཛིན་རྒྱལ་པོ་ལ་གནས་བཟླས། །གསུམ་པ་མཆོད་སྦྱིན་གོ་རིམས་ནུས་སྦྱར་བཟོད་པར་གསོལ། །དེ་མཐར་བཀྲ་ཤིས་རྡོ་རྗེ་ཆུས་བཀྲུས་དངོས་གྲུབ་བླང་བར་བྱ། །བླ་མའི་མན་ངག་ཇི་བཞིན་དུ། །མཁས་པས་དཀྱིལ་འཁོར་བྲིས་ནས་སུ། །རྡོ་རྗེ་འཁོར་ལོ་ཕྱག་རྒྱ་ཡིས། །ལྷ་ དགུ་འཁོར་ལོས་སྒྱུར་བར་བསམ། །ལྟེ་བ་འདམ་སྐྱེས་གེ་སར་འཁྲུངས། །རྡོ་རྗེས་མཚོན་པ་དཔལ་ཆེན་ཉིད། །ཤར་སོགས་རིན་ཆེན་རྩིབས་བརྒྱད་འཁོར་ལོ་རྣམ་བདུན་གཏེར་ཆེན་བཅས་ལྷ་མོ། །ཁྱམས་བཟང་རབ་མཉམ་བཻ་ཌཱུརྱ་ཡི་ངོས་ལ་ཉི་ཤུ་རྩ་བཞིས་མཆོད་པ་ཡི། །ལྷ་མོ་ རྣམས་དང་དེ་བཞིན་སྒོ་བཞིར་ལྕགས་ཀྱུ་ཞགས་པ་སོགས་དགེས་རོལ་པའོ། །མུ་ཁྱུད་ཁོར་ཡུག་བཀྲ་ཤིས་ཀྱི། །རྫས་བཅུ་གྲུབ་པ་ཉི་ཤུས་བསྐོར། །དཔལ་མེད་ལྷ་རྫས་ཡོ་བྱད་ཀྱིས། །ཤིན་ཏུ་ཕུན་ཚོགས་བརྩེ་བ་ཡིན། །ཨོཾ་ཨཱཿཧྲཱིཿཙཀྲ་ཝརྟི་མཎྜ་ལ་སིདྡྷི་ཕཊ་སྭཱ་ཧཱ། ཤེས་རབ་ཐབས་ བྱུང་སྐད་ཅིག་སྦྱོར་བས་བདག་ཉིད་འཁོར་ལོས་སྒྱུར་རྒྱལ་གསལ་བསྐྱེད་ལ། །སྙིང་པོ་ལས་འཕྲོས་ལྕགས་ཀྱུའི་ཟེར་གྱིས་ཇི་བཞིན་ཉིད་བཀུག་མཉེས་བྱས་དབྱེར་མེད་གཞུག །བདག་དང་དཀྱིལ་འཁོར་ལྷ་ཚོགས་བཅས་བཟླས་རྡོ་རྗེ་ཕྲེང་རྒྱུན་ཡི་གེ་རབ་ཞུགས་པས། །བུམ་པ་བཟང་བཀང་ ཐུན་མཚམས་ཀུན་རྟག་མཉམ་གཞག་ཆེ་གནས་དངོས་ཀུན་མཆོད་བརྩོན་བྱ། །ཐུགས་རྗེ་ཆེན་པོ་ཅན་དཔལ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས་རྫོགས་སོ།། ༄༅། །དཔལ་ཐུགས་རྗེ་ཆེན་པོ་ལུས་ཀྱི་འཁོར་ལོ་ཆེན་པོ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མགོན་གྱི་མན་ངག་གིས། །སྔགས་ འཆང་རྒྱལ་པོ་རང་གི་ལུས། །པདྨ་འཁོར་ལོས་བརྒྱན་གཞལ་མེད། །སེམས་ཀྱིས་ལྷ་བཅུ་གཅིག་བཅས་བསྒོམ། །རྩི་ཡིས་ལྕགས་གོང་གསེར་བཞིན་དུ། །ཕུང་པོ་ཡེ་ཤེས་སྤྱོད་ཡུལ་བསྒྱུར། །དེ་དབུས་སྙིང་གི་འདབ་བཞི་དང་། །ཡན་ལག་དྲུག་རྩིབས་མཁས་པས་བསྒོམ། །ཧྲཱིཿ། ཀུན་ གཞི་རྣམ་དག་ལྷུན་གྱིས་གྲུབ། །འཇིག་རྟེན་དབང་ཕྱུག་གངས་རིའི་མདོག །ཏིང་འཛིན་མཆོག་གིས་མཉམ་གཞག་པ། །བག་ཆགས་མ་ལུས་བཅོམ་པའོ། །ཧཱུཾ། གཏི་མུག་རྣམ་དག་རྣམ་མི་རྟོག །གཏི་མུག་རྡོ་རྗེ་ནམ་མཁའི་མདོག །དུས་གསུམ་བདེ་གཤེགས་ཆོས་སྟོན་པ། །ཐབས་ པོ་མ་ལུས་གཏན་བཅོམ་པའོ། །ཨོཾ། འདོད་ཆགས་རྣམ་དག་བདེ་བ་ཆེ། །འདོད་ཆགས་རྡོ་རྗེ་ཟླ་བའི་མདོག །རྡོ་རྗེ་དྲིལ་བུ་བསྣོལ་འཛིན་པ། །གདུང་བ་མ་ལུས་གཏན་བཅོམ་པའོ། །དྷཱི། ཞེ་སྡང་རྣམ་དག་འོད་གསལ་བ། །ཞེ་སྡང་རྡོ་རྗེ་མེ་ལྕེའི་མདོག །འབར་བའི་ཕྱག་རྒྱ་སྡིགས་མཛུབ་བསྒྱིངས། ། འཁྲུག་པ་མ་ལུས་གཏན་བཅོམ་པའོ། །ཨཱཿཀུན་རྟོག་རྣམ་དག་གྱ་གྱུ་མེད། །ཀུན་རྟོག་རྡོ་རྗེ་ཨིནྡྲའི་མདོག །འབར་བའི་གར་གྱིས་རྣམ་པར་རོལ། །འདུ་བྱེད་མ་ལུས་གཏན་བཅོམ་པའོ། །འདི་དག་ནི་དབུས་ནས་བརྩམས་ཏེ་ཤར་ལ་སོགས་པའི་འདབ་མ་བཞིའི་གེ་སར་ལ་བསྒོམ་པར་ བྱའོ། །དེ་ནས་འགྲོ་བ་དྲུག་གི་རྣམ་པར་དག་པ་དགོད་པར་བྱ་སྟེ། ལྷ་རིགས་རྣམ་དག་འཆི་འཕོ་མེད། །དབང་པོ་རྡོ་རྗེ་གུར་གུམ་མདོག །མེ་ཏོག་ཕྲེང་བའི་ཆུན་པོ་འཛིན། །དྲེགས་པ་མ་ལུས་སྤངས་པའོ། །ཨ། ལྷ་མིན་རྣམ་དག་འཁྲུག་པ་མེད། །དྲག་པོ་རྡོ་རྗེ་རྒྱ་སྐྱེགས་མདོག །རལ་ གྲི་དང་ནི་འཁོར་ལོ་འཛིན། །ཕྲག་དོག་མ་ལུས་ཀུན་སྤངས་པའོ། །ཨི། མི་དབང་རྣམ་དག་བྲེལ་ཕོངས་མེད། །དབང་ཕྱུག་རྡོ་རྗེ་རྫ་གསར་མདོག །རྡོ་རྗེ་དང་ནི་དྲིལ་བུ་འཛིན། །རྣམ་པར་གཡེངས་པ་ཀུན་སྤངས་པའོ། །ཨུ། དུད་འགྲོ་རྣམ་དག་བླུན་རྨོངས་མེད། །སེང་གེ་རྡོ་རྗེ་དུ་ བའི་མདོག །དགྲ་སྟ་དང་ནི་དབྱིག་པ་འཛིན། །བག་མེད་བཏུལ་བ་ཀུན་སྤངས་པའོ། །ཨེ། ཡི་དགས་རྣམ་དག་སེར་སྣ་མེད། །གཤིན་རྗེ་རྡོ་རྗེ་ཆར་སྤྲིན་མདོག །ཐོད་པ་དང་ནི་ཞགས་པ་འཛིན། །འཇུངས་པའི་སྲིད་པ་ཀུན་སྤངས་པའོ། །ཨོ། དམྱལ་བ་རྣམ་དག་ཚ་གྲང་མེད། །འཇིགས་ སྐྱོབ་རྡོ་རྗེ་བྱི་རུའི་མདོག །བུམ་པ་དང་ནི་ལྷུང་བཟེད་འཛིན། །མི་བཟད་ཡང་ཀུན་སྤངས་པའོ། །ཨཾ། འདི་དག་ནི་མགོ་ནས་བརྩམས་ཏེ་གཡས་ལ་སོགས་པའི་རྩིབས་དྲུག་གི་ལྟེ་བར་བསྒོམ་པར་བྱའོ། །དམ་ཚིག་ལུས་དང་སེམས་ལ་ནི། །ཡེ་ཤེས་སྐུ་དང་ཐུགས་བཅུག་ནས། །ས་བོན་གསུང་ གི་ཡི་གེ་བཟླས། །ཚེ་འདི་ཉིད་ལ་མཆོག་འགྲུབ་འགྱུར། །ཐུགས་རྗེ་ཆེན་པོ་ལུས་ཀྱི་འཁོར་ལོ་འབར་བ་རྫོགས་སོ།། ༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་དཀའ་ཐུབ་ཅན་ལ་ཕྱག་འཚལ་ལོ། །དེ་ནས། དཀའ་ཐུབ་ཆེན་པོ་དཀའ་ཐུབ་མཉེས། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་ པར་བྱའོ། །འདིར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་དད་པ་ཐོབ་པའི་སྐྱེ་བོ་སྲན་ཐུབ་པ་རྣམས་ཀྱིས། དུས་དང་ཆོ་གའི་ཁྱད་པར་ལ་མ་ལྟོས་པར་ཤིན་ཏུ་མྱུར་དུ་འགྲོ་བ་བསྐྱབ་པར་འདོད་པས། ཞག་གཅིག་གམ་གཉིས་སམ་གསུམ་མམ་བདུན་གྱི་བར་དུ་བཅོམ་ལྡན་འདས་དྲང་ སྲོང་ཆེན་པོ་དཀའ་ཐུབ་ཡིད་ལ་བྱེད་པ་དང་མི་འབྲལ་བས་བསྒྲུབ་པར་བྱའོ། །འཇིག་རྟེན་དབང་ཕྱུག་དྲང་སྲོང་ཆེ། །མྱ་ངན་མེད་པའི་སྡོང་བུའི་འགྲམ། །རི་དགས་སྟན་ཅན་དཀའ་ཐུབ་ཚལ། །རྒྱན་སྤངས་སྙིང་རྗེས་གདུངས་པ་བསྒོམ། །མགོན་པོའི་རྟེན་ནི་གང་ཡང་རུང་། །ཡེ་ ཤེས་ལྡན་དེ་དེར་བཅུག་མདུན། །ཕོངས་པ་དག་ནི་མྱ་ངན་གྱི། །ཆ་བྱད་ཀྱིས་སྨད་ཁས་ཕུབ་འདུག །ལག་པ་གཉིས་ནི་འགྲམ་བརྟེན་ཅིང་། །མི་རོ་བཞིན་དུ་རྐང་བརྐྱང་བ། །བཟའ་བཏུང་སྤངས་དང་གོས་བྲལ་དང་། །མཆི་མས་གདོང་ཁེབས་སྨྲེ་སྔགས་བརྗོད། །སྤྱོད་ལམ་གཉིས་ཏེ་འགྲེ་ ལྡོག་དང་། །རིང་དུ་ཟག་པ་དོར་བའོ། །དེ་བཞིན་ངག་གཉིས་སྨྲེ་སྔགས་བསྔགས། །སེམས་པ་ཡང་ནི་གཉིས་ཉིད་དེ། །སྙིང་རྗེས་སྐྱེ་བོ་བསྒྲལ་བ་དང་། །ཐབས་སུ་འཕགས་པ་མཐོང་འདོད་པའོ། །ཇི་སྟེ་སྨྲ་བ་ལ་མངོན་པར་དགའ་བ་ཞིག་ན་སྔགས་ཀྱི་དམ་ཚིག་ཀྱང་བརྗོད་པར་བྱའོ། ། ན་མཿཤྲཱི་ལོ་ཀྱ་ནཱ་ཐཱ་ཡ། བོ་དྷི་སཏྭ་མ་ཧཱ་སཏྭ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མཱ་མ་ཏ་མུ་ཀེ་མ་ཧཱ་དུཿཁ་ཀླེ་ཤ་སརྦ་ཨཱ་བ་ར་ཎ་ཁ་སེ་ཁ་སེ་མེ་ཁ་སེ་མེ་ཕཊ་ཕཊ། མ་མ་ཤཱི་གྷྲཾ་ཨ་ནུ་གྲ་ཧ་ཨ་ནུ་གྲ་ཧ་ཧཱུཾ་ཧཱུཾ། ཡིད་ལ་བྱེད་པ་གཞན་བཏང་སྟེ། །ལྷ་མཆོག་སེམས་པ་གཅིག་པུ་ཡིས། །སྐྱེ་བོ་ཉོན་མོངས་ གཟིར་འདི་དག །ཞི་བར་བྱ་ཕྱིར་སྨྱུང་བར་གནས། །ཡུན་རིང་ཕན་པའི་དོན་མཐོང་ནས། །ཅུང་ཟད་བདེ་བ་ཅི་དགར་རུང་། །སེམས་ཅན་ཚོགས་མང་དོན་དུ་ནི། །བདག་གིས་དཀའ་ཐུབ་བཟོད་པར་བྱོས། །བག་མེད་ལུས་དང་སེམས་འདི་ནི། །གནོད་པར་བྱེད་ཀྱིས་ཕན་མི་བྱེད། །དེ་ རིང་དཀའ་ཐུབ་སྤྱད་པ་ཡིས། །ལུས་ཅན་ཀུན་གྱི་དོན་སྒྲུབ་བོ། །ཇི་ལྟར་དགྲ་བོ་ཁྲོས་པ་ལའང་། །ཐལ་སྦྱར་སྙིང་རྗེ་སྐྱེ་འགྱུར་ན། །ཐུགས་རྗེ་ཆེ་མངའ་འགྲོ་དོན་སྡོད། །བདག་ལ་ཇི་ལྟར་གཟིགས་མི་འགྱུར། །དེ་ལྟར་བསྟན་པ་བཟོད་ལྡན་པས། །ཉིན་འགའ་སྨྱུང་བར་སྤྱོད་ན་དེ། །དངོས་དང་ གཟུགས་བརྙན་རྨི་ལམ་དུ། །འཕགས་པས་ངེས་པར་རྗེས་སུ་འཛིན། །ཐུགས་རྗེ་ཆེན་པོ་དཀའ་ཐུབ་ཅན་གྱི་སྒྲུབ་ཐབས་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་རྟག་པའི་རྣལ་འབྱོར་ལ་ཕྱག་འཚལ་ལོ། །དེ་ནས། སྤྱི་གཙུག་ཅོད་པན་རྟག་ཏུ་འཛིན། །ཞེས་ འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །འཇིག་རྟེན་མགོན་པོ་འཇིག་རྟེན་གྱི། །རྩ་ལག་གཅིག་པུ་ལ་བཏུད་དེ། །དེ་སྙིང་ཅོད་པན་གཙུག་ཏོར་གྱི། །རྣལ་འབྱོར་ཆོ་ག་བདག་གིས་བཤད། །དབེན་པའི་གནས་འདུག་འཁོར་བའི་མེ་འོབས་འབར་བ་དང་། །བདེ་བའི་རྐྱེན་ཚོགས་ཡིད་སྐྱོ་ མངོན་དགའ་དྲག་པོ་ཡིས། །ཐར་པའི་གྲོང་ཁྱེར་རྡུལ་བྲལ་སྐྱེད་མོས་ཚལ་བཟངས་སུ། །ཞུགས་ནས་རྗེས་འཇུག་དང་བ་དམ་པས་སེམས་དུལ་བྱ། །དེ་ནས་རྣལ་འབྱོར་ཞི་བ་འདིས། །བློ་ལྡན་རྒྱུད་རབ་བརླན་གྱུར་པ། །དེ་ཉིད་རྗེས་ཐོགས་དཔལ་གསུམ་གྱི། །ཆོ་ག་དམ་པ་བསྒོམ་པར་ བྱ། །ཨེ་མའོ་སྤྱི་གཙུག་རིན་ཆེན་ཁང་། །བཀྲ་ཤིས་མཆོད་རྟེན་དྲི་མ་མེད། །ཐུབ་པ་སྟོང་གིས་སྤྲས་པའི་སྒོ། །མགོན་པོ་ཉིད་ཀྱིས་དབུས་མཛེས་པའོ། །འདམ་སྐྱེས་དམར་འདབ་སྟོང་གི་སྙིང་། །ཨ་སྟོང་དེ་དབུས་སེམས་ཡིག་ཧཱུཾ། །འོད་གསལ་དཀར་འཁྱིལ་རྣམ་པར་འཕྲོ། །བུམ་ པའི་མར་མེ་འབར་བ་བཞིན། །དེ་བཞིན་ལྟེ་བའི་དཀྱིལ་འཁོར་དབུས། །ཉི་མའམ་ཟླ་བ་ལ་གནས་པའི། །རླུང་གི་རྒྱལ་པོ་མེ་ཡི་དབུས། །བདེ་བའི་ཆུས་བརླན་མཁྲེགས་པའི་ས། །རྣམ་དག་རྣམ་པར་འཕྲུལ་པའི་རྒྱུ། །འབྱུང་བཞིའི་རང་བཞིན་རཾ་ཡིག་བསམ། །དེ་ལས་འོད་འཕྲོས་ ཚ་རེག་འདིས། །རྩ་མཆོག་འདིས་བརྒྱུད་སྐྱོབ་པ་ཡིས། །ཐུགས་རེག་ཐུགས་བསྐུལ་ཐུགས་བྱུང་བའི། །བྱིན་བརླབས་ཞི་བྱེད་དག་བྱེད་དང་། །དྲི་མ་མེད་བྱེད་འོད་འཕྲོ་བྱེད། །རྣམ་བཞི་བདུད་རྩིའི་རྒྱུན་དབབ་བྱ། །གང་ཚེ་ཡེ་ཤེས་མཆོག་འདི་བབས་གྱུར་པ། །དེ་ཚེ་མི་གཡོ་འོད་ གསལ་རྣམ་པར་དག །ཀུན་འབྱུང་མཚོ་ཆེན་ཉི་འོད་སྒྲོན་མཆོག་དང་། །ནམ་མཁའི་ཡིད་བཞིན་ནོར་བུ་ཇི་བཞིན་ནོ། །བདེ་ཆེན་གཉིས་སུ་མེད་ཉིད་ལ། །ཇི་སྲིད་བཟོད་པར་ནུས་རེ་སྲིད། །མཉམ་པར་གཞག་བྱ་མི་གནས་ན། །དེ་ཚེ་དགེ་ཚོགས་དཔག་མེད་བསྒྲུབ། །དཔལ་ཐུགས་ རྗེ་ཆེན་པོ་རྟག་ཏུ་བྱ་བའི་རྣལ་འབྱོར་རྫོགས་སོ།། ༄༅། །དཔལ་སྤྱན་རས་གཟིགས་དབང་ཕྱུག་བླ་མའི་རྣམ་པར་སྣང་བ་ལ་ཕྱག་འཚལ་ལོ། །དེ་ནས་བླ་མ་འགྲོ་བའི་དགེས། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །སྲིད་དང་ཞི་བ་འདི་དང་དེ་བཞིན་ཚེ་རབས་ གཞན་པའི་བདེ་ལེགས་དང་། །དངོས་གྲུབ་མཆོག་བསྒྲུབ་ཡིད་བཞིན་ནོར་འདྲ་ཕྱོགས་བཅུ་དུས་གསུམ་གཤེགས་པ་ཡི། །བླ་མ་རྣམས་ཀྱིས་བསྒྲུབ་པའི་སྙིང་དབུས་དྲི་མེད་ཡེ་ཤེས་མཆོག་གཞུག་ཕྱིར། །སྤྱི་གཙུག་གདན་ལ་ཉིན་མཚན་རྒྱུན་དུ་བརྟན་བཞུགས་བྱིན་ རླབས་མཛོད། །སྡུག་བསྔལ་རྒྱ་མཚོ་རབ་སྐེམས་ཤིང་། །བདེ་ཆེན་སྙིང་དཀྱིལ་སད་མཛད་པ། །སྐལ་ལྡན་སྟོན་པ་རྡོ་རྗེ་ཅན། །བླ་མར་བཏུད་དེ་དེ་བསྙེན་བཤད། །རེ་ཞིག་སྒྲུབ་པ་པོས་སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་རབ་ཏུ་ངེས་པར་བྱས་ནས། དུས་གསུམ་གྱི་ བདེ་བར་གཤེགས་པ་ཐམས་ཅད་ཀྱི་རྩ་བ་བླ་མ་དམ་པ་ཁོ་ན་ཡིན་ནོ་ཞེས་རྩེ་གཅིག་ཏུ་རྟོགས་པའི་རྒྱུ་མཚན་གྱིས། ཀུན་ནས་དད་པའི་རླན་ཕུན་སུམ་ཚོགས་པ་ལས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ལྗོན་པ་ལེགས་པར་བསྐྱེད་དེ། ཡིད་དང་རྗེས་མཐུན་ལ་སོགས་སམ། །ཅི་རིགས་པ་ཡི་ གནས་སུ་ནི། །དད་ལྡན་རྣམས་ཀྱིས་དངོས་གྲུབ་རྩ། །དཔལ་ལྡན་བླ་མ་བསྒྲུབ་པར་བྱ། །ཐ་མལ་ལུས་ཀྱི་ཅོད་པན་རྩེར། །རྒྱལ་པོ་རྡོ་རྗེ་འཛིན་དབང་པོ། །ལོངས་སྤྱོད་རྫོགས་སྐུ་ག