Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 8 / 23 (50.000 ký tự/trang)
། །སྲིད་པའི་ཡོ་བྱད་གཏོང་བར་མ་ཕོད་ཅིང་། །ཕུང་པོ་སྒྱུ་མའི་ལུས་ལ་ཆགས་ཤིང་ཞེན། །ལས་ཀྱི་དབང་བཙན་ ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་དྲ་བའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོ་སྲིད་པའི་བཙོན་རར་ཚུད། །མི་བཟད་སྡུག་བསྔལ་དྲག་པོ་འདི་འདྲ་ན། །ཉེས་པ་ཐམས་ཅད་རང་གི་ལས་ལས་བྱུང་། །ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ། །ཉོན་མོངས་ལས་ ཀྱི་རྒྱུན་ནི་བཟློག་ཏུ་གསོལ། །ཉོན་མོངས་ལས་ཀྱི་རྒྱུན་ནི་དབང་བཙན་པས། །མ་རིག་མུན་པའི་ནང་དུ་གཏན་འཁྱམས་ཏེ། །ཡེ་ཤེས་ཉི་མའི་འོད་ཀྱིས་བསལ་དུ་གསོལ། །ཉེས་བྱས་ལས་ཀྱི་འབྲས་བུ་མི་བཟད་ན། །ཐུགས་རྗེ་ཆེན་པོས་ཕྲིན་ལས་མཛད་དུ་གསོལ། །དུག་གསུམ་སྡུག་ བསྔལ་ནད་ཀྱིས་གཟིར་ལགས་ན། །ཐབས་མཁས་ཐུགས་རྗེའི་སྨན་གྱིས་གསོ་བར་གསོལ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན། །མྱུར་མགྱོགས་ཐུགས་རྗེའི་ཕྱག་གིས་གཟུང་དུ་གསོལ། །སྲིད་པའི་ཆུ་བོས་བདག་ཅག་ཁྱེར་ལགས་ན། །ཟག་མེད་ཡེ་ཤེས་གྲུ་ཡིས་བསྒྲལ་དུ་གསོལ། ། རྒྱལ་བའི་མཚན་བརྗོད་ཡོན་ཏན་བསམ་མི་ཁྱབ། །ཡོན་ཏན་གཞུང་ལས་ཇི་ལྟར་བྱུང་བ་བཞིན། །མ་ལུས་བདག་ལ་མྱུར་དུ་སྩལ་དུ་གསོལ། །རྒྱལ་བའི་ཐུགས་ཀྱིས་བདག་ལ་བྱིན་གྱིས་རློབས། །ཕྱག་འཚལ་བསྟོད་དང་སྡིག་བཤགས་སྨྲེ་གསོལ་དང་། །དགེ་བའི་ལས་ནི་ཅུང་ཟད་ཅི་བསགས་པ། ། ཐམས་ཅད་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མི་དམིགས་བསྔོ་དང་གསོལ་བཏབ་སྨོན་ལམ་དང་། །སྤྱན་རས་གཟིགས་དབང་ཐུགས་རྗེའི་བྱིན་རླབས་ཀྱིས། །ཞིང་རབ་དམ་པའི་གནས་སུ་སྐྱེ་བར་ཤོག །ཞིང་རབ་དམ་པའི་གནས་སུ་སྐྱེས་ནས་ཀྱང་། །རྒྱལ་བ་སྲས་བཅས་ཞལ་མཐོང་གསུང་ ཐོས་ཤོག །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །མཆོད་པའི་ཡོ་བྱད་བདག་ལ་མ་མཆིས་པས། །སྨྲེ་སྔགས་ཆེན་པོས་ཁྱེད་ལ་གསོལ་འདེབས་ན། །མཆོག་གི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །གང་དང་གང་ལ་མགོན་ དང་སྐྱབས་མེད་པ། །དེ་དང་དེ་ཡི་མགོན་སྐྱབས་ཞལ་བཞེས་ན། །སྐྱབས་མེད་སྡིག་ཅན་རྣམས་ལ་བསྐྱབ་ཏུ་གསོལ། །སྐྱབས་མེད་ཚེ་འདས་རྣམས་ལ་བསྐྱབ་ཏུ་གསོལ། །སྐྱབས་མེད་འཁོར་བར་འཁྱམས་ལ་བསྐྱབ་ཏུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཉིན་ རེ་བཞིན་དུ་སྡིག་པ་ཟིལ་གྱིས་ནོན། །ལས་ངན་སྒྲིབ་པ་ཅི་མཆིས་བསལ་དུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །བདག་ནི་ཉོན་མོངས་དབང་དུ་མི་འགྲོ་བར། །སྡིག་པའི་ལས་ནི་གང་ཡང་མི་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པ་རུ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་ བརླབ་ཏུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །མཚན་ནས་བརྗོད་པ་ཙམ་གྱིས་སྡུག་བསྔལ་རྣམས། །ཞི་བར་མཛད་པ་ཁྱེད་དང་མཇལ་གྱུར་ན། །བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་ན། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཁྱེད་ཀྱི་གཟུངས་སྔགས་ བརྗོད་པའི་ཕན་ཡོན་ནམ། །ཡོན་ཏན་གཞུང་ལས་ཇི་ལྟར་བཤད་པ་བཞིན། །མ་ལུས་བདག་ལ་མྱུར་དུ་སྩལ་དུ་གསོལ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །བདག་གིས་ཁྱེད་བསྒོམས་སྙིང་པོ་བཟླས་པ་དང་། །ཕྱག་འཚལ་བསྟོད་དང་སྡིག་བཤགས་སྨྲེ་གསོལ་བས། །མགོན་ པོ་ཁྱེད་ཀྱི་ཞལ་མཐོང་གསུང་ཐོས་ནས། །ཁྱེད་ཀྱི་གོ་འཕང་མྱུར་དུ་ཐོབ་ནས་ཀྱང་། །བདག་ཀྱང་ཁྱེད་ལྟར་འགྲོ་དོན་བྱེད་པར་ཤོག །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ་སྲིད་བདག་གི་ལུས་སྐྱེད་པས། །ལུས་ཀྱིས་མགོན་པོ་མཆོད་བྱེད་ཅིང་། །ལུས་ ཀྱི་ཚོགས་ནི་རྫོགས་པར་ཤོག །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཇི་སྲིད་བདག་ནི་འཁོར་བའི་ཚེ། །དེ་སྲིད་བདག་གི་ངག་སྐྱེད་པས། །ངག་གིས་མགོན་པོའི་མཚན་བརྗོད་ཅིང་། །ངག་གི་ཚོགས་ནི་རྫོགས་པར་ཤོག །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། །ཇི་སྲིད་ བདག་ནི་འཁོར་བའི་ཚེ། །དེ་སྲིད་བདག་གི་ཡིད་སྐྱེད་པས། །ཡིད་ཀྱིས་མགོན་པོ་རྗེས་དྲན་ཞིང་། །ཡིད་ཀྱི་ཚོགས་ནི་རྫོགས་པར་ཤོག །དེ་ལྟར་ལུས་ངག་ཡིད་གསུམ་གྱིས། །ཐུགས་རྗེའི་དབང་ཕྱུག་བསྟེན་བགྱིས་པས། །ལུས་ངག་ཡིད་གསུམ་སྐྱོན་བྲལ་ནས། །ཡོན་ཏན་ཕུན་སུམ་ཚོགས་པར་ཤོག ། དེ་ལྟར་ལུས་ངག་ཡིད་གསུམ་གྱི། །ཐུགས་རྗེའི་དབང་ཕྱུག་སྐུ་གསུང་ཐུགས། །རྟག་ཏུ་དད་གུས་བགྱིས་པ་ན། །ཐུགས་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །སྲིད་གསུམ་རེ་བའི་གནས་གཅིག་པོ། །ཡོན་ཏན་བསམ་གྱིས་མི་ཁྱབ་པ། །དེ་འདྲ་བདག་ཀྱང་འགྲུབ་གྱུར་ནས། །སྲིད་གསུམ་རེ་བ་ རྫོགས་པར་ཤོག །སྲིད་གསུམ་འདོད་དགུ་འབྱུང་བར་ཤོག །སྲིད་པ་གསུམ་གྱི་སེམས་ཅན་ལ། །དངོས་སམ་བརྒྱུད་པས་ཕན་ཐོགས་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ། སློབ་དཔོན་ཙནྡྲ་གོ་མིས་བསྟོད་པ་སྨྲེ་སྔགས་སུ་གསོལ་བ་རྫོགས་སོ།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཀཱ་རུ་ཎི་ཀ་ཀུ་བཱཀྱ་སྟོ་ཏྲཱ་དྷི་ཏིཥྛཱ་ཏ་ནཱ་མ། བོད་སྐད་དུ། ཐུགས་རྗེ་ཆེན་པོ་ལ་སྨྲེ་སྔགས་ཀྱིས་བསྟོད་པ་བྱིན་རླབས་ཅན་ཞེས་བྱ་བ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས། ། དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ། །རྣམ་དག་འོད་གསལ་ཟླ་བའི་དཀྱིལ་ལྟར་མཛེས། །ཇི་ལྟར་མཁའ་ལ་ཉི་འོད་སྟོང་འབར་བཞིན། །དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ། །སྲིད་པ་གསུམ་གྱི་ས་མཁན་སྟོན་བར་གྲགས། །ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་ པོ། །བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་བདག་ལ་དགོངས། །བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས། །ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམ། །སྔོན་ཚེ་ལས་ལོག་སྡིག་པ་སྤྱད་པས་ནོངས། །སྡིག་པའི་ལས་རྣམས་ཅི་བྱས་རབ་གནོང་འགྱོད། །དར་ཞིང་དྲག་པའི་ལས་དེ་དབང་བཙན་ པས། །འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ། །ཞེ་སྡང་འབར་བའི་མེ་ཡིས་རང་རྒྱུད་བསྲེགས། །གཏི་མུག་མུན་པའི་ཚོགས་ཀྱིས་ཤེས་རྒྱུད་རྨོངས། །འདོད་ཆགས་རྒྱ་མཚོའི་ནང་དུ་རྣམ་ཤེས་བྱིང་། །ང་རྒྱལ་ཆེན་པོའི་རི་བོས་ངན་འགྲོར་མནན། །ཕྲག་དོག་རླུང་དམར་འཚུབ་མས་འཁོར་བར་ གཡེངས། །བདག་ཏུ་འཛིན་པའི་མདུད་པ་དམ་པོས་བཅིངས། །འདོད་པ་མེ་མདག་དོང་འདྲའི་འོབས་སུ་ལྷུང་། །སྡུག་བསྔལ་དྲག་པོའི་འདམ་རྫབ་ཆར་ལྟར་བབ། །མེ་ཁམས་ཉི་མའི་དུགས་ནི་སྟེང་ནས་ཚ། །ཆུ་ཁམས་ས་ཡི་རླན་ནི་འོག་ནས་གྲང་། །ཕྱི་ཡི་སེར་བུའི་ངད་ནི་ཐད་ནས་ཚ། །ཀུན་ནས་ འཁྲུགས་པའི་རླུང་ནི་ཁོང་ནས་ལྡང་། །དེ་ལྟའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཡང་། །སྡོམ་པའི་ཡི་དམ་གཞིག་ཏུ་ག་ལ་རུང་། །སྡུག་བསྔལ་ཀུན་དང་བསྡོས་ནས་སྡོམ་བསྲུང་ཞིང་། །མོས་པའི་དད་པས་འཕགས་མཆོག་མི་འདོར་ན། །འཕགས་མཆོག་འགྲོ་དོན་མི་མཛད་ཅི་ཞིག་དགོངས། ། བྱམས་མགོན་ཅི་སླད་བདག་ལ་ཐུགས་མི་བརྩེ། །བདག་འདྲའི་བླུན་རྨོངས་ལས་ངན་སྡིག་པོ་<ཆ‚ཆེ>། །ལས་ཀྱི་དབང་གིས་སྙིགས་མའི་དུས་འདིར་སྐྱེས། །སྐྱེས་པས་འགྱོད་དེ་ལས་ལ་ཡི་རེ་ཆད། །ཡི་ཆད་འགྱོད་ཀྱང་ལས་དབང་བཅོས་སུ་མེད། །ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། །ལས་ དབང་ཆུ་རྒྱུན་འབོག་པར་ཤིན་ཏུ་དཀའ། །བཀའ་ལ་ཞུགས་ཀྱང་བཀའ་བཞིན་རྔོ་མ་ཐོགས། །ལུས་ངག་ཡིད་གསུམ་སྡིག་པའི་དབང་དུ་སོང་། །སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས། །རྣམ་ཤེས་དབང་པོའི་མྱུ་གུ་གདུངས་གྱུར་ཏེ། །ཕུང་པོ་སྒྱུ་མའི་ལུས་འདིས་མི་བཟོད་ན། །བྱམས་ མགོན་ཐུགས་རྗེ་ཅན་གྱིས་དགོངས་ལགས་སམ། །ཉི་ལྟར་འོད་གསལ་ཟླ་ལྟར་མདངས་གསལ་བའི། །ཐུགས་རྗེའི་ཞལ་ཉིད་བལྟ་བར་འཚལ་ལགས་ན། །ཐོག་མ་མེད་ནས་མ་རིག་ལིང་ཐོག་གིས། །ལྡོངས་པའི་ཆུ་བུར་མིག་གིས་མ་མཐོང་ན། །འགྲོ་བའི་མགོན་ཁྱོད་ད་ལྟ་ག་ན་བཞུགས། །སྡུག་ བསྔལ་དྲག་པོ་ཤིན་ཏུ་མི་བཟོད་པ། །ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས། །དུང་དུང་གདུངས་པའི་སྨྲེ་སྔགས་འདི་འདོན་ཅིང་། །ཉམ་ཐག་ཕོངས་པའི་ང་རོས་འོ་དོད་འབོད། །བྱམས་མགོན་ཐུགས་རྗེ་ཅན་གྱིས་གསན་ལགས་སམ། །ནམ་ཞིག་འཆི་འཕོ་ལུས་སེམས་བརྗེ་བའི་ཚེ། །གཉེན་ བཤེས་གྲོགས་དང་ཕྲལ་ཏེ་གཤིན་རྗེས་ཁྲིད། །དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ། །ལས་ཀྱི་དབང་གིས་བདག་རང་གཅིག་པུར་ཁྲིད། །དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ན། །བྱམས་མགོན་ཁྱེད་ཀྱིས་འཁོར་བར་བདག་གཏོང་ངམ། །ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ། །ཐོག་ མ་མེད་པའི་དུས་ནས་ལམ་ལོག་པས། །ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ། །བསྐལ་པ་དཔག་མེད་སྐྱེ་བ་ཇི་སྙེད་དུ། །སྔོན་ཆད་ལུས་བླངས་གྲངས་མེད་ཞིག་གྱུར་ཏེ། །ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ། །ལས་འཕྲོ་ བསགས་ན་བསམ་འདས་བརྗོད་མི་ལང་། །ཁམས་གསུམ་བགྲང་ཞིང་སྐྱེ་བ་མང་བརྒྱུད་ཀྱང་། །བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས། །སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལ། །སྐྱེ་བ་གཅིག་གིས་ཁོ་ན་ཙམ་གྱི་ལས། །བླ་མེད་བྱང་ཆུབ་དོན་དུ་རབ་འབད་ན། །དེ་ཙམ་བྱས་པའི་ལས་ལའང་དོན་རེ་ཡོད། ། ལས་ནི་དབང་བཙན་ཉོན་མོངས་སྟོབས་ཆེ་བས། །ཤ་ཁྲག་འདུས་པའི་ལུས་བླངས་འཁོར་བར་འཁྱམས། །སྡུག་བསྔལ་དྲག་པོས་སྲིད་པའི་བཙོན་རར་ཚུད། །མི་བཟོད་སྡུག་བསྔལ་དྲག་པོ་འདི་མྱོང་ན། །ཉེས་བྱས་ཐམས་ཅད་རང་གི་ལས་ལས་བྱུང་། །བྱམས་མགོན་ཐུགས་རྗེ་ཅན་གྱིས་ བཟོད་ལགས་སམ། །ཐུགས་རྗེ་ཆེན་པོས་ངན་སོང་རྒྱུན་གཅད་དེ། །ཉོན་མོངས་ལས་ཀྱི་རླུང་ནི་ཟློག་ཏུ་གསོལ། །ཉོན་མོངས་ལས་ཀྱི་རླུང་ནི་དབང་བཙན་ནས། །མ་རིག་མུན་པའི་གླིང་དུ་གཏན་འཁྱམས་ན། །ཡེ་ཤེས་སྒྲོན་མེའི་ཟེར་གྱིས་མི་གཟིགས་སམ། །ཉེས་བྱས་ལས་ཀྱི་འབྲས་ བུ་མི་བཟོད་ན། །ཐུགས་རྗེ་ཅན་ཁྱོད་ཕྲིན་ལས་མི་མཛད་དམ། །དུག་གསུམ་བཟོད་དཀའི་ནད་ཀྱིས་གདུངས་ལགས་ན། །ཐུགས་རྗེ་ཐབས་མཁས་སྨན་གྱིས་མི་གསོ་འམ། །ཕྱིན་ཅི་ལོག་གི་གཡང་སར་ལྷུང་ལགས་ན། །ཐུགས་རྗེས་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ། །སྡུག་བསྔལ་དྲག་ པོའི་ལས་དབང་མེ་འབར་ན། །ཐུགས་རྗེས་བསིལ་བའི་ཆུ་རྒྱུན་མི་འབེབས་སམ། །སྡུག་བསྔལ་ཆེན་པོས་མནར་རོ་ར་མདའ་མཛོད། །རེ་སས་སླུ་བར་མ་མཛད་སྤྱན་རས་གཟིགས། །གང་ལ་གང་འདུལ་འགྲོ་བའི་དོན་མཛད་པར། །ཞལ་བཞེས་མང་པོའི་དམ་བཅའ་མི་མཛད་དམ། །མཐོང་ཐོས་དྲན་ རེག་འབྱུང་བར་མ་གསུངས་སམ། །སྙིགས་མའི་དུས་ཀྱི་ངན་སྤྱོད་མ་གཟིགས་སམ། །ངན་སོང་རྒྱུ་འབྲས་བསྒྲུབ་པ་མ་གཟིགས་སམ། །སྡུག་བསྔལ་དབའ་ཀློང་འཁྲུགས་པ་མ་མཁྱེན་ནམ། །ནུས་མཐུ་དཔག་མེད་མངའ་བ་མ་ལགས་སམ། །བྱམས་མགོན་འགྲོ་དོན་མཛད་པར་འཕྱིས་པ་ཙམ། ། ཁམས་གསུམ་འཁོར་བའི་གནས་སུ་སྦྱངས་སྦྱངས་ནས། །ནམ་ཞིག་རང་གིས་འབྲས་བུ་ཐོབ་པའི་ཚེ། །འཕགས་པའི་ཐུགས་རྗེས་ཅི་འཚལ་དོན་མ་མཆིས། །སེམས་ཅན་ལས་འཕྲོ་རང་སོར་བཞག་ན་ནི། །འཕགས་པའི་ཐུགས་རྗེས་སུ་ལ་ཅི་ཞིག་བགྱི། །ཐུགས་རྗེས་འགྲོ་རྣམས་སྒྲོལ་བར་ཞལ་བཞེས་ པའི། །དམ་བཅས་དོན་དེ་དེ་རིང་དགོངས་སུ་གསོལ། །འཕགས་མཆོག་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ན། །ཡལ་ཡོལ་ལེ་ལོ་བཏང་སྙོམས་མ་མཛད་པར། །སྙིང་ནས་གཟིགས་ཤིག་ཐུགས་རྗེ་རྒྱལ་བའི་ལྷ། །རེ་ས་གཞན་ན་མེད་དོ་ཐུགས་རྗེས་ཟུང་། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ དབང་ཕྱུག་ལ་སྨྲེ་སྔགས་ཀྱི་སྒོ་ནས་བསྟོད་པ་བྱིན་རླབས་ཅན་འདི་ཉིད་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་ལྟ་བུར་གྱུར་པ། མཐོང་ལམ་རྒྱུད་ལ་སྐྱེས་པའི་གང་ཟག །སློབ་དཔོན་ཆེན་པོ་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། ༄༅༅། །ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་ རས་གཟིགས། །འགྲོ་ལ་ཉེ་རིང་མེད་པས་ཁྱད་དུ་འཕགས། །སེམས་ཅན་རྣམས་ལ་སྤྱན་རས་གཟིགས་མཛོད་ལ། །ཀུན་གྱིས་རང་ངོ་ཤེས་པར་བྱིན་གྱིས་རློབས། །རང་དོན་དུ་ཆོས་སྐུ་རྟོགས་པ། །གཞན་དོན་དུ་གཟུགས་སྐུ་རྣམ་པ་གཉིས་ཀྱིས། མཐོང་ཐོས་དྲན་རེག་གི་སྒོ་ནས། འགྲོ་བ་ཡོངས་ ལ་ཕན་ཐོགས་པ། འགྲོ་བ་ཡོངས་ཀྱི་དོན་རླབས་པོ་ཆེ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཙཀྲ་བརྟྟི། ཙིནྟཱ་མ་ཎི། མ་ཧཱ་པདྨ་རུ་རུ་ཏིཥྛ། ཛྭ་ལ་ཨཱ་ཀཱཪྵ་ཡ། ཧཱུཾ་ཕཊ་སྭཱ་ཧཱ། རྩ་བའི་གསང་སྔགས་སོ། །ཨོཾ་པདྨ་ཙིནྟཱ་མ་ཎི་ཛྭ་ལ་ཧཱུཾ། སྙིང་པོའོ། །ཨོཾ་བྷ་ར་ཏ་པདྨེ་ཧཱུཾ། ཉེ་བའི་སྙིང་པོའོ།། ༄༅༅། །རྒྱ་གར་སྐད་དུ། ཀཱ་རུ་ཎ་སྟོ་ཏྲ། བོད་སྐད་དུ། སྙིང་རྗེ་ལ་བསྟོད་པ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །པདྨས་བརྒྱན་པ་ ལྷུན་པོ་ལས་བྱུང་བ། །པདྨ་དྲི་མེད་ཕྱག་གི་དབུས་ན་བསྣམས། །ཐོར་ཚུགས་ཅན་ལ་གཟུགས་ལྡན་ཅོད་པན་ཐོགས། །སྤྱི་བོ་འོད་དཔག་མེད་བརྒྱན་ཕྱག་འཚལ་ལོ། །ཐུགས་རྗེ་བྱམས་པས་གཟིགས་པའི་བཅོམ་ལྡན་འདས། །ཕོངས་གྱུར་འགྲོ་བ་ལ་ནི་ཁྱོད་ལྟ་བུ། །གཟིགས་པ་ཙམ་གྱིས་ཞི་བར་ མཛད་པ་པོ། །སྤྱན་རས་གཟིགས་ཀྱིས་བདག་ལ་གཟིགས་སུ་གསོལ། །མཆོག་སྦྱིན་བདག་ནི་རབ་ཏུ་སྡུག་བསྔལ་ཏེ། །མུན་ནག་གཏིབས་པ་སྣང་བ་མེད་པ་བཞིན། །རི་བོ་གཡང་སའི་ཁ་ན་གནས་འདྲ་ཡི། །དུས་འདིར་ཐུགས་རྗེ་ལྡན་པས་གཟིགས་སུ་གསོལ། །ཕོངས་པ་གང་གིས་ད་ནི་དྲན་ བྱས་ན། །དེ་ཡི་སྡུག་བསྔལ་བསལ་བར་བྱའོ་ཞེས། །དང་པོའི་སྨོན་ལམ་མི་འགྱུར་དེ་ལགས་ན། །བདག་ལ་དེ་འདྲའི་འབྲས་བུ་མཆིས་པར་མཛོད། །ང་ནི་མཐོང་ཐོས་རེག་པའམ་དྲན་ཡང་རུང་། །ནད་རྣམས་ཀུན་གྱི་གསོས་སུ་གྱུར་ཅིག་ཅེས། །བདག་ནི་མི་བཟད་ནད་ཀྱིས་ཐེབས་ལགས་ཀྱིས། ། མཆོག་སྦྱིན་དམ་བཅས་དེ་དག་དགོངས་སུ་གསོལ། །གང་ཞིག་སྡུག་བསྔལ་གང་གིས་ཉམ་ཐག་པ། །དེ་དང་དེ་ཡི་སྡུག་བསྔལ་བསལ་ལོ་ཞེས། །འགྲོ་ལ་དགོངས་པ་ཁྱོད་ཀྱིས་རྒྱུན་འབྱུང་ན། །མགོན་པོ་ཅི་སླད་སྡུག་བསྔལ་བདག་མ་གཟིགས། །གང་གིས་ཁྱོད་ནི་རྗེས་དྲན་ཙམ་གྱིས་ཀྱང་། ། དེ་ཡི་མོད་ལ་མགོན་པོས་གནོད་བསལ་ན། །བདག་ནི་རྟག་ཏུ་འདི་ན་བྲོ་འཚལ་ཀྱང་། །ཐུགས་དཔག་མ་མཛད་པ་ནི་བདག་བྱུར་ངན། །མཐུ་ལྡན་སྒྱུ་མེད་ཕན་མཛད་བློ་གྲོས་ཅན། །ཐུགས་རྗེ་ལྡན་པ་ཁྱོད་ལ་བསྟེན་ཀྱང་ནི། །ཅི་སྟེ་འདི་དག་ཞི་བར་མ་གྱུར་ན། །བདག་ནི་སྡུག་བསྔལ་གྱུར་ཏེ་ ཀྱི་ཧུད་ཀྱིས། །གང་དང་གང་དག་སྡུག་བསྔལ་ཉམ་ཐག་ཅིང་། །གང་དང་གང་དག་མགོན་མེད་གྱུར་རྣམས་ལ། །དེ་དང་དེར་ནི་ཁྱོད་ཀྱི་ཐུགས་རྗེ་སྟེ། །མངོན་པར་འཕེལ་བར་འགྱུར་ཞེས་དེ་སྐད་གདའ། །དེ་ནི་ལས་ངན་ཉོན་མོངས་བདག་ལགས་ཤིང་། །སྡུག་བསྔལ་བཟོད་དཀས་ལུས་གཟིར་སྐྱབས་ མ་མཆིས། །སྐྱབས་མེད་བདག་ལ་ཅི་སླད་ཐུགས་མི་རྗེ། །ཉི་ཚེར་གྱུར་ན་ཐུགས་རྗེ་མ་ལགས་མོད། །གང་ཚེ་སྔོན་ཆད་རྨོངས་པ་འཇིག་རྟེན་ན། །ཁྱོད་ཉིད་རྗེས་སུ་དྲན་པར་མ་བགྱིས་པ། །བདག་ནི་ཉོན་མོངས་སྟོབས་ཀྱིས་ཤིན་ཏུ་གཟིར། །མགོན་པོ་འགུམ་དུ་ཉེ་ན་ཐུགས་རྗེས་གཟིགས། ། ཐུགས་རྗེའི་འབྱུང་གནས་ཐུགས་རྗེ་ཆེ་རྒྱས་པ། །སྡུག་བསྔལ་མ་ལུས་ཟད་པར་མཛད་ཁྱོད་ཀྱིས། །ཅི་སྟེ་བདག་ནི་སྤངས་པར་གྱུར་ན་ཡང་། །བདག་གི་མགོན་བགྱིད་གཞན་ནི་སུ་ལགས་གསུངས། །ཁྱོད་ལ་སྐྱབས་སུ་མཆིས་བ་ཙམ་གྱིས་ཀྱང་། །དེ་ཡི་མོད་ལ་སྡུག་བསྔལ་སེལ་མཛད་པས། ། མགོན་པོ་ཁྱོད་ནི་བདག་གི་སྐྱབས་ལགས་ཀྱིས། །ཐུགས་རྗེས་མི་བཟད་འདི་ལས་བསྐྱབ་ཏུ་གསོལ། །མཚན་ནས་བརྗོད་པ་ཙམ་གྱིས་ཉམ་ཐག་པ། །ཞི་བར་མཛད་པ་ཁྱོད་དང་མཇལ་གྱུར་ལ། །བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་ན། །ཁྱོད་ནི་ཐུགས་རྗེ་ཅན་དུ་རུང་ལགས་སམ། །ཁྱོད་ ཀྱིས་སེམས་ཅན་བསྐྱབ་ཕྱིར་སྨོན་ལམ་གང་། །བཏབ་པར་གྱུར་དེའང་འགྲུབ་པར་འགྱུར་ལགས་ན། །བདག་ཀྱང་སེམས་ཅན་གྲངས་སུ་གཏོགས་པས་ན། །མཆོག་སྦྱིན་བདག་གི་དུཿཁ་བསལ་དུ་གསོལ། །ཁྱོད་ལ་བདག་ནི་སྐྱབས་སུ་མཆིས་ཀྱང་ནི། །ཅི་སྟེ་དེ་ནི་ཉམ་ཐག་གྱུར་ན་ཀོ། །ཉི་མ་མུན་ པའི་ཚོགས་སུ་གྱུར་པ་བཞིན། །ཟླ་བའི་འོད་ཟེར་སྲེག་པར་བྱེད་འདྲ་གང་། །ཁྱོད་ནི་འཇིག་རྟེན་དག་ལ་གསོལ་འདེབས་ན། །བདག་ནི་ཁྱོད་ལ་གསོལ་བ་བགྱིད་གྱུར་པ། །བདག་ནི་སྐྱེ་བོ་ངན་པ་སྐལ་པ་ཆུང་། །བསོད་ནམས་མིན་པའི་དྲི་མ་ངན་པ་ཅན། །མགོན་པོ་ཐུགས་རྗེ་ཆེ་དང་མ་བྲལ་ བས། །སེམས་ཅན་དོན་ལ་བསྐུལ་ལྟ་མི་འཚལ་ཀྱང་། །སྡུག་བསྔལ་རང་བཞིན་དུ་ནི་བདག་གྱུར་པས། །སྐྱོབ་པའི་སྤྱན་སྔར་ཡང་ནི་གསོལ་བ་འདེབས། །ཕ་དང་མ་ལ་གང་ཞིག་སློང་ན་ཡང་། །ཤིན་ཏུ་སྐྱོ་བ་མེད་པ་ཇི་བཞིན་དུ། །སེམས་ཅན་དོན་བརྩོན་དེ་ནི་ཁྱོད་ལགས་པས། །ཚེ་རབས་ ཀུན་དུ་བདག་གི་སྐྱབས་མཛོད་ཅིག །སྡུག་བསྔལ་མི་བཟད་པས་ནི་བདག་གདུངས་པས། །བཅོམ་ལྡན་འདས་ལ་རྟག་ཏུ་འབོད་སྒྲོགས་ཀྱིས། །ཉིན་གཅིག་བཞིན་དུ་སྡིག་པའི་ལས་ཀྱིས་ནི། །ཟིལ་ནོན་འདི་ལས་བདག་ལ་སྲུང་དུ་གསོལ། །དེ་ལྟར་བདག་གིས་ཤིན་ཏུ་སྨྲེས་གསོལ་བས། ། ཁྱོད་ཀྱི་ཐུགས་ནི་ཐུགས་རྗེས་བརླན་པ་ལྟར། །འགྲོ་བ་སྡུག་བསྔལ་བརྒྱ་ཡིས་གཟིར་བ་ལ། །སྲིད་ལས་གྲོལ་བས་དེ་བཞིན་གཟིགས་སུ་གསོལ། །ཐུགས་རྗེའི་དབང་དུ་གྱུར་ཅིང་སེམས་བརྟན་ལ། །གཞན་དོན་བརྩོན་ཞིང་ཡོན་ཏན་མཆོག་གི་གནས། །ཁྱོད་བཞིན་བདག་ཀྱང་སྡུག་བསྔལ་ ཐམས་ཅད་ཀྱི། །གདུང་བ་སེལ་བའི་མཐུ་དང་ལྡན་པར་ཤོག །དེ་ལྟར་སྲིད་པ་མཐར་ཕྱིན་སྤྱན་རས་གཟིགས་དབང་ལ། །བདག་གིས་བསྟོད་པ་བགྱིས་པའི་བསོད་ནམས་གང་ཐོབ་པ། །དེས་ནི་འགྲོ་བའི་སྡུག་བསྔལ་སྤངས་ཤིང་བཅོམ་པ་ཡི། །རང་བཞིན་བདེ་ལྡན་བདེ་བ་ཅན་དུ་འགྲོ་བར་ ཤོག །སྙིང་རྗེ་ལ་བསྟོད་པ་དགེ་བསྙེན་ཀུན་སྦྱིན་གྱིས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་ར་སྱ་སྟུ་ཏི་ནཱ་མ། བོད་སྐད་དུ། དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བསྟོད་པ་ཞེས་བྱ་བ། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །འཇིག་ རྟེན་བླ་མ་སྲིད་པ་གསུམ་གྱིས་ཕྱག་བྱས་པ། །ཚངས་པ་མཆོག་དང་འཆི་མེད་བདག་པོས་བསྔགས་པ་སྟེ། །བསྟོད་པས་གྲུབ་པར་མཛད་པ་ཐུབ་པའི་རྒྱལ་པོ་མཆོག །སྤྱན་རས་གཟིགས་པའི་དབང་ཕྱུག་མགོན་པོ་མཆོག་གྱུར་པ། །གཟུགས་མཛེས་བདེ་བར་གཤེགས་པའི་སྲས་པོའི་ཚུལ་འཛིན་ ཅིང་། །སྐུ་ཡི་མཆོག་ནི་མཚན་གྱིས་མེ་ཏོག་གིས་བརྒྱན་པ། །བདེ་བར་གཤེགས་པ་འོད་དཔག་མེད་པའི་དབུ་རྒྱན་འཛིན། །གཡོན་པའི་ཕྱག་ནི་གསེར་གྱི་པདྨས་རྣམ་པར་བརྒྱན། །གཡས་པས་ཡི་དགས་བཀྲེས་པའི་གདུང་བ་སེལ་བར་མཛད། །དྲི་མེད་དམར་སེར་རལ་པ་གྱ་གྱུ་དུ་བ་འདྲ། ། ཟླ་བའི་གཟུགས་བརྙན་ཡང་དག་རྒྱས་ཤིང་གང་འདྲའི་ཞལ། །མཆོག་ཏུ་མཛེས་པའི་སྤྱན་ནི་པདྨ་ལྟ་བུར་ཡངས། །ཁ་བ་དུང་ལྟར་རྣམ་པར་དཀར་བའི་འགྲམ་དོགས་ཅན། །ལྟེ་བའི་གནས་ནི་ཆུ་སྐྱེས་དཀར་པོ་དང་མཚུངས་ཤིང་། །སྐུ་དང་ཕྱག་མཐིལ་པདྨའི་འདབ་ལྟར་ཤིན་ཏུ་མཉེན། གཞོན་ནུའི་ན་ཚོད་ཆགས་པའི་ཚོན་གྱིས་མ་གོས་པ། །མེ་ཏོག་ཕྲེང་བ་མང་པོའི་སྦྱོར་བས་རྣམ་པར་བརྒྱན། །ཞལ་གྱི་སྦུབས་ནས་རི་དགས་རྒྱལ་པོའི་ང་རོ་དང་། །སྟོན་ཀའི་ཆུ་འཛིན་འབྲུག་གི་སྤྲིན་སྒྲ་སྒྲོགས་པ་བཞིན། །ནུ་མ་གཡོན་དུ་རི་དགས་པགས་པས་ངེས་པར་བཀབ། །ནོར་བུས་སྤྲས་པའི་སྐ་ རགས་སྐུ་ལ་འཆང་བ་སྟེ། །སྟ་ཟུར་རྣམ་པར་དཀྲིས་པའི་རས་ཀྱི་གོས་བཟངས་འཛིན། །ནོར་བུའི་རྐང་གདུབ་མཛེས་པར་བརྒྱུས་པ་ཟུང་གི་ཞབས། །གླང་པོ་རྣམ་པར་རྩེན་པ་དག་དང་ངང་པའི་འགྲོས། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་འདྲ་ངོ་མཚར་གཟུགས། །དཔལ་ལྡན་པོ་ཏ་ལ་ཡི་གནས་སུ་ ངེས་བཞུགས་ཏེ། །བསམ་གཏན་བཞི་ལ་མཉམ་པར་གཞག་པའི་སྤྱན་མངའ་ཞིང་། །དགའ་དང་སྙིང་རྗེའི་རང་བཞིན་གཡོ་ཞིང་མཛེས་པར་གཟིགས། །དེར་གནས་དོན་གྱི་ཕྱག་གིས་རིམས་དང་ནད་འཕྲོག་བྱེད། །དགེ་ཞིང་ཞི་བྱེད་བདེ་བ་མང་པོར་མཛད་པའི་ཕྱག །བསོད་ནམས་མང་པོ་ཉེ་བར་བསགས་ པའི་ཕྱག་མཐིལ་ཅན། །སྲིད་གསུམ་མཐར་བྱེད་ས་དང་ནམ་མཁར་སྤྱོད་རྣམས་ཀྱིས། །བསྔགས་པའི་སྐུ་ནི་རྣམ་པ་སྣ་ཚོགས་མི་འཁྲུགས་ཤིང་། །འོ་མའི་ཆུ་གཏེར་རྒྱ་མཚོ་ལྟ་བུར་རྟག་ཏུ་གནས། །རྒྱལ་བའི་ཡེ་ཤེས་རྒྱ་མཚོ་ཆེན་པོའི་ཕ་མཐར་སོན། །ཕ་རོལ་ཕྱིན་བཅུ་བདུད་ཀྱི་སྟོབས་ལས་ ངེས་པར་རྒྱལ། །ཚངས་པའི་གནས་བཞིས་དབེན་པར་སྤྱོད་མཛད་དམ་པའི་དོན། །གཉིས་མེད་ཡེ་ཤེས་དེ་བཞིན་ཉིད་དུ་རྣམ་སངས་རྒྱས། །བཅོམ་ལྡན་འཕགས་པ་སྤྱན་རས་གཟིགས་དབང་བསྟོད་ཕྱག་འཚལ། །དགེ་སློང་མ་ཟླ་མཛེས་ཀྱིས་བསྟོད་པ་མཛད་པ་རྫོགས་སོ།། །། འདི་ནི་རྒྱ་གར་ཤར་ཕྱོགས་ཀྱི་བཙུན་པ་ཙནྡྲ་ཤྲཱིའི་ངག་ལ་འབྱུང་བ་དང་རྒྱ་དཔེ་ལ་བསྟུན་ནས། དགེ་སློང་བསོད་ནམས་རྣམ་རྒྱལ་གྱིས་བསྒྱུར་བའོ།། ༄༅། སྤྱན་རས་གཟིགས་དབང་མགོན་པོ་མཆོག་ལ་བསྟོད་པ་ཡི། །བསོད་ནམས་གང་ཞིང་ཟླ་བ་དུང་ལྟར་དཀར་བ་དེས། ། རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ་དེ་ལྟ་བུར། །སྡུག་བསྔལ་འགྲོ་ལ་མི་འཇིགས་སྩོལ་བ་ཉིད་གྱུར་ཅིག །རལ་པ་འཆང་ཞིང་ཤིན་ཏུ་ཞི་བ་ཡངས་པའི་སྤྱན། །རྟག་པར་རབ་ཏུ་དང་བ་ཟླ་བའི་དཀྱིལ་འཁོར་ཞལ། །ལྷ་དང་ལྷ་མིན་རྣམས་ཀྱིས་ཞབས་ཀྱི་འདམ་སྐྱེས་ལ། །ཕྱག་བྱས་ནོར་བུ་པདྨ་ལས་བྱུང་ མགོན་པོར་འདུད། །འཕགས་པ་འཇིག་རྟེན་དབང་ཕྱུག་ལ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུས་བསྟོད་པ། དཔལ་ནགས་ཀྱི་རིན་ཆེན་གྱི་ཞལ་སྔར་བསོད་ནམས་རྣམ་པར་རྒྱལ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་རས་ཧ་སྲ་བྷུ་ཛ་སཱ་དྷ་ནཾ། བོད་སྐད་ དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །འདས་པའི་དུས་སུ་མངོན་པར་སངས་རྒྱས་ཀྱང་། །ཐུགས་རྗེའི་དབང་གིས་ས་བཅུའི་ཚུལ་སྟོན་པ། །ཐབས་ ཚུལ་དཔག་མེད་རིག་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་རེ་ཞིག་འཇིག་རྟེན་དབང་ཕྱུག་སྒྲུབ་པར་འདོད་པའི་རྣལ་འབྱོར་པས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྤངས་ལ་འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་བསྐྱོད་པ་རི་ལྟ་བུའི་རྣལ་འབྱོར་པས་ས་ཕྱོགས་ཤིན་ཏུ་ཉམས་དགའ་བ་མེ་ཏོག་དང་ འབབ་ཆུ་དང་ལྗོན་ཤིང་དང་འབྲས་བུ་སྣ་ཚོགས་ཡོད་པའི་སར་གནས་ཁང་ཤིན་ཏུ་ཉམས་དགའ་བར་སྐུ་གསུང་ཐུགས་ཀྱི་རྟེན་ཅི་རིགས་པར་བཀོད་པའི་སར་སྟན་ནང་ཚངས་ཅན་ལ་ཁ་ནུབ་ཕྱོགས་སུ་བལྟས་ནས་ཁྲུས་ཀྱི་རྣལ་འབྱོར་རྣམས་བྱས་ལ། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀཏ་ཧཱུཾ་ཕཊ། ཅེས་བརྗོད་པས་ཕྱོགས་བཅུའི་བགེགས་རྣམས་བསལ་བར་བྱའོ། །དེ་ནས་རང་གི་དོན་ཡོངས་སུ་དོར་བའི་བསམ་པས་གསུམ་ལ་སྐྱབས་སུ་འགྲོ་བར་བྱའོ། །ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་འཛིན་པ་ནི་བྱམས་ པའོ། །ཀྱེ་མའོ་སེམས་ཅན་འདི་དག་ནི་འཁོར་བའི་རྒྱ་མཚོར་ནུབ་ཅིང་ཡུན་རིང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏེ་ཞེས་བསམས་ལ། འདི་ནས་ལག་ཚར་དུ་ང་ཡིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གདོན་པར་བྱའོ་སྙམ་པ་ནི་སྙིང་རྗེ་ཆེན་པོའོ། །སེམས་ཅན་ཐམས་ཅད་ ཟག་པ་མེད་པའི་བདེ་བ་རྒྱུན་མི་འཆད་པ་ལ་འཇོག་པར་འདོད་པ་ནི་དགའ་བའོ། །བདེ་བ་དང་། སྡུག་བསྔལ་བ་དང་། གྲགས་པ་དང་། མ་གྲགས་པ་དང་། རྙེད་པ་དང་། མ་རྙེད་པ་དང་། བསྟོད་པ་དང་། སྨད་པ་སྟེ། འཇིག་རྟེན་གྱི་ཆོས་བརྒྱད་པོ་དེ་དག་ཐམས་ཅད་མགོ་མཉམ་པར་ རྟོགས་པ་ནི་བཏང་སྙོམས་སོ། །དེ་ནས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྤྱན་རས་གཟིགས་ཀྱི་དབང་པོའི་གོ་འཕང་ཐོབ་པར་བྱས་ལ། མངལ་ནས་སྐྱེས་པ་དང་། སྒོ་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པའི་སེམས་ཅན་འདི་དག་ཐམས་ཅད་ སངས་རྒྱས་ཀྱི་ས་ལ་གཞག་པར་བྱའོ་ཞེས་པ་བསམ་པ་བརྟན་པོ་བསྐྱེད་ལ། དེ་ནས་རང་གི་སྙིང་གར་ཆོས་ཀྱི་དབྱིངས་སྐྱེ་མེད་སྟོན་པར་བྱེད་པའི་ཡི་གེ་ལས་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ཧྲཱིཿདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས་པས་ལུས་ཁྱབ་སྡིག་སྒྲིབ་སྦྱངས་ ནས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཕྱག་སྟོང་པར་བསྐྱེད། །དེའི་སྙིང་ག་ནས་ཧྲཱིཿལས་འོད་ཟེར་འཕྲོས་པས་མདུན་གྱི་ནམ་མཁའ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཕྱག་སྟོང་པ་འཁོར་དང་བཅས་པ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བསམས་ ལ། དེ་རྣམས་ལ་ཕྱག་འཚལ་བའི་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་པནྡ་ནཾ་ཀ་རོ་མི་ཞེས་བརྗོད་དོ། །དེ་ནས་གདན་དབུལ་བའི་སྔགས། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་སྭསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། ཞེས་བརྗོད་དོ། །དེ་ནས་ཧྲཱིཿལས་འོད་ཟེར་འཕྲོས་པས་མེ་ཏོག་ཐོགས་ པའི་ལྷ་མོ་དཀར་མོ་དཔག་ཏུ་མེད་པས་མཆོད་པར་བསམས་ལ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། དེའི་རྗེས་ལ་ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་བདུག་སྤོས་ཐོགས་པའི་ལྷ་མོ་གཟུགས་དང་ལང་ཚོར་ལྡན་པ་ནམ་མཁའ་ཁེངས་པས་མཆོད་པར་བྱའོ། །དེའི་རྗེས་ལ་ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་རིན་པོ་ཆེའི་སྒྲོན་མ་ཐོགས་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པར་བྱའོ། །དེའི་རྗེས་ལ་ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་དྲི་མཆོག་ཐོགས་པའི་ལྷ་མོ་སེར་མོ་དཔག་ཏུ་མེད་པས་མཆོད་པར་བྱའོ། །དེ་ནས་ཨོཾ་བཛྲ་ནཻ་བི་ཏྱེ་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བརྗོད་པས་ཞལ་ཟས་ ཐོགས་པའི་ལྷ་མོ་སེར་སྐྱ་མ་སྤྲིན་གཏིབས་པ་ཙམ་གྱིས་མཆོད་པར་བྱའོ། །དེ་ནས་ཨོཾ་སརྦ་བི་ཤིསྠཱ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་ཨཱཿཧཱུཾ། ཞེས་བརྗོད་ཅིང་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པའི་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། བླ་རེ་དང་། འཁོར་ལོས་སྒྱུར་བའི་རིན་པོ་ཆེ་སྣ་བདུན་ལ་ སོགས་པས་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པར་བྱ་སྟེ། །ཐོག་མེད་འཁོར་བའི་འགྲོ་བར་གཏོགས་པ་ཡིས། །བྱས་པའི་ཉེས་བྱས་མ་ལུས་མི་བཟང་འདི། །གང་ཞིག་ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམས་ན། །བཞུགས་པའི་རྒྱལ་བའི་སྤྱན་སྔར་བཤགས་པར་བགྱི། །ཨོཾ་སརྦ་པཱ་ པཾ་ཤོ་དྷ་ད་ཧ་ན་བཛྲ་སྭཱ་ཧཱ། སྡིག་པ་བཤགས་པའོ། །སངས་རྒྱས་རྣམས་དང་བྱང་ཆུབ་སེམས་དཔའ་ནི། །སྣ་ཚོགས་ཐབས་མཁས་པ་ཡིས་ཕན་མཛད་དང་། །ཕྱོགས་བཅུའི་ལོ་ཀ་དག་ལ་གང་དག་གཞན། །བསོད་ནམས་བྱེད་པ་དེ་ལ་ཡི་རང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཤཱུ་ནྱ་ཏཱ་ཛྙཱ་ན་ཨ་ནུ་མོ་ད་ན་པཱུཛ་མེ་གྷས་མུ་ དྲ་སྥ་ར་ཎ་སམ་ཡེ་ཧཱུཾ། རྗེས་སུ་ཡི་རང་བའོ། །སངས་རྒྱས་ཀུན་དང་བྱང་ཆུབ་སེམས་དཔའ་ནི། །འགྲོ་བའི་སྐྱབས་གྱུར་པ་ལ་གསོལ་བ་ནི། །ཕྱོགས་བཅུའི་སེམས་ཅན་ཇི་སྙེད་ཐམས་ཅད་ལ། །ཆོས་ཀྱི་སྤྲིན་ལས་ཆར་ཆེན་དབབ་ཏུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་དྷིཥྛཱ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ ཧཱུཾ། བསྐུལ་པའོ། །སོ་སོའི་སྐྱེ་བོའི་ས་དང་ཉེས་བྱས་རྣམས། །མ་ལུས་པར་ནི་མྱུར་དུ་སྤངས་ནས་ནི། །སྐྱོན་མེད་ཆོས་ཀྱི་སྐུ་ནི་རྣམ་དག་པར། །བཤད་པ་མྱུར་དུ་རྟོགས་པ་ཉིད་མཛོད་ཅིག །ཨོཾ་སརྦ་ཏ་ཐཱ་ག་ཏ་ན་ཡ་དྷེ་ས་མ་ཡེ། སརྦ་ས་ཏྭ་ཧི་དཱཪྠ་ཡ་དྷརྨ་དྷཱ་ཏུ་སྠི་ཏིརྦྷ་བ་ཏུ། གསོལ་བ་གདབ་པའོ། ། སེམས་ཅན་ཐམས་ཅད་ལ་ནི་ཕན་པའི་ཕྱིར། །བདག་གིས་དགེ་བ་གང་དག་ཅི་བསགས་པ། །སྐྱེ་བ་ལ་སོགས་སྡུག་བསྔལ་ཐམས་ཅད་ནི། །ཉེ་བར་ཞི་ཕྱིར་བདག་གིས་བསྔོ་བར་བགྱི། །ཨོ་སརྦ་ཏ་ཐཱ་ག་ཏ་པུ་ཎྱ་རྱཱ་ཏ་ན་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། བསྔོ་བའོ། །སྐྱེ་སོགས་སྡུག་བསྔལ་ རྣམས་ཀྱིས་ཉེར་གཙེས་ཤིང་། །མི་ཤེས་ལོག་པས་ཉེར་བཅོམ་བདག་ཉིད་ཅན། །སྲོག་ཆགས་རྣམས་ལ་ཕན་ཕྱིར་བྱང་ཆུབ་སེམས། །རིན་ཆེན་མཆོག་གྱུར་བདག་གིས་བསྐྱེད་པར་བགྱི། །རྟག་ཏུ་སྲོག་ཆགས་རྣམས་ཀྱི་སྐྱབས་དང་ནི། །གནས་དང་དཔུང་གཉེན་སྐྱོབ་པ་ཉིད་གྱུར་ཅིག །ཨོཾ་བོ་ དྷི་ཙིཏྟཾ་ཨུཏྤཱ་ད་ཡཱ་མི། བོ་དྷི་ཙིཏྟཾ་མུཏྤཱི་ཏ་ཏཾ་ཏ་ཐཱ་ཧ་ས་མ་པི་ཏ་བོ་དྷི་ཙིཏྟ་ཨུཏྤཱ་ད་ཡཱ་མི། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའོ། །དེ་ནས་རང་གི་དགོས་པའི་དོན་ཐམས་ཅད་ལ་གསོལ་བ་གདབ་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རིགས་ཀྱི་བུ་ལེགས་ སོ་ཞེས་གསུངས་ནས་རང་རང་གི་གནས་སུ་གཤེགས་པར་བསམ་མོ། །དེ་ནས་ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ་ཞེས་བརྗོད་པས་ཆོས་ཐམས་ཅད་རང་བཞིན་དེ་བཞིན་ཉིད་ལས་མི་འདའ་བར་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ ཞེས་བརྗོད་པས་ཆོས་ཐམས་ཅད་སྤྲོས་བྲལ་ནམ་མཁའི་ངོ་བོ་ལྟ་བུར་བསམ་མོ། །དེ་ནས་སྟོང་པ་ཉིད་དུ་གནས་པས་སེམས་ཅན་ཐམས་ཅད་ཀྱི་དོན་མི་འགྲུབ་པས་སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བས་པཾ་ལས་པདྨ་འདབ་མ་བརྒྱད་པ་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་ཆོས་དབྱིངས་མཐའ་དང་དབུས་ མེད་པ་སྟོན་པར་བྱེད་པའི་ཡི་གེ་ཨ་དཀར་པོ་འོད་དུ་ཞུ་བས་ཟླ་བའི་དཀྱིལ་འཁོར་ཡངས་ཤིང་རྒྱ་ཆེ་བ་བསམ། དེའི་སྟེང་དུ་ཧྲཱིཿདཀར་པོ་ལས་འོད་ཟེར་འཕྲོས་པས། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་འཇའ་ཚོན་ལྟ་བུར་གྱུར། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་སྤྱན་རས་གཟིགས་ཀྱི་དབང་ བོར་གྱུར་ནས། ཧྲཱིཿལ་ཐིམ་པས་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ་ཅིག་ཏུ་བསམ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་སུ་བསྒྲུབས་ནས་ཐིམ་པས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་སྐུ་མདོག་དཀར་ལ་འཚེར་བ། རྒྱན་ ཐམས་ཅད་ཀྱིས་བརྒྱན་པ་ལྷའི་པཉྩ་ལི་ཀའི་དར་དམར་པོས་ཤམ་ཐབས་བྱས་པ་རི་དགས་ནག་པོའི་པགས་པས་ནུ་མ་གཡོན་པ་བཀབ་པ་རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་དུ་མས་བརྒྱན་པ་ཁྱད་པར་དུ་ཡང་ལྷའི་རིན་པོ་ཆེ་རྣམ་པ་བདུན་གྱིས་བརྒྱན་པ། རྩ་བའི་ཞལ་ཀུན་ནས་དཀར་བ་སྤྱན་ གསུམ་མངའ་བ་གཡས་པ་ལྗང་གུ། གཡོན་པ་དམར་བ། ཞལ་ཐམས་ཅད་ཀུན་ནས་འཛུམ་པའི་ཉམས་ཅན་དེའི་སྟེང་མ་ལྗང་གུ། དེའི་གཡས་དཀར་བ། གཡོན་པ་དམར་བ། དེའི་སྟེང་མ་དམར་པོ། དེའི་གཡས་ལྗང་གུ། གཡོན་དཀར་པོ། དེའི་སྟེང་ན་ཁྲོ་བོའི་ཞལ་ མཐིང་ནག་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་ཞལ་བཅུ་པོ་ནི་ཕ་རོལ་ཏུ་ཕྱིན་པ་བཅུའོ། །དེའི་སྟེང་མ་བནྡུ་ཀའི་མེ་ཏོག་ལྟར་དམར་བ་མགྲིན་པ་ཡན་ཆོད་འཐོན་པ་ཚངས་པར་སྤྱོད་པའི་ཆ་ལུགས་རྒྱན་སྤངས་པ་དབུའི་ཐོར་ཚུགས་དང་ལྡན་པའོ། །དེ་ནི་སྐྱེ་བ་རྣམ་པ་བཞིས་སངས་རྒྱས་སྒྲུབ་པར་བྱེད་ པའོ། །རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། དེའི་འོག་མ་གཡོན་པས་གསེར་གྱི་པདྨ་རྩ་བ་དང་བཅས་པ་འཛིན་པ། གཡས་ཀྱི་འོག་མས་བགྲང་ཕྲེང་འཛིན་པ། གཡོན་གྱི་གསུམ་པ་ན་རིལ་བ་སྤྱི་བླུགས་འཛིན་པ། གཡས་ཀྱི་གསུམ་པ་ན་ཡི་དགས་བཀྲེས་སྐོམ་གྱི་གདུང་ བ་སེལ་བའི་མཆོག་སྦྱིན་པ། གཡས་ཀྱི་བཞི་པ་ན་འཁོར་ལོ་འཛིན་པ། གཡོན་གྱི་བཞི་པ་ན་མདའ་གཞུ་འཛིན་པའོ། །དེ་ནས་གཡས་ཀྱི་ཕྱག་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་། སྤྲུལ་པའི་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་དང་། མེ་ལོང་དང་། ཤེལ་གྱི་གདུ་བུ་ དང་། དགྲ་སྟ་དང་། ཕུབ་དང་། རིལ་བ་བྷྲྀངྒ་ར་དང་། རྔ་ཡབ་དཀར་པོ་དང་། རིན་པོ་ཆེ་མེ་ཤེལ་དང་། རིན་པོ་ཆེ་ཆུ་ཤེལ་དང་། སྐྱབས་སྦྱིན་པ་དང་། རིན་པོ་ཆེའི་ཁ་ཊྭཱཾ་ག་དང་། རྡོ་རྗེ་དང་། རལ་གྲི་དང་། ལྷུང་བཟེད་དང་། རྡོ་རྗེའི་ཞགས་པ་དང་། རིན་པོ་ཆེ་བསྣམས་པའོ། ། གཡོན་པའི་ཕྱག་རྣམས་སུ་གོ་རིམས་ཇི་ལྟ་བ་བཞིན་དུ་རྒུན་འབྲུམ་གྱི་སྣོད་ཐོགས་པའི་ཕྱག་དང་། པདྨོའི་སྟེང་དུ་འོད་དཔག་ཏུ་མེད་པ་དང་། རིན་པོ་ཆེའི་ཟ་མ་ཏོག་དང་། རིན་པོ་ཆེའི་ཤིང་དང་། རིན་པོ་ཆེའི་གཞལ་མེད་ཁང་དང་། རིན་པོ་ཆེའི་དུང་གཡས་སུ་འཁྱིལ་པ་དང་། ཁར་གསིལ་ དང་། རིན་པོ་ཆེའི་མདའ་དང་། རིན་པོ་ཆེའི་དྲིལ་བུ་དང་། ཐོད་པའི་ཁར་བ་དང་། རིན་པོ་ཆེའི་ལྕགས་ཀྱུ་དང་། རིན་པོ་ཆེའི་མདུང་དང་། པདྨ་ལེ་བརྒན་དང་། སྤྲིན་རྣམ་པ་ལྔ་དང་། རིན་པོ་ཆེའི་ཕྱག་རྒྱ་དང་། རིན་པོ་ཆེའི་གླེགས་བམ་དང་། པདྨ་སྔོན་པོ་བསྣམས་པའོ། །ཕྱག་སྟོང་གིས་ ཉེ་བར་མཛེས་པ་དེ་ལས་གཞན་པའི་ཕྱག་ཐམས་ཅད་མཆོག་སྦྱིན་པ་ཕྱག་གི་མཐིལ་ན་སྤྱན་རེ་རེ་མངའ་བའོ། །འཇིགས་པ་ཐམས་ཅད་སྐྱོབ་པའི་སྤྱན་རས་གཟིགས་དཔག་ཏུ་མེད་པ་འཕྲོས་པས་གཡས་སུ་དོན་ཡོད་ཞགས་པ་དང་། ཚོང་དཔོན་གྱི་བུ་ནོར་བཟངས་འདུད་པའོ། །གཡོན་དུ་རྟ་མགྲིན་ དང་སྒྲོལ་མ་འདུད་པའོ། །ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི་རང་རང་གི་འཁོར་དཔག་ཏུ་མེད་པ་དང་བཅས་པའོ། །སྟེང་གི་ཕྱོགས་སུ་ལྷའི་བུ་དང་དྲང་སྲོང་མཆོད་པ་ཐོགས་པ་དཔག་ཏུ་མེད་པ་ལྷགས་པའོ། །དེ་ནས་ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས་ལ་ ཕྱག་དང་མཆོད་པས་མཉེས་པར་བྱས་ལ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས། དགུག་པ་དང་། གཞུག་པ་དང་། བཅིང་བ་དང་མཉེས་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ལ་པདྨ་ཁ་ཕྱེ་བའི་ཚུལ་དུ་བྱས་ཏེ་སྙིང་གར་གཞག་པ་འདི་ནི་པདྨ་རིགས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཨོཾ་པདྨོ་བྷ་བཱ་ཡ་སྭཱ་ཧཱ། དེ་ནས་ཧྲཱིཿལས་འོད་ཟེར་འཕྲོས་པས། རིགས་ལྔ་སྤྱན་དྲངས་ལ་སྔ་མ་བཞིན་དུ་མཆོད་དེ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །ཇི་ལྟར་མཆོད་ཆེན་སྩོལ་མཛད་པ། །བདག་ཀྱང་རབ་ཏུ་བསྐྱབ་པའི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ལྔ་ཡུམ་དང་ བཅས་པས་དབང་བསྐུར་བར་བསམ་ཞིང་ཚིག་ཏུ། དབང་བསྐུར་བ་ནི་རྡོ་རྗེ་ཆེ། །གསང་བ་གསུམ་གྱི་གནས་ལས་བྱུང་། །ཁམས་གསུམ་པོ་ཡིས་ཕྱག་བྱས་པ། །དི་རིང་ཁྱོད་ལ་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩནྟུ་མཱཾ་ཞེས་བརྗོད་པས། དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་སྤྱི་བོའི་ སྟེང་དུ་གསལ། དེ་ནས་ང་རྒྱལ་བརྟན་པར་བྱ་བའི་ཆེད་དུ། ཨོཾ་ཡོ་ག་དྷརྨ་དྷཱ་ཏུ་སྭ་བྷཱ་བ་སརྦྦ་ཨཱཏྨ་ཀོ་྅ཧཾ། ཞེས་བརྗོད་པས། ང་རྒྱལ་བརྟན་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་བསྐྱེད་ནས་གསང་སྔགས་འདི་འབུམ་ཕྲག་གཅིག་བཟླས་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་ མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སརྦྦ་བནྡྷ་ན་ཙྪེ་ད་ན་ཀ་རཱ་ཡ། སརྦ་བྷ་བ་ས་མུ་དྲོཙྪ་ཥ་ཎ་ཡ་ཀ་རཱ་ཡ། སརྦྦ་བྱཱ་དྷི་པྲ་ཤཱ་མ་ན་ཀ་རཱ་ཡ། སརྦྦེ་ཏྱུ་པ་དྲ་བ་བི་ནཱ་ཤ་ཀ་རཱ་ཡ། སརྦྦ་བྷ་ཡེ་ཥྱ་ཏྲ་ཎཱ་ཡ། ཏ་སྱ་ན་མཿཀྲྀ་ཏྭཾ་ཨི་མཾ། ཨཱརྱ་བ་ལོ་ཀཾ་ཏེ་ཤྭ་ར་ཏ་བ་ནཱི་ ལ་ཀཎྛ་ནཱ་མ་ཧཱ་ཧྲྀ་ད་ཡཾ་ཨ་བརྟ་ཡི་ཥྱཱ་མི། སརྦྦ་ཨརྠ་སཱ་དྷ་ནཾ། ཤུ་བྷ་ཙེ་ཏཱ་ནཱཾ། སརྦྦ་སཏྭཱ་ནཱཾ། པཱ་པ་མཱརྒ་བི་ཤོ་དྷ་ཀཾ །ཏདྱ་ཐཱ། ཨ་བ་ལོ་ཀེ །ལོ་ཀ་མ་ཏི། ལོ་ཀ་ག་ཏི། ཨཱ་ཏི་བ་ཏི་ལོ་ཀཱ་ཏི་ཀྲནྟེ། ཨེ་ཧྱེ་ཧི། མ་ཧཱ་བོ་དྷི་སཏྭ། ཧེ་བོ་དྷི་སཏྭ། ཧེ་མ་ཧཱ་བོ་དྷི་སཏྭ། ཧེ་པྲཱི་ཡ་པོ་དྷི་སཏྭ། ཧེ་ མ་ཧཱ་ཀཱ་རུ་ཎཱི་ཀ་སྨ་ར་ཧྲྀ་ད་ཡ། ཨེ་ཧྱེ་ཧི། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར། པ་ར་མ་མཻ་ཏྲཱི་ཙིཏྟ་ཀཱ་རུ་ཎཱི་ཀཱ་ཡ། ཀུ་རུ་ཀུ་རུ་ཀརྨ། སཱ་དྷ་ཡ་བིདྷྱཾ། དེ་ཧི་དེ་ཧི་མེ་ཝ་རཾ། ཀཱ་མཾ་གཱ་མ། བི་ཧཾ་གཱ་མ། སིདྡྷ་སིདྡྷ་ཡོ་གཱི་ཤྭ་ར། དྷུ་ཧུ་དྷུ་ཧུ་བཱིརྻནྟེ། མ་ཧཱ་བཱིཪྻནྟེ། དྷ་ར་དྷ་ར་དྷ་རེནྡྲ་ཤྭ་ར། ཛྭ་ལ་ཛྭ་ལ་བི་མ་ལཱ་མཱུརྟེ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར། ཀྲྀཥྞཱ་ཛི་ན་ཛ་ཊཱ་མུ་ཀུ་ཊཱ་ལཾ་བ། ཨ་ལཾ་ཀྲྀ་ཏ་ཤཱ་རཱི་ར་ལམྦ་པྲ་ལཾ་བ་བི་ལཾ་བ། མ་ཧཱ་སིདྡྷ། ཤུདྡྷེ་དྷ་ར། བི་དྱཱཾ་དྷ་ར་བ་ལ་བ་ལ། མ་ཧཱ་བ་ལ། མ་ལ་མ་ལ་མ་ཧཱ་མ་ལ། ཙ་ལ་ཙ་ལ། མ་ཧཱ་ཙ་ལ། ཀྲྀཥྞ་བརྞྞ་ཀྲྀཥྞ་པཱ་ཤ་ནིརྒྷཱ་ཏ་ན། ཧེ་པདྨ་ཧསྟ། ཙ་ར་ཙ་ར་ནི་ཤཱ་ཙ་རེ་ཤྭ་ར། ཀྲྀཥྞ་སརྦྦ་ཀྲྀ་ཏ་ཡ་ཛྙོ་པ་བཱི་ཏ། ཨེ་ཧྱེ་ཧི་བཱ་རཱ་ཧཱ་མུ་ཁ། ཏྲི་པུ་ར་ད་ཧ་ནེ་ཤྭ་ར། ནཱ་རཱ་ཡ་ནཱ། བ་ལ་རུ་པ་བེ་ཥ་རཱི། ཧེ་ནཱི་ལ་ཀཎྛ། ཧེ་མ་ཧཱ་ཧ་ལ་ཧ་ལ་བི་ཥ་ནི་ར་ཛི་ཏཱ། ལོ་ཀ་སྱ་རཱ་བ་བི་ཥ་ནཱ་ཤ་ནཾ། དྭེ་ཥ་བི་ཥ་ནཱ་ཤ་ན། མོ་ཧ་བི་ཥ་ནིར་མོ་ཀྵ་ནཾ་ཧུ་ལུ་ཧུ་ལུ་མ་ལ། ཕ་ལ་ཕ་ལ་ཧ་རེ། མ་ཧཱ་པདྨ་ནཱ་བྷ། ས་ ར་སར། སི་རི་སི་རི། སུ་རུ་སུ་རུ། བུདྡྷྱ་བུདྡྷྱ། བོ་དྷྱ་བོ་དྷྱ། བོ་དྷ་ཡཱ་མི། མི་ཏི་ནཱི་ལ་ཀཎྠ་ཨེ་ཧྱེ་ཧི། བཱམ་སྠི་ཏི། སིཾ་ཧ་མུ་ཁ་ཧ་ས་ཧ་ས། མུཉྩ་མུཉྩ་མ་ཧཱཊྚ་ཊྚ་ཧཱ་ཧེ་ཧི་རྣཱ་དི་ནི། ཨེ་ཧྱེ་ཧི་བྷོཿབྷོཿམ་ཧཱ་སིདྡྷ་ཡོ་གཱི་ཤྭ་ར། བནྡྷ་བནྡྷ། བ་ཙཾ། སཱ་དྷ་ཡ་སཱ་དྷ་ཡ། བི་དྱཱཾ། སྨ་ར་སྨ་ར་ཏྭཾ། བྷ་ག་བཱནྟི། ལོ་ཀ་བི་ལོ་ཀི་ཏྭཾ། ཏ་ཐཱ་ག་ཏ། ད་དཱ་ཧི་མེ་ད་ཪྴ་ནཾ། ཀ་མ་སྱ་དཪྴ་ནཾ། པྲཧླཱ་ད་ཡ་མ་ན་སྭཱ་ཧཱ། སིདྡྷཱ་ཡ་སྭཱ་ཧཱ། མ་ཧཱ་སིདྡྷཱ་ཡ་སྭཱ་ཧཱ། སིདྡྷི་ཡོ་གཱི་ཤྭ་རཱ་ཡ་སྭཱ་ཧཱ། ནི་ལ་ཀཎྛཱ་ཡ་སྭཱ་ཧཱ། བཱ་རཱ་ཧཱ་མུ་ཁཱ་ཡ་སྭཱ་ཧཱ། སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། མ་ཧཱ་ནཱ་རི་སིཾ་ཧ་མུ་ཁཱ་ཡ་སྭཱ་ཧཱ། སིདྡྷ་བིདྱཱ་ དྷ་རཱ་ཡ་སྭཱ་ཧཱ། པདྨ་ཧསྟཱ་ཡ་སྭཱ་ཧཱ། མ་ཧཱ་པདྨ་ཧསྟཱ་ཡ་སྭཱ་ཧཱ། བཛྲ་ཧསྟཱ་ཡ་སྭཱ་ཧཱ། ཀྲྀཥྞ་སརྦྦ་ཀྲི་ཏ་ཡ་ཛྙོ་པ་བཱི་ཏཱ་ཡ་སྭཱ་ཧཱ། མ་ཧཱ་ཀཱ་ལ་མུ་ཀུ་ཊ་དྷ་རཱ་ཡ་སྭཱ་ཧཱ། ཙཀྲ་ཨ་ཡུ་དྷ་དྷ་རཱ་ཡ་སྭཱ་ཧཱ། ཤཾ་ཁ་ཤབྡ་ནིརྣཱ་ད་ན་ཀ་རཱ་ཡ་སྭཱ་ཧཱ། ནི་བོ་དྷ་ན་ཀ་རཱ་ཡ་སྭཱ་ཧཱ། བཱ་མ་སྐནྡྷ་དེ་ཤ་སྠི་ཏ་ཀྲྀཥྞ་ཛ་ནཱ་ཡ་སྭཱ་ཧཱ། བཱ་མ་ཧསྟ་བྱཱ་གྷྲ་ཙརྨ་ནི་བ་ས་ནཱ་ཡ་སྭཱ་ཧཱ། ལོ་ཀེ་ཤྭ་རཱ་ཡ་སྭཱ་ཧཱ། མ་ཧཱ་ལོ་ཀ་ཤྭ་རཱ་ཡ་སྭཱ་ཧཱ། སརྦ་སིདྡྷེ་ཤྭ་རཱ་ཡ་སྭཱ་ཧཱ། ན་མོ་བྷ་ག་བ་ཏེ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། སིདྡྷྱནྟུ་མེ་མནྟྲ་པ་དཻཿསྭཱ་ཧཱ། བཱ་ཨོཾ་ཧྲཱིཿཏྲཻ་ལོཀྱ་བི་ཙ་མ་ཨ་མོ་གྷ་ པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿཧ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་པདྨོ་ཥྞཱི་ཥ་བི་མ་ལེ་ཧཱུཾ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། གཟུངས་འདི་ལན་ཅིག་བརྗོད་པས་རྩ་བའི་ལྟུང་བ་བཞི་བྱུང་བ་ཡང་མ་ལུས་པར་འབྱང་བར་འགྱུར་རོ། །འདི་འཛིན་པའི་གང་ཟག་དེ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ རྒྱུན་མི་འཆད་པར་མིག་སྟོང་དང་ལྡན་པའི་ཐུགས་རྗེས་གཟིགས་པར་འགྱུར་རོ། །ཕྱག་སྟོང་གིས་སྐྱོབ་པར་འགྱུར་རོ། །མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་དགེ་འདུན་གྱི་དཀོར་རྐུ་འཕྲོག་བྱས་པ་རྣམས་ཀྱང་ལན་ཅིག་བརྗོད་པས་མ་ལུས་པར་ཟད་པར་འགྱུར་རོ། །ཐེ་ཚོམ་ཟ་བ་ ནི་མ་གཏོགས་སོ། །གཤིས་ངན་དུ་འཆི་བའི་འཆི་ལྟས་བཅོ་ལྔ་འབྱུང་བར་མི་འགྱུར་རོ། །སྐྱེ་བ་བཟང་པོ་བཅོ་ལྔ་ཡོངས་སུ་འཛིན་པར་འགྱུར་རོ། །སུས་སྙིང་པོ་འདིའི་མིང་ཐོས་པ་དེ་ནི་བསྐལ་པ་དུ་མའི་སྐྱེ་བ་དང་འཆི་བའི་བསགས་པའི་ལས་ལྕི་བ་རྣམས་ཀྱང་བྱང་བར་འགྱུར་ན་བརྗོད་ཅིང་འཛིན་པ་ ལྟ་ཅི་སྨོས། རྒྱུན་མི་འཆད་པར་བཟུང་ན་ས་བཅུའི་འབྲས་བུ་ཐོབ་པ་ལ་དཀའ་བ་མེད་ན། འཇིག་རྟེན་པའི་བསོད་ནམས་ཀྱི་འབྲས་བུ་ཐོབ་པ་ལྟ་ཅི་སྨོས། ཡུལ་གང་དུ་ཡམས་ཀྱི་ནད་བྱུང་ལ་ཡུལ་དེར་རྒྱལ་པོས་ཆོས་ཀྱི་ཡུལ་སྲུང་ཞིང་རྒྱ་ཆེ་བ་དང་གཙང་མར་བྱ། སེམས་ཅན་ཐམས་ཅད་གཏམས་ ལས་མི་བཅད་དོ། །ཉེས་པ་བྱུང་བ་རྣམས་ལ་བཟོད་པར་བྱའོ། །ཞག་བདུན་སྙིང་རྗེ་ཆེན་པོའི་རང་བཞིན་གྱི་སྙིང་པོ་འདི་བཟླས་བརྗོད་བྱས་ན་ཡུལ་དེར་ཡམས་ཀྱི་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཡུལ་དེར་གནས་པའི་མི་མ་ཡིན་པ་རྣམས་ལ་གཏོར་མ་བྱིན་ལ། འཕགས་པ་སྤྱན་རས་ གཟིགས་དབང་ཕྱུག་ལག་པ་སྟོང་དང་ལྡན་པའི་སྐུ་གཟུགས་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། རིག་པ་ལན་ཉི་ཤུ་རྩ་གཅིག་བརྗོད་ནས་རོལ་མོ་སྣ་ཚོགས་ཀྱིས་ལན་གསུམ་དུ་བསྐོར་བ་བྱས་ན་རིམས་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཚོན་སྐུད་སྣ་ལྔ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ བརྗོད་བྱས་ལ་མགུལ་དུ་བཏགས་སོ། །གལ་ཏེ་ས་རིས་སོ་སོར་དགྲ་རྒྱུན་ཏུ་འོང་ཞིང་ཡུལ་དུ་གནས་པའི་སེམས་ཅན་རྣམས་ལ་གནོད་པར་བྱེད་པ་དང་ཡུལ་དེར་ནད་བྱུང་བ་དང་། ཆར་ཆུ་དུས་སུ་མི་འབབ་པ་དང་། ཟླ་བ་དང་ཉི་མ་དྲང་པོར་མི་འགྲོ་བ་དང་། ལྟས་ངན་པ་དེ་སྙེད་བྱུང་ ན་རྒྱལ་པོ་དེས་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་ལྡན་པའི་གཟུགས་བྱས་ལ་གང་དུ་ཡམས་ཀྱི་ནད་བྱུང་བ་དེའི་ངོས་སུ་བཞིན་བསྟན་ལ་གཞག་གོ། །ཤིན་ཏུ་དུད་པ་བདུག་པ་དང་མེ་ཏོག་དང་གདུགས་དང་། རྒྱལ་མཚན་ལ་སོགས་པ་ཅི་འབྱོར་པས་མཆོད་པར་བྱའོ། ། དེ་ནས་སྒྲུབ་པ་པོས་ཞག་བདུན་དུ་བརྩོན་འགྲུས་བརྟན་པོར་བྱས་ནས་རིས་སོ་སོའི་དགྲ་ཐམས་ཅད་ཕྱག་འཚལ་བར་འགྱུར་རོ། །སེམས་མཐུན་པར་འགྱུར། ཕན་ཚུན་གྲོགས་པོར་འགྱུར་རོ། །སྐྱེ་བོ་ཡོངས་དང་རྒྱལ་བུ་རྣམས་ཀྱང་བྱས་བ་གཟོ་ཞིང་ལེགས་པ་བྱེད་པར་འགྱུར་རོ། །རྒྱལ་ པོའི་བཙུན་མོའི་འཁོར་རྣམས་ཀྱང་དེ་ལ་དགའ་བ་བསྐྱེད་པར་འགྱུར་རོ། །ནད་དང་གནོད་པ་གང་བྱུང་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལག་པ་སྟོང་དང་མིག་སྟོང་དང་ལྡན་པའི་མདུན་དུ་མཆོད་པ་བྱས་ལ་གཟུངས་སྔགས་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་སྡུག་བསྔལ་ ཐམས་ཅད་ཞི་བར་འགྱུར་རོ། །སུ་ཞིག་ཧ་ལ་ཧ་ལའི་དུག་ཟོས་ན་དེ་གུ་གུལ་གྱི་བདུག་པ་དང་། ག་པུར་ཆ་བསྙམས་ཏེ། བྲོན་པ་ཆུ་ལྷག་མར་མ་གྱུར་པ་བསྐོལ་ལ་ཁྱོར་གང་ལུས་པ་དང་། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་འཐུངས་ན་དུག་ ཞི་བར་འགྱུར་རོ། །སུ་ཞིག་མིག་ཉམས་ཏེ་ལོང་བར་གྱུར་པ་དང་། མིག་གི་འབྲས་བུའི་སྟེང་དུ་ལིང་ཏོག་བྱུང་བ་དང་། མིག་ཏུ་རུ་སྐྱེས་ཏེ་མི་མཐོང་བར་གྱུར་པ་དེས་ཨ་རུ་ར་དང་། བ་རུ་ར་གཅིག་དང་། སྐྱུ་རུ་ར་གཅིག་ཞིབ་ཏུ་བཏགས་ལ་སྦྲང་རྩི་དཀར་པོ་དང་། ཁྱེའུའི་ནུ་མའི་འོ་མ་དང་ སྦྱར་བར་བྱ་སྟེ། སྦྱོར་བའི་ཚེ་སངས་རྒྱས་ཀྱི་མཚན་ནས་བརྗོད་ཅིང་བྱིས་པ་གསར་པ་བཙས་པའི་བུད་མེད་དང་། ཁྱི་དང་ཕག་གིས་མི་མཐོང་བར་རིལ་བུ་བྱས་ཏེ། བྱང་ཆུབ་སེམས་དཔའ་མིག་སྟོང་ལྡན་གྱི་མདུན་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ལ། དབེན་པ་རླུང་མི་འོང་བར་ འདུག་སྟེ། ཉི་མ་བདུན་གྱི་བར་དུ་སྨན་འདི་མིའི་འོ་མ་དང་སྦྲང་རྩི་དཀར་པོ་དང་སྦྱར་ཏེ་མིག་གི་ནང་དུ་བླུགས་ན་མིག་གི་འབྲས་བུ་སྐྱེ་བར་འགྱུར་རོ། །ལིང་ཐོག་མེད་ཅིང་ལེགས་པར་མཐོང་བར་འགྱུར་རོ། །སུ་ཞིག་འབྱུང་པོའི་གདོན་ནས་མི་མ་ཡིན་པའི་ནད་ཀྱིས་བཏབ་པར་ གྱུར་ན་གུ་གུལ་གྱི་དུད་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་སྣར་བདུག་གོ། །ཡང་ན་རི་བོང་གི་རྟུག་པ་ཙམ་གྱི་རིལ་བུ་བྱས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ལ་བཟའོ། །ཤ་དང་ཆང་དང་སྒོག་པ་དང་འཐབ་མོ་སྤང་ངོ་། །འོན་ཀྱང་སོས་པར་འགྱུར་རོ། །ཤུ་དག་ དཀར་པོ་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ཏེ། དཔུང་པ་གཡས་པར་བཏགས་ན་འཐབ་མོ་ལས་རྒྱལ་བར་འགྱུར་རོ། །བ་ལང་དཀར་པོའི་གི་ཝང་ལག་མཐིལ་དུ་བཅུག་ལ་བྱང་ཆུབ་སེམས་དཔའི་དྲུང་དུ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ཏེ་ཡན་ལག་རྣམས་ལ་བསྐུས་ཏེ་དཔྲལ་ པར་ཐིག་ལེ་བྱས་ན། ལྷ་དང་ཀླུ་དང་འབྱུང་པོ་དང་། མི་ཐམས་ཅད་དགའ་བར་འགྱུར་རོ། །ཁྱོ་ཤུག་མེ་དང་ཆུ་ལྟར་མི་མཐུན་པར་གྱུར་ན་བྱང་ཆུབ་སེམས་དཔའི་མདུན་དུ་ངུར་པའི་མཇུག་སྒྲོ་ལ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ནས་ལུས་ལ་བཏགས་ན་མཛའ་བར་འགྱུར་རོ། །རིན་པོ་ཆེ་སྣ་ ཚོགས་ཕུན་སུམ་ཚོགས་ཤིང་ཕྱུག་པར་འདོད་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཐོགས་པའི་ཕྱག་ལ་མཆོད་པར་བྱའོ། །མི་བདེ་བ་རྣམ་པ་སྣ་ཚོགས་ཀྱིས་གཙེས་པར་གྱུར་ན་ཞགས་པ་ཐོགས་པའི་ཕྱག་ལ་མཆོད་དོ། །ཁོང་པར་ནད་རྣམས་ཡོད་པར་གྱུར་ན་རིན་པོ་ཆེའི་ལྷུང་བཟེད་ཐོགས་པའི་ ཕྱག་ལ་མཆོད་དོ། །འདྲེ་གདོན་ཐམས་ཅད་གདུལ་བར་འདོད་ན་རིན་པོ་ཆེའི་རལ་གྲི་ཐོགས་པའི་ཕྱག་ལ་མཆོད་དོ། །ལྷའི་བུའི་བདུད་ཐམས་ཅད་གདུལ་བར་འདོད་ན་རྡོ་རྗེ་ཐོགས་པའི་ཕྱག་ལ་མཆོད་དོ། །ཕས་ཀྱི་རྒོལ་བའི་དགྲ་གཞོམ་པར་འདོད་ན་རྡོ་རྗེའི་ཐོ་བ་ཐོགས་པའི་ཕྱག་ལ་མཆོད་དོ། ། འཇིགས་ཤིང་བག་ཚ་བའི་གནས་ཐམས་ཅད་ལ་ཐར་བར་འདོད་ན་འཇིགས་པ་མེད་པའི་སྦྱིན་པའི་ཕྱག་ལ་མཆོད་དོ། །མིག་མི་གསལ་ཏེ་འོད་དང་མི་ལྡན་པར་གྱུར་ན་མེ་ཤེལ་གྱི་ནོར་བུ་ཐོགས་པའི་ཕྱག་ལ་མཆོད་དོ། །ཚ་བའི་རིམས་ཀྱིས་ཐེབས་ཏེ་བསིལ་བར་འདོད་ན་ཆུ་ཤེལ་གྱི་ནོར་བུ་ཐོགས་ པའི་ཕྱག་ལ་མཆོད་དོ། །བློན་ཐབས་མཐོན་པོར་འདོད་ན་རིན་པོ་ཆེའི་གཞུ་ཐོགས་པའི་ཕྱག་ལ་མཆོད་དོ། །གྲོགས་པོ་མཛའ་བཤེས་དང་མྱུར་དུ་ཕྲད་པར་འདོད་ན་རིན་པོ་ཆེའི་མདའ་ཐོགས་པའི་ཕྱག་ལ་མཆོད་དོ། །ལུས་ལ་ནད་སྣ་ཚོགས་ཀྱིས་ཐེབས་པར་གྱུར་ན་ལྕུག་མ་ཐོགས་པའི་ཕྱག་ ལ་མཆོད་དོ། །ལུས་ཀྱི་བགེགས་མ་ལུས་པ་བསལ་བར་འདོད་ན་རྔ་ཡབ་དཀར་པོ་ཐོགས་པའི་ཕྱག་ལ་མཆོད་དོ། །ཐམས་ཅད་མཐུན་པའི་འཁོར་དུ་འགྱུར་བར་འདོད་ན་བུམ་པ་ཐོགས་པའི་ཕྱག་ལ་མཆོད་དོ། །སྟག་དང་འཕར་སྤྱང་དང་དོམ་དྲེད་དང་གཅན་གཟན་མ་རུངས་པ་ཐམས་ཅད་ སྤོང་བར་འདོད་ན་ཕུབ་ཐོགས་པའི་ཕྱག་ལ་མཆོད་དོ། །གནས་དང་དུས་ཐམས་ཅད་དུ་རྒྱལ་པོའི་བགེགས་ལས་ཐར་བར་འདོད་ན་དགྲ་སྟ་ཐོགས་པའི་ཕྱག་ལ་མཆོད་དོ། །བུ་དང་བུ་མོ་དང་གཡོག་འཁོར་གྱི་ཕྱིར་ཤེལ་གྱི་གདུབ་འཁོར་ཐོགས་པའི་ཕྱག་ལ་མཆོད་དོ། །ཡོན་ཏན་རྣམ་པ་སྣ་ ཚོགས་ཀྱི་ཕྱིར་ནི་པདྨ་དཀར་པོ་ཐོགས་པའི་ཕྱག་ལ་མཆོད་དོ། །ཕྱོགས་བཅུའི་ཞིང་ཡོངས་སུ་དག་པར་འདོད་ན། པདྨ་སྔོན་པོ་ཐོགས་པའི་ཕྱག་ལ་མཆོད་དོ། །ཤེས་རབ་ཆེན་པོ་དང་ལྡན་པར་འདོད་ན་རིན་པོ་ཆེའི་མེ་ལོང་ཐོགས་པའི་ཕྱག་ལ་མཆོད་དོ། །ཕྱོགས་བཅུའི་དེ་བཞིན་གཤེགས་ པ་རྣམས་མངོན་སུམ་དུ་མཐོང་བར་འདོད་ན། པདྨ་ཐོགས་པའི་ཕྱག་ལ་མཆོད་དོ། །སའི་གཏེར་འབྱིན་པར་འདོད་ན་རིན་པོ་ཆེའི་ཟ་མ་ཏོག་ཐོགས་པའི་ཕྱག་ལ་མཆོད་དོ། །དྲང་སྲོང་གི་ལམ་མངོན་པར་བསྒྲུབ་པར་འདོད་ན་སྤྲིན་རྣམ་པ་ལྔ་ཐོགས་པའི་ཕྱག་ལ་མཆོད་དོ། །ཚངས་པར་སྐྱེ་ བར་འདོད་ན་རིལ་བ་ཐོགས་པའི་ཕྱག་ལ་མཆོད་དོ། །ལྷའི་གཞལ་མེད་ཁང་དུ་སྐྱེ་བར་འདོད་ན། པདྨ་ལེ་བརྒན་ཐོགས་པའི་ཕྱག་ལ་མཆོད་དོ། །ཕྱོགས་གཞན་གྱི་ཕྱིར་རྒོལ་བ་བསལ་བར་འདོད་ན། རལ་གྲི་དང་མདུང་ཐོགས་པའི་ཕྱག་ལ་མཆོད་དོ། །དགེ་བའི་ལྷ་འདྲེ་ཐམས་ཅད་ དགུག་པར་འདོད་ན་རིན་པོ་ཆེའི་དུང་ཐོགས་པའི་ཕྱག་ལ་མཆོད་དོ། །ལྷ་འདྲེ་ཐམས་ཅད་འཁོལ་བར་འདོད་ན་ཐོད་པའི་ཁར་བ་ཐོགས་པའི་ཕྱག་ལ་མཆོད་དོ། །ཕྱོགས་བཅུའི་སངས་རྒྱས་མྱུར་དུ་གཤེགས་ནས་ཕྱག་གིས་བྱུག་པར་འདོད་ན་བགྲང་ཕྲེང་འཛིན་པའི་ཕྱག་ལ་མཆོད་དོ། །ཚངས་ པའི་སྒྲ་དབྱངས་མཆོག་ཐམས་ཅད་མངོན་པར་འགྲུབ་པར་འདོད་ན་རིན་པོ་ཆེའི་དྲིལ་བུ་ཐོགས་པའི་ཕྱག་ལ་མཆོད་དོ། །ཚིག་གི་སྤོབས་པ་གྱ་ནོམ་པ་དང་ལྡན་པར་འདོད་ན་རིན་པོ་ཆེའི་ཕྱག་རྒྱ་ཐོགས་པའི་ཕྱག་ལ་མཆོད་དོ། །དགེ་བའི་ལྷ་རྣམས་དང་ཀླུ་རྣམས་རྟག་པར་འོངས་ཏེ་བསྲུང་ ཞིང་ཡོངས་སུ་སྐྱོབ་པར་འདོད་ན་ལྕགས་ཀྱུ་ཐོགས་པའི་ཕྱག་ལ་མཆོད་དོ། །བྱམས་དང་སྙིང་རྗེས་སེམས་ཅན་ཐམས་ཅད་སྐྱོབ་པར་འདོད་ན་འཁར་གསིལ་ཐོགས་པའི་ཕྱག་ལ་མཆོད་དོ། །སེམས་ཅན་ཐམས་ཅད་ཀྱིས་རྟག་པར་ཕན་ཚུན་གུས་པའི་བསྙེན་བཀུར་བརྩེ་བར་སེམས་པར་ འདོད་ན་ཐལ་མོ་སྦྱོར་བའི་ཕྱག་ལ་མཆོད་དོ། །སྐྱེ་བའི་སྐྱེ་གནས་ཐམས་ཅད་དུ་དེ་བཞིན་གཤེགས་པ་རྣམས་དང་མི་འབྲལ་བར་འདོད་ན་སྤྲུལ་པའི་སངས་རྒྱས་ཐོགས་པའི་ཕྱག་ལ་མཆོད་དོ། །སྐྱེ་བའི་ཚེ་རབས་ཐམས་ཅད་དུ་རྟག་པར་དེ་བཞིན་གཤེགས་པའི་ཕོ་བྲང་དུ་གནས་ནས་མངལ་གྱི་ སྙིང་པོར་སྐྱེ་བར་མི་འདོད་པར་གྱུར་ན་གཞལ་མེད་ཁང་ཐོགས་པའི་ཕྱག་ལ་མཆོད་དོ། །མང་དུ་ཐོས་པའི་ཤེས་རབ་རྒྱ་ཆེན་པོ་དང་ལྡན་པར་འདོད་ན་རིན་པོ་ཆེའི་མདོ་སྡེའི་གླེགས་བམ་ཐོགས་པའི་ཕྱག་ལ་མཆོད་དོ། །ད་ལྟར་གྱི་ལུས་འདི་ནས་སངས་རྒྱས་ཀྱི་སྐུ་ལ་ཐུག་པའི་བར་དུ་རྟག་ ཏུ་བྱང་ཆུབ་ཀྱི་སེམས་ལས་ལྡོག་པར་མི་འགྱུར་བར་འདོད་ན་ཕྱིར་མི་ལྡོག་པའི་གསེར་གྱི་འཁོར་ལོ་ཐོགས་པའི་ཕྱག་ལ་མཆོད་དོ། །མི་འཇིགས་པ་ལ་སོགས་པའི་སྦྱིན་པ་རྣམ་པ་བཞིས་འགྲོ་བ་ཚིམ་པར་འདོད་ན་མཆོག་སྦྱིན་པའི་ཕྱག་ལ་མཆོད་དོ། །ཕྱོགས་བཅུའི་དེ་བཞིན་ གཤེགས་པ་རྣམས་མྱུར་དུ་གཤེགས་ནས་སྤྱི་བོ་ནས་ཕྱག་གིས་བྱུགས་ཏེ་ལུང་བསྟན་པར་འདོད་ན་སྤྱི་བོ་ན་སྤྲུལ་པའི་སངས་རྒྱས་ཐོགས་པའི་ཕྱག་ལ་མཆོད་དོ། །ཤིང་ཏོག་དང་འབྲས་བུ་རྣམས་འགྲུབ་པར་འདོད་ན་རྒུན་འབྲུམ་ཐོགས་པའི་ཕྱག་ལ་མཆོད་དོ། །དེ་ལྟར་མངོན་པར་སྒྲུབ་པའི་ མཆོག་རྣམས་སྟོང་ཡོད་ཀྱང་། དེ་མདོར་བསྡུས་ནས་བསྟན་པ་ཡིན་ནོ། །ལུས་དྲང་པོར་བསྲང་སྟེ་སྙིང་གར་ཐལ་མོ་སྦྱར་ནས་སོར་མོ་ཐམས་ཅད་ཕན་ཚུན་ཐད་ཀར་བསྣོལ་ལ་གཡོན་པའི་སོར་མོ་རྣམས་ཀྱིས་གཡས་པའི་སོར་མོ་རྣམས་ལ་འཁྱུད་དེ་མཛུབ་མོ་གྱེན་དུ་བསྒྲེངས་ལ་རྩེ་མོ་ གཉིས་སྤྲད་དོ། །མཐེ་བོ་གཉིས་མཛུབ་མོ་གཉིས་ཀྱི་ཚིགས་དང་པོར་རེག་པར་བགྱི། ལག་མཐིལ་ལ་མ་འབྱར་བར་བགྱིའོ། །འདི་ནི་གཟུངས་སྔགས་ཐམས་ཅད་ཀྱི་ཕྱག་རྒྱ་ཡིན་ནོ། །བསྐལ་པ་དུ་མར་ཚེ་རབས་སུ་བསགས་པའི་ལས་ཀྱི་སྒྲིབ་པ་མི་དགེ་བ་རྣམས་བྱང་བར་འགྱུར་ རོ། །ཚེ་ཕྱི་མ་ལ་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བྱང་ཆུབ་བརྙེས་པར་མཛད་པའི་ཚེ་བདུད་ཐམས་ཅད་ཀྱིས་མཐོ་བཙམས་པ་ན་ཕྱག་རྒྱ་འདིས་བཏུལ་ཏེ། དེའི་ཚེ་ཞི་བ་དང་བདེ་བ་དང་བསམ་གཏན་དང་སྙོམས་པར་འཇུག་པ་ཡང་ བརྙེས་པར་གྱུར་ཏོ། །དེའི་གསང་སྔགས་ནི་འདི་ཡིན་ནོ། །ཏདྱ་ཐཱ། སརྦ་དྷརྨཱ་མཎྜ་ལཱ་ཡེ་ཨེ་ཧྱེ་ཧི་སརྦ་ཤུདྡྷ་སཏྭཱ་ཡ་སྭཱ་ཧཱ། འཕགས་པ་སྤྱན་རས་གཟིགས་ཕྱག་སྟོང་པའི་དཀྱིལ་འཁོར་གྱི་ཆོ་ག་བརྗོད་པར་བྱ་སྟེ། ཐོག་མར་རི་རྣམས་དང་ཉེ་བ་མ་གཞི་ས་གཙང་ཞིང་བཀྲ་ཤིས་ པའི་ས་ཕྱོགས་བཙལ་བར་བགྱིའོ། །དེར་ས་བརྐོས་ཏེ་གསེག་མ་དང་གྱོ་མོ་དང་རུས་པ་དང་མི་གཙང་བ་རྣམས་བསལ་ལ་དྲི་ཞིམ་པོ་དག་དང་བའི་ལྕི་བ་དང་འཇིམ་པ་བསྲེས་ཏེ་བྱུག་པར་བྱ། དཀྱིལ་འཁོར་དཔངས་མཐོ་གང་གི་ཚད་དུ་སྒོ་བཞི་གདོད་དོ། །རིན་པོ་ཆེ་དུ་མས་སྤྲས་ པའི་རྟ་བབས་དང་སྒོ་ཁྱུད་དང་བཅས་པ་ཚང་བར་བགྱིའོ། །ཤར་གྱི་སྒོར་ནི་ཡུལ་འཁོར་སྲུང་། ལྷོའི་སྒོར་ནི་འཕགས་སྐྱེས་པོ། ནུབ་ཀྱི་སྒོར་ནི་སྤྱན་མི་བཟང་། བྱང་གི་སྒོར་ནི་རྣམ་ཐོས་སྲས། དེ་དག་གི་གཡས་གཡོན་དུ་རང་རང་གི་འཁོར་ཐམས་ཅད་བྲིའོ། །དཀྱིལ་འཁོར་གྱི་དབུས་ སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕྱག་སྟོང་པ་གཞག་པར་བགྱིའོ། །དེའི་མདུན་དུ་སྒྲོལ་མ་དང་ཁྲིའུའི་གཞག་སྟེ་ཁྲིའུའི་སྟེང་དུ་གཟུགས་སྔགས་འདི་གཞག་པར་བགྱིའོ། །གཡས་ཕྱོགས་སུ་ནི་དོན་ཡོད་པའི་ཞགས་པའོ། །རྒྱབ་ཏུ་ནི་ནོར་བཟངས་སོ། །གཡོན་དུ་ནི་རྟ་མགྲིན་ནོ། །མཚམས་ བཞིར་གོ་རིམས་ཇི་ལྟ་བ་བཞིན་དུ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་དང་། བྱམས་པ་དང་། འཇམ་དཔལ་དང་། ཕྱག་ན་རྡོ་རྗེའོ། །དཀྱིལ་འཁོར་དེ་ལ་བདུག་པ་སྣ་ཚོགས་ཀྱིས་བདུག་གོ། །མེ་ཏོག་སྣ་ཚོགས་དགྲམ། མཆོད་པ་རྣམ་པ་སྣ་ཚོགས་གཞག་པར་བྱའོ། །སྒོག་པ་རྣམ་དགུ་ དང་ཤ་ཆང་མི་དབང་ངོ་། །ཞག་ཉི་ཤུ་རྩ་གཅིག་ཏུ་རྒྱུན་མི་འཆད་པར་མཆོད་པ་གསར་པ་རྣམས་བརྗེའོ། །བསྟོད་པའི་དབྱངས་དང་རོལ་མོ་སྣ་ཚོགས་ཀྱིས་མཆོད་པར་བྱའོ། །དཀྱིལ་འཁོར་གྱི་མཐའ་མར་ནི་མཆོད་རྟེན་བདུན་བདུན་ལ་ཚོན་སྣ་ལྔའི་བ་དན་བཙུགས་ལ་གཞག་ པར་བྱའོ། །དེའི་ཚེ་རྩ་བའི་སྔགས་སྟོང་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུགས་དང་ཀུན་དགའ་བོའི་གཟུགས་ཀྱིས་དེར་འོངས་ནས་སྒྲུབ་པ་པོ་དེ་ལ་ཅི་འདོད་ཅེས་གཏམ་སྨྲ་བར་འགྱུར་རོ། །སྒྲུབ་པ་པོ་དེས་མཆོད་ པ་སྣ་ཚོགས་ཀྱིས་མཆོད་ལ་ལན་གདབ་པར་བགྱི་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དོན་དུ་གཟུགས་སྔགས་ཀྱི་རང་བཞིན་འཚལ་ལོ་ཞེས་བརྗོད་པར་བགྱིའོ། །ཡང་འདི་སྐད་དུ་འདི་ནི་ལུང་བསྟན་པའི་དུས་ལགས་པ་སྙམ་བགྱིད་ན་ཐུགས་རྗེ་དང་ལྡན་པས་བདག་ ལ་ངེས་པར་ཐུགས་རྗེ་ཆེན་པོ་བསྐྱེད་དུ་གསོལ། བདག་ནི་རྙེད་པ་དང་བཀུར་སྟི་དང་གྲགས་པ་མི་འཚལ་གྱི་ནམ་ཞིག་ན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་ལྟ་བ་དང་ཡོངས་སུ་སྐྱོབ་པར་འགྱུར་སྙམ་དུ་སེམས་སོ། །ཡང་འབྱུང་པོ་གཉུག་མར་གནས་པ་ཐམས་ཅད་བདག་ གིས་བསྒོ་བ་བཞིན་དུ་གནས་པར་གྱུར་ཅིག་སྙམ་དུ་སེམས་སོ་ཞེས་བརྗོད་པར་བགྱིའོ། །གལ་ཏེ་ཡིད་ལ་བསམས་པ་འདི་ཐོབ་ཅིང་དངོས་གྲུབ་དེ་ཐོབ་ན་གཞན་ལ་མ་བརྗོད་པར་བདག་ཉིད་ཀྱིས་འཚལ་བར་བགྱིའོ། །གལ་ཏེ་ཆོས་འདི་གྲུབ་ན་བཟླས་པར་བགྱི་གཅིག་ཏུ་གཟུང་བར་བགྱིའོ། ། འདི་ནི་བསླབ་པ་གཅིག་ཏུ་གསང་བའོ། །སུ་ཞིག་སྣ་ཚོགས་འཚལ་བ་དེས་ཨ་ཀ་རུ་ནག་པོའི་ཆབ་ཀྱིས་དཀྱིལ་འཁོར་གྲུ་བཞི་པ་བགྱིས་ལ་རྩ་བའི་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིའོ། །ཡིད་ལ་བསམ་པ་ཡོངས་སུ་རྫོགས་པར་བགྱིད་པ་ཕྱག་རྒྱ་བཅིང་བར་བགྱིའོ། །འོན་ཀྱང་ འཚལ་བ་ཡོངས་སུ་རྫོགས་པ་རྙེད་པར་འགྱུར་རོ། །དེའི་ཚེ་གླེགས་བམ་འདི་བཞིན་དུ་སེམས་ཤིང་སུ་ཞིག་འདི་བཞིན་དུ་མཆོད་པར་བགྱིས་ན་གཞན་དུ་མི་འགྱུར་རོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོས་སངས་རྒྱས་རྣམ་པར་གཟིགས་འཇིག་རྟེན་དུ་བྱོན་པའི་ཚེ་འཕགས་པ་སྤྱན་རས་ གཟིགས་ཀྱིས་བདུད་བཏུལ་བའི་ཚེ་ལུས་ལས་མིག་སྟོང་སྤྲུལ་ཏེ་མིག་རེ་རེ་ལས་སངས་རྒྱས་རེ་རེ་སྤྲུལ་ཏེ། དེ་དག་ལས་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་འབྱུང་ངོ་། །ལག་པ་སྟོང་ལས་ལག་པ་རེ་རེ་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་རེ་རེ་སྤྲུལ་ཏེ་དེ་དག་ལ་ནི་འཁོར་ལོས་ སྒྱུར་བའི་རྒྱལ་པོ་སྟོང་འབྱུང་ངོ་། །བདུད་བཏུལ་བའི་ནང་ན་བྱང་ཆུབ་སེམས་དཔའི་ལུས་ནི་མཆོག་གོ། །དེ་ནས་རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། ཟབ་པ་དང་ཕྲ་བའི་རྫོགས་རིམ་ནི་བླ་མའི་མན་ངག་ལས་ཤེས་པར་བྱའོ། །དེ་ནས་ཛ་ཧི་ཞེས་བརྗོད་པས་མདུན་གྱི་ནམ་མཁའ་ལ་གཤེགས་ ལ་བསྟོད་པ་དང་མཆོད་པས་མཆོད་ལ། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཁོར་དང་བཅས་པ་དགོངས་སུ་གསོལ། བདག་ཉིད་གཅིག་པུ་སྡུག་བསྔལ་ལས་ཐར་ནས་བདེ་བ་ལ་གནས་པར་འདོད་པ་མ་ལགས་ཀྱིས་ཕྱོགས་བཅུའི་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ ཐོབ་པའི་ཆེད་དུ་འཕགས་པ་སྒྲུབ་པ་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ་པར་བྱིན་གྱིས་བརླབ་པ་དམ་པ་མཛད་དུ་གསོལ་ཞེས་བརྗོད་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། ། སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བརྗོད་ལ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཅིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ། ཞེས་པ་ལན་བདུན་བརྗོད་ལ་གཤེགས་སུ་གསོལ། གཞན་ཡང་དམ་པའི་ཆོས་པདྨ་དཀར་པོ་ནས་གསུངས་པ། སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ངན་སོང་སྡུག་བསྔལ་དབུལ་བའི་སྡུག་བསྔལ་དང་། །ན་ བའི་སྡུག་བསྔལ་འཚེ་བའི་སྡུག་བསྔལ་བ། །ཀུན་ནས་ཐར་བར་སྤྱན་རས་གཟིགས་ཀྱིས་གསུངས། །གལ་ཏེ་གསོད་པས་མེ་ཡི་དོང་དུ་ཡང་། །གསད་པར་བྱ་བའི་ཕྱིར་ནི་བོར་བ་ཡིས། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཆུ་བཏབ་བཞིན་དུ་མེ་དག་ཞི་བར་འགྱུར། །རྒྱ་མཚོ་དང་ནི་མྱ་ ངན་རྒལ་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཆུ་ཡི་ནང་དུ་ནམ་ཡང་མི་འཆིའོ། །རབ་ཏུ་སྡང་བའི་ཡིད་ཀྱིས་གསད་པའི་ཕྱིར། །རི་རབ་ལྷུན་པོའི་རྩེ་ནས་བོར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །ཉི་མ་ལྟ་བུར་བར་སྣང་གནས་པར་འགྱུར། ། གལ་ཏེ་རྡོ་རྗེ་ཡི་ནི་རི་<དག་‚དགས་>དང་། །བསད་པའི་ཕྱིར་ནི་སྤྱི་བོར་འོངས་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །བ་སྤུའི་ཁུང་ཙམ་གཙེས་པར་མི་ནུས་སོ། །གསད་པའི་སེམས་ཀྱིས་ལག་ན་མཚོན་ཐོགས་ཏེ། །དགྲ་ཚོགས་མང་པོས་རབ་ཏུ་བསྐོར་ན་ཡང་། །སྤྱན་ རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་མ་ཐག་ཏུ་བྱམས་པའི་སེམས་སུ་འགྱུར། །གལ་ཏེ་གསོད་པ་ཉེ་བར་འོངས་ནས་སུ། །གཤེད་མའི་མི་ཡི་དབང་དུ་གྱུར་ན་ཡང་། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །དེ་ཡི་མཚོན་ཆ་དུམ་བུ་དུམ་བུར་འགྱུར། །སྔགས་དང་སྟོབས་དང་ སྨན་དང་རིག་སྔགས་དང་། །རོ་ལངས་པ་དང་འབྱུང་པོ་ལུས་འཇིགས་པ། །སྤྱན་རས་གཟིགས་ཀྱི་དབང་པོ་དྲན་ན་ནི། །གང་ནས་རབ་ཏུ་བཏང་བ་དེ་སླར་འགྲོ། །དྲི་མ་མེད་པ་དྲི་བྲལ་བ་ཡི་འོད། །འོད་དཔག་མེད་པ་ཡེ་ཤེས་ཉི་མའི་འོད། །སྤྲིན་གྱིས་ཆོད་པ་མེད་པར་གྱུར་པའི་ འོད། །འཇིག་རྟེན་དག་ན་ལྷང་ངེ་ལྷག་གེར་མཛེས། །འཕགས་པ་ལྷ་ཡིས་གསོལ་བ་ལེགས་བཏབ་ནས། །འཕགས་པ་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་བྱས། །མི་དབང་རྒྱལ་པོ་བདེ་སྤྱོད་འཁོར་བཅས་རྣམས། །ཚེ་འདིར་འཇིག་རྟེན་མགོན་པོ་མཐོང་བར་ཤོག །སློབ་དཔོན་འཕགས་ པ་ཀླུ་སྒྲུབ་བདག་ཉིད་ཆེན་པོ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་ས་དྲུག་པའི་བྱང་ཆུབ་སེམས་དཔའ་ཡིན་ཡང་ས་དང་པོའི་བྱང་ཆུབ་སེམས་དཔར་བྱིན་གྱིས་བརླབས་པ། དཔེར་ན་ངའི་ཉེ་གནས་ཀུན་དགའ་བོ་ས་བཅུའི་བྱང་ཆུབ་སེམས་དཔའ་ཡིན་ཡང་སོ་སོའི་སྐྱེ་ བོར་བྱིན་གྱིས་བརླབས་པ་ལྟ་བུའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་གཤེགས་ཏེ། ས་བརྒྱད་པ་ལ་གནས་ནས་ལུས་གཉིས་སུ་བྱས་ཏེ། གཅིག་ནི་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་ལ་མཆོད་པ་བྱེད། གཅིག་ནི་ དགའ་ལྡན་དུ་བྱམས་པ་ལ་མདོ་འདི་ཉིད་ཀྱི་དོན་འདྲིའོ་ཞེས་གསུངས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་ལུང་བསྟན་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་ པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་ར་ཥ་ཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པའི་སྒྲུབ་ཐབས། སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་ཞིག་དོན་དམ་ཐུགས་ཆུང་སྙིང་རྗེའི་དབང་གིས་ཡེ་ཤེས་སྐུར། །གནས་མཛད་འགྲོ་ལ་བུ་བཞིན་མཉམ་གཟིགས་ནས། །སྡུག་བསྔལ་རྒྱ་མཚོའི་འཇིགས་ལས་སྒྲོལ་མཛད་པའི། །སྐྱོབ་པའི་དབང་པོ་འཇིག་རྟེན་མགོན་ལ་རབ་བཏུད་དེ། ། ཡེ་ནས་རྣམ་དག་སེམས་ཉིད་མ་རིག་པའི། །གློ་བུར་དྲི་མས་བསྒྲིབས་པའི་འགྲོ་ལ་ཕན་དོན་དུ། །བསྟན་པ་རྒྱ་མཚོའི་ནང་ནས་ཐེག་མཆོག་རྡོ་རྗེའི་ལམ། །སྒྲིབ་པ་མྱུར་སེལ་བདུད་རྩི་ལྟ་བུ་བྲི་བར་བྱ། །བླ་མ་དཀོན་མཆོག་གསུམ་གུས་ཤིང་། །སྙིང་རྗེ་བྱང་ཆུབ་སེམས་སྦྱངས་ཏེ། །དབང་ ཐོབ་དམ་ཚིག་ལྡན་པ་ཡི། །སྒྲུབ་ལ་བརྩོན་པའི་རྣལ་འབྱོར་གྱིས། །བཀྲ་ཤིས་ཡིད་འོང་བྱིན་ཆགས་པའི། །དབེན་པའི་གནས་སུ་ཕྱིན་ནས་ནི། །མཆོད་སྦྱིན་ལ་སོགས་སྔོན་སོང་བས། །རྟེན་དང་མཆོད་པ་རིམ་བཞིན་བཤམས། །དེ་ནས་འཚེ་དོགས་ཀུན་སྤངས་ནས། །ཁྲུས་བྱས་བདེ་ བའི་སྟན་འདུག་སྟེ། །རང་ཉིད་སྙིང་གར་ཧྲཱིཿབལྟས་ལ། །འོད་ཀྱིས་འཕགས་པ་སྤྱན་དྲང་ཞིང་། །ཕྱག་འཚལ་མཆོད་འབུལ་ལ་སོགས་པས། །བསོད་ནམས་ཚོགས་ནི་བསགས་པར་བྱ། །འགྲོ་ལ་སྙིང་རྗེ་ཆེན་པོ་དང་། །བྱང་ཆུབ་སེམས་ཀྱང་བསྒོམ་པར་བྱ། །ཨོཾ་མ་ཧཱ་ ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དངོས་རྣམས་ཐམས་ཅད་རབ་སྦྱངས་ཏེ། །སྟོང་པ་ཉིད་ཀྱི་ངང་ཉིད་ལས། །རླུང་དང་བདུད་རྩི་རི་རབ་སྟེ། །བྷྲཱུཾ་ལས་རིན་ཆེན་གཞལ་ཡས་ཁང་། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་ལ་སོགས་རྣམ་པར་མཛེས། །ཕོ་བྲང་ཆུ་སྐྱེས་འདབ་དྲུག་ ལ། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་བསྒོམ། །དེ་དབུས་པདྨ་ཟླ་བའི་སྟེང་། །ཧྲཱིཿལས་འོད་འཕྲོས་དོན་བྱས་ནས། །སླར་འདུས་ཡོངས་སུ་གྱུར་པ་ལས། །འཇིག་རྟེན་དབང་ཕྱུག་སྐུར་བསྐྱེད་དེ། །ཞལ་གཅིག་པ་ལ་ཕྱག་བཞི་པ། །དང་པོ་ཐུགས་ཀར་ཐལ་མོ་སྦྱར། །གཡས་ ན་མུ་ཏིག་ཕྲེང་བ་འཛིན། །གཡོན་པ་པདྨ་དཀར་པོ་བསྣམས། །སྐུ་མདོག་དུང་དང་ཀུན་དའམ། །ཁ་བའི་རི་ལྟར་དཀར་བ་ལ། །ཐུགས་རྗེས་ཡིད་ཙམ་དམར་བའི་སྤྱན། །ཞལ་ནི་འཛུམ་པའི་མདངས་དང་ལྡན། །སྐུ་ནི་མི་འགྱུར་དྲང་པོ་སྟེ། །ཞབས་གཉིས་མཉམ་པའི་སྐྱིལ་ ཀྲུང་བཞུགས། །དབུ་སྐྲ་མཐོན་མཐིང་ལྕང་ལོ་འཁྱིལ། །ཨ་མི་ཏཱ་བྷས་སྤྱི་གཙུག་བརྒྱན། །མཚན་བཟང་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུར་ལྡན། །རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ལེ་བརྒན་དར་གྱི་ན་བཟའ་འཆང་། །འཇིག་རྟེན་གསུམ་གྱི་མགོན་པོ་ནི། ། ཡུམ་དང་སྲས་བཅས་བསྐྱེད་པར་བྱ། །དེ་ནས་གནས་གསུམ་བྱིན་བརླབས་ཏེ། །སྤྱི་བོ་མགྲིན་པ་ཐུགས་ཀ་རུ། །རྡོ་རྗེ་གསུམ་མཆོག་སྙིང་པོ་འདི། །ཁ་དོག་གསུམ་ལྡན་ཡི་གེ་དགོད། །ཕྱོགས་བཅུའི་བདེ་གཤེགས་སྤྱན་དྲངས་ནས། །མཆོད་དེ་གསོལ་བ་བཏབ་པ་ཡིས། །ཡེ་ཤེས་ བདུད་རྩིའི་ཆུ་རྒྱུན་གྱིས། །དབང་བསྐུར་རིགས་ཀྱི་བདག་པོས་བརྒྱན། །དེ་ནས་ཐུགས་ཀའི་ས་བོན་ལས། །འོད་ཟེར་སྤྲོས་ཏེ་འོག་མིན་ནས། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ། །མཆོད་ཅིང་གཉིས་མེད་བསྲེ་བར་བྱ། །རང་སེམས་རྣམ་དག་ལྷར་གསལ་བ། །སྣང་བ་རང་བཞིན་མེད་པ་ ཡི། །ཆུ་ཟླ་མེ་ལོང་གཟུགས་བརྙན་ནམ། །ནམ་མཁའ་ཡི་ནི་འཇའ་ཚོན་ལྟར། །མཐའ་གཉིས་ལས་གྲོལ་ལྷ་ཡི་སྐུ། །སྐུ་བཅས་སྐུ་ནི་མེད་པ་ཡི། །ཟུང་འཇུག་སྒྱུ་མ་ལྟ་བུར་ནི། །རྣལ་འབྱོར་པ་ཡིས་རྟག་ཏུ་བསྒོམ། །དེ་ལྟར་གསལ་བར་གྱུར་པ་དང་། །དུས་གསུམ་བདེ་གཤེགས་ ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པའི་གསང་སྔགས་འདི། །རྒྱུན་མི་འཆད་དུ་བཟླས་པར་བྱ། །ཨོཾ་མ་ཎི་པདྨེ་ཧཱུཾ། འདི་ནི་མཚན་གྱི་རྒྱལ་པོ་སྟེ། །མི་མཐུན་དྲི་མ་སྤང་བྱེད་ཅིང་། །འདོད་པའི་འབྲས་བུ་ཀུན་སྟེར་བས། །ཡིད་བཞིན་ནོར་བུ་ལྟ་བུའོ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། ། སྣོད་བཅུད་སྦྱངས་ཏེ་སྐུ་ལ་བསྡུ། །སྐུ་ཡང་གསུང་ཡིག་རིམ་གྱིས་ནི། །ཐིག་ལེ་མི་དམིགས་གཟུགས་སུ་བསྡུ། །མཚན་མའི་རྟོག་པ་རབ་ཞི་བ། །ཆོས་དབྱིངས་དག་པའི་ངོ་བོ་ཉིད། །རང་བཞིན་ཀུན་ཏུ་འོད་གསལ་བའི། །དེ་བཞིན་ཉིད་ཀྱི་ངང་དུ་གཞག །དེ་ལས་ཅུང་ཟད་ལྷ་ཡི་སྐུར། ། ལངས་ཏེ་སྤྱོད་ལམ་རྣམ་བཞི་རུ། །མ་ཡེངས་ཆུ་བོའི་རྒྱུན་ལྟར་བསྒོམ། །སྣང་གྲག་སྐུ་གསུང་ཐུགས་སུ་ཁྱེར། །གཞན་ཡང་བསོད་ནམས་ཚོགས་བསགས་ཕྱིར། །མདུན་གྱི་མཎྜལ་དབུས་ཉིད་དུ། །རྟེན་ལས་དམ་ཚིག་དཀྱིལ་འཁོར་བསྐྱེད། །ཡེ་ཤེས་དཀྱིལ་འཁོར་དབྱིངས་ནས་ནི། ། སྤྱན་དྲངས་ཁྲུས་གསོལ་བསྟིམ་བཞུགས་ཤིང་། །ཕྱག་འཚལ་མཆོད་ཅིང་བསྟོད་བྱ་སྟེ། །ཐུགས་ཉི་པདྨའི་དཀྱིལ་འཁོར་དུ། །གསང་སྔགས་དམིགས་ཤིང་བཟླས་པར་བྱ། །དེ་ནས་བཟོད་གསོལ་ཡེ་ཤེས་གཤེགས། །དམ་ཚིག་དཀྱིལ་འཁོར་རང་ལ་བསྡུ། །རང་ཡང་མི་དམིགས་ རྒྱས་བཏབ་སྟེ། །ལྷ་ཡི་རྣམ་པར་ལངས་ཏེ་གནས། །ཐུན་བཞི་ལ་སོགས་ཐུན་བར་དུ། །ཆོས་ཀྱི་སྤྱོད་པ་རྒྱ་ཆེར་བྱ། །དེ་ལས་བྱུང་བའི་བསོད་ནམས་ཀྱང་། །འགྲོ་དོན་བྱང་ཆུབ་ཆེན་པོར་བསྔོ། །ཟླ་དྲུག་བསྒོམ་པས་འགྲུབ་འགྱུར་གྱི། །མཚན་བཟང་མཐོང་ན་དོན་ཆེན་བརྙེས། །སུམ་ བྱེད་དྲུག་འབུམ་ཐོན་ནས་ནི། །སྣ་ཚོགས་ལས་ཀྱི་རིམ་པར་སྦྱར། །ལྔ་བརྒྱའི་ཐ་མར་འཇིག་རྟེན་དུ། །ཐུབ་པའི་བསྟན་པ་རྒྱས་འགྱུར་ཏེ། །འཇིག་རྟེན་དབང་ཕྱུག་རྣལ་འབྱོར་གྱི། །མྱུར་དུ་བདག་གཞན་དོན་འགྲུབ་འགྱུར། །ཐུགས་རྗེ་པདྨོ་རྒྱས་པའི་གེ་སར་ལས་བྱུང་བའི། །རྒྱས་ བྱེད་བཅུད་ལྡན་སྦྲང་རྩི་ཅུང་ཟད་བདག་གིས་འཐུངས། །འདི་ནི་གཞན་ཕན་བསམ་པས་མན་ངག་ཟུར་ཙམ་བཀོད། །ཉེས་གྱུར་ཐུགས་རྗེའི་དང་དུ་བཟོད་པ་མཛད་པར་རིགས། །འདབ་ཆགས་རྒྱལ་པོས་ཆུ་ལས་འོ་མ་བླངས་པ་ལྟར། །གྲུབ་པའི་རྒྱུད་ལས་སྙིང་པོ་འདི་བསྡུས་དགེ་བ་ ཡིས། །མུ་མཐའ་ཡས་པའི་སེམས་ཅན་མ་ལུས་ཐམས་ཅད་ཀུན། །རྣམ་དག་པདྨོའི་ཞིང་དུ་རྒྱལ་བའི་ཞལ་མཐོང་ཤོག །ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡིད་བཞིན་ནོར་བུ་ཞེས་བྱ་བ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སློབ་ དཔོན་པདྨའི་ཞལ་སྔ་ནས་དང་། བོད་ཀྱི་ལོ་ཙཱ་བ་བཙུན་པ་རྒྱལ་བ་མཆོག་དབྱངས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བྷཊྚཱ་རཱ་ཀ་ཨཱརྱཱ་བ་ལོ་ཀེ་ཏེ་ཤྭ་རེ་ཀ་ད་ཤ་མུ་ཁ་སྱ་སཱ་དྷ་ནཾ། བོད་སྐད་དུ། རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ ཞལ་བཅུ་གཅིག་པའི་སྒྲུབ་ཐབས། བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ལྟེ་བ་ཟླ་བས་རྣམ་བརྒྱན་པདྨ་ལ། །འབར་བའི་རྒྱན་མངའ་ཀུན་ནས་མུན་སེལ་ཅིང་། །ཁ་བའི་རི་འདྲ་རི་དགས་ལྤགས་འཛིན་པ། །འཛུམ་བཅས་བཞུགས་ལ་སྤྱི་བོས་བཏུད་བྱས་ཏེ། ། འགྲོ་བ་དེ་ཡི་གནས་ཐོབ་འདོད་པས་འདིར། །སྒྲུབ་ཐབས་ཆོ་ག་བདག་གིས་དྲན་པར་བྱ། །དང་པོར་རེ་ཞིག་གང་ཡང་རུང་བའི་ཡིད་དང་རྗེས་སུ་མཐུན་པའི་གནས་ལེགས་པར་བྱུགས་ལ་དྲི་ཞིམ་པོའི་མེ་ཏོག་ཀུན་ཏུ་གཏོར་ལ། དེའི་དབུས་སུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། རང་གི་ སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་ཞིང་། དེའི་སྟེང་དུ་དྲོ་བ་རྣམས་ཀྱི་བཞི་པ་མེའི་བུ་ལ་བརྟེན་པ་ང་རོ་བཞི་པས་ཀུན་ནས་མནན་ཞིང་གཞོན་ནུ་མའི་ནུ་མས་བརྒྱན་པར་བལྟའོ། །དེ་ནས་ས་བོན་གྱི་ཡི་གེ་ལས་འོད་ཟེར་རྣམས་བྱུང་བས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ དང་། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས་ཏེ། དེ་དག་གི་མདུན་ཉིད་དུ་ཕྱག་འཚལ་བ་སྔོན་དུ་སོང་བས། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱེ་ ཨཱཿཧཱུཾ་སྭཱ་ཧཱ། ཨོཾ་བཛྲ་གཱི་ཏི་ཨཱཿཧཱུཾ་སྭཱ་ཧཱ། ཞེས་བྱིན་གྱིས་བརླབས་པའི་མཆོད་པའི་ཚོགས་ཕུལ་ལ། གང་ཡང་བདག་གིས་དུས་ཀུན་དུ། །སྡིག་པར་བགྱིས་པ་གང་གྱུར་པ། །སྐྲག་པས་རྨི་འདྲར་འཆགས་བགྱིད་ཅིང་། །དེང་ནས་བརྩམས་ཏེ་འབྱུང་མི་བགྱིད། །དགེ་བ་ རྣམས་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཐམས་ཅད་བྱང་ཆུབ་མཆོག་ཏུ་བསྔོ། །དེ་ཐོབ་ལམ་ལ་གནས་བགྱིད་ཅིང་། །དམ་པའི་སྐྱབས་ལ་སྐྱབས་སུ་མཆི། །དེ་ནས་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་ རིམ་གྱིས་མངོན་དུ་བྱས་ལ། ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བརྗོད་དོ། །རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རང་རང་གི་དེ་བཞིན་ཉིད་ལས་མི་འདའ་བས་རྣམ་པར་དག་པར་བསམས་ཏེ། བདག་ཀྱང་རྣམ་པར་དག་པར་བསམས་ལ། ཡང་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། །ཀུན་ནས་སྟོང་པ་ཉིད་དུ་བདག་ཉིད་ཀྱང་བསམ་མོ། །དེའི་རྗེས་ལ་མདུན་དུ་པཾ་ལས་པདྨ་འདབ་མ་སྣ་ཚོགས་པ་བསམ་ཞིང་། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡང་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ནས་ཡང་དེ་ལས་འོད་ཟེར་བྱུང་བ་ རྣམས་ཀྱིས་འགྲོ་བ་རྣམས་རྣམ་པར་དག་པར་བྱས་ནས་འོངས་པ་དང་། དེ་ཉིད་ལ་ཞུགས་པས་པདྨ་འདབ་མ་བརྒྱད་པ་གསེར་བཙོ་མ་ལྟ་བུར་གྱུར་པར་བསམ་པར་བྱའོ། །དེའི་དབུས་སུ་ཡང་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ནས་ཡང་དེ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་དང་། ཞགས་པ་ལྟ་བུ་བྱུང་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བཀུག་སྟེ། བདག་ཉིད་དང་གཅིག་པས་དེ་ལ་ཐིམ་པར་བལྟའོ། །དེ་མ་ཐག་ཏུ་པདྨ་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་གངས་ རིའི་རྩེ་མོ་ལ་ཉི་མས་བརྒྱན་པ་ལྟར་དཀར་བ་སྐུའི་ཡན་ལག་རྒྱན་ཐམས་ཅད་ཀྱིས་སྤྲས་པ་ནོར་བུས་སྤྲས་པའི་གསེར་མདོག་འོག་པག་ཅན། རས་བཟང་པོས་སྐུའི་སྨད་གཡོགས་པ། རི་དགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རལ་པ་དམར་སེར་འཁྱུགས་པས་མཛེས་པ། ཕྱག་གདུབ་དང་། ཞབས་གདུབ་དང་། རྣ་ཆ་གདུབ་ཀོར་དང་། མགུལ་གདུབ་དང་། ཅོད་པན་དང་། དཔུང་རྒྱན་དང་། དབུ་རྒྱན་རྩེ་བྲན་གྱིས་གསལ་བར་བྱས་པ། འོད་ཟེར་དཀར་པོས་ཀུན་ནས་བསྐོར་བ། ལང་ཚོ་ལ་བབ་པ། སྤྱན་དཀྱུས་རིང་ཞིང་དཔྲལ་བ་ཡངས་པ། ཞལ་བཅུ་གཅིག་པ། རྩ་བའི་ཞལ་ཀུན་ནས་དཀར་བ། གཡས་པ་ལྗང་གུ། གཡོན་པ་དམར་བ། ཞལ་ཐམས་ཅད་ཀུན་ནས་འཛུམ་པའི་ཉམས་ཅན། དེའི་དབུས་ལྗང་གུ། གཡས་དམར་པོ། གཡོན་དཀར་པོ་དེའི་དབུས་དམར་པོ། གཡས་དཀར་པོ། གཡོན་ལྗང་ གུས་བྱེ་བྲག་རྣམས་སོ། །དེའི་སྟེང་དུ་ཞལ་རྣམ་པར་གཙིགས་ཤིང་འཇིགས་པ། ནག་པོ་མཆེ་བ་སྣང་བ། ཀུན་དུ་ཁྲོས་པ། སྤྱན་གསུམ་པ་རལ་པ་བསྒྲེང་བའོ། །དེའི་སྤྱི་བོར་བན་དུ་ཀའི་མེ་ཏོག་དང་། བྱུ་རུ་བཅག་པའི་མཚམས་ལྟར་གསལ་བ། གཙུག་ཏོར་དང་བཅས་པ། རྒྱན་སྤངས་པ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། མགུལ་པ་དང་བཅས་པར་བྱུང་བ། ཞི་བའི་གཟིགས་པས་འཛུམ་པའོ། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་དང་པོ་ཕྲེང་བ་འཛིན་པ། གཡོན་པ་ན་གསེར་གྱི་པདྨ་རྩ་བ་དང་བཅས་པ་འཛིན་པ། གཡས་ གསུམ་པས་ཡི་དགས་སྐོམ་པ་སེལ་བ། གཡོན་གསུམ་པས་རིལ་བ་སྤྱི་བླུགས་འཛིན་པ། གཡས་བཞི་པས་འཁོར་ལོ་འཛིན་པ། གཡོན་བཞི་པས་མདའ་དང་གཞུ་འཛིན་པ། ལྷག་མ་དགུ་བརྒྱ་དགུ་བཅུ་རྩ་གཉིས་པོ་རྣམས་ཀྱིས་མཆོག་སྦྱིན་པ་ཕྱག་པདྨའི་འདབ་མ་ལྟར་འཇམ་ པ་འདི་ལྟ་བུ་རྣམ་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་པདྨ་དང་ཟླ་བ་ལ་གནས་པའི་ས་བོན་གྱི་ཡི་གེ་གནས་པ་ལས་བྱུང་བའི་འོད་ཀྱིས་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་དྲངས་ཏེ། ཡང་དག་པར་མཆོད་ལ་བདག་གི་ནང་དུ་ཞུགས་པར་བསམ་མོ། །དེ་ནས་སྐུ་གསུང་ ཐུགས་ལེགས་པར་གནས་པས་དབང་བསྐུར་བའི་མཐར་ཐུག་པར་བསྒྲུབ་པོ། །དེའི་རྗེས་ལ་རང་གི་སྙིང་གར་པདྨ་དང་ཟླ་བ་ལ་གནས་པའི་ས་བོན་ཀུན་ནས་དཀར་པོ་འོད་དང་བཅས་པ་མགོ་གྱེན་དུ་འགྲེང་བ་བསམས་ཏེ། དེ་ལས་བྱུང་བའི་སྐུ་རྣམས་འཕྲོས་པས་འཁོར་ལོའི་རྣམ་པར་བྱུང་ བར་བསམ་ཞིང་བསྒོམ་མོ། །གང་གི་ཚེ་སྐྱོ་བ་ན་ས་བོན་གྱི་ཡི་གེ་ཡིད་ལ་འཛིན་པས་ནོར་བུའི་མཚམས་སུ་ཕྱག་འཚལ་བ་དང་བཅས་པའི་མངོན་དུ་གྱུར་པའི་ཚིག་སྤངས་ཏེ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨིཊྚེ་བཊྚེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ་ཀུ་སུ་མེ་ཀུ་སུ་མེ། བ་རེ་ ཨི་ལི་མི་ལི་ཙི་ཏི་ཛྭ་ལཾ་ཨ་པ་ན་ཡེ་སྭཱ་ཧཱ། ཞེས་བྱ་བ་འདོད་པ་བཞིན་བཟླས་སོ། །སྐྱོ་བར་གྱུར་ན