Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 3 / 23 (50.000 ký tự/trang)
་ངེས་པར་ལུང་བསྟན་པར་འགྱུར་ཞིང་། །སྐད་ཅིག་དེ་ཉིད་ལ་སངས་རྒྱས་རྣམས་མཐོང་བར་འགྱུར་ཏེ། འདི་ལ་ འཁྲུལ་པ་བསྐྱེད་པར་མི་བྱའོ། །འདིས་ནི་ཕན་ཡོན་འདི་ཡི་གེ་དང་དོན་གྱི་གཟུངས་ཀྱི་ཡིན་པར་བསྟན་ཏོ། །གཟུངས་འདིའི་ཕན་ཡོན་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་ཚུལ་འཛིན་པ་ཡིན་པར་བསྟན་པའི་ཕྱིར། གང་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོན་པའི་གསུང་ རབ་ཡན་ལག་བཅུ་གཉིས་སོ། །སངས་རྒྱས་ཐམས་ཅད་ཀྱིས་བསྟན་པ་ཤེས་པར་བྱ་བའི་ཐབས་གཞན་ཡང་ཡོད་མོད་ཀྱི། འདི་མྱུར་བས་ན་མྱུར་བའི་ཚིག་གིས་སྟོན་པར་མཛད་དེ། ཕན་ཡོན་འདི་ནི་ཡི་གེའི་གཟུངས་ཀྱི་ཡིན་པར་དུས་གཞན་ལ་དགོངས་པའི་སྒོ་ནས་བསྟན་པའོ། ། དོན་གྱི་གཟུངས་ཀྱི་ནི་དོན་གྱིས་བསྟན་པ་ཡིན་པར་རིག་པར་བྱའོ། །སངས་རྒྱས་ཞིང་ནི་རྣམ་དག་དང་། །ཞེས་བྱ་བ་ལ་སོགས་པས་ནི་ཕན་ཡོན་གཞན་སྟོན་ཏེ། འདི་ནི་ཡི་གེའི་གཟུངས་ཀྱི་ཕན་ཡོན་དུས་གཞན་ལ་དགོངས་པ་བསྟན་ཏེ། བྱེད་པར་འགྱུར་ཞེས་འབྱུང་བའི་ཕྱིར་རོ། ། དོན་གྱི་གཟུངས་ཀྱི་ནི་དོན་གྱི་དངོས་དང་བརྒྱུད་པར་ཅི་རིགས་པར་རིག་པར་བྱ་སྟེ། འདིའི་ཕན་ཡོན་གསུམ་པོ་འདི་ལ་ཐེ་ཚོམ་མི་བྱ་བར་འདི་ན་དེ་ཁོ་ན་བཞིན་ནོ་སྙམ་དུ་གཟུང་བར་བྱའོ། །གལ་ཏེ་ཁྱོད་ལ་ཐེ་ཚོམ་ཡོད་ན། དེའི་ཚེ་ཞག་བདུན་ཙམ་གྱི་བར་དུ་འདི་སོམས་ཤིག་དང་། དེས་ན་ཁྱོད་བདག་ ཉིད་ཀྱིས་ཚེ་འདི་ལ་ཡིད་ཆེས་པའི་རྟགས་མཐོང་བར་འགྱུར་རོ་བྱ་བའི་དོན་དུ། དེ་བས་བག་ནི་ཡོད་གྱུར་ལ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གསང་སྔགས་ཚིག་ནི་སྔ་མ་ཡིས། །བསྲུང་བའི་ཆོ་ག་འདི་བྱས་ལ། །གཙང་མས་འདུ་དང་འབྲེལ་སྤང་ཞིང་། །ལུས་ཀྱི་འདུ་འཛི་སྤང་བྱ་སྟེ། ། དེས་ནི་རྟོག་པའི་དྲ་བ་ཡི། །རྒྱུན་རྣམས་མ་ལུས་སྤངས་ན་ནི། བག་མེད་པའི་རྣམ་པ་གཉིས་ཏེ། །གཞན་ལས་བྱུང་བ་དང་། བདག་ལས་བྱུང་བའོ། །གཞན་ལས་བྱུང་བ་ཡང་རྣམ་པ་གཉིས་ཏེ། གནམ་བབས་པ་དང་། རྩལ་ལས་བྱུང་བའོ། །བདག་ལས་བྱུང་བ་ནི་རྣམ་པ་གསུམ་སྟེ། འདུ་བ་ལས་བྱུང་བ་དང་། ལུས་ཀྱི་འདུ་འཛི་ལས་བྱུང་བ་དང་། ལོག་པར་རྣམ་པར་བརྟགས་པ་ལས་བྱུང་བའོ། །དེ་དག་མེད་པས་བག་ཡོད་པར་གྱུར་ནས། ལས་ངན་པ་མ་ལུས་པར་ཡོངས་སུ་སྤངས་ཏེ། སངས་རྒྱས་རྗེས་སུ་དྲན་པ་ཙམ། །རབ་ཏུ་བསྒོམས་པ་གུས་བྱས་ལ། །སེམས་ནི་ རྩེ་གཅིག་བྱས་ནས་སུ། །སངས་རྒྱས་རྗེས་སུ་དྲན་བྱེད་པ། །དེ་ནི་ཆོ་ག་བཞིན་དུ་བསྒོམ། །བསམ་གཏན་གྱི་ཚེར་མ་ནི་སྒྲ་ཡིན་པའི་ཕྱིར། སྒྲ་མེད་པའི་ས་ཕྱོགས་སུ་སྐྱིལ་མོ་ཀྲུང་བཅས་ནས། དབུགས་རྔུབ་པ་དང་། འབྱུང་བ་དག་བསྟུད་པར་མི་བྱ་བར། ལུས་དྲང་པོར་ བསྲང་ལ། ཧ་ཅང་མ་རེངས་པར་བྱ་སྟེ། སེམས་ཀྱི་ཚོགས་ཕྱི་རོལ་དུ་འཕྲོ་བ་བཟློག་པའི་ཕྱིར། སེམས་སྣའི་རྩེ་མོ་ལ་གཏད་དེ་ཅི་ནུས་ཀྱིས་བསྒོམ་པར་བྱའོ། །དེ་ནས། སྐྱོ་བར་གྱུར་ན་བློ་ཅན་གྱིས། །དེར་གནས་སེམས་ཀྱིས་དུས་བསྟུད་དོ། །ཧ་ཅང་བསྒོམ་དྲགས་པས་རྣལ་འབྱོར་པ་ སེམས་སྐྱོ་བར་གྱུར་ན། བསྒོམ་པ་དེ་ལས་ལངས་ལ་ཀློག་འདོན་བྱ་བའམ། འགྲེང་བའམ། འགྲོ་བའམ། ཟན་ཟ་བའམ། བྱ་བ་གཞན་ཅི་ཡང་རུང་བ་བྱེད་ཅིང་སྐྱོ་བ་མེད་པར་མ་གྱུར་གྱི་བར་དུ་སངས་རྒྱས་རྗེས་སུ་དྲན་པ་ལ་གནས་པའི་སེམས་ཀྱིས་དུས་བསྟུད་པར་བྱ་སྟེ། སྐྱོ་བ་མེད་པར་ གྱུར་ནས་ཀྱང་བསྒོམ་པར་བྱའོ། །བློ་ལྡན་དེ་ལྟར་སྒོམ་བྱེད་པ། །དེ་ལྟར་ཞག་བདུན་ཐ་མར་ནི། །སངས་རྒྱས་བྱེ་བ་བརྒྱད་ཅུ་རྣམས། །དེ་ཡི་འོག་ཏུ་གཟུངས་སྦྱིན་མཛད། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་སྙེད་ཀྱིས་དེ་ལ་གཟུངས་སྦྱིན་པར་མཛད་ཅེ་ན། སྨྲས་པ། གསང་སྔགས་ ཚིག་ནི་རེ་རེ་ཞིང་། །སངས་རྒྱས་བྱེ་བས་བྱིན་བརླབས་ལ། །དེས་ཀྱང་སྔར་ནི་དེ་དག་གིས། །བཟླས་བསྲུང་ལ་སོགས་ཕུན་ཚོགས་བྱས། །འདི་ལྟར་གསང་སྔགས་ཀྱི་ཚིག་བརྒྱད་ཅུ་པོ་རྣམས་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུས་བྱིན་གྱིས་བརླབས་ལ། གསང་སྔགས་ཀྱི་ཚིག་དེ་དག་གིས་ཀྱང་ རྣལ་འབྱོར་པ་དེས་བཟླས་བརྗོད་བྱེད་པར་གྱུར་པས། བསྲུང་བ་དང་། མདངས་དང་། སྟོབས་དང་། ནད་མེད་པ་ལ་སོགས་པ་ཕུན་སུམ་ཚོགས་པར་བྱས་པའི་ཕྱིར་ཏེ། བསྒོམ་པའི་སྔ་རོལ་དུ་བཟླས་བརྗོད་བྱ་བའི་སྒོ་ནས་ཅི་ནུས་སུ་གསང་སྔགས་ཀྱི་ཚིག་རྣམས་བརྗོད་ལ། དེའི་འོག་ཏུ་ བསྒོམ་པར་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ། །དེའི་ཕྱིར་སངས་རྒྱས་བྱེ་བ་ནི། །བརྒྱད་ཅུས་དེ་ལ་གཟུངས་སྦྱིན་མཛད། །ཡང་ན་དགུ་བཅུ་ལས་ཐོས་ལྟར། །བསྒོམས་མཐུ་དེ་ནི་འདི་འདྲའོ། །ཡང་ན་སངས་རྒྱས་རྗེས་སུ་དྲན་པ་བསྒོམ་པའི་མཐུ་ཉིད་འདི་འདྲ་སྟེ། དེས་སངས་རྒྱས་བྱེ་བ་ ཕྲག་བརྒྱད་ཅུས་དེ་ལ་གཟུངས་སྦྱིན་པར་མཛད་དོ། །དཔེར་ན་འདི་ཉིད་ལས་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་ལས་ཆོས་བསྟན་པ་ཐོས་སོ་ཞེས་ཡང་དང་ཡང་དུ་གསུངས་པ་ལྟ་བུའོ། །གཟུངས་དེ་རྣམ་པ་ཇི་ལྟ་བུར་བསམས་ན་ཐོབ་པར་འགྱུར་ཞེ་ན། སྨྲས་པ། གཟུགས་སོགས་ བསམ་པ་བསམ་བྱ་ཡིན། །གཟུགས་མེད་སོགས་པ་བསམ་བྱ་མིན། །ཡང་ན་སྤྲུལ་པ་བསམ་བྱ་ཡིན། །ལོངས་སྤྱོད་རྫོགས་པ་བསམ་བྱ་མིན། །ཡང་ན་བསམ་བྱ་བསམ་བྱ་མིན། །བྱ་བསམ་བྱ་མིན་དངོས་བསམ་བྱ། །གཟོད་ནས་མ་སྐྱེས་པས་མེད་ཕྱིར། །བསམ་པ་དེ་དག་བསམ་མི་ བྱ། །གཟུགས་ལ་སོགས་པ་ལ་བསམ་པ་ནི་བསམ་བྱ་མིན་པ་སྟེ། དེ་ནི་དངོས་པོ་མེད་པའི་ངོ་བོ་ཡིན་པས་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར། བསམ་པར་བྱ་བའི་འོས་མ་ཡིན་པའི་ཕྱིར་རོ། །སོགས་པ་སྨོས་པས་ནི་མཚན་ལ་སོགས་པ་སྔར་བསྟན་པ་རྣམས་ཉིད་གཟུང་ངོ་། །ཡང་ན་སྤྲུལ་ པའི་སྐུ་ལ་བསམ་པ་གང་ཡིན་པ་དེ་ནི་བསམ་པར་བྱ་བ་ཡིན་ཏེ། དེ་ནི་སྐྱེ་བ་ལ་སོགས་པའི་བྱེ་བྲག་གིས་བསམ་པར་བྱ་བར་ནུས་པའི་ཕྱིར་རོ། །ལོངས་སྤྱོད་རྫོགས་པའི་སྐུ་ལ་བསམ་པ་གང་ཡིན་པ་དེ་ནི་བསམ་པར་བྱ་བ་མ་ཡིན་པ་སྟེ། དེ་ནི་སྐྱེ་བ་ལ་སོགས་པའི་བྱེ་བྲག་གིས་བསམ་པར་མི་ ནུས་པའི་ཕྱིར་རོ། །རྣམ་པ་གཞན་ཡང་བསམ་པར་བྱ་བ་བསམ་པར་ནུས་པའི་དངོས་པོ་ལ་བསམ་པ་གང་ཡིན་པ་དེ་ནི་བསམ་པར་བྱ་བ་ཡིན་ནོ། །བསམ་པར་བྱ་བ་མ་ཡིན་པ་སངས་རྒྱས་ཀྱི་ཆོས་ལ་སོགས་པ་དག་ལ་བསམ་པ་ཡིན་པ་དེ་ནི་བསམ་པར་བྱ་བ་མ་ཡིན་པའོ། །གཟོད་མ་ནས་ མ་སྐྱེས་པས་གཟུགས་ལ་སོགས་པ་མེད་པའི་ཕྱིར། བསམ་པ་དེ་དག་ནི་བསམ་པར་མི་བྱའོ། །ཇི་ལྟར་ཆོས་ཐམས་ཅད་གཟོད་མ་ནས་མ་སྐྱེས་པ་དེ་ལྟ་ན་སྔར་བསྟན་ཟིན་ཏོ། །འོ་ན་ཅི་ཞིག་སོམས་ཤིག་ཅེ་ན། སྨྲས་པ་ཆོས་ཀྱི་དབྱིངས་སོམས་ཤིག །དེ་ལ་ཡང་ལོག་པར་བསམ་པར་མི་བྱའོ། ། ཆོས་ཀྱི་དབྱིངས་ཇི་ལྟར་བསམ་ཞེ་ན། ཇི་ལྟར་ཡང་འགལ་བར་ཡང་མ་སེམས་ཤིག །ཅིའི་ཕྱིར་དེ་ལྟ་ཞེ་ན། འདི་ལྟར་རྣམ་པ་གང་དང་གང་གིས་ཆོས་ཀྱི་དབྱིངས་སེམས་པར་བྱེད་པ་རྣམས་དེ་དང་དེ་མེད་པའི་ཕྱིར་རོ། །སྟོང་པ་དང་། རང་བཞིན་གྱིས་སྐྱེ་བ་མེད་པ་ལ་སོགས་པ་ནི། དོན་དམ་ པར་ན་དགག་པར་བྱ་བ་མེད་པ་ལ་དགག་པ་མི་འཇུག་པའི་ཕྱིར་མེད་པ་ཁོ་ན་སྟེ། དེ་ལྟ་བས་ན་ཆོས་ཀྱི་དབྱིངས་དེ་ལ་ཡང་བསམ་པར་མི་བྱ་སྟེ། ལོག་པར་བསམ་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འགལ་བར་སེམས་པ་ནི་སྐྱེ་བ་མེད་པ་ལ་སོགས་པའི་རྣམ་པ་དང་། དངོས་པོ་ལ་སོགས་པའི་རྣམ་པ་དང་། དངོས་པོ་ཐ་དད་པ་ཉིད་དང་། གཅིག་པ་མ་ཡིན་པའི་མཚན་ཉིད་ལ་སོགས་པ་རྣམ་པར་སེམས་པ་སྟེ། གང་གི་དབང་དུ་མཛད་ནས། གང་སྟོང་པ་ཉིད་དུ་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །རྣལ་འབྱོར་པས་ཇི་སྐད་བསྟན་པའི་ རྣམ་པ་ཁོ་ནས། དེ་ལྟར་ཞག་བདུན་སེམས་ན་ནི། །དེ་ཡི་འོག་ཏུ་གཟུངས་ཐོབ་འགྱུར། །བཅོམ་ལྡན་འདས་ཀྱིས་ཡང་ཡང་དུ་བཤད་པས་ཅི་ཞིག་བྱ་སྙམ་དུ་དགོངས་ནས། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕན་ཡོན་འདི་ནི་གཟུངས་རྣམ་པ་གསུམ་ཆར་གྱི་ཡིན་ནོ། །བདེ་ བ་ནི་ངེས་པར་ལེགས་པ་དང་མངོན་པར་མཐོ་བའི་བདེ་བའོ། །སོམ་ཉི་ནི་ཐེ་ཚོམ་ཟ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཕན་ཡོན་རྣམ་པ་དུ་མ་བསྟན་ནས། འབྲས་བུ་ཉེ་བ་གཙོ་བོ་བསྟན་པས་འདུལ་བའི་འཇིག་རྟེན་གཟུངས་འདི་ལ་འཇུག་ཅིང་མཇུག་སྡུད་པར་མཛད་དེ། འདི་ལས་རྫོགས་ པའི་བྱང་ཆུབ་ཉེ། །དེ་བས་འདི་ལ་སྦྱོར་བར་གྱིས། །ཐོས་པ་ལ་སོགས་པའམ། ལུས་ལ་སོགས་པའམ། འོག་ནས་བཞི་ཚན་བསྟན་པ་རྣམས་ཀྱིས་སྦྱར་བར་བྱ་སྟེ། འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་རྣམ་པ་ གཉིས་བསྟན་ཏེ། བྱང་ཆུབ་ནི་ཡེ་ཤེས་དང་སྤངས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི་རྣམ་པ་བཞི་སྟེ། ཐམས་ཅད་མཁྱེན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། མ་འབད་པར་མཁྱེན་པ་དང་། མ་བསྟན་པར་མཁྱེན་པའོ། །སྤངས་པ་ཡང་ རྣམ་པ་བཞི་སྟེ། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པ་དང་། གཏན་དུ་སྤངས་པ་དང་། བག་ཆགས་དང་བཅས་པར་སྤངས་པ་དང་། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་སྒྲིབ་པ་ཐམས་ཅད་སྤངས་པ་སྟེ། དེ་དག་ཀྱང་རྫོགས་པའི་བྱང་ཆུབ་སྨོས་པས་བསྟན་ཏོ། ། ཁྱེད། ཞི་བའི་གནས་ནི་ཐོབ་གྱུར་ནས། །རྫོགས་པའི་བྱང་ཆུབ་ཐོབ་བྱེད་འགྱུར། །འཇིག་རྟེན་ནོ་སྙམ་དུ་དགོངས་པ་སྟེ། འདིས་ནི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པར་རིག་པར་བྱའོ། །ཞི་བའི་གནས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཞི་བར་འགྱུར་བའི་ཕྱིར་རམ། མེ་གསུམ་ཞི་བར་འགྱུར་བའི་ཕྱིར། མི་གནས་པའི་མྱ་ངན་ལས་འདས་པའོ། །རྫོགས་པའི་བྱང་ཆུབ་ནི་རྣམ་པ་གསུམ་པོ་སྟེ། འདིས་ནི་བྱང་ཆུབ་གསུམ་ལ་འགོད་པའི་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ངན་སོང་གསུམ་ལས་ངེས་པར་ཐར་པ་དང་། མཐོ་རིས་སུ་ འགོད་པ་དང་། འཁོར་བའི་སྡུག་བསྔལ་ལས་གཏན་དུ་རྣམ་པར་ཐར་པ་ནི་ཤུགས་ཀྱིས་བསྟན་པར་ཤེས་པར་བྱའོ། །ཡང་ན་ཅིའི་ཕྱིར། འདི་ལས་རྫོགས་པའི་བྱང་ཆུབ་ཉེ་ཞེ་ན། འདི་ལྟར་ཁྱེད། ཞི་བའི་གནས་ནི་ཐོབ་གྱུར་ནས། །རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར། ། ཞེས་བྱ་བ་འདིས་ཉེ་སྟེ། ཚིགས་སུ་བཅད་པ་རིལ་པོ་འདིས་ནི་རང་གི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ད་ནི་དེ་ནས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གཟུངས་འདི་འཐོབ་པའི་ཐབས་བསྟན་ཏེ། བློ་ལྡན་ཅི་འདྲ་གང་དུ་དང་། །ཇི་ལྟར་གནས་དང་གང་བསྒོམས་དང་། ། གང་བྱས་པས་ནི་འཐོབ་འགྱུར་བ། །དེ་ནི་བཞི་ཚན་རྣམས་ཀྱིས་བསྟན། །རྣལ་འབྱོར་པ་ཇི་ལྟ་བུས་གཟུངས་འདི་ཐོབ་པར་འགྱུར་བ་དེ་ནི་བཞི་ཚན་དང་པོས་བསྟན་ཏོ། །གང་དུ་གནས་པ་དང་། ཇི་ལྟར་གནས་པ་དེ་གཉིས་ནི་གཉིས་པས་བསྟན་ཏོ། །གང་སྒོམ་པ་དང་། གང་བྱ་བ་ དེ་གཉིས་ནི་གསུམ་པས་བསྟན་ཏོ། །རྣལ་འབྱོར་པ་ཇི་ལྟ་བུས་གཟུངས་འདི་ཐོབ་པར་འགྱུར་ཞེ་ན། སྨྲས་པ། ཁྲིམས་ལྡན་དེ་ཡི་མི་མཐུན་ཕྱོགས། །གཉིས་གྲོལ་དེ་ཡི་འཕེལ་བྱེད་ལྡན། །ཉེས་པ་དང་ནི་ཕན་ཡོན་རྣམས། །བསྟན་པས་དེ་ལ་འཛུད་པར་བྱེད། །འདོད་པ་རྣམས་ ལ་ལྷག་པར་ཆགས་པ་མེད་པ་ཞེས་བྱ་བས་ནི་ཚུལ་ཁྲིམས་དང་ལྡན་པར་བསྟན་ཏེ། ཚུལ་ཁྲིམས་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་ནོ། །འདོད་པ་ལྔའི་ཡོན་ཏན་རྣམས་ལྷག་པར་ཆགས་པ་མེད་ན། སྲོག་གཅོད་པ་ལ་སོགས་པ་མི་བྱེད་དོ། །དེ་ལྟ་བས་ན་དེ་སྤངས་པའི་ མཚན་ཉིད་ཀྱི་ཚུལ་ཁྲིམས་ཀྱང་ཐོབ་པ་ཉིད་པས་ལོགས་ཤིག་ཏུ་མ་བསྟན་ཏོ། །ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་ཕྲག་དོག་དང་སེར་སྣ་ལས་གྲོལ་བ་ནི། སེམས་ཅན་ཐམས་ཅད་ལ་ཕྲག་དོག་མེད་པ་དང་། བདོག་པ་ཐམས་ཅད་ཡོངས་སུ་གཏོང་ཞིང་འགྱོད་པ་མེད་ པ་ཡིན་ཞེས་བྱ་བ་འདིས་བསྟན་ཏོ། །ཕྲག་དོག་དང་སེར་སྣ་དག་ནི་ཚུལ་ཁྲིམས་ཀྱི་མི་མཐུན་པའི་ཕྱོགས་རྣམས་ཡིན་ཏེ། འདི་ལྟར་འདོད་པ་རྣམས་ལ་ལྷག་པར་ཆགས་ན་ཕྲག་དོག་བྱེད་པ་དང་། སེར་སྣ་བྱེད་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ལ་ཞེས་སྨོས་པ་ནི། དགྲ་བོ་དང་མཛའ་ བོ་དང་ཐ་མལ་པ་ཡོངས་སུ་གཟུང་བའི་ཕྱིར་རོ། །བདོག་པ་ཐམས་ཅད་ཅེས་སྨོས་པ་ནི་ཕྱི་རོལ་དང་ནང་གི་བསྡུ་བའི་ཕྱིར་རོ། །འགྱོད་པ་མེད་པ་ཞེས་སྨོས་པ་ནི་སེམས་ལ་འཛིན་པ་མེད་པ་ཉིད་དུ་བསྟན་པའི་ཕྱིར་ཏེ། ཚིག་འདི་གསུམ་གྱིས་ནི་ཚུལ་ཁྲིམས་ཤིན་ཏུ་རྣམ་པར་དག་པ་བསྟན་ཏོ། །འགྱོད་པ་ མེད་པར་སྦྱིན་པའི་ཚུལ་ཅན་ནི་ཡིད་ལ་གཅགས་པ་མེད་པར་སྦྱིན་ཞེས་བྱ་བའི་ཐ་ཚིག་གོ། །ཉིན་མཚན་དུ་ཆོས་འདོད་ཅིང་ཆོས་ཀྱི་ཀུན་དགའ་ལ་དགའ་བ་ཡིན་ཏེ་ཞེས་བྱ་བ་འདིས་ནི་ཚུལ་ཁྲིམས་འཕེལ་བར་བྱེད་པ་གང་དག་དང་ལྡན་པ་ཉིད་བསྟན་ཏོ། །ཆོས་ལ་སྲེད་པའི་ཕྱིར་ཆོས་འདོད་པར་འགྱུར་ རོ། །ནན་ཏན་བྱེད་པས་ནི་ཆོས་ལ་དགའོ། །ཡང་ན་ཆོས་རྣམས་ལ་འཇུག་ཕྱིར་ཆོས་འདོད་དོ། །གོམས་པའི་ཕྱིར་ཆོས་ལ་དགའོ། །ཡང་ན་ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་ལ་སོགས་པར་བརྩོན་པའི་ཕྱིར་ཆོས་འདོད་པར་འགྱུར་རོ། །སྟོང་པ་ཉིད་ལ་སོགས་པའི་ཆོས་བསྒོམ་པའི་ཕྱིར་ ཆོས་ལ་དགའོ། །ཡང་ན་གཉིས་སུ་ངེས་པར་གཟུང་བའི་ཕྱིར་གསུངས་ཏེ། འདིས་ནི་རྟོག་པ་ངན་པ་མེད་པའི་ཕྱིར་དོན་གྱིས་ན། འཁྲིག་པའི་སྦྱོར་བ་བདུན་དང་བྲལ་བའི་ཚུལ་ཁྲིམས་བསྟན་ཏོ། །ཉེས་པ་དང་ཕན་ཡོན་བསྟན་པའི་རྒྱུས་ཚུལ་ཁྲིམས་ལ་སོགས་པ་དེ་དག་ལ་འཛུད་དེ། གདུལ་ བ་ཞེས་བྱ་བའི་ཚིག་ལྷག་མའོ། །དེ་ཡང་ཚིགས་སུ་བཅད་པ་རྣམས་ཀྱིས་བསྟན་ཏོ། །དེ་ལ་རྣམ་པ་ལྔས་ཚུལ་ཁྲིམས་ལ་འཛུད་དེ། འདོད་པ་རྣམས་ཀྱི་ཉེས་པ་བསྟན་པའི་ཕྱིར་གསུངས་པ་ལ། དྲི་ང་བ་ནི་འཆལ་བའི་ཚུལ་ཁྲིམས་ཀྱི་དྲི་དང་ལྡན་པའི་ཕྱིར་རོ། །ཡང་ན་འདོད་པའི་རྩ་བ་ལུས་ཀྱི་ མི་གཙང་བའི་དྲི་དང་ལྡན་པའི་ཕྱིར་རོ། །ངན་པ་ནི་ཐམས་ཅད་ཀྱི་ཐ་ཆད་དུ་གྱུར་པའི་ཕྱིར་དང་། སེམས་ཅན་ངན་པས་བསྟེན་པའི་ཕྱིར་དང་། དམ་པ་རྣམས་ཀྱིས་སྨད་པའི་ཕྱིར་དང་། བུམ་པ་མི་གཙང་བ་ཅན་ལ་སོགས་པ་དང་འདྲ་བའི་ཕྱིར་དང་། འབྲས་བུ་ངན་པ་འགྲུབ་པའི་ཕྱིར་རོ། ། བདུད་ཀྱི་སྤྱོད་ཡུལ་ནི་བདུད་ཀྱི་ཡུལ་ལས་མ་འདས་པའི་ཕྱིར་རོ། །བདུད་ནི་ལྷའི་བུའམ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའམ། གཉིས་ཀའོ། །སེམས་ཅན་དམྱལ་བའི་རྐྱེན་ནི་དེ་འགྲུབ་པར་བྱེད་པ་དང་། དེ་འགྲུབ་པར་འགྱུར་བའི་ལས་ཀྱིས་སེམས་ཅན་དམྱལ་བར་འགྲོ་བར་ འགྱུར་བའི་ཕྱིར་རོ། །སེམས་ཅན་དམྱལ་བ་སྨོས་པ་ནི་གཙོ་བོ་ཡིན་པའི་ཕྱིར་ཏེ། དུད་འགྲོ་དང་ཡི་དགས་གཉིས་ཀྱི་རྐྱེན་ཡང་འདོད་པ་རྣམས་ཡིན་པའི་ཕྱིར་རོ། །ངན་སོང་གི་རྒྱུ་ནི་མ་རུངས་པར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་ཏེ། འདོད་ཕྱིར་འཇིག་རྟེན་བཅིང་དང་བསད་པར་འགྱུར། །ཞེས་བྱ་བ་ལ་ སོགས་པ་འབྱུང་བ་ལྟ་བུའོ། །ཡང་ན་ངན་སོང་གི་རྒྱུ་ནི་ངན་སོང་གསུམ་གྱི་རྒྱུ་ཡིན་པའི་ཕྱིར་རོ། །སེམས་ཅན་དམྱལ་བ་སྨོས་པ་ནི་གཙོ་བོར་བསྟན་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་ཕྲག་དོག་སྤོང་བ་ལ་འཛུད་པ་ནི། ཕན་ཡོན་བསྟན་པའི་ཕྱིར་རྣམ་པ་ལྔས་བསྟན་ཏེ། སྤང་བར་བྱ་བའི་རང་ བཞིན་བསྟན་པ་དང་། སྤང་བར་བྱ་བའི་ཡུལ་བསྟན་པ་དང་། སྤང་བར་བྱ་བའི་རྒྱུ་བསྟན་པ་ལ། རྒྱུ་དེ་ཡང་ཤེས་ཀྱི་ཁེ་དང་རྙེད་པ་དང་གྲགས་པའི་བྱེ་བྲག་ལས་རྣམ་པ་གསུམ་དུ་བསྟན་ཏོ། །ཤེས་ཀྱི་ཁེ་ནི་ཀུན་དུ་བསྟན་པས་འདུ་བར་འགྱུར་རོ། །དེའི་རང་བཞིན་བསྟན་པ་ནི། དགའ་ བའི་མིག་ནི་དགའ་བས་ལྟ་བ་སྟེ། ཁྲོ་བ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ཕྱིར་རོ། །དེ་སྤང་བའི་ཕན་ཡོན་བསྟན་པ་དེ་ཡང་རྣམ་པ་གཉིས་ཏེ་མཐུ་ཆེ་བ་ཐོབ་པ། ནོར་དང་འཁོར་ལ་སོགས་འབྱོར་པ་འཐོབ་པའི་ཕྱིར་དང་། གཟུགས་མཛེས་པ་འཐོབ་པ་ཡན་ལག་དང་ཉིང་ལག་ གི་གཟུགས་མཛེས་པ་འཐོབ་པའི་ཕྱིར་རོ། །དེའི་མི་མཐུན་པའི་ཕྱོགས་སེར་སྣ་སྤང་བ་ལ་འཇུག་པ་ནི། ཉེས་པ་དང་ཕན་ཡོན་བསྟན་ཕྱིར་རྣམ་པ་བཞིས་བསྟན་ཏེ། ཉེས་དམིགས་བསྟན་པ་ནི་རྩོད་པ་སྟེ་ལུས་ལ་སོགས་པའི་བྱ་བ་གནོད་པ་དང་ལྡན་པའོ། །དེའི་རྒྱུ་བསྟན་པ་ནི་ཡོངས་སུ་འཛིན་པ་སྟེ། བདག་དང་བདག་གིར་མངོན་པར་ཞེན་པས་དངོས་པོར་འཛིན་པའོ། །གཞི་རྩ་སྨོས་པས་ནི་དངོས་དང་བརྒྱུད་པའི་རྒྱུའི་རང་བཞིན་བསྟན་པའི་དོན་ཏེ། འདི་ཡང་ཡོངས་སུ་འཛིན་པ་འདི་ནི་རྣམ་པ་ཐམས་ཅད་དུ་གནོད་པའི་རྒྱུ་ཡིན་པར་བསྟན་པས་གདུལ་བ་རྣམས་དེ་ལས་འདུན་པ་བཟློག་ པའི་ཕྱིར་རོ། །སྲེད་པའི་ཡུལ་ཡོངས་སུ་སྤང་བ་ནི་སྤང་བ་སྟེ། དེ་ལ་ལྷག་པར་ཆགས་པ་སྤང་བའི་ཕྱིར་རོ། །དེའི་ཕན་ཡོན་བསྟན་པ་ནི། གཟུངས་ཞེས་བྱ་བ་སྟེ། གཟུངས་འདི་ཉིད་ཡིན་ནོ། །དེ་ཡང་དུས་གཞན་ལ་དགོངས་ཏེ་གསུངས་སོ། །དེ་འཕེལ་བར་བྱེད་པ་ལ་འཇུག་པ་ནི། ཕན་ཡོན་བསྟན་པའི་ཕྱིར་རྣམ་པ་ལྔས་བསྟན་ཏེ། ཆོས་ཚོལ་བ་ནི་ཆོས་ནི་སྟོང་པ་ཉིད་དང་། དེ་སྟོན་པའི་ཡི་གེའོ། །དེ་འདྲི་བ་ནི་འདྲི་བ་ལ་སོགས་པའི་རིམ་པ་སྟེ། དེའི་ཕྱིར། ཡི་གེ་འདྲི་མཆོད་སྦྱིན་པ་དང་། །ཀློག་དང་ཉན་དང་འཛིན་པ་དང་། །སྟོན་དང་ཁ་ཏོན་བྱེད་པ་དང་། །སེམས་ དང་བསྒོམ་པ་གང་ཡིན་པ། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྒྱུན་མི་ཆད་པར་ཚོལ་བ་ནི་ལས་ངན་པ་ཡོངས་སུ་སྤང་བའི་ཕྱིར་རོ། །གཞན་མི་སེམས་པར་ཚོལ་བ་ནི་ལོག་པར་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་དང་། མཐོ་རིས་ལ་སོགས་པའི་འབྲས་བུ་འཐོབ་པ་རྣམ་པར་རྟོག་ པ་ཡོངས་སུ་སྤོང་བའི་ཕྱིར་རོ། །བྱང་ཆུབ་འདོད་ཅིང་ཚོལ་བ་ནི་དེ་བྱང་ཆུབ་ཀྱི་རྒྱུ་ཡིན་པར་བསྟན་པའི་ཕྱིར་བྱང་ཆུབ་ཀྱི་རྒྱུ་གཟུངས་ཡིན་པའི་ཕྱིར་རོ། །ཆོས་ཚིག་ནི་སྟོང་པ་ཉིད་དང་། དེ་སྟོན་པའི་མདོ་སྡེ་ལ་སོགས་པའོ། །ཚིགས་སུ་བཅད་པ་དང་པོ་ལས་ནི་མི་མཐུན་པའི་ཕྱོགས་ཀྱི་ ཉེས་པ་འབའ་ཞིག་བསྟན་ལ། གཉེན་པོའི་ཡོན་ཏན་ནི་མ་བསྟན། གཉིས་པ་དང་ཐ་མ་ལས་ནི་གཉེན་པོའི་ཡོན་ཏན་འབའ་ཞིག་བསྟན་ལ། མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་མ་བསྟན། གསུམ་པ་ལས་ནི་མི་མཐུན་པའི་ཕྱོགས་དང་། གཉེན་པོ་གཉི་གའི་ཡོན་ཏན་དང་སྐྱོན་ བསྟན་པ་མ་ཡིན་ནམ། ཅིའི་ཕྱིར་དེ་ལྟར་བསྟན་ཞེ་ན། དེ་ནི་གཉེན་པོ་དང་མི་མཐུན་པའི་ཕྱོགས་གཉིས་ཀྱི་ཡོན་ཏན་དང་ཉེས་པ་བསྟན་པ་གུད་དུ་གཅེས་པ་ཡོད་དོ། །དེའི་ཕྱིར་ཚིགས་སུ་བཅད་པ་དང་པོ་ལ་ནི། འདོད་པའི་གཉེན་པོའི་ཚུལ་ཁྲིམས་དྲི་ཞིམ་པོ་བསྟེན་པར་བྱའོ་ཞེས་ བྱ་བ་ལ་སོགས་པས་ཡོན་ཏན་ཡང་བལྟ་བར་བྱའོ། །ཚིགས་སུ་བཅད་པ་གཉིས་པ་དང་། བཞི་པ་དག་ལ་ཡང་དེའི་མི་མཐུན་པའི་ཕྱོགས་ཀྱི་ཉེས་པ་ཡང་བལྟ་བར་བྱའོ། །སྔར་བསྟན་པ་ཡི་དོན་ཉིད་ནི། །ཆོས་ཀྱི་རྗེས་འབྲང་ཆེད་དུ་སྟེ། །རིགས་པ་ཕན་ཡོན་བྱེ་བྲག་གིས། །ཚིགས་བཅད་རྣམས་ཀྱིས་ཡང་བསྟན་ཏོ། ། རྣམ་པ་གཞན་ཡང་སྔར་བསྟན་པའི་དོན་ཉིད་ཆོས་ཀྱི་རྗེས་སུ་འབྲང་བ་དང་། ཞར་ལ་དད་པས་རྗེས་སུ་འབྲང་བའི་དབང་དུ་ཡང་མཛད་དེ། རིགས་པ་དང་ཕན་ཡོན་གྱི་བྱེ་བྲག་གི་རྒྱུས། ཡང་ཚིགས་སུ་བཅད་པ་དག་གིས་བསྟན་ཏེ། འདི་ལྟར་འདོད་པ་རྣམས་སྤང་བའི་ཕྱིར་ནི་དྲི་ང་བ་ལ་ སོགས་པའི་རིགས་པ་གསུངས་སོ། །ཕྲག་དོག་མི་བྱ་བའི་ཕྱིར་ནི་མཐུ་ཆེ་བ་ལ་སོགས་པ་ཐོབ་པའི་ཕན་ཡོན་གསུངས་ལ། དེ་མི་བྱ་བའི་ཕྱིར་འབྲས་བུ་ཁྱད་པར་ཅན་འཐོབ་པོ་ཞེས་རྒྱུ་ཡང་གསུངས་སོ། །སེར་སྣའི་རྒྱུ་སྲེད་པའི་ཡུལ་ཡོངས་སུ་སྤང་བའི་ཕྱིར་ནི་རྒྱུ་རྩོད་པ་གསུངས་སོ། །རྩ་བ་ བཞི་པས་ནི་ཕན་ཡོན་བསྟན་ཏོ། །ཚུལ་ཁྲིམས་འཕེལ་བར་བྱེད་པའི་ཆོས་བསྟན་པའི་ཕྱིར་ནི་འབྲས་བུ་ཁྱད་པར་ཅན་འཐོབ་པོ་ཞེས་རྒྱུ་སྨོས་ལ། ཕན་ཡོན་ནི་དངོས་སུ་བསྟན་པ་ཉིད་དོ། །ད་ནི་གང་དུ་གནས་པ་དང་། ཇི་ལྟར་གནས་པ་དེ་བསྟན་པའི་ཕྱིར། གཞན་ཡང་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། དགོན་སོགས་གནས་ཤིང་ཟབ་མོ་ཡི། །ཆོས་རྣམས་ལ་ནི་ལེགས་པར་སྤྱོད། །རྙེད་དང་བཀུར་སྟི་ཚིགས་བཅད་ལ། །ལྷག་པར་ཆགས་མེད་བརྟུལ་ཞུགས་ཅན། །རྟག་ཏུ་སྡུག་པའི་དངོས་པོ་ཀུན། །འབྲས་བུ་ལ་ནི་མི་ལྟ་བའམ། །འཛིན་མེད་སེམས་ཀྱིས་གཏོང་བྱེད་པས། ། གཟུངས་འདི་འཐོབ་པར་འགྱུར་བ་ཡིན། །གོང་དུ་གནས་པ་ཞེས་བྱ་བ་དེ། དགོན་པ་དང་། གཡེའི་ཚིག་གིས་བསྟན་ཏེ། ལུས་ཀྱི་འདུ་འཛི་ཡོངས་སུ་སྤངས་པས་འདུ་བའི་ཉེས་པ་ཡོངས་སུ་སྤང་བའི་ཕྱིར་རོ། །དགོན་པ་ནི་གྲོང་ནས་འདོམ་ལྔ་བརྒྱ་ཕན་ཆད་དོ། །གཡེ་ནི་དེ་བས་ཀྱང་རིང་བའོ། ། སོགས་པ་སྨོས་པ་ནི་དབྱེ་བསྡུའོ། །ཇི་ལྟར་གནས་པ་དེ་ནི་ལོག་པར་རྣམ་པར་རྟོག་པའི་ཉེས་པ་དང་། འདུ་འཛི་ཡོངས་སུ་སྤང་བའི་ཕྱིར། རྣམ་པ་གསུམ་གྱིས་བསྟན་ཏེ། དེས་ནི་ལུས་དང་སེམས་ངག་གིས་བསྲིངས་ན་ཆོས་གང་བསྐྱེད་མི་ནུས་པ་དེ་འགའ་ཡང་མེད་དོ་སྙམ་དུ་དགོངས་པའོ། ། ཆོས་ཟབ་མོ་ལ་སྤྱོད་པ་ནི་ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་ཉིད་ཅེས་གསུངས་པ་གང་ཡིན་པ་སྟེ། ཆོས་ཟབ་མོ་དག་ལ་བཟོད་པ་ནི་འདོད་པའོ། །དེའི་སྟོབས་བསྐྱེད་པ་ནི་ཆེན་པོ་ལ་སོགས་པའི་རིམ་པ་བསྐྱེད་པའོ། །དེའི་དངོས་པོ་ནི་ཆོས་ཟབ་མོ་ལ་བཟོད་པའི་སྟོབས་ བསྐྱེད་པ་དེ་ཉིད་དོ། །ཡང་ན་ཆོས་ལ་བཟོད་པ་ཟབ་མོ་ཞེས་བྱ་བར་ཤེས་པར་བྱ་སྟེ། ཡུལ་ཟབ་པའི་ཕྱིར་དེ་ཡང་ཟབ་པའོ། །རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་མེད་པ་ནི། རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་ མེད་ཅེས་གསུངས་པ་གང་ཡིན་པ་སྟེ། ཚིགས་སུ་བཅད་པ་ནི་གྲགས་པའོ། །ལྷག་པར་ཆགས་པ་མེད་པ་ནི་མངོན་པར་ཞེན་པ་མེད་པའོ། །རྟག་ཏུ་སྡུག་པའི་དངོས་པོ་ཐམས་ཅད་མི་ལྟ་བ་ཡོངས་སུ་གཏོང་བ་ནི་སྡུག་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་ཞེས་གསུངས་པ་ གང་ཡིན་པ་སྟེ། ཐམས་ཅད་སྨོས་པ་ནི་ཕྱི་ནང་གི་དངོས་པོ་ཡོངས་སུ་བསྡུ་བའི་ཕྱིར་རོ། །མི་ལྟ་བར་གཏོང་བ་ནི་མཐོ་རིས་དང་། ལན་དུ་ཕན་འདོགས་པ་ལ་སོགས་པའི་འབྲས་བུ་ལ་མི་ལྟ་བར་ཡོངས་སུ་གཏོང་བའི་ཕྱིར་རམ། འཛིན་པ་མེད་པའི་སེམས་ཀྱིས་ཡོངས་སུ་གཏོང་བས་ན་སྡུག་པའི་དངོས་པོ་ཐམས་ ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་བ་ཞེས་བྱ་སྟེ། བཏང་ངམ་མི་བཏང་སྙམ་པ་ལ་སོགས་པའི་ནེམ་ནུར་དང་། ལེ་ལོ་ལ་སོགས་པའི་འཛིན་པ་མེད་པའི་ཕྱིར་རོ། །ཆེར་ན་ལུས་དང་སྲོག་ཀྱང་ཞེས་བྱ་བ་ནི། བུ་ལ་སོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི་སྙམ་དུ་དགོངས་པའོ། །ལུས་དང་སྲོག་ གཏོང་བ་ནི་ནང་གི་ཡིན་པས་དཀའ་བའི་ཕྱིར་དེ་གཉིས་སྨོས་སོ། །བུ་ལ་སོགས་པ་གཏོང་བ་ནི་ཕྱི་རོལ་གྱི་ཡིན་པའི་ཕྱིར་སླའོ། །ལུས་གཏོང་བ་ནི་ལག་པ་དང་རྐང་པ་ལ་སོགས་པ་གཏོང་བའི་ཕྱིར་རོ། །ལུས་ཐམས་ཅད་གཏོང་ན་སྲོག་གཏོང་བ་ཡིན་ནོ། །དང་པོ་གནས་ཡིན་དེ་ནས་ལས། །དེ་ ནས་རྙེད་སོགས་ཚོལ་བ་སྤོང་། །དེར་ཡང་མ་ཟད་ཐམས་ཅད་ལ། །མི་ལྟ་བ་ཡང་གཏོང་བར་བྱེད། །བཞི་ཚན་འདིའི་དོན་གོ་རིམས་བཞིན་དུ་བསྟན་པར་བྱ་སྟེ། གནས་མེད་པར་བསྒོམ་དུ་མི་རུང་བའི་ཕྱིར། རེ་ཞིག་ཐོག་མར་དགོན་པ་ལ་སོགས་པ་གནས་གསུངས་སོ། །དེར་གནས་ནས་ ཀྱང་ཞིང་ལ་སོགས་པའི་ལས་ནི་མི་བྱའོ། །ལས་འདི་ལྟ་བུ་བྱའོ་ཞེས་བསྟན་པའི་ཕྱིར། གནས་ཀྱི་འོག་ཏུ་ཆོས་ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་གསུངས་སོ། །གནས་དང་ལས་དེ་དག་གིས་རྙེད་པ་ལ་སོགས་པ་བཙལ་བ་སྤང་བར་བྱའོ། །དེ་ལྟ་མ་ཡིན་ན་དགོན་པར་གནས་པ་དང་། ཆོས་ ཟབ་མོ་ལ་བཟོད་པའི་སྟོབས་བསྐྱེད་པ་དོན་མེད་པར་འགྱུར་བ་བསྟན་པའི་ཕྱིར། ལས་ཀྱི་འོག་ཏུ་རྙེད་པ་དང་བཀུར་སྟི་དང་ཚིགས་སུ་བཅད་པ་དག་ལ་ལྷག་པར་ཆགས་པ་མེད་པ་གསུངས་སོ། །ཕྱི་རོལ་གྱི་ཡན་ལག་རྙེད་པ་ལ་སོགས་པ་དག་ལ་ལྷག་པར་ཆགས་པར་མི་བྱ་བར་ཡང་མ་ཟད་ ཀྱི། སྡུག་པའི་དངོས་པོ་ཐམས་ཅད་ལ་ཡང་མི་ལྟ་བར་སྤང་ངོ་ཞེས་བསྟན་པའི་ཕྱིར། དེའི་འོག་ཏུ་སྡུག་པའི་དངོས་པོ་ཐམས་ཅད་ལ་མི་ལྟ་བར་ཡོངས་སུ་གཏོང་བ་ཞེས་གསུངས་སོ། །སྔར་བསྟན་པའི་དོན་ཉིད་ཆོས་ཀྱི་རྗེས་སུ་འབྲང་བའི་ཆེད་དུ་གཏན་ཚིགས་དང་ཕན་ཡོན་གྱི་བྱེ་བྲག་ གིས། ཚིགས་སུ་བཅད་པ་རྣམས་ཀྱིས་ཡང་གསུངས་ཏེ། རྒྱལ་བས་བསྔགས་པའི་ཞེས་བྱ་བ་ནི་གཏན་ཚིགས་བསྟན་པའོ། །དགོན་པར་གནས་པར་གྱིས་ཞེས་བྱ་བ་ནི་དམ་བཅའ་བའོ། །བཅོམ་ལྡན་འདས་ནི་ཉེས་པ་དང་བདུད་ཀྱི་དགྲ་ཐམས་ཅད་ལས་རྒྱལ་བས་ན་རྒྱལ་བའོ། །དེས་ བསྔགས་པ་ནི་འདུ་འཛི་ལ་སོགས་པའི་ཉེས་པ་ཡོངས་སུ་སྤོང་བའི་ཕྱིར་དང་། ཡོན་ཏན་སྐྱེ་བའི་རྒྱུའི་ཕྱིར་རོ། །བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་དབང་གིས་དཔེ་བརྟག་པར་བྱའོ། །བདག་ནི་དགོན་པ་ན་གནས་པའོ་སྙམ་པ་ལ་སོགས་པས་མངོན་པའི་ང་རྒྱལ་བྱེད་པས། དེ་ན་གནས་ པས་གཞན་ལ་བརྙས་མི་བྱ། དེ་ལྟ་ན་དགོན་པ་དེ་རྒྱལ་བས་བསྔགས་པ་ཡིན་གྱི། དེ་ལྟ་མ་ཡིན་ན་ནི་དེ་རྒྱལ་བས་སྨད་པ་ཁོ་ན་ཡིན་ནོ། །འདི་ལྟར། རྒྱལ་བས་བསྔགས་པའི་དགོན་པར་གནས་པར་གྱིས། །ཞེས་བྱ་བ་ནི་གཏན་ཚིགས་སོ། །དེ་ན་གནས་པས་གཞན་ལ་བརྙས་མི་བྱ་བ་ནི་དམ་ བཅའ་བའོ། །ཟབ་མོའི་ཆོས་ཞེས་བྱ་བ་ནི་རྒྱལ་བས་བསྔགས་པ་ཞེས་བྱ་བར་སྦྱར་ཏེ། རྒྱལ་བས་བསྔགས་པ་ཉིད་ནི་ཇི་སྐད་དུ་བསྟན་པའི་ཆོས་ཟབ་མོ་ལ་བཟོད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ནི་ལོག་པར་ལྟ་བ་ཁོ་ནར་འགྱུར་རོ། །དེ་ལྟར་ན་ཆོས་ཟབ་མོ་ལ་བཟོད་པ་ལ་འདུན་པ་བསྐྱེད་པ་ ནི་དམ་བཅའ་བའོ། །བདེ་བར་གཤེགས་པས་བསྔགས་པ་ནི་གཏན་ཚིགས་སོ། །ཟབ་མོ་ལ་བཟོད་པ་དེ་ལ་འདུན་པ་བསྐྱེད་ནས་ཅི་ཞིག་བྱ་ཞེ་ན། བག་ཡོད་མགོ་ལ་འབར་བཞིན་གནས་པར་གྱིས། །ཞེས་གསུངས་པ་སྟེ། མགོ་ལ་འབར་བ་བཞིན་ཞེས་སྨོས་པ་ནི་འབད་པ་དང་ ལྡན་པ་ཉེ་བར་མཚོན་པའི་ཕྱིར་ཏེ། དཔེར་ན་མགོ་ལ་མེ་འབར་ན་འབད་པ་ཆེན་པོས་མགོ་ལས་མེ་སེལ་བ་དེ་བཞིན་དུ་འབད་པ་དང་ལྡན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །བག་ཡོད་ཅེས་བྱ་བ་འདིས་ནི་འདི་སྟོན་པར་བྱེད་དོ། །ཆགས་པ་དང་། ཞེ་སྡང་དང་། གཏི་མུག་དང་། ལེ་ལོ་རྣམས་ སྤངས་ཏེ། མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་ལྡན་པར་གནས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་སྟེ། ཆོས་བཞི་པོ་འདི་དག་ལ་བག་ཡོད་པ་ཞེས་མིང་དུ་འདོགས་པའི་ཕྱིར་རོ། །འདི་ལྟར་ཚུལ་འཆོས་བྱེད་ཀྱི་གཞི་ཡིན་པ། །ཞེས་བྱ་བ་ནི་ གཏན་ཚིགས་སོ། །ཤེས་ཁེ་རྙེད་པ་རྣམས་ལ་གནས་མ་བྱེད། །ཅེས་བྱ་བ་ནི་དམ་བཅའ་བ་སྟེ། རྙེད་པ་སྨོས་པས་ནི་རྫས་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། འཚོ་བ་ལོག་པ་ལ་སོགས་པའི་རྙེད་པ་བསྡུའོ། །ཚུལ་འཆོས་པ་སྨོས་པ་ནི་ཉེ་བར་མཚོན་པའི་དོན་ཏེ། ཁ་གསག་ལ་སོགས་ པ་ཡང་བསྡུའོ། །གནས་པ་ནི་ལྷག་པར་ཆགས་པའོ། །འོ་ན་ཇི་ལྟར་འཚོ་བར་བྱ་ཞེ་ན། ངན་ངོན་དག་གིས་ཆོག་བྱ་སྟེ། །ཞེས་བྱ་བ་གསུངས་ཏེ། རྩྭ་དང་། ལོ་མ་དང་། ཆུ་ལ་སོགས་པ་ཅི་ཡང་རུང་ཅི་རྙེད་པས་ཆོག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུས་ཇི་ལྟར་འཚོ་བར་ནུས་ཤེ་ན། བྱ་དང་ འདྲ་བར་ཞེས་གསུངས་སོ། །དེ་ལྟ་བུའི་བརྟུལ་ཞུགས་དྲག་པོས་ཡོན་ཏན་ཅི་ཞིག་འཐོབ་པར་འགྱུར་ཞེ་ན། མིར་གྱུར་པ་ཡི་འབྲས་བུ་ཡོད་པར་བྱོས། །ཞེས་གསུངས་པ་སྟེ། དེས་ནི་ཕན་ཡོན་བསྟན་ཏོ། །ཕན་པ་རྙེད་པ་དང་། གནོད་པ་སྤངས་པས་མིར་གྱུར་པའི་འབྲས་བུ་ཡོད་པར་བྱ་བའི་ ཕྱིར། ཀྱེ་མ་སངས་རྒྱས་བསྟན་པ་ལེགས་པར་རྙེད། །ཅེས་གསུངས་ཏེ། དེས་ནི་ཕན་པ་རྙེད་པར་བསྟན་ཏོ། །སྡུག་བསྔལ་མང་པོའི་རྩ་བ་ཁྱིམ་ཡང་སྤོངས། །ཞེས་བྱ་བ་འདིས་ནི་གནོད་པ་སྤང་བར་བསྟན་ཏོ། །ཀྱེ་མ་ཞེས་བྱ་བ་འདི་ཡ་མཚན་ལ་བྱ་སྟེ། ལེགས་པར་རྙེད་ཅེས་བྱ་བ་དེ་དང་སྦྱར་ བར་བྱ་སྟེ། འཁོར་བ་ན་འདྲིས་པ་མ་ཡིན་པའི་ཆོས་ཡིད་བཞིན་གྱི་ནོར་བུ་དང་འདྲ་བ་རྙེད་པ་ནི་ཤིན་ཏུ་རྙེད་པར་དཀའ་བའི་ཕྱིར། ཀྱེ་མ་ལེགས་པར་རྙེད་དོ་ཞེས་གསུངས་སོ། །ཐོག་མ་མེད་པའི་འཁོར་བ་ནས་བསྐྱེད་པའི་ཆགས་པ་སྤང་བར་དཀའ་བའི་ཕྱིར་ཡང་། ཀྱེ་མ་སྤངས་སོ་ཞེས་གསུངས་ སོ། །སངས་རྒྱས་ཀྱི་བསྟན་པ་འདི་རབ་ཏུ་འབྱུང་བའོ། །ལེགས་པར་རྙེད་པ་ནི་མཛེས་པར་རྙེད་པ་སྟེ། ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་དང་། མངོན་པར་མཐོ་བ་དང་། ངེས་པར་ལེགས་པར་འདྲེན་པའི་ཕྱིར་དང་། འཁོར་བ་ན་འདྲིས་པ་མ་ཡིན་པའི་ཕྱིར་རོ། །ཡང་ ན་ཕྱིར་མི་ལྡོག་པ་རྙེད་པ་ནི་ལེགས་པར་རྙེད་པ་སྟེ། ཚེ་རབས་གཞན་དུ་ཡང་ཕྱིར་མི་བཟློག་པའི་ཕྱིར་ཏེ། མྱ་ངན་ལས་འདས་པ་ལ་གཞོལ་བའི་ཕྱིར་རོ། །ཡང་ན་ཤིན་ཏུ་ཡོངས་སུ་རྫོགས་པར་རྙེད་པས་ན་ལེགས་པར་རྙེད་པ་སྟེ། འདོད་པ་ལ་ཀུན་ཏུ་རྟོག་པ་ལ་སོགས་པས་ཉམས་པར་མ་བྱས་པའི་ ཕྱིར་རོ། །སྡུག་བསྔལ་མང་པོའི་རྩ་བ་ནི། བསྒྲུབ་པ་དང་། བསྲུང་བ་དང་། སྡུག་པ་དང་བྲལ་བ་དང་། མི་སྡུག་པ་དང་ཕྲད་པ་ལ་སོགས་པའི་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་རོ། །སངས་རྒྱས་ཀྱི་བསྟན་པ་ལེགས་པར་རྙེད་པའི་རྒྱུ་ནི་ཁྱིམ་སྤངས་པའོ། །ཁྱིམ་པའི་ཚིག་ནི་དགོན་ པ་ན་གནས་པ་ཉེ་བར་མཚོན་པའི་དོན་ཏེ། གཙུག་ལག་ཁང་ལ་སོགས་པ་ན་ཡང་ཁྱིམ་གྱི་ཉེས་པ་སྲིད་པའི་ཕྱིར་རོ། །ཁྱིམ་སྤང་བའི་རྒྱུ་ནི་སྡུག་བསྔལ་མང་པོའི་རྩ་བ་ཉིད་དོ། །གང་གི་ཕྱིར་སངས་རྒྱས་ཀྱི་བསྟན་པར་ལེགས་པར་རྙེད་པ་དང་། སྡུག་བསྔལ་མང་པོའི་རྩ་བ་ཁྱིམ་སྤངས་པ་དེའི་ ཕྱིར། ལུས་དང་ངག་དང་ཡིད་ཀྱང་ཡོངས་དག་པས། །ཁྱེད་སངས་རྒྱས་དང་ནི་ཆོས་ལ་གུས་པར་གྱིས། །ངག་དག་པ་ནི་ངག་གི་ལས་དགེ་བ་རྣམ་པ་བཞིའོ། །ལུས་དག་པ་ནི་ལུས་ཀྱི་ལས་དག་པ་རྣམ་པ་གསུམ་མོ། །ཡིད་དག་པ་ནི་བརྣབ་སེམས་མེད་པ་ལ་སོགས་པ་ཡིད་ཀྱི་ལས་རྣམ་ པ་གསུམ་པོ་ཉིད་དོ། །འདིས་ནི་དགེ་བ་བཅུའི་ལས་ཀྱི་ལམ་དག་ལ་གནས་པ་བསྟན་ཏོ། །སངས་རྒྱས་ལ་གུས་པར་བྱ་བ་ནི་ལམ་བཟང་པོ་སྟོན་པས་མཆོག་ཏུ་ཕན་འདོགས་པའི་ཕྱིར་རོ། །ཆོས་ལ་གུས་པར་བྱ་བ་ནི་མྱ་ངན་ལས་འདས་པ་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་འཐོབ་ པར་བྱེད་པའི་ཕྱིར་རོ། །ཡང་ན་སངས་རྒྱས་དང་ཆོས་ལ་གུས་པར་བྱ་བ་ནི། ནན་ཏན་གྱིས་བསྒྲུབ་པའི་ཕྱིར་ཏེ། སངས་རྒྱས་བླ་མར་གྱིས་ཤིག །ཆོས་བླ་མར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་ལྟར་ཕན་པ་རྙེད་པ་ལ་སོགས་པས་མིར་གྱུར་ པ་འབྲས་བུ་ཡོད་པར་བྱེད་པས། རྙེད་པའི་ཉེས་དམིགས་བསྟན་པས་རྫས་ལ་སོགས་པའི་རྙེད་པ་གཞན་སྤང་བར་བྱའོ་ཞེས་བརྗོད་པའི་ཕྱིར། རྙེད་འདོད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྙེད་པ་འདོད་པ་ནི་དྲན་པ་ལ་སོགས་པ་མེད་པར་འགྱུར་བ་རེ་རེའི་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། འདི་ལྟར་རྙེད་པ་འདོད་པས་སེམས་གཡེངས་ནས་ཕན་ཚུན་འགྲོ་བ་ལ་ནི་དྲན་པ་ལ་སོགས་པ་མེད་པར་འགྱུར་ཞིང་བྱང་ཆུབ་ཀྱང་རིང་བར་འགྱུར་རོ། །དྲན་པ་ལ་སོགས་པ་མེད་པ་ཡང་རེ་རེ་ནས་རྙེད་པ་ཡོངས་སུ་སྤང་བའི་རྒྱུ་ཡིན་ནོ། །ཡང་ན་རྙེད་པ་འདོད་པ་ནི་དྲན་པ་མེད་པ་ཁོ་ནའི་རྒྱུའོ། །དེ་ཡང་ཤེས་ རབ་མེད་པའི་རྒྱུ་ཡིན་ཏེ། དེ་བཞིན་དུ་སྔ་མ་སྔ་མ་མེད་པ་ནི་ཕྱི་མ་ཕྱི་མ་མེད་པའི་རྒྱུ་ཡིན་པར་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་རིང་བར་འགྱུར་བ་རྙེད་པ་ཡོངས་སུ་སྤང་བའི་རྒྱུ་ཡིན་པའི་བར་དུའོ། །ཡང་ན་རྣམ་པ་གཞན་ཡང་རྙེད་པ་འདོད་པ་ནི་དྲན་པ་མེད་པའི་རྒྱུའོ། །དེ་གཉིས་ཀྱང་ཤེས་རབ་མེད་པའི་ རྒྱུ་སྟེ། དེ་བཞིན་དུ་གོང་ནས་གོང་དུ་ལྔའི་བར་གྱིས་བསྐྱེད་པ་ནི་བྱང་ཆུབ་ལས་རིང་བའི་རྒྱུ་ཡིན་ནོ། །ཉེས་དམིགས་རབ་འབྱམས་འདི་ཐམས་ཅད་ཀྱི་རྩ་བ་ནི་རྙེད་པ་འདོད་པ་ཡིན་པས། དེ་ལྟས་རྙེད་པ་ཡོངས་སུ་སྤང་བར་བྱ། །ཞེས་གསུངས་སོ། །དེ་ནི་གང་བསྒོམ་པ་དང་། གང་བྱ་བ་ཞེས་བསྟན་ པ་གང་ཡིན་པ་དེ་བཤད་པར་བྱ་སྟེ། དོན་གཅིག་རྟོགས་ནས་ཀུན་ཤེས་ན། །བརྒྱད་ཅེས་བྱ་བས་ཅི་ཞིག་བྱ། །ཡི་གེ་སོ་སོའི་དོན་ཤེས་ན། །འདི་ཡང་ཧ་ཅང་ཉུངས་པ་ཡིན། །རྣལ་འབྱོར་པས་ཞེས་བྱ་བའམ། གཞན་ཡང་རུང་སྟེ། ཡི་གེ་གཅིག་གི་དོན་ཁོང་དུ་ཆུད་པས་ཐམས་ཅད་ རྟོགས་ན་ཅིའི་ཕྱིར་ཡི་གེ་འབྲུ་བརྒྱད་ཅེས་བསྟན། འོན་ཏེ་ཡི་གེ་སོ་སོའི་དོན་ཤེས་པར་བསྒྲུབ་པ་ཡིན་ན་ནི། དེ་ལྟར་ན་འཇིག་རྟེན་ན་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེ་ཆེས་མང་པོ་ཞིག་ཡོད་པས། ཡི་གེ་འབྲུ་བརྒྱད་ཅེས་བྱ་བ་འདི་ཡང་ཧ་ཅང་ཉུངས་སོ་ཞེ་ན། ཉེས་པ་མེད་པ་དེ་འདི་ལྟར། བསྟན་བྱ་ སྟོན་པ་ཉེས་པ་ཡི། །ངོ་བོ་དེ་ཉིད་རྣམ་གསུམ་བསྟན། །བསྟན་པར་བྱ་བ་ནི་ཆོས་ཐམས་ཅད་དོ། །སྟོན་པ་པོ་ནི་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའོ། །ཉན་པ་ནི་གདུལ་བྱའི་སྐྱེ་བོ་སྟེ། དེ་ཡང་བྱིས་པ་དང་། མཁས་པའི་བྱེ་བྲག་གིས་རྣམ་པ་གཉིས་སོ། །དེ་དག་གི་ངོ་བོའི་དེ་ཁོ་ན་ནི་ཕྱིན་ ཅི་མ་ལོག་པའི་ངོ་བོ་ཉིད་དེ། དེ་ཡང་རྒྱུ་ལས་རྣམ་གསུམ་དུ་བསྟན་ཏེ། རྒྱུ་དེ་ཡང་གང་ཞེ་ན། རྣམ་པར་རྟོག་པ་རྣམ་པ་གསུམ་སྤོང་བ་སྟེ། རྣམ་པར་རྟོག་པ་རྣམ་པ་གསུམ་ནི་བསྟན་པར་བྱ་བ་དང་། སྟོན་པ་པོ་དང་། ཉན་པ་པོར་རྣམ་པར་རྟོག་པ་སྟེ། དེ་སྤངས་ན་སངས་རྒྱས་རྗེས་སུ་ དྲན་པ་རྟོགས་པ་མེད་པའི་ཕྱིར་རོ། །བསྟན་བྱ་གང་ཡིན་དེ། རྣམ་གཉིས་འཇིག་རྟེན་འདི་ན་འདྲིས་པ་དང་། མ་འདྲིས་པ་ཐ་དད་པའི་ཕྱིར་རོ། །ཅིའི་ཕྱིར་བསྟན་པར་བྱ་བ་དེ་རྣམ་པ་གཉིས་སུ་མཛད་ཅེ་ན། རྒྱུ་ལས་མཛད་དེ། རྒྱུ་དེ་ཡང་གང་ཞེ་ན། མངོན་པར་འདུ་བྱ་བ་ཆེན་པོས་ བསྒྲུབ་པའི་ཆོས་གཟུངས་ལ་སོགས་པ་རྣམས་ཀྱང་ངོ་བོ་ཉིད་མེད་པ་ཡིན་ན། སྐྱེ་བ་ལ་སོགས་པ་གཞན་ལྟ་ཅི་སྨོས་ཞེས་བསྟན་པའི་ཕྱིར། བསྟན་པར་བྱ་བ་ཉིད་དབྱེ་བར་མཛད་དེ་ཁྱབ་པའི་ཕྱིར་རོ། །འཇིག་རྟེན་ན་འདྲིས་པའི་བསྟན་པར་བྱ་བ་ཡང་། མཚན་ཉིད་དང་མཚན་གཞིའི་ བྱེ་བྲག་གིས་རྣམ་པ་གཉིས་ཏེ་རྒྱུ་ལས་སོ། །རྒྱུ་དེ་ཡང་གང་ཞེ་ན། གང་ལ་མཚན་ཉིད་ཡོད་པ་དང་རྒྱུས་བསྐྱེད་པའི་ངོ་བོ་དེ་ཇི་ལྟར་མེད་སྙམ་དུ་རྟོག་པ་སྤང་བའི་ཕྱིར་རོ། །རྣམ་པར་སྨིན་པ་སྨོས་པས་ནི་བདག་པོའི་འབྲས་བུ་ཡང་མཚོན་ཏེ། དེ་ཡང་སྨིན་པའི་ངོ་བོ་ཡིན་པའི་ཕྱིར་རོ། །འཇིག་ རྟེན་ན་མ་འདྲིས་པའི་བསྟན་པར་བྱ་བ་ཡང་། ལམ་དང་ལམ་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཏེ། རྒྱུ་ལས་མཛད་དོ། །རྒྱུ་དེ་ཡང་གང་ཞེ་ན། ཆོས་དེ་གཉི་ག་ཡང་རྣམ་པར་རྟོག་པ་སྤང་བར་འགྱུར་ཏེ། དེ་དག་ཇི་ལྟར་མེད་སྙམ་དུ་རྣམ་པར་རྟོག་པ་དེ་སྤང་བའི་ཕྱིར་རོ། །ཡང་ཐམས་ཅད་ རྣམ་པ་གཅིག་ཏུ་མཛད་དེ་རྒྱུ་ལས་སོ། །རྒྱུ་དེ་ཡང་གང་ཞེ་ན། བསྟན་པར་བྱ་བ་ལ་སོགས་པར་རྣམ་པར་རྟོག་པ་སྤོང་བ་སྟེ། དེ་ནི་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་ལ་ཕན་འདོགས་པའི་ཕྱིར་བསྟན་ཏོ། །ཡང་ན། ཡི་གེ་འབྲུ་བརྒྱད་འདི་དག་ནི། །བྱང་ཆུབ་སེམས་དཔའ་མཁས་ལྡན་པ། ། བརྒྱད་པོ་དག་གི་ཏིང་འཛིན་རྣམས། །སྨོས་པ་ཡིན་པར་ཐུབ་པས་གསུངས། །དེ་ཡི་དོན་ནི་བསྒོམས་པ་ལ། །དེ་ཀུན་མངོན་དུ་ཕྱོགས་པར་གནས། །གཟུངས་ནི་ཐོབ་པར་བྱ་བའི་ཕྱིར། །ཀུན་དུ་བརྩོན་པར་རབ་ཏུ་བྱེད། །ཡི་གེ་འབྲུ་བརྒྱད་པོ་འདི་དག་ནི་རྣམ་པར་སྣང་བྱེད་ལ་སོགས་ པ་འོག་ནས་འབྱུང་བ་བྱང་ཆུབ་སེམས་དཔའ་བརྒྱད་པོ་དག་གིས་ཏིང་ངེ་འཛིན་གང་དག་ཡིན་པའི་ཏིང་ངེ་འཛིན་དེ་དག་སྨོས་པར་བྱེད་པ་ཡིན་པར་གོ་རིམས་བཞིན་དུ་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཡི་གེ་དེ་དག་ཏིང་ངེ་འཛིན་གྱི་དོན་བསྒོམས་པ་ལ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ ཅད་མངོན་དུ་ཕྱོགས་པར་འགྱུར་རོ། །དེ་ནས་མངོན་དུ་ཕྱོགས་པར་གྱུར་ནས་སྒོམ་པ་དེ་གཟུངས་ཐོབ་པར་བྱ་བའི་ཕྱིར་བརྩོན་པར་བྱེད་དེ། འདི་ལྟར་འོག་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག་དེས་གཟུངས་ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པར་འགྱུར་རོ་ཞེས་འབྱུང་སྟེ། དེ་ལྟ་བས་ན་ཡི་གེ་འབྲུ་བརྒྱད་པོ་འདི་དག་གསུངས་ཏེ། ཉུང་ངུ་ཡང་མ་གསུངས་ལ། དགོས་པ་མེད་པའི་ཕྱིར་ལྷག་པར་ཡང་མ་གསུངས་སོ། །བྱང་ཆུབ་སེམས་དཔའ་རྣམས་དང་ནི། །སངས་རྒྱས་རྣམས་དང་གནོད་སྦྱིན་རྣམས། །རིམ་བཞིན་དགོད་པའི་དཀྱིལ་འཁོར་འདི། །རྨི་ལམ་ དུ་ནི་བསྟན་པ་ཡིན། །པདྨའི་རྒྱལ་པོ་དཀར་པོ་ཞིག །འདབ་མ་བརྒྱད་པ་ཡིད་དུ་འོང་། །དེ་དབུས་ཐུབ་པ་མཚུངས་མེད་པ། །བུམ་པ་དང་ནི་བཅས་པར་གཞག །འདབ་བརྒྱད་དག་ལ་ཐུབ་པའི་སྲས། །རྣམ་པར་སྣང་བྱེད་སོགས་བརྒྱད་ཀུན། །ཐུབ་པ་དང་ནི་རང་རང་གི། །ཡི་གེའི་ས་ བོན་ལྡན་པར་དགོད། །འདབ་མ་རྣམས་ཀྱི་བར་དག་ཏུ། །གནོད་སྦྱིན་བརྒྱད་གཞག་ཆོ་ག་གཅིག །ཆོ་ག་གཞན་ཡང་དེ་བཞིན་དུ། །ཚོན་ཕྱེ་སྣ་ལྔས་གྲུ་བཞིར་བྲི། །མཁས་པས་དེའི་དབུས་ཐུབ་པ་ནི། །པདྨ་དཀར་པོ་འདབ་བརྒྱད་ལ། །བུམ་པ་ཆུས་བཀང་ལྡན་པར་གཞག །དེ་ བཞིན་ཐུབ་སྲས་དེ་དག་ཀྱང་། །པདྨའི་གདན་བཅས་ཆུ་བུམ་བཅས། །ཕྱོགས་བཞི་དག་ཏུ་གཉིས་གཉིས་དགོད། །ཕྱོགས་ཀུན་བྱང་ཆུབ་སེམས་དཔའ་ཡི། །བར་དུ་གནོད་སྦྱིན་དེ་དག་དགོད། །སློབ་མ་གཙང་མ་ཡོན་ཏན་ཅན། །གཟུངས་བསྒོམ་རྣལ་འབྱོར་གྲུབ་འདོད་པ། །དཀར་པོའི་ སྟན་ལ་འདུག་པ་ལ། །བུམ་པ་དེ་དག་གིས་དབང་བསྐུར། །དེ་ལྟར་རྨི་ལམ་བསྟན་པ་ཡི། །ཆོ་ག་བདག་གིས་གསལ་བརྗོད་པ། །བདག་ཉིད་ལེགས་དྲན་བྱ་ཕྱིར་གྱིས། །མངོན་པའི་ང་རྒྱལ་ཅུང་ཟད་མེད། །དེ་ལྟར་སྤྱིར་ཡི་གེ་འབྲུ་བརྒྱད་པོ་རྣམས་ཀྱི་རང་བཞིན་བསྡུ་བ་བྱས་ནས། ད་ནི་ སོ་སོའི་དོན་དེ་ལ་འཇུག་པ་བཤད་པར་བྱ་སྟེ། དོན་དམ་པར་སྟོང་པ་དང་སྟོང་པ་མ་ཡིན་པའི་ཆོས་ཐམས་ཅད་ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་ནི་དང་པོས་བསྟན་ཏོ། །སོགས་པ་སྨོས་པས་ནི་སྐྱེ་བ་དང་སྐྱེ་བ་མེད་པ་ལ་སོགས་པ་བསྡུའོ། །དེ་རྣམ་པར་ཤེས་པ་ནི་གང་གིས་ཆོས་དེ་དག་བདག་ མེད་པ་ལ་འཇུག་པར་འགྱུར་བའོ། །དེ་ཁོང་དུ་ཆུད་པ་ནི་མངོན་སུམ་དུ་བྱ་བའོ། །དེ་ལྟ་བས་ན། དམ་པའི་དོན་དུ་སྟོང་པ་དང་། །སྟོང་མིན་ལ་སོགས་ཆོས་རྣམས་ཀུན། །ངོ་བོ་ཉིད་མེད་རྣམ་ཤེས་པ། །ཁོང་དུ་ཆུད་ཕྱིར་དང་པོར་བཞེད། །པ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་སྟེ། དེ་ནི་ཐོག་ མར་གསུངས་པའི་ཕྱིར་དང་པོའོ། །དེ་བསྟན་པ་འདི་ལྟ་སྟེ་ཞེས་བྱ་བ་ལ་སོགས་པ་སྟེ། འདི་ལྟ་སྟེ་ཞེས་བྱ་བའི་སྒྲ་ནི་ངོ་བསྟན་པའི་དོན་ཏོ། །པ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་ནི་ཁོང་དུ་ཆུད་པས་ཞེས་བྱ་བར་རྣམ་པར་དབྱེ་བ་བསྒྱུར་བར་བྱ་སྟེ། གང་གིས་ཤེ་ན། བཀའ་སྩལ་པ། དོན་དམ་ པར་སྟོང་པ་དང་སྟོང་པ་མ་ཡིན་པ་ལ་སོགས་པ་ཆོས་ཐམས་ཅད་ནི་བདག་མེད་པའོ། །དེ་ལ་འཇུག་པ་ནི་རྟོགས་པ་སྟེ། འདིས་འཇུག་པའི་ཕྱིར་རོ། །དེ་ཁོང་དུ་ཆུད་པ་ནི་ཆོས་ཐམས་ཅད་བདག་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་དེས་སོ། །ལོངས་སྤྱོད་རྫོགས་པའི་སྐུ་དང་ནི། །སྤྲུལ་པའི་ སྐུ་གཉིས་ལས་སྐུར་བསྟན། །དེ་གཉིས་འཇིག་རྟེན་དོན་འབྱོར་པ། །མ་ལུས་པར་ནི་མཛད་ཕྱིར་རོ། །ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་དེ་གཉིས་འཇིག་རྟེན་གྱི་དོན་ཕུན་སུམ་ཚོགས་པ་མ་ལུས་པ་མཛད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་ལས་ཀྱི་སྐུར་གསུངས་ཏེ། ལས་ལ་ དང་། ལས་ཀྱི་ཕྱིར་དང་། ལས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །ཀུན་རྫོབ་ཏུ་དང་དོན་དམ་པར། །མཚན་དང་མཚན་མེད་སོགས་པའི་རྒྱུས། །སྐུ་གཉིས་རྣམ་པར་ཤེས་པ་ནི། །ཁོང་དུ་ཆུད་ཕྱིར་གཞན་དུ་བཞེད། །ལ་ཞེས་བྱ་བ་ནི་ཁོང་དུ་ཆུད་པ་ཞེས་བྱ་བའི་ཐ་ཚིག་གོ། །ཕྲིན་ལས་ཀྱི་སྐུ་ལོངས་ སྤྱོད་རྫོགས་པ་དང་སྤྲུལ་པ་དང་གཉིས་ཀྱི་རང་བཞིན་དེ་ཡང་། ཀུན་རྫོབ་ཏུ་ནི་མཚན་དང་ལྡན་ནོ། །དོན་དམ་པར་ནི་མཚན་མེད་དོ། །སོགས་པ་སྨོས་པས་ནི། མདོ་ལས་དཔེ་བྱད་བཟང་པོ་དང་དཔེ་བྱད་བཟང་པོ་མེད་པར་ཞེས་སྨོས་པ་བསྡུ་སྟེ། དེ་ཡང་ཉེ་བར་མཚོན་པའི་དོན་ཡིན་པའི་ ཕྱིར། སྟོང་པ་མ་ཡིན་པ་དང་། སྟོང་པ་ལ་སོགས་པ་ཡང་བསྡུའོ། །དེ་བསྟན་པ་ལ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་དང་སྦྱར་ཏེ། ཇི་ལྟར་དེ་བཞིན་གཤེགས་པའི་ལས་ཀྱི་སྐུ་ལ་འཇུག་པ་ཁོང་དུ་ཆུད་པ་ཞེས་བྱ་བ་གསུངས་པའོ། །རྣམ་པ་ཇི་ལྟ་བུར་ཁོང་དུ་ཆུད་ཅེ་ན། མཚན་དང་དཔེ་བྱད་ བཟང་པོ་དང་། མཚན་དང་དཔེ་བྱད་བཟང་པོ་མེད་པར་ཞེས་གསུངས་པའོ། །ཁ་ཅིག་ལས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ལ་འཇུག་པ་ཁོང་དུ་ཆུད་པ་ཞེས་ཀྱང་འབྱུང་སྟེ། དེའི་ཚེ་ན་དོན་ཡིན་ཏེ། མཚན་དང་དཔེ་བྱད་བཟང་པོ་གང་ཡིན་པ་དེ་ཆོས་ཀྱི་སྐུ་འདི་ལ་མཚན་དང་དཔེ་བྱད་བཟང་པོ་ མེད་དེ། དེས་ན་མཚན་དང་དཔེ་བྱད་བཟང་པོ་དང་། མཚན་དང་དཔེ་བྱད་བཟང་པོ་མེད་པར་ཞེས་བྱ་བ་ནི། ཆོས་ཀྱི་སྐུ་འདི་ལ་ཆོས་ཐམས་ཅད་ཅི་ཡང་མེད་པའི་དོན་ཏོ། །མཚན་ལ་སོགས་སྨོས་པ་ནི། མཚོན་པའི་ཕྱིར་རམ། ཆོས་ཀྱི་སྐུ་ལ་འཇུག་པ་ཁོང་དུ་ཆུད་པའི་སྒོ་བསྟན་པའི་ཕྱིར་ཏེ། དེ་བཞིན་ གཤེགས་པ་སྨོས་པ་ཡང་དེ་དང་འདྲ་བར་བཤད་པར་བྱའོ། །ཆོས་ཀྱི་སྐུ་ལ་ནི་འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ། །འདི་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་མ་ཡིན་ནོ་ཞེས་དབྱེར་མེད་དེ། དབྱེར་ཡོད་དུ་ཟིན་ན་ཆོས་ཀྱི་སྐུ་ཉིད་ཉམས་པའི་ཕྱིར་རོ། །ཡང་ན་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་འདི་སངས་ རྒྱས་རྗེས་སུ་དྲན་པའི་ངོ་བོ་ཡིན་པའི་ཕྱིར་གཉིས་གསུངས་སོ། །བྱིས་པ་དང་ནི་མཁས་པའི་ཆོས། །དྲི་མ་ཅན་དང་དྲི་མ་མེད། །མི་སྟོང་མིན་སོགས་སྟོང་མིན་སོགས། །ཇི་བཞིན་གཉིས་ནི་བསྟན་པ་ཡིན། །གང་དག་ལ་དྲི་མ་ཅན་གྱི་རང་བཞིན་ཡོད་པ་དེ་དག་ནི་བྱིས་པའི་ཆོས་རྣམས་སོ། །གང་དག་ ལ་དྲི་མ་མེད་པའི་རང་བཞིན་ཡོད་པ་དེ་དག་ནི་མཁས་པའི་ཆོས་རྣམས་ཏེ། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་སྟོང་པ་ཡིན་པ་ལ་སོགས་པ་དང་། སྟོང་པ་མ་ཡིན་པ་ལ་སོགས་པ་ཇི་ལྟ་བ་བཞིན་གཉིས་བསྟན་ཏེ། ཚད་མ་དང་ལྡན་པའི་ཕྱིར་ཕྱིན་ཅི་མ་ ལོག་པ་གཉིས་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ལས་ནི་གཉིས་སུ་མེད་པར་འབྱུང་སྟེ། དེའི་ཚེ་ན་ནི། མི་སྟོང་མིན་སོགས་སྟོང་མིན་སོགས། །གཉིས་མེད་ཇི་བཞིན་ཤེས་པར་བྱ། །ཞེས་བརྗོད་པར་བྱ་སྟེ། དེ་ལྟ་ན་ནི་བྱིས་པ་དང་། མཁས་པའི་ཆོས་གཉི་ག་ཡང་ངོ་བོ་ཉིད་གཅིག་ཏུ་ བསྟན་པ་ཡིན་ནོ། །དེའི་འཇུག་པ་ནི་བྱིས་པ་དང་མཁས་པའི་ཆོས་གཉིས་སམ་གཉིས་སུ་མེད་པར་ཇི་ལྟ་བ་བཞིན་བགྱིའོ། །རྣམ་པར་ཤེས་པ་སྟེ་འདིས་འཇུག་པའི་ཕྱིར་རོ། །ཁོང་དུ་ཆུད་པ་མངོན་སུམ་བྱེད། །རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །གསུམ་པ་འདི་ནི་མཁས་པ་ཡིས། །དེ་ལྟ་ བུར་ནི་ཤེས་པར་བྱ། །བ་ཞེས་བྱ་བའི་དོན་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་བསྟན་པ། བ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་དང་སྦྱར་ཏེ། ཇི་ལྟར་ཞེ་ན་བྱིས་པའི་ཆོས་རྣམས་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །སྐྱེ་སོགས་སྐྱེ་བ་མེད་སོགས་ཀྱིས། །འཇུག་པ་སྐྱེ་བ་མེད་པ་དང་། འགག་མེད་ཤེས་པ་གང་ཡིན་དེ། །ཁོང་དུ་ཆུད་ཕྱིར་གཞན་དུ་བཞེད། །སོགས་པ་སྨོས་པས་ནི་རྒ་ཤི་མེད་པ་བསྡུའོ། །དེ་ལས་དོན་འདི་འབྱུང་སྟེ། སྐྱེ་བ་ལ་སོགས་པ་དང་། སྐྱེ་བ་མེད་པ་ལ་སོགས་པའི་འཇུག་པ་གང་ཡིན་པའི་འཇུག་པ་དེའི་སྐྱེ་བ་མེད་པ་དང་། འགག་པ་མེད་ པ་གང་དག་ཡིན་པ་དེ་སྡེ་ཚན་དེ་གཉིས་ངོ་བོ་ཉིད་ཀྱིས་སྟོང་པས་ན། འཇུག་པ་ཡང་དེ་དང་འདྲ་བའི་ཕྱིར་རོ། །སྐྱེ་བ་མེད་པ་དང་འགག་པ་མེད་པ་དེ་གཉིས་ཤེས་པ་གང་ཡིན་པའི་ཤེས་པ་དེ་ཁོང་དུ་ཆུད་པའི་ཕྱིར་གཞན་དུ་བཞེད་དེ། བཞི་པ་ཛ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བའི་ཐ་ ཚིག་གོ། །དེ་བསྟན་པ་ཛ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་དང་སྦྱར་ཏེ། ཇི་ལྟ་ཞེ་ན། སྐྱེ་བ་དང་། རྒ་བ་དང་། འཆི་བ་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་མེད་པ་རྣམས་ཀྱི་འགྲོ་བ་དང་འཇུག་པ་གང་ཡིན་པ་དེའི། མི་སྐྱེ་མི་འགག་པ་གང་ཡིན་པ་དེ་དག་ལ་འཇུག་པ་དེ་ཁོང་དུ་ ཆུད་པ་སྟེ། དེས་ཞེས་བྱ་བའི་ཐ་ཚིག་གོ། །སྔ་མ་ཇི་ལྟར་སྣང་བར་ཏེ། །ཕྱི་མ་དམ་པའི་དོན་དུ་ཡིན། །དེ་ལྟར་ཡང་དག་དོན་ཤེས་པ། །ཁོང་དུ་ཆུད་ཕྱིར་ལྔ་པར་བཞེད། །ལས་དང་རྣམ་པར་སྨིན་པ་དག་ནི་ཇི་ལྟར་སྣང་བ་བཞིན་ཡིན་པའི་ཕྱིར་རོ། །ལས་དང་རྣམ་པར་སྨིན་པ་མེད་པ་ནི་དོན་དམ་ པ་སྟེ། དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལ་བརྟེན་ནས་ལས་དང་རྣམ་པར་སྨིན་པ་དང་། ལས་དང་རྣམ་པར་སྨིན་པ་མེད་པ་དག་གི་དེ་ཁོ་ན་ཤེས་པ་དེ་ཁོང་དུ་ཆུད་པའི་ཕྱིར་ལྔ་པར་བཞེད་དེ། ཀ་ཞེས་བྱ་བའི་དོན་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། །ལས་དང་ རྣམ་པར་སྨིན་པ་མེད་པ་སྨོས་པ་ཡང་འཇིག་རྟེན་ལས་འདས་པའི་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་གསུངས་ཏེ། ཡང་དག་པར་ན་དགག་པར་བྱ་བ་མེད་པས། དགག་པ་མི་འཇུག་པའི་ཕྱིར་དེ་ནི་མེད་པ་ཁོ་ནའོ། །ཡང་ན་ཡང་དག་མི་སྣང་ཕྱིར། །དེ་གཉིས་ངོ་བོ་ཉིད་མེད་ཉིད། །དེ་ལྟར་ཡང་ དག་དོན་ཤེས་པ། །ཁོང་དུ་ཆུད་ཕྱིར་ལྔ་པར་བཞེད། །ཡང་ན་གང་གི་ཕྱིར་ལས་དང་རྣམ་པར་སྨིན་པ་དང་ལས་དང་རྣམ་པར་སྨིན་པ་མེད་པ་གཉིས་ཡང་དག་པར་མི་སྣང་བས་ན། ངོ་བོ་ཉིད་མེད་པ་ཁོ་ན་ཡིན་པ་དེའི་ཕྱིར། ངོ་བོ་ཉིད་མེད་པའོ་ཞེས་དེ་ཁོ་ན་ཉིད་ཀྱི་དོན་ཤེས་པ་ཁོང་དུ་ཆུད་པའི་ ཕྱིར་ལྔ་པར་བཞེད་དོ། །དེ་བསྟན་པ་ཀ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་དང་སྦྱར་ཏེ། ཇི་ལྟ་ཞེ་ན། ལས་དང་རྣམ་པར་སྨིན་པ་དང་། ལས་དང་རྣམ་པར་སྨིན་པ་མེད་པ་ལ་འཇུག་པ་ཁོང་དུ་ཆུད་པ་ཞེས་གསུངས་པའོ། །གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱིས། །སྟོང་པ་ཉིད་ལ་སོགས་པ་ཡི། །ཆོས་ཀྱི་དབྱིངས་ནི་འདི་ ཤེས་པ། །རྟོགས་ཕྱིར་དྲུག་པ་འདིར་བཞེད་དོ། །ཆོས་ཀྱི་དབྱིངས་འདི་ནི་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྟོང་པ་ཉིད་ལ་སོགས་པ་གང་དག་ཡིན་པ་དེ་དག་གི་ཡིན་ནོ་སྙམ་དུ་ཤེས་པ་གང་ཡིན་པ་དེ་ཁོང་དུ་ཆུད་པའི་ཕྱིར། དྲུག་པར་བཞེད་དེ། དྷ་ཞེས་བྱ་བའི་དོན་ཁོང་དུ་ཆུད་ཅེས་བྱ་བའི་ ཐ་ཚིག་གོ། །སྟོང་པ་ཉིད་ལ་སོགས་པ་ཡང་། ཡང་དག་པར་དཔྱད་ན་དགག་པར་བྱ་བ་མེད་པའི་ཕྱིར་ངོ་བོ་ཉིད་སྟོང་པ་ཁོ་ནའོ། །ཡང་ན་གཟུངས་ཆོས་རྣམ་གྲངས་ཀྱིས། །སྟོང་པ་ཉིད་ལ་སོགས་པ་ཉིད། །ཆོས་དབྱིངས་ཡིན་པར་རྣམ་ཤེས་པ། །ཁོང་དུ་ཆུད་ཕྱིར་དྲུག་པར་བཞེད། །ཡང་ན་ གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གང་ཡིན་པ་དེ་ཉིད་ཆོས་ཀྱི་དབྱིངས་ཡིན་པར་ཤེས་པ་གང་ཡིན་པ་དེ་ཁོང་དུ་ཆུད་པའི་ཕྱིར་དྲུག་པར་བཞེད་དོ། །སྟོང་པ་ཉིད་ལ་སོགས་པ་ཡང་ངོ་བོ་ཉིད་ཀྱིས་སྟོང་པ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་ངོ་བོ་ ཉིད་ལ་སོགས་པ་ལ་རྣམ་པར་རྟོག་པ་སྤངས་པའི་ཐབས་བསྟན་པའི་ཕྱིར། ཡང་དག་པའི་ཀུན་རྫོབ་ལ་བརྟེན་ནས་ཆོས་ཀྱི་དབྱིངས་ཞེས་གསུངས་སོ། །ངོ་བོ་ཉིད་སོགས་རྣམ་རྟོག་པ། །སྤངས་པའི་ཐབས་ནི་གདུལ་རྣམས་ལ། །བསྟན་པར་བྱ་ཕྱིར་མགོན་རྣམས་ཀྱིས། །སྟོང་ཉིད་ལ་སོགས་བསྟན་པ་ མཛད། །རྣམ་པར་རྟོག་པ་ནི་རྣམ་པ་གསུམ་སྟེ། ངོ་བོ་ཉིད་ལ་རྣམ་པར་རྟོག་པ་དང་། མཚན་མ་ལ་རྣམ་པར་རྟོག་པ་དང་། སྨོན་པ་ལ་རྣམ་པར་རྟོག་པའོ། །དེ་ལ་ངོ་བོ་ཉིད་ལ་རྣམ་པར་རྟོག་པ་ནི་གཞན་གཉིས་ཀྱི་སྔོན་དུ་འགྲོ་བའོ། །མཚན་མ་ལ་རྣམ་པར་རྟོག་པ་ནི་སྨོན་པ་ལ་རྣམ་པར་རྟོག་པའི་སྔོན་ དུ་འགྲོ་བ་སྟེ། དེ་ལྟར་འདི་ནི་དེའི་གཉེན་པོ་དེ་དག་གི་གོ་རིམས་བསྟན་པ་ཡིན་ཏེ། དེ་བསྟན་པ། དྷ་ཞེས་བྱ་བའི་དོན་དུ་ཁོང་དུ་ཆུད་པ་ཞེས་པ་དང་སྦྱར་ཏེ། ཇི་ལྟ་ཞེ་ན། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །ཞི་གནས་ལ་སོགས་ཉིད་ཡིན་ཞེས། །ཆོས་ རྣམས་ཐམས་ཅད་མདོར་སྡུད་དེ། །དེ་དག་དེ་བཞིན་ཉིད་ཤེས་པ། །ཁོང་དུ་ཆུད་ཕྱིར་བདུན་པར་བཞེད། །ཞི་གནས་ནི་ཏིང་ངེ་འཛིན་ཏོ། །སོགས་པ་སྨོས་པས་ནི་ལྷག་མཐོང་ལ་སོགས་པ་བསྡུའོ། །ལྷག་མཐོང་ནི་ཤེས་རབ་སྟེ། ཆོས་ཐམས་ཅད་ནི་ཞི་གནས་དང་ལྷག་མཐོང་དང་། ཞི་གནས་དང་ ལྷག་མཐོང་མ་ཡིན་པ་ཉིད་དམ་དེ་དང་ལྡན་པ་ཉིད་དོ། །དེ་དག་གི་དེ་བཞིན་ཉིད་ནི་རེ་ཞིག་ཞི་གནས་དང་ལྷག་མཐོང་དག་གི་དེ་བཞིན་ཉིད་ཡིན་ཏེ་གཟོད་མ་ནས་མ་སྐྱེས་པའི་ཕྱིར་རོ། །དགག་པར་བྱ་བ་མེད་ན་དགག་པ་མི་འཇུག་པའི་ཕྱིར། ཞི་གནས་དང་ལྷག་མཐོང་མ་ཡིན་པ་དག་ཀྱང་དེ་དང་ འདྲའོ། །དེ་བཞིན་ཉིད་དེ་ཤེས་པ་གང་ཡིན་པ་ཁོང་དུ་ཆུད་པའི་ཕྱིར་བདུན་པར་བཞེད་དེ། ཤ་ཞེས་བྱ་བའི་དོན་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བསྟན་པ། ཤ་ཞེས་བྱ་བའི་དོན་ཁོང་དུ་ཆུད་པ་ཞེས་བྱ་བ་དང་སྦྱར་རོ། །ཇི་ལྟ་བུའི་ཚུལ་དུ་ཞེ་ན། ཞི་གནས་ཞེས་བྱ་བ་ལ་སོགས་པ་གསུངས་ པའོ། །ཀུན་རྫོབ་ཏུ་ནི་ཆོས་རྣམས་ཀུན། །སྐད་ཅིག་གང་ཡིན་དེ་དག་ནི། །གཟོད་ནས་ཞི་ཕྱིར་དོན་དམ་དུ། །ཟད་མེད་ལ་སོགས་བྱེ་བྲག་བསྟན། །ཇི་ལྟར་གྲགས་པའི་སྐད་ཅིག་པའི་ཆོས་གང་དག་ཡིན་པ་དེ་དག་རིམ་པས་དཔྱད་ན་སྐད་ཅིག་མའི་མི་རྟག་པའི་ཕྱིར་ཟད་པ་མེད་པའོ། །རྒྱུན་གྱི་མི་རྟག་པ་ མེད་པའི་ཕྱིར་འཇིག་པ་མེད་པའོ། །རྒྱུད་ཀྱི་མི་རྟག་པ་མེད་པའི་ཕྱིར་རྒྱུ་བ་མེད་པ་སྟེ། གང་དག་ལ་འགྲོ་བ་མེད་པ་དེ་དག་ནི་རྒྱུ་བ་མེད་པའོ། །འདིར་རྒྱུན་ནི་ཚེ་གཅིག་གི་རྒྱུན་ནོ། །རྒྱུད་ནི་ཚེ་དུ་མའི་ཡིན་པར་བཞེད་དོ། །ཅིའི་ཕྱིར་དེ་དག་རིག་པས་དཔྱད་ན། ཟད་པ་མེད་པ་ལ་སོགས་ པའི་ངོ་བོ་ཡིན་ཞེ་ན། གཟོད་མ་ནས་ཞི་བའི་ཕྱིར་ཞེས་གསུངས་ཏེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །སྐྱེ་བ་ནི་འཇིག་པའི་ཐོག་མར་འབྱུང་བ་སྟེ། དེ་སྔོན་དུ་འགྲོ་བའི་ཕྱིར་རོ། །ཡང་ན་གཟོད་མ་ནས་ཞི་བའི་ཕྱིར་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་ཞི་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ། གཟོད་མ་ནི་ངོ་བོ་ཉིད་ལ་བྱ་སྟེ། འཇིག་པའི་ཐོག་མར་དེ་འགྲོ་བའི་ཕྱིར་རོ། །ཅིའི་ཕྱིར་དེ་དག་ཟད་པ་མེད་པ་ལ་སོགས་པ་བྱེ་བྲག་གིས་བསྟན་ཞེ་ན། སྨྲས་པ། མངོན་ཞེན་རྣམ་གསུམ་སྤང་བའི་ཕྱིར། །ཟད་མེད་ལ་སོགས་བྱེ་བྲག་གམ། །ཡང་ན་ཁམས་ཀྱི་བྱེ་བྲག་གིས། །རྣམ་པ་གསུམ་དུ་ གསུངས་པ་ཡིན། །མི་རྟག་པ་ལ་སོགས་པ་ལ་གདུལ་བའི་སྐྱེ་བོའི་མངོན་པར་ཞེན་པ་རྣམ་པ་གསུམ་ཡོད་དེ། སྐད་ཅིག་པའི་མི་རྟག་པ་ལ་མངོན་པར་ཞེན་པ་དང་། དུས་གཞན་གྱི་གནས་སྐབས་ཀྱི་མི་རྟག་པ་ལ་མངོན་པར་ཞེན་པ་དང་། འཁོར་བ་ཇི་སྲིད་དུ་གནས་པ་མྱ་ངན་ལས་འདས་པའི་གྲོང་དུ་ འཇུག་པ་ལ་མངོན་པར་ཞེན་པའོ། །ཡང་ན་ཁམས་གསུམ་གྱི་བྱེ་བྲག་ལ་བརྟེན་ནས། ཟད་པ་མེད་པ་ལ་སོགས་པའི་བྱེ་བྲག་གོ་རིམས་བཞིན་བསྟན་ཏེ། ཁམས་གསུམ་པ་ལ་མ་གཏོགས་པ་འཁོར་བ་པའི་དངོས་པོ་གཞན་མེད་ལ། དེ་ཡང་ཚུལ་དེ་ལྟ་བུ་ཡིན་པས་དེའི་ཕྱིར་དེ་ལ་མངོན་པར་ཞེན་པ་སྤོང་ བའི་ཕྱིར་ཞེས་བསྟན་པའི་ཕྱིར་རོ། །ཡང་ན་གང་གི་ཕྱིར་སྐད་ཅིག་པའི་ཆོས་ཐམས་ཅད་ལ་བརྟགས་ན། སྐད་ཅིག་པའི་མི་རྟག་པ་མེད་པའི་ཕྱིར་ཟད་པ་མེད་ལ། རྒྱུན་གྱི་མི་རྟག་པ་མེད་པའི་ཕྱིར་འཇིག་པ་དེའི་ཕྱིར་རྒྱུ་བ་མེད་དེ་ཉོན་མོངས་པ་མེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུ་དག་ལ་ཉོན་མོངས་པ་ རྣམས་ཀྱིས་གནས་མི་<ཐོང་‚ཐོབ་>པའི་ཕྱིར་རོ། །ཟད་པ་མེད་པ་ལ་སོགས་པ་དེ་དག་ཉིད་ཅིའི་ཕྱིར་ཞེ་ན། གཟོད་མ་ནས་ཞི་བའི་ཕྱིར་ཞེས་གསུངས་པའོ། །ཆོས་ཀུན་མྱ་ངན་འདས་པ་གང་། །དེ་འདིར་དེ་བཞིན་ཉིད་དུ་བསྟན། །འདིར་ཆོས་ཐམས་ཅད་མི་སྣང་བར་འགྱུར་བའི་ཚུལ་གྱིས་མྱ་ངན་ལས་འདས་པ་ན། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་ནི། འདིར་དེ་བཞིན་ཉིད་ཡིན་པར་གསུངས་སོ། །དེ་ལ་འཇུག་པ་རྟོགས་པ་སྟེ། །དེ་རྟོགས་ཕྱིར་ན་བརྒྱད་པར་བཞེད། །ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དེ་ལ་འཇུག་པ་ནི་རྟོགས་པའོ། །དེ་རྟོགས་པ་ཁོང་དུ་ཆུད་ཅིང་མངོན་སུམ་དུ་བྱ་བའི་ཕྱིར་བརྒྱད་པར་ བཞེད་དེ། ཀྵ་ཞེས་བྱ་བའི་དོན་ཁོང་དུ་ཆུད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བསྟན་པ། ཀྵ་ཞེས་བྱ་བའི་དོན་དུ་ཁོང་དུ་ཆུད་པ་ཞེས་བྱ་བ་དང་སྦྱར་ཏེ་ཇི་ལྟ་ཞེ་ན། སྐད་ཅིག་པ་ཞེས་བྱ་བ་ལ་སོགས་པ་གསུངས་པའོ། །འདིས་དོན་རྣམས་ཁོང་དུ་ཆུད་པར་བྱེད་པས་ན་དོན་ཁོང་དུ་ཆུད་པ་ནི་རྟོགས་པའོ། ། དེ་རྟོགས་པར་བྱ་བ་ནི་མངོན་སུམ་དུ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་བསོད་ནམས་སྐྱེད་པ་ན། །གཟུངས་སམ་ཡང་ན་ཡི་གེ་ཡི། །དོན་ལ་གང་གིས་འཇུག་འགྱུར་བ། །དོན་རྟོགས་དེ་ནི་གསུམ་དུ་བསྟན། །རྣལ་འབྱོར་པ་དེ་བསོད་ནམས་སྐྱེད་པར་བྱེད་པ་ན། སྒོ་མཐའ་ཡས་པས་བསྒྲུབ་ པའི་གཟུངས་སམ། ཡི་གེ་འབྲུ་བརྒྱད་པོ་འདི་དག་གི་དོན་ལ་གཟུངས་ལ་སོགས་པ་གང་གིས་རྟོགས་ཤིང་ཁོང་དུ་ཆུད་པར་འགྱུར་བ་གཟུངས་ལ་སོགས་པའི་དོན་ཁོང་དུ་ཆུད་པ་དེ་ནི་བཅོམ་ལྡན་འདས་ཀྱིས་ཚིག་གསུམ་དུ་བསྟན་ཏོ། །ལེགས་པར་བྲི་བ་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། བསམ་པ་དང་། སྦྱོར་བ་དང་། སྒྲུབ་པས་སོ། །བསམ་པ་ཡང་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ལ་སོགས་པའི་བསམ་པའི་བྱེ་བྲག་གིས་རྣམ་པ་དུ་མ་ཡོད་དོ། །སྦྱོར་བ་ཡང་བཀུར་སྟི་དང་། ཁ་ཟས་དང་། ས་ཕྱོགས་གཙང་མ་དང་། ནན་ཏན་དུ་བྱ་བ་ལ་སོགས་པའི་སྦྱོར་བ་བྱེ་བྲག་གིས་རྣམ་པ་ དུ་མ་ཡོད་དོ། །སྒྲུབ་པ་ཡང་ཡི་གེ་གསལ་བ་དང་། ཟུར་ཕྱིན་པ་ལ་སོགས་པར་སྒྲུབ་པའི་བྱེ་བྲག་གིས་རྣམ་པ་དུ་མ་ཡོད་དོ། །ཡང་ན་ལེགས་པར་བྲི་བ་ནི། མཛེས་པར་བྲིས་པ་སྟེ། བྱང་ཆུབ་ཡོངས་སུ་བསྔོ་བ་ལ་སོགས་པའི་བསམ་པས་འདྲི་བའི་ཕྱིར་རོ། །ཕྱིར་མི་ལྡོག་པའི་དགེ་བའི་ ཆོས་འཕེལ་བར་བྱེད་པའི་སྦྱོར་བས་འདྲི་བའི་ཕྱིར་རོ། །ཡོངས་སུ་རྫོགས་པར་འདྲི་བ་སྟེ། ཡི་གེའི་ཡོན་ཏན་ཐམས་ཅད་དང་ལྡན་པར་འདྲི་བའི་ཕྱིར་རོ། །གཟུང་བ་ནི་རྣམ་པ་བཞི་སྟེ། གླེགས་བམ་དང་། ཚིག་དང་། དོན་དང་། དེ་གཉི་གའོ། །ཀློག་པ་ནི་བསམ་པ་དང་། བརྗོད་པའི་སྒོ་ ནས་རྣམ་པ་གཉིས་སོ། །དེ་ལ་བསམ་པ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བསམ་པ་དང་། ཡི་གེ་ལ་སོགས་པ་ལ་གཏད་པའི་བསམ་པའོ། །བརྗོད་པ་ནི་ཟུར་ཆག་པ་ལ་སོགས་པའི་ཉེས་པ་དང་བྲལ་བ་སྟེ། རྣམ་པ་དུ་མ་ཡོད་པར་རིག་པར་བྱའོ། །རྗེས་སུ་ དྲན་པར་བྱ་བ་ནི་རྣམ་པ་གསུམ་སྟེ། བསམ་པས་དང་། ཡུལ་གྱིས་དང་། རང་གི་ངོ་བོས་སོ། །དེ་ལ་བསམ་པ་ནི་རྣམ་པ་གཉིས་ཏེ། བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་བསམ་པ་དང་། ཡི་གེ་དང་། དོན་དང་། གཉི་ག་ལ་སེམས་པའི་བསམ་པས་སོ། །ཡུལ་ནི་རྣམ་པ་གསུམ་སྟེ། ཡི་གེ་རྗེས་སུ་ དྲན་པ་དང་། དོན་རྗེས་སུ་དྲན་པ་དང་། གཉི་ག་རྗེས་སུ་དྲན་པའོ། །རང་གི་ངོ་བོ་ནི་རྣམ་པ་གཉིས་ཏེ། བསམ་པ་རྗེས་སུ་དྲན་པ་དང་། སྒོམ་པ་རྗེས་སུ་དྲན་པའོ། །ཐོབ་པར་འདོད་པས་ཉིན་རེ་ཞིང་། །ཀློག་དང་རྗེས་སུ་དྲན་པར་བྱ། །གཟུངས་འདི་ཞེས་བྱ་བའི་ཚིག་གི་ལྷག་མའོ། །དེ་ནི་དེ་ལྟ་ན་རིགས་ ཀྱི། །གཟུངས་ནི་བསོད་ནམས་ཆུང་ངུ་ཡིས། །ཤིན་ཏུ་ཐོབ་པར་མི་འགྱུར་རོ། །དེ་ལྟ་བས་ན་རྟག་ཏུ་བཀུར་སྟིར་བྱས་ལ་ཡུན་རིང་པོར་རྒྱུན་དུ་གོམས་པར་བྱས་པའི་བསོད་ནམས་ཀྱི་ཚོགས་དང་ལྡན་པས་གཟུངས་ཐོབ་པར་འགྱུར་རོ། །ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བའི་ཚིག་གིས་ཡིན་པ་དེ་ནི་བཅོམ་ལྡན་ འདས་ཀྱིས་བྱེ་བྲག་ཏུ་བྱ་བའི་ཕྱིར་གསུངས་ཏེ། འདི་ལྟར་ཟླ་བ་ཕྱེད་ཕྱེད་ཅིང་གུས་པར་བྱས་ལ་ཤིན་ཏུ་བསྒྲིམས་པ་དང་ལྡན་ཞིང་ཁྲུས་ལ་སོགས་པ་སྔར་བྱས་ལ། ལེགས་པར་ཀློག་པ་ལ་སོགས་པ་བྱའོ་ཞེས་གསུངས་པ་ཡིན་ཏེ། དེ་དེ་ལྟ་བུ་ཡིན་པར་ཤེས་པར་བྱ་བའི་ཕྱིར་སྨྲས་པ། བྱེ་བྲག་ལ་ནི་ དགོངས་པའི་ཕྱིར། །བརྩོན་པ་ཡི་ནི་ཚིག་ཀྱང་གསུངས། །གང་གི་ཕྱིར་བརྩོན་པར་བྱ་ཞེས་གསུངས་པ་དེའི་ཕྱིར། བྱེ་བྲག་ལ་དགོངས་པར་མངོན་ནོ། །བརྩོན་པའི་སྒྲ་ནི་གུས་པ་ལ་སོགས་པའི་སྦྱོར་བ་ཉིད་དང་སྦྱར་བར་བྱའོ། །གང་གི་ཕྱིར་དེ་ལྟ་ཡིན་པ། །དེའི་ཕྱིར་ཁྲུས་སོགས་སྔར་བྱས་ལ། །བཀླག་ པ་ལ་སོགས་དེ་དག་བྱ། ཁྲུས་བྱ་བ་དང་། སྨྱུང་བ་བྱ་བ་དང་། ངེས་པར་གནས་པ་དང་། དཀྱིལ་འཁོར་དང་། མེ་ཏོག་དང་། བདུག་པ་དང་། སྤོས་དང་། བཤོས་དང་། གཏོར་མ་དང་། མར་མེ་དབུལ་བ་དང་། བྱང་ཆུབ་ཏུ་སྨོན་ལམ་གདབ་པ་དང་། སྡིག་པ་བཤགས་པ་ལ་སོགས་པ་སྔར་ བྱས་ནས། བཀླག་པ་ལ་སོགས་པ་བྱའོ། །བཀླགས་པས་སྐྱོ་བར་གྱུར་ན་རྗེས་སུ་དྲན་པར་བྱའོ། །དེས་སྐྱོ་བར་གྱུར་ན། ཡང་བཀླག་པར་བྱའོ། །དེ་ལྟ་བུས་ཉིན་མཚན་དེ་འདའ་བར་བྱའོ། །སྦྱིན་ལ་སོགས་ལ་ཞུས་ལ་སོགས། །ཡང་དག་དགའ་བྱ་ལ་སོགས་དེ། །རྟག་བྱ་དེ་གཟུངས་བདག་མེད་ལ། ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་རྣམས་དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ་སོགས་པའམ། དགེ་བའི་ཆོས་གཞན་དག་ལེགས་པར་ཞུགས་པ་ནི་ཡང་དག་པར་དགའ་བར་བྱའོ། །མ་ཞུགས་པ་ནི་ཡང་དག་པར་འཛིན་དུ་གཞུག་གོ། ། ཞུགས་པ་བརྩོན་འགྲུས་ཆུང་བ་ཕྱིར་ལྡོག་པར་འདོད་པ་ནི། ཡང་དག་པར་གཟེངས་བསྟོད་པར་བྱའོ། །དེ་ལྟར་ཡང་དག་པར་དགའ་བ་ལ་སོགས་པ་མཐུན་མཐུན་དུ་བྱས་ནས་རིམ་གྱིས་ནོང་དུ་གྱུར་པ་དེ། བདག་མེད་པ་ལ་གཟུད་པའི་ཕྱིར་བརྩོན་པར་བྱའོ། །ཡང་ན་དེ་དག་ཉིད་ལའོ། །ཡང་ན་སྦྱིན་ པ་ལ་སོགས་པ་དེ་དག་ལ་མ་ཞུགས་པ་གཟུད་པར་བྱའོ། །ཡང་ན་ཡང་དག་པར་དགའ་བ་ལ་སོགས་པ་དེ་དག་ལ་གཟུད་པ་ཞེས་བྱ་བར་སྦྱར་ཏེ། །དེ་ལྟར་ན་ཡང་དག་པར་དགའ་བར་བྱ་བ་ལ་སོགས་པ་ལ་གཟུད་པ་ཞེས་བྱ་བར་ཚིག་བསྡུའོ། །གལ་ཏེ་དེ་ལྟ་ན་སེམས་ཅན་ཀྱང་འདི་འཛིན་གཞུག་པར་བྱ་ཞེས་ པ་ལ་སོགས་པ་ཡང་ཇི་ལྟར་དྲང་སྟེ། འདི་ལྟར་འདི་ཞེས་བྱ་བའི་སྒྲ་ནི། སེམས་པ་དང་། འདྲི་བ་དང་། གཟུང་བ་དང་། ཀློག་པའི་སྐབས་དང་སྦྱར་བ་ཡིན་ནོ། །མཚོན་པའི་དོན་ཡིན་པའི་ཕྱིར་ཉེས་པ་མེད་དེ། སྦྱིན་པ་ལ་སོགས་པ་གཞན་ཡང་བསྡུའོ། །དཔེར་ན་འདི་ཉིད་ལས་ཡང་དག་པར་ འཛིན་དུ་གཞུག་པ་མཚོན་པའི་དོན་དུ་གསུངས་ཏེ། དེས་ན་ཡང་དག་པར་དགའ་བ་ལ་སོགས་པ་གཞན་ཡང་བསྡུ་བ་ལྟ་བུ་དང་། དཔེར་ན། བཀླག་པར་བྱ་བས་རྗེས་སུ་དྲན་པ་བསྡུ་བ་བཞིན་ནོ། །ཡང་ན། གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ། །ཞུགས་པར་གྱུར་ལ་སོགས་པ་དག །ཡང་དག་ དགའ་ལ་སོགས་དེ་བྱ། །འདིར་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་སྨོས་པས་ནི་ཡི་གེ་དང་དོན་གཟུང་ངོ་། །བཤད་པ་སྔ་མ་ལ་ནི་བྱང་ཆུབ་སེམས་དཔའ་མངོན་པར་བརྩོན་པའི་བྱེ་བྲག་བསྟན་པའི་དོན་དུ་བཤད་པར་བྱའོ། །འདིར་ནི་ལན་གཉིས་སུ་འདུས་པ་ལ་སོགས་པའི་རིམ་པ་ལ་བརྟེན་ནས། ཡང་དག་པར་དགའ་བ་ལ་སོགས་པ་དེའི་ཡུལ་བསྟན་པའི་ཕྱིར་ཡང་ཡིན་པར་རིག་པར་བྱའོ། །དེ་ལ་གཟུངས་ཀྱི་ཆོས་ཀྱི་རྣམ་གྲངས་ལ་ལེགས་པར་ཞུགས་པ་ལ་སོགས་པ་ཡང་དག་པར་དགའ་བར་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་སྦྱར་བར་བྱའོ། །ཡང་ན་གཟུངས་ལ་གཟུད་ པར་བྱ། །ཡང་ན་གཟུངས་སངས་རྒྱས་རྗེས་སུ་དྲན་པའི་མཚན་ཉིད་ལ་གཟུད་པར་ཤེས་པར་བྱའོ། །དོན་ནི་སྔར་ཡང་བཤད་མོད་ཀྱི། །ཆོས་ཀྱི་རྗེས་སུ་འབྲང་བའི་ཕྱིར། །རིགས་པ་ཕན་ཡོན་བྱེ་བྲག་གིས། །ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན། །ཚིགས་སུ་བཅད་པ་དང་པོ་ནི་རིགས་པ་དང་ཕན་ ཡོན་གྱི་ཡུལ་བསྟན་པའི་ཕྱིར་དོན་ཁོང་དུ་ཆུད་པ་སྔར་བསྟན་པ་རྣམས་ཡང་དག་པར་བཟླས་པ་གསུངས་སོ། །གཉིས་པས་ནི་ཁོང་དུ་ཆུད་པ་བཞི་པོ་རྣམས་ཀྱི་ཕན་ཡོན་བཞི་གོ་རིམས་བཞིན་དུ་བསྟན་ཏོ། །ཡང་ན་དོན་ཁོང་དུ་ཆུད་པ་རེ་རེ་ཕན་ཡོན་བཞི་དང་། རིགས་པ་བཞི་སྨོས་པ་ཡིན་ཏེ། བྱང་ཆུབ་དང་ཉེ་ བ་ལ་བྱང་ཆུབ་ནི་བླ་ན་མེད་པའོ། །ཤེས་རབ་རྒྱ་ཆེ་བ་ལ་རྒྱ་ཆེ་བ་ནི་རྣམ་པ་གསུམ་གྱིས་བསྟན་ཏེ། ཡུལ་ལས་ནི་ཡུལ་མཐའ་དག་ལ་ཁྱབ་པའི་ཕྱིར་རོ། །འབྲས་བུ་ལས་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྒྱ་ཆེན་པོའི་འབྲས་བུ་དང་ལྡན་པའི་ཕྱིར་རོ། །ངོ་བོ་ཉིད་ལས་ནི་ཤེས་རབ་ཀྱི་ཡོན་ ཏན་མ་ལུས་པ་དང་ལྡན་པའི་ཕྱིར་རོ། །སངས་རྒྱས་ཐམས་ཅད་མངོན་སུམ་དུ་མཐོང་བ་དང་། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་སློབ་པར་འདོད་པས་སོ། །རིགས་པ་རྣམ་པ་བཞི་ཇི་ལྟར་སྨོས་ཤེ་ན། འདི་ལྟར་དོན་དེ་དག་ནི་བྱང་ཆུབ་དང་ཉེ་བའི་རྒྱུ་ཡིན་པ་དང་། ཤེས་རབ་རྒྱ་ཆེན་པོའི་རྒྱུ་ཡིན་པ་དང་། སངས་རྒྱས་ཐམས་ཅད་མངོན་སུམ་དུ་མཐོང་བའི་རྒྱུ་ཡིན་པ་དང་། སངས་རྒྱས་ཐམས་ཅད་ཀྱི་རྗེས་སུ་སློབ་པའི་རྒྱུ་ཡིན་ཏེ། འདི་ལྟ་བུ་གང་ཡིན་པ་དེ་དག་ནི། ངེས་པར་ནན་ཏན་དུ་བསྒྲུབ་པར་བྱ་བ་ཡིན་ཏེ། དཔེར་ན་སྦྱིན་པ་ལ་སོགས་པ་ལྟ་བུ་ཡིན་ལ། དེ་དང་འདྲ་བར་དོན་རྣམ་པ་བཞི་པོ་ཇི་སྐད་ བསྟན་པ་འདི་དག་ཀྱང་དེ་ལྟ་བུ་ཡིན་ནོ། །ད་ནི་གཟུངས་ཀྱི་ངོ་བོ་འཐོབ་པར་བྱ་བའི་ཐབས་ལ་གནས་པའི་ཕན་ཡོན་བསྟན་ཏེ། བཞི་ཚན་གསུམ་གྱིས་གཟུངས་ལ་ནི། །མངོན་པར་བརྩོན་པའི་རྣལ་འབྱོར་པས། །ཐོབ་བྱ་མ་ཐོབ་པར་དུ་ཡང་། །ཕན་ཡོན་རྣམ་པ་བཞི་འཐོབ་འགྱུར། །བཞི་ཚན་ གསུམ་གྱིས་བསྟན་པའི་ཐབས་གང་ཡིན་པ་དེ་ལ་ནི་བཞི་ཚན་གསུམ་ཞེས་བྱ་སྟེ། བཞི་ཚན་གསུམ་བསྟན་པའི་ཐབས་དེས་གཟུངས་ལ་མངོན་པར་བརྩོན་པའི་རྣལ་འབྱོར་པས། ཐོབ་པར་བྱ་བ་མ་ཐོབ་སྟེ། །གཟུངས་མ་ཐོབ་པའི་བར་སྐབས་སུ་ཕན་ཡོན་རྣམ་པ་བཞིར་འགྱུར་བ་ལ། ཕྱོགས་ བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པར་འགྱུར་ཏེ། དགོངས་པ་ཡང་མཁྱེན་པ་ཙམ་དུ་ནི་མ་ཟད་དོ། །གལ་ཏེ་མཁྱེན་པ་ཙམ་དུ་ཟད་ན་ནི་ཕན་ཡོན་དུ་མ་ཡང་མི་རུང་སྟེ། མཚམས་མེད་པ་ལྔ་བྱེད་པ་ཡང་ཐམས་ཅད་མཁྱེན་པས་དགོངས་པའི་ཕྱིར་རོ། །དེ་བས་ན་དགོངས་ པ་ནི་ཕན་གདགས་པར་བཞེད་པའི་ཕྱིར་གཟིགས་པ་ལ་བྱ་སྟེ། བདག་དང་གཞན་གྱི་དོན་བསྒྲུབ་ནུས་པར་ཉེ་བར་བསྒྲུབ་པའི་མཚན་ཉིད་དོ། །དེ་ཡང་ཕན་པ་འཐོབ་ནུས་པར་ཉེ་བར་བསྒྲུབ་པ་དང་། གནོད་པ་སྤོང་ནུས་པར་ཉེ་བར་བསྒྲུབ་པ་དང་། རྣམ་པ་གཉིས་སུ་ཤེས་པར་བྱའོ། །བདུད་ཀྱི་ ལས་མེད་པར་འགྱུར་ཏེ། བདུད་ནི་ཉོན་མོངས་པའི་བདུད་དང་། ལྷའི་བུའི་བདུད་དང་། རྣམ་པ་གཉིས་སོ། །དེའི་ལས་ནི་ཕན་པ་དང་། གནོད་པ། འཐོབ་པར་བྱ་བ་དང་། སྤང་བར་བྱ་བ་ལ་བར་ཆད་བྱེད་པའོ། །དེ་ལ་སྔ་མ་མེད་པ་ནི་གཟུངས་འཐོབ་པར་བྱ་བའི་ཐབས་བསྒོམས་པས་ཉོན་མོངས་པའི་ བདུད་རྣམ་པར་བསལ་བའི་ཕྱིར་ཏེ། དེ་ཉིད་ཀྱི་ཕྱིར་ཕྱི་མ་ཤོས་ཀྱང་མེད་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་མྱུར་དུ་འབྱང་བ་སྟེ། ལས་ཀྱི་སྒྲིབ་པ་ནི་མཚམས་མེད་པ་ལྔ་ལ་སོགས་པ་སྟེ། དེ་གཟུངས་ལ་སོགས་པ་སྐྱེ་བ་ལ་སྒྲིབ་པའི་ཕྱིར་ན་སྒྲིབ་པ་ཞེས་བྱའོ། །དེ་ཡང་རྣམ་པ་བཞིས་ཡོངས་སུ་ཟད་ པར་འགྱུར་ཏེ། རྣམ་པར་སུན་འབྱིན་པ་ཀུན་སྤྱོད་པ་དང་། གཉེན་པོ་ཀུན་དུ་སྤྱོད་པ་དང་། སོར་ཆུད་པར་བྱེད་པའི་སྟོབས་དང་། རྟེན་གྱི་སྟོབས་ཏེ། དེ་སྐད་དུ་ཆོས་བཞི་པའི་མདོ་ལས་འབྱུང་བའི་ཕྱིར་རོ། །དེ་ལ་རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པས་ནི་ལས་ཀྱི་སྒྲིབ་པ་དེ་མཇུག་འཇོམས་པར་ བྱེད་དོ། །གཉེན་པོ་ཀུན་དུ་སྤྱོད་པས་ནི་དེ་རྣམ་པར་སྨིན་པར་བྱེད་པའི་མཐུ་ཉམས་སྨད་པར་བྱེད་དོ། །སོར་ཆུད་པར་བྱེད་པའི་སྟོབས་ཀྱིས་ནི་དེ་རྣམ་པར་སྨིན་པར་བྱེད་པའི་མཐུ་སེལ་བར་བྱེད་དོ། །རྟེན་གྱི་སྟོབས་ཀྱིས་ནི་སྔར་བྱུང་བ་ནི་རྒྱང་སྲིང་བར་བྱེད་ལ། སྔར་མ་བྱུང་བ་ནི་མི་སྐྱེ་བར་བྱེད་དོ། །འདི་ ལྟར་རྟེན་གྱི་སྟོབས་ནི་དགེ་བའི་གཤེས་གཉེན་ལ་བརྟེན་པ་དང་། ཆོས་ཀྱི་དེ་ཁོ་ན་ལ་སྤྱོད་པ་སྟེ། དེ་ལྟ་བས་ན་རྣམ་པ་དེ་དག་གིས་ལས་ཀྱི་སྒྲིབ་པ་བྱས་ཤིང་བསགས་པ་ཡང་མ་ལུས་པར་འབྱང་བར་འགྱུར་ཞེས་བྱ་བ་ནི་རིགས་པ་ཡིན་ནོ། །གཟུངས་ཐོབ་པར་བྱ་བའི་ཐབས་བསྟན་པ་ནི་ རྣམ་པར་སུན་འབྱིན་པ་ཀུན་དུ་སྤྱོད་པ་ལ་སོགས་པ་དེ་དག་ངེས་པར་བསྟན་ཏེ། འདི་ལྟ་བུས་ལས་ཀྱི་སྒྲིབ་པ་དེ་དག་མ་ལུས་པར་འབྱང་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་འགྲིབ་པ་དང་འཕེལ་བ་ཅན་གང་ཡིན་པ་དེ་ནི། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མནན་པ་འཕེལ་ན། འགྲིབ་པར་འགྱུར་བའི་ ཆོས་ཅན་ཡིན་ཏེ། དཔེར་ན་མེ་འབར་བ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ལས་ཀྱི་སྒྲིབ་པ་ཡང་འགྲིབ་པ་དང་འཕེལ་བ་ཅན་ཡིན་ནོ། །ཆུད་ཟ་བར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་ནི། གཉེན་པོ་བསྒོམ་པ་མེད་པ་ལ་བྱ་བར་ཤེས་པར་བྱའོ། །དེ་ལྟ་མ་ཡིན་ན་ནི་རིགས་ པ་དང་འགལ་བ་དང་། མདོ་སྡེ་མང་པོ་དག་དང་འགལ་བར་འགྱུར་རོ། །ངེས་པ་ཞེས་བྱ་བའི་ཚིག་ཀྱང་དེ་ཉིད་ཀྱིས་བསྟན་ཏོ། །མ་ངེས་པ་ནི་གཉེན་པོ་བསྒོམ་པ་མེད་བཞིན་དུ་ཡང་ཇི་སྟེ་ན་འབྲས་བུར་མི་འགྱུར་བའི་ཕྱིར་རོ། །སྤོབས་པ་རྒྱུན་མི་འཆད་པ་ཡང་འཐོབ་པར་འགྱུར་ཏེ། སྤོབས་པ་རྒྱུན་ མི་འཆད་པ་ནི་རྣམ་པ་གཉིས་ཏེ། མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་དང་། གོང་ནས་གོང་དུ་སྤོབས་པའི་མཐུ་དང་ལྡན་པའོ། །གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་དེའི་ཕྱིར་བདུད་ཀྱི་ལས་མེད་དོ། །བདུད་ཀྱི་ལས་ལས་རིང་བར་གྱུར་ན་ལས་ཀྱི་སྒྲིབ་པ་བདེ་བླག་ཏུ་འབྱང་ བར་འགྱུར་རོ། །ལས་ཀྱི་སྒྲིབ་པ་བྱང་ན་སྤོབས་པ་རྒྱུན་མི་འཆད་པ་ཐོབ་པར་འགྱུར་ཏེ། འདི་ནི་ཕན་ཡོན་གྱི་རིམ་པ་ཡིན་ནོ། །དོན་དེ་ཡང་ཚིགས་སུ་བཅད་པས་གསུངས་ཏེ། ཅིའི་ཕྱིར་བཟླས་ཏེ་གསུངས་ཤེ་ན། ངེས་པར་གཟུང་བའི་ཕྱིར་ཏེ། དེས་ནི་འདི་བསྟན་ཏེ། གཟུངས་ལ་མངོན་པར་བརྩོན་ པ་ཐམས་ཅད་ཀྱི་ཕན་ཡོན་འདི་དག་ངེས་པ་ཁོ་ན་འཐོབ་པ་ལ་བྱའི། ཁ་ཅིག་ལ་སྲིད་པ་ཙམ་གྱི་ཕྱིར་ཕན་ཡོན་དུ་བསྟན་པ་ནི་མ་ཡིན་ནོ། །ཡང་ན་གང་དག་ཕན་ཡོན་སྟོན་པའི་ཚེ་ནི་མ་འདུས་ལ། ཕྱིས་ལྷགས་པ་དེ་དག་གི་ཆེད་དུ་ཕན་ཡོན་དེ་ཚིགས་སུ་བཅད་པས་བརྡ་སྤྲད་པར་མཛད་དེ། ཚིག་དང་ ཡི་གེའི་འབྲུ་དེ་དག་ཉིད་ཀྱིས་བརྡ་སྤྲད་དུ་ཟིན་ན། གདུལ་བ་སྔ་མ་རྣམས་འཕྱ་བར་འགྱུར་བའི་ཕྱིར་རོ། །ཡང་ན་བདག་ཉིད་ཀྱིས་སོ་སོ་ཡང་དག་པར་རིག་པའི་ཆེ་བ་ཉིད་བསྟན་པའི་ཕྱིར་ཡང་ཚིགས་སུ་བཅད་དེ་ཕན་ཡོན་གསུངས་སོ། །ཡང་ན་འཐད་པ་བསྟན་པའི་ཕྱིར་ཏེ། འདི་ལྟར་སྤོབས་པ་མཐའ་ ཡས་ཀྱང་ཐོབ་པར་འགྱུར་ཞེས་བྱ་བ་དེའི་འཐད་པ་ནི། དེའི་ལས་ཀྱི་སྒྲིབ་པ་མྱུར་དུ་འབྱང་ཞེས་བྱ་བ་ཡིན་ནོ། །དེའི་འཐད་པ་ནི། དེ་ལ་བདུད་ཀྱིས་གླགས་ནི་རྙེད་མི་འགྱུར། །ཞེས་བྱ་བ་ཡིན་ནོ། །དེའི་འཐད་པ་ནི། དེ་ནི་སངས་རྒྱས་ཀུན་གྱིས་ཡིད་ལ་མཛད། །ཅེས་བྱ་བ་ཡིན་ནོ། །དེའི་འཐད་པ་ནི། གཟུངས་འདི་ལ་མངོན་པར་བརྩོན་པ་ཞེས་བྱ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་གཟུངས་ལ་མངོན་པར་བརྩོན་པ་དེའི་ཕན་ཡོན་ནི། འདི་ནི་སངས་རྒྱས་ཀུན་གྱིས་ཡིད་ལ་མཛད། །ཅེས་བྱ་བ་འདི་ཁོ་ན་ཡིན་ནོ། །གཞན་ནི་བརྒྱུད་པར་ཤེས་པར་བྱའོ། །མཐའ་ཡས་པ་ནི་ཟད་པ་མེད་པའམ། ཡོན་ཏན་མཐའ་ཡས་པ་ དང་ལྡན་པའི་ཕྱིར་རོ། །ད་ནི་སྔོན་བྱུང་བ་བསྙད་པ་བརྗོད་པར་བྱ་སྟེ། སྔོན་བྱུང་བ་ནི་མདོར་བསྡུ་ན། །རྣམ་པ་དགུར་ནི་བསྟན་པར་མཛད། །དེ་ཡང་སོ་སོར་དབྱེ་བ་ནི། །རྣམ་པ་མང་པོའི་དབྱེ་བ་ཡོད། །བསྒྲུབ་པར་བྱ་བའི་དངོས་པོ་ལ་ངེས་པ་བསྐྱེད་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་སྔོན་བྱུང་བ་བསྙད་ པ་རྣམ་པ་དགུའི་རིམ་གྱིས་སྟོན་པར་མཛད་དེ། དགུ་གང་ཞེ་ན། འདི་ལྟ་སྟེ་སྟོན་པ་པོ་བསྟན་པ་ནི། སྟོན་པ་དེ་འདྲ་བ་ལས་ན། གདོན་མི་ཟ་བར་འབྲས་བུ་དེ་ལྟ་བུ་ཐོབ་པར་འགྱུར་རོ་ཞེས་ཐེ་ཚོམ་མི་བྱ་བར་བསྟན་པའི་ཕྱིར་རོ། །གཟུངས་ཐོབ་པ་པོའི་རིགས་བསྟན་པ་དང་། ཐོབ་པ་པོ་བསྟན་པ་དང་། ཐོས་ནས་ ཐོབ་པར་བྱ་བའི་ཕྱིར་མངོན་པར་བརྩོན་པ་བསྟན་པ་དང་། ཐོབ་པ་བསྟན་པ་དང་། ཐོབ་པའི་འབྲས་བུ་བསྟན་པ་སྟེ། འདི་ལྟ་བུའི་རིགས་སུ་སྐྱེས་ལ། ན་ཚོད་འདི་ཙམ་གྱིས་བརྩོན་འགྲུས་འདི་ལྟ་བུ་བྱས་ཏེ་འབྲས་བུ་འདི་ལྟ་བུ་ཐོབ་ནས། གཞན་ལ་ཕན་པ་འདི་ལྟ་བུ་བྱེད་ན། བདག་ཅག་གིས་ཀྱང་འདི་ལྟ་བུ་ ཅིའི་ཕྱིར་མི་བྱ་སྙམ་དུ་བརྩོན་འགྲུས་ཆུང་བ་རྣམས་སྤྲོ་བ་བསྐྱེད་པའི་ཕྱིར་རོ། །རྗེས་སུ་ཡི་རང་བྱེད་པ་བསྟན་པ་ནི་རྗེས་སུ་ཡི་རང་བ་ཙམ་གྱིས་ཀྱང་འབྲས་བུ་དེ་ལྟ་བུ་འཐོབ་ན། ཇི་སྐད་བསྟན་པའི་སྤྱོད་པ་ལ་ནན་ཏན་དུ་སྒྲུབ་པས་ལྟ་ཅིའི་ཕྱིར་ཐོབ་པར་མི་འགྱུར་སྙམ་དུ་ངེས་པ་བསྐྱེད་པའི་ཕྱིར་རོ། །དེ་ཇི་ལྟར་ མངོན་སྙམ་པའི་ཐེ་ཚོམ་བསལ་བའི་ཕྱིར་རྗེས་སུ་ཡི་རང་བའི་འབྲས་བུ་བསྟན་པ་དང་། བདག་དང་གཞན་དག་ལས་དཔེ་བླངས་ནས། རྗེས་སུ་ཡི་རང་བའི་འབྲས་བུ་བརྡ་སྤྲད་པ་སྟེ། འདི་ནི་མདོར་བསྟན་པའོ། །འདི་ལྟར་སྔོན་བྱུང་བ་བསྙད་པ་དེ་སོ་སོར་དབྱེ་ན་ནི་རྣམ་པ་དུ་མར་ དབྱེ་བ་ཡོད་དོ། །གང་གི་ཕྱིར་སྟོན་པ་པོ་ཡང་། དུས་དང་མཚན་དང་ཡོན་ཏན་དང་། ཡོངས་སུ་མྱ་ངན་ལས་འདས་པ་རྣམ་པ་བཞིར་བསྟན་པའི་ཕྱིར་རོ། །དེ་ལ་དུས་ནི་སྔོན་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། ཆགས་བྲལ་སློབ་དང་མི་སློབ་དང་། །བསེ་རུ་ལ་སོགས་རྒྱལ་བའི་སྲས། །དེ་དག་ གིས་ཤེས་ལམ་ལས་འདས། །གྲངས་མེད་ལ་སོགས་བསྟན་པ་ཡིན། །གྲངས་མེད་པ་ནི་འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཤེས་པའི་ལམ་ལས་འདས་པའོ། །ཆེས་གྲངས་མེད་པ་ནི་སློབ་པ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཤེས་པའི་ལམ་ལས་འདས་པའོ། །ཡངས་པ་ནི་ མི་སློབ་པ་རྣམས་ཀྱི་ཤེས་པའི་ལམ་ལས་འདས་པའོ། །རྒྱ་ཆེར་གྱུར་པ་ནི་བསེ་རུ་ལ་སོགས་པའི་ཤེས་པའི་ལམ་ལས་འདས་པ་སྟེ། སོགས་པ་སྨོས་པས་ནི། རང་སངས་རྒྱས་ཚོགས་དང་སྤྱོད་པ་རྣམས་བསྡུའོ། །ཚད་མེད་པ་ལས་ནི་བདེ་བར་གཤེགས་པའི་སྲས་རྣམས་ཀྱི་ཤེས་པའི་ལམ་ལས་ འདས་པའོ། །ཡང་ན། གཞལ་བྱའི་དངོས་པོ་བྱེ་བྲག་དག །གོ་བྱེད་གྲངས་དང་བསྟོད་གཞལ་དང་། །ཀུན་ནས་གཞལ་དང་ཚད་ཅེས་བྱ། །དེ་དག་མེད་ཕྱིར་དེ་སྐད་བསྟན། །གྲངས་མེད་པ་ལ་སོགས་ཞེས་བྱ་བའི་ཐ་ཚིག་སྟེ། གྲངས་མེད་པ་ནི་ཡོངས་སུ་གཅོད་པར་བྱེད་པའི་གྲངས་མེད་པའི་ ཕྱིར་རོ། །ཆེས་གྲངས་མེད་པ་ནི་གནས་དྲུག་ཅུ་པར་བབ་པའི་གྲངས་ལ་གྲངས་མེད་པ་ཞེས་བྱ་བ་ཡིན་པར་དོགས་པ་བསལ་བའི་ཕྱིར་གྲངས་མེད་པའི་བྱེ་བྲག་སྨོས་པར་མཛད་པའོ། །ཡངས་པ་སྨོས་པ་ནི་བསྟོད་དེ་གཞལ་བ་མེད་པའི་ཕྱིར་རོ། །ཀུན་ནས་གཞལ་བ་ནི་ཀུན་ཏུ་གཞལ་བ་ཡིན་པའི་ཕྱིར་ཡོངས་ སུ་གཞལ་བ་སྟེ། དེ་མེད་པའི་རྒྱ་ཆེ་བར་གྱུར་པའོ། །ཚད་མེད་པ་ནི་ཚད་མེད་པའི་ཕྱིར་རོ། །དེ་ལྟར་ན་དེ་ལ་ཡོངས་སུ་གཅོད་པར་བྱེད་པ་ཐམས་ཅད་མེད་པར་བསྟན་པའི་ཕྱིར་རོ། །སྔ་མ་སྔ་མ་སྒྲུབ་པ་ཡི། །གཏན་ཚིགས་ཕྱི་མ་ཕྱི་མ་ཡིན། །ཡང་ན་གྲངས་མེད་པ་ལ་སོགས་པ་སྔ་མ་སྔ་མ་བསྒྲུབ་པའི་ གཏན་ཚིགས་ནི། ཆེས་གྲངས་མེད་པ་ལ་སོགས་པ་ཕྱི་མ་ཕྱི་མ་ཡིན་པར་ཤེས་པར་བྱའོ། །ཡང་ན་ལ་ལ་སྔར་མ་ཐོས། །གང་ཡང་རུང་བས་དོན་དེ་སྟོན། །ཡང་གདུལ་བྱ་ཁ་ཅིག་སྔ་མ་བསྟན་པའི་ཚེ། དོན་དེ་མ་ཐོས་པ་ལ་ཕྱིས་ཆེས་གྲངས་མེད་པ་ལ་སོགས་པའི་ཚིག་གཞན་གྱིས་བརྡ་སྤྲོད་པར་མཛད་དོ། ། མཚན་ནི་རིན་ཆེན་དཔལ་གྱི་གཟི་བརྗིད་རྒྱལ་པོ་ཞེས་བྱ་བའོ། །ཡོན་ཏན་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏེ། གདུལ་བྱའི་དོན་ནི་རབ་བསྒྲུབ་ཕྱིར། །ཡེ་ཤེས་སྤངས་པའི་རང་བཞིན་ཉིད། །ཅི་འདྲ་དེ་ནི་རྒྱུ་དང་བཅས། །ཕུན་སུམ་ཚོགས་གཉིས་བསྟོད་པ་གསུངས། །གདུལ་ བ་བཅོམ་ལྡན་འདས་ལ་མངོན་པར་མ་དད་པ་རྣམས་དད་པ་བསྐྱེད་པའི་ཕྱིར་དང་། མངོན་པར་དད་པ་རྣམས་དད་པ་འཕེལ་བར་བྱ་བའི་ཕྱིར། བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་རྣམ་པ་གཉིས་ཀྱིས་བསྟོད་པ་གསུངས་སོ། །རང་གི་དོན་ཕུན་སུམ་ཚོགས་པ་སྔར་སྨོས་པ་ནི་དེ་ཞར་ལས་བྱུང་བ་ ཡིན་ཡང་། དེ་ཅིག་ཤོས་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་ལ་ཡེ་ཤེས་དང་སྤངས་པ་ཕུན་སུམ་ཚོགས་པའི་རྒྱུ་མཚོན་པ་ནི། དེ་བཞིན་གཤེགས་པ་ཉིད་ཀྱིས་བསྟན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་སྔ་མ་རྣམས་ལམ་གང་ནས་གཤེགས་པ་ཉིད་ནས་གཤ