Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 73

Văn bản gốc(Tây Tạng)

Trang 13 / 23 (50.000 ký tự/trang)
སྔོ་དང་སྐྱབས་འགྲོ་དང་། །སེམས་བསྐྱེད་པ་དང་གནས་བཞི་དང་། །མཐར་ནི་སྟོང་ཉིད་བསྒོམ་པའོ། །དོན་གྱིས་དངོས་པོར་བསམས་ནས་ནི། །སྔགས་འདི་མྱུར་དུ་བཀླག་པར་བྱ། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་
ཀོ྅ཧཾ། དེ་དག་ནང་དུ་བསམ་བྱ་བ། །ཡ་ཝ་ར་ལ་རྣམ་བཞི་པ། །སྟེང་དུ་སྣ་ལྡན་གཞག་པ་ལས། །དབང་ཆེན་ཆུ་བདག་འབར་བ་དང་། །སྐྱེད་པར་བྱེད་པ་རྣམ་བཞི་ཡི། །དཀྱིལ་འཁོར་ཁ་དོག་རྣམ་བཞི་རྣམས། །རིམ་པ་བཞིན་དུ་རྣམ་པར་བསྒོམ། །དེ་སྟེང་སུཾ་ལས་རི་རབ་ནི། །རིན་
ཆེན་སྣ་བཞིས་ཡང་དག་གནས། །དེ་དག་ཡོངས་སུ་གྱུར་པ་ལས། །ཁང་པ་བརྩེགས་པ་བསམ་བྱ་བ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་བརྒྱན། །ཡེ་ཤེས་སྣ་ལྔའི་རྩིག་པ་དག །ཕྱོགས་བཞི་དག་ཏུ་བརྒྱན་ནས་ཀྱང་། །དྲ་བ་དྲ་ཕྱེད་དག་དང་ནི། །རིན་ཆེན་ཕ་བུ་དག་དང་
ནི། །གྲུ་བཞི་པར་ནི་བརྒྱན་པ་ཡིན། །ཏྭ་ར་ན་ནི་བཞིས་བརྒྱན་ཅིང་། །མཛེས་པའི་པདྨའི་ཕྲེང་བ་དང་། །རྡོ་རྗེ་ཐིག་སྐུད་འོད་འབར་བའོ། །གྲྭ་བཞི་དག་ཏུ་དཔག་བསམ་ཤིང་། །ཆེན་པོ་བཞི་དང་ཀླུ་རྒྱལ་དང་། །སྤྲིན་དང་ཕྱོགས་སྐྱོང་ཞིང་སྲུང་རྣམས། །ཡང་དག་པར་ནི་དགོད་པར་བྱ། །དེ་དཀྱིལ་
ཐིག་ནི་བཞི་བཏབ་པས། །དཀྱིལ་འཁོར་དགུ་རུ་གྱུར་པ་ལ། །དཀྱིལ་དུ་བཅོམ་ལྡན་ཕྱག་སྟོང་པ། །ཁ་དོག་དཀར་པོ་ལྡེམ་བག་ཅན། །ཞལ་གདོང་བཅུ་གཅིག་ཕྱག་བཅོ་བརྒྱད། །དབུ་མའི་ཞལ་གསུམ་དཀར་ལ་མཛེས། །ལྷག་མ་ཁྲོ་ཞལ་འཇིགས་པའི་གཟུགས། །ཀུན་གྱི་སྟེང་ན་འོད་
དཔག་མེད། །པདྨའི་རིགས་ཀྱི་ཕྱག་རྒྱས་བཏབ། །དང་པོ་ཕྱག་གཉིས་སྙིང་ག་ན། །ཐལ་མོ་ངེས་པར་སྦྱར་བ་ཡིན། །དེ་འོག་གཡས་ན་དགྲ་སྟ་དང་། །དེ་འོག་གྲི་གུག་རྣོན་པོ་ཡིན། །པདྨ་རལ་གྲི་ཞགས་པ་དང་། །ལྗོན་ཤིང་མེ་ལོང་བསིལ་ཡབ་དག །རིམ་པ་བཞིན་དུ་གནས་པ་ཡིན། །གཡོན་པའི་
ཕྱག་ནི་དེ་འོག་དག །རྡོ་རྗེ་དྲིལ་བུ་མདའ་གཞུ་དང་། །ལྕགས་ཀྱི་བུམ་པ་འཁོར་ལོ་དང་། །གདུགས་དང་རིན་ཆེན་འབར་བ་རྣམས། །རིམ་པ་བཞིན་དུ་བསྣམས་པར་མཛད། །རྡོ་རྗེ་བསྣམས་པའི་ཕྱག་གིས་ནི། །ལྷ་མོ་པདྨའི་སྒྲོལ་མ་ལ། །གཉིས་སུ་མེད་པས་འཁྱུད་པར་མཛད། །ལྷ་མོ་

དེ་ནི་ཞལ་གཅིག་སྟེ། །ཕྱག་ནི་དྲུག་ཏུ་ངེས་པ་སྟེ། །དང་པོའི་གཡས་པས་ཨུཏྤལ་གྱི། །སྟེང་ན་པདྨ་བརྒྱད་བསྣམས་པས། །ཐུགས་རྗེ་ཆེ་བ་འཁྱུད་པར་མཛད། །དེ་འོག་གྲི་གུག་པདྨ་བསྣམས། །གཡོན་པའི་དང་པོས་མེ་ལོང་དང་། །བསིལ་ཡབ་བུམ་པ་བསྣམས་པར་མཛད། །ཧཱུཾ་དང་པཾ་
ལས་གྱུར་པ་ཡི། །ཕྱག་སྟོང་ཡུམ་བཅས་དེ་ལྟར་བསྒོམ། །དེ་ཡི་ཤར་གྱི་དཀྱིལ་འཁོར་ལ། །ཡི་གེ་བཾ་ལས་གྱུར་པ་ཡི། །རྡོ་རྗེ་པདྨ་ཞེས་བྱ་བ། །ཞལ་གཅིག་ཁ་དོག་དཀར་པོ་ཅན། །ཕྱག་གཡས་དང་པོ་ཨུཏྤལ་གྱི། །སྟེང་ན་པདྨ་འདབ་མ་བརྒྱད། །དེ་སྟེང་རྡོ་རྗེ་རྩེ་དགུ་པ། །སྔོན་པོ་ཉིད་
ཀྱིས་བསྣམས་པར་མཛད། །དེ་འོག་འཁོར་ལོ་ཞགས་པ་དང་། །གཡོན་གྱི་དང་པོས་དྲིལ་བུ་འཛིན། །དེ་འོག་ལྕགས་ཀྱི་དགྲ་སྟ་དག །ཕྱར་བ་ཉིད་ཀྱིས་བསྣམས་པར་མཛད། །ལྷོ་ཕྱོགས་དཀྱིལ་འཁོར་སྔོན་པོ་ལ། །ཡི་གེ་རཾ་ལས་གྱུར་པ་ཡི། །རིན་ཆེན་པདྨ་བསམ་བྱ་བ། །གཡས་ཀྱི་དང་
པོ་ཨུཏྤལ་གྱི། །སྟེང་ན་པདྨ་འདབ་མ་བརྒྱད། །དེ་སྟེང་རིན་ཆེན་ཟུར་བརྒྱད་པ། །འབར་བ་ཉིད་ཀྱིས་ཡང་དག་འཛིན། །ལྷག་མ་ཤར་གྱི་བཅོམ་ལྡན་ལྟར། །ཕྱག་མཚན་རྣམས་ནི་བསྣམས་པར་མཛད། །ནུབ་ཀྱི་དཀྱིལ་འཁོར་དམར་པོ་ལ། །མུཾ་ཡིག་འབར་བ་ལས་གྱུར་པའི། །ཐུབ་པའི་པདྨ་
བསྒོམ་བྱ་བ། །གཡས་ཀྱི་དང་པོ་རང་ཉིད་ཀྱི། །མཚན་མ་རྣམས་ནི་བསྣམས་པར་མཛད། །ལྷག་མ་ཤར་གྱི་བཅོམ་ལྡན་ལྟར། །ཕྱག་མཚན་རྣམས་ནི་བསྣམས་པར་མཛད། །བྱང་གི་དཀྱིལ་འཁོར་ལྗང་གུ་ལ། །བཅོམ་ལྡན་ལས་ཀྱི་པདྨ་ནི། །ཡི་གེ་ཀཾ་ལས་གྱུར་པ་སྟེ། །གཡས་ཀྱི་དང་པོར་
རང་ཉིད་རྟགས། །ཕྱག་གཞན་གོང་མ་རྣམས་བཞིན་ནོ། །ཤར་ལྷོར་རྡོ་རྗེ་སྒྲོལ་མ་ནི། །ལྷ་མོ་སྐུ་མདོག་སྔོ་སྐྱ་ལ། །ཞལ་གཅིག་ཕྱག་ནི་དྲུག་པའི་དབྱིབས། །གཡས་ཀྱི་དང་པོ་ཨུཏྤལ་ཏེ། །ཆུ་སྐྱེས་འདབ་མ་བརྒྱད་པ་ལ། །རྡོ་རྗེ་རྩེ་ལྔ་བསྣམས་པར་མཛད། །ཕྱག་གཞན་གྲི་གུག་པདྨ་དང་། །མེ་
ལོང་བསིལ་ཡབ་བུམ་པ་བསྣམས། །བཾ་ཡིག་ལས་གྱུར་དེ་ལྟར་བསམ། །ལྷོ་ནུབ་རིན་ཆེན་སྒྲོལ་མ་ནི། །རཾ་ཡིག་ལས་གྱུར་དམར་སེར་མདོག །ཕྱག་གཡས་དང་པོ་རང་ཉིད་རྟགས། །ལྷ་མོ་རྡོ་རྗེ་སྒྲོལ་མ་བཞིན། །ནུབ་བྱང་ཐུབ་པའི་སྒྲོལ་མ་ནི། །མུཾ་ཡིག་ལས་གྱུར་ལྗང་དམར་མདོག །

དང་པོ་རང་གི་རྟགས་འཆང་བའོ། །བྱང་ཤར་ལས་ཀྱི་སྒྲོལ་མ་ནི། །གཾ་ཡིག་ལས་གྱུར་ལྗང་སྐྱའི་མདོག །ཕྱག་གཡས་རང་གི་རྟགས་འཆང་ཞིང་། །ཕྱག་གཞན་གོང་མ་རྣམས་དང་མཚུངས། །གྲྭ་བཞིར་རིན་ཆེན་བུམ་པ་བཞི། །ཁ་དོག་རྣམ་བཞིས་རྣམ་པར་གནས། །དེ་ཡི་ཕྱི་རོལ་
སྣམ་བུ་ལ། །ལིང་ཚེ་བཅུ་དྲུག་བྲི་བྱ་སྟེ། །ཕྱག་ན་རྡོ་རྗེ་འཇམ་དབྱངས་དང་། །ཀུན་གཟིགས་སྒྲིབ་པ་རྣམ་སེལ་དག །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །ཁ་དོག་རྣམ་བཞིས་རྣམ་པར་གནས། །གཡས་ན་རྡོ་རྗེ་ཨུཏྤལ་དང་། །པདྨ་སྣ་ཚོགས་རྡོ་རྗེ་བསྣམས། །འགྱིང་བག་ཚུལ་དུ་གནས་པར་
མཛད། །གཡོན་པ་དང་བའི་ཕྱག་རྒྱའོ། །དེ་དག་ཀུན་གྱི་གཡོན་རོལ་དུ། །སྒེག་མོ་རིན་ཆེན་ཕྲེང་བ་དང་། །དབྱངས་དང་གར་གྱིས་མཉེས་མཛད་རྣམས། །རང་རང་ཕྱག་རྒྱས་ཡང་དག་གནས། །བྱམས་པ་ནམ་མཁའི་སྙིང་པོ་དང་། །ཀུན་བཟང་ས་ཡི་སྙིང་པོ་དག །རང་རང་ཁ་དོག་ཕྱག་རྒྱ་ཡིས། །དེ་ཡི་ཆ་ལ་རྣམ་པར་གནས། །
དེ་གཡོན་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ལྷ་མོ་རྣམས། །རང་ཉིད་ཁ་དོག་ཕྱག་མཚན་གྱིས། །ཡང་དག་པར་ནི་གནས་པའོ། །ལྷ་རྣམས་དེ་དག་ཐམས་ཅད་ནི། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །པདྨའི་སྟེང་ན་ཉི་ཟླ་ཡི། །སྟེང་ན་རབ་ཏུ་གནས་པའོ། །ཤར་དང་ལྷོ་དང་ནུབ་དང་བྱང་། །སྒོ་
རྣམས་ན་ནི་སྒོ་སྐྱོང་དག །ཤེས་རབ་མཐར་བྱེད་གཤིན་མཐར་བྱེད། །པདྨ་མཐར་བྱེད་བགེགས་མཐར་རྣམས། །དབུ་གསུམ་ཕྱག་ནི་དྲུག་པ་ལ། །འཇིགས་པའི་གཟུགས་ཀྱི་ཆ་ལུགས་ཅན། །ཕྱག་གཡས་དང་པོ་རལ་གྲི་དང་། །ཐོད་དབྱུག་པདྨ་རྒྱ་གྲམ་འཛིན། །ལྷག་མ་ལྕགས་ཀྱུ་ཞགས་
པ་དང་། །རྩེ་གསུམ་ལྕགས་སྒྲོག་དམ་པའི་བདག །རྡོ་རྗེ་བྲག་གི་སྟེང་གནས་པའོ། །དེ་ནས་དམ་ཚིག་སེམས་དཔའ་ཡི། །ཐུགས་ལས་འོད་ཟེར་སྤྲོས་ནས་ཀྱང་། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། །མདུན་དུ་ཡང་དག་མཆོད་པར་བྱ། །སྔགས་དང་ཕྱག་རྒྱས་སྦྱོར་ཤེས་པས། །དམ་ཚིག་
འཁོར་ལོ་མྱུར་དུ་གཞུག །དེ་ནས་རང་གི་ས་བོན་ལས། །འོད་ཟེར་ནམ་མཁའི་ཕྱོགས་སྤྲོས་ནས། །པདྨའི་སྒྲོལ་སོགས་ལྷ་མོ་ལྔས། །ཡེ་ཤེས་ལྔ་ཡི་བུམ་པ་ཡིས། །ཆུ་ཡིས་བདག་ལ་དབང་བསྐུར་བའོ། །ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་ལོ་ཀ་ནཱ་ཐཱ་ཡ་ཧཱུཾ། དེ་ནས་བདག་ཉིད་སྙིང་ག་ལ། །རི་བོང་ཅན་

དང་ཤིང་རྟ་བཅུ། །ཁ་སྦྱོར་ཕུར་མར་གནས་པ་ཡི། །ནང་དུ་ཆུ་སྐྱེས་འདབ་མ་བརྒྱད། །དེ་སྟེང་དུག་གསུམ་ཡི་གེ་ནི། །ཁ་དོག་དཀར་པོ་རྣམ་པར་གནས། །དེ་ལ་བསྟོད་ནས་དཀར་པོ་ནི། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །འཕྲོག་དང་ནང་དང་ཀུན་གྱི་སྟེང་། །དུག་གསུམ་ཡི་གེས་རྣམ་པར་བརྒྱན། །
དེ་ནས་དཀྱིལ་འཁོར་འཁོར་ལོ་ནི། །ཕྱོགས་བཅུ་དག་ཏུ་སྤྲོས་པ་ལས། །འགྲོ་བ་སེམས་ཅན་ཐམས་ཅད་ནི། །ཉོན་མོངས་ཐམས་ཅད་སྦྱངས་བྱས་ནས། །དཀྱིལ་འཁོར་འཁོར་ལོ་ངོ་བོས་གནས། །དེ་དག་རིམ་པར་བསྡུས་པ་ལས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །
དེ་ནི་རང་བཞིན་འོད་གསལ་བའོ། །བསྒོམས་པས་སྐྱོ་ན་སྔགས་བཟླས་པ། །མུ་ཏིག་ཕྲེང་བའི་ཚུལ་གྱིས་སུ། །སྟེང་ནས་སྟེང་དུ་འབར་བ་ནི། །རང་བཞིན་འཁོར་བར་རྣམ་པར་བསམ། །དང་པོ་དག་དང་བར་གནས་པའི། །ཐ་མ་དག་གིས་བསྡུས་པ་ཡི། །སྔགས་ཀྱིས་ཡང་དག་བཟླས་པར་བྱ། །ཨོཾ་
པདྨ་ཧསྟཱ་ཡ། ས་ཧ་སྲ་བཛྲ་བྷུ་ཛ་ནཻ་ཏྲ། ནཱི་ལ་ཀཎྛ་ལོ་ཀེ་ཤྭ་རཱ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་ཏཱ་རེ་ཧཱུཾ། ཨོཾ་བཛྲ་པདྨེ་ཧཱུཾ། ཨོཾ་རཏྣ་པདྨེ་ཧཱུཾ། ཨོཾ་མུ་ནི་པདྨེ་ཧཱུཾ། ཨོཾ་ཀརྨ་པདྨེ་ཧཱུཾ། ཨོཾ་བཛྲ་ཏཱ་རེ་ཧཱུཾ། ཨོཾ་མུ་ནི་ཏཱ་རེ་ཧཱུཾ། ཨོཾ་རཏྣ་ཏཱ་རེ་ཧཱུཾ། ཨོཾ་ཀརྨ་ཏཱ་རེ་ཧཱུཾ། ཨོཾ་བཛྲ་པཱ་ཎི་ཧཱུཾ། ཨོཾ་མཉྫུ་ཤྲཱི་ཧཱུཾ། ཨོཾ་ས་མནྟ་
ཀ་ཀ་ཧཱུཾ། ཨོཾ་ནི་བ་ར་ཎ་བི་སྐམྦྷི་ཧཱུཾ། ཨོཾ་བཛྲ་ལཱ་སྱེ་ཧཱུཾ། ཨོཾ་རཏྣ་མཱ་ལེ་ཧཱུཾ། ཨོཾ་པདྨ་གཱི་ཏི་ཧཱུཾ། ཨོཾ་ཀརྨ་ནི་རྟི་ཧཱུཾ། ཨོཾ་མཻ་ཏྲི་ཡ་ཧཱུཾ། ཨོཾ་ཨ་གང་སཾ་གུ་ར་བེ་ཧཱུཾ། ཨོཾ་ས་མནྟ་བྷ་དྲེ་ཧཱུཾ། ཨོཾ་ཀྵི་ཏི་གརྦྷེ་ཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཧཱུཾ། ཨོཾ་རཏྣ་པུཥྤེ་ཧཱུཾ། ཨོཾ་པདྨ་ཨཱ་ལོ་ཀེ་ཧཱུཾ། ཨོཾ་ཀརྨ་གནྡྷེ་ཧཱུཾ། ཨོཾ་པྲ་ཛྙཱ་ནྟ་
ཀ་ཧཱུཾ། ཨོཾ་ཡ་མཱནྟ་ཀ་ཧཱུཾ། ཨོཾ་པདྨཱ་ནྟ་ཀ་ཧཱུཾ། ཨོཾ་བིགྷྣཱན་ཏ་ཀ་ཧཱུཾ། མཆོད་པ་དག་ནི་ཉི་ཤུ་ཡི། །སྔགས་དང་ཕྱག་རྒྱས་ཡང་དག་མཆོད། །ཡི་གེ་བརྒྱ་པའི་གསང་སྔགས་ནི། །རྟག་ཏུ་འདོན་པ་ཉིད་དུ་བྱ། །ལམ་དུ་ཞུགས་དང་འཆགས་པའི་ཚེ། །སྤྱོད་ལམ་ལ་ནི་སྤྲོས་པ་ན། །
རྡོ་རྗེ་རྩེ་གཅིག་ཕྱག་རྒྱས་ནི། །འོད་བྱུང་སྟེང་ལ་སྙིང་པོ་ཡི། །སྔགས་དེ་ཡོངས་སུ་གྱུར་པ་དང་། །ཆོ་ག་གསུམ་ལས་རྟོགས་པ་ཡི། །རིམ་པ་བཞིན་དུ་ལྷ་བསམས་ནས། །ཡན་ལག་བཞི་ལ་རབ་ཏུ་བསྟིམ། །ཆོ་གའི་ཕྱག་རྒྱ་དཔའ་བོ་ལྔ། །ཕྱག་རྒྱ་འདི་ཡིས་ལུས་མཛེས་པའོ། །དེ་ནས་

སྦྱིན་སྲེག་ཆོ་ག་ནི། །བདག་ཉིད་ཕྲིན་ལས་རྣམ་བཞི་ཡི། །རྣལ་འབྱོར་ཡང་དག་བསམ་བྱས་ལ། །ལས་ཀྱི་དང་པོ་ཞི་བ་མཆོད། །དཀྱིལ་འཁོར་ཁྲུ་གང་ཟླུམ་པོ་ལ། །པདྨའི་ཕྲེང་བས་ནང་བསྐོར་ཞིང་། །རྡོ་རྗེ་འབར་བའི་ཕྲེང་བ་དག །དེ་ཡི་ཕྱི་རིམ་བྲི་བྱས་ལ། །དྲི་ཞིམ་དཀར་པོ་
ཞོར་ལྡན་པའི། །བསྲེག་ཅིང་ཀུ་ཤས་བཅིངས་ཏེ་གཟུགས། །གུ་གུལ་མེ་ཏོག་ཀུ་ཤ་དང་། །མར་དང་འབྲས་ཐུག་ཏིལ་དང་ནི། །འོ་ཐུག་ལུང་ཐང་སྔོན་པོ་དག །ལས་ཀྱི་སྔགས་ནི་མཐར་སྦྱར་ལ། །མེ་ལྷ་དེ་ཡི་སྙིང་ག་ཡི། །མཁའ་ལ་འཁོར་ལོ་བསམ་བྱས་ཏེ། །བདག་ཉིད་དམ་ཚིག་
སེམས་དཔའ་ཡི། །རིམ་པ་བཞིན་དུ་མཆོད་པའོ། །བྱ་བ་རྣམས་ནི་ཐམས་ཅད་ལ། །དེ་ཡི་ངོ་བོས་མཉམ་པར་གཞག །དེ་ནས་བསྟོད་པ་བྱ་བ་ནི། །སངས་རྒྱས་ཀུན་གྱི་གཟུགས་ཀྱི་སྐུ། །ཆོས་ཀྱི་སྐུ་སྟེ་གཞན་གྱི་མཆོག །སྔགས་ཀྱི་མགོན་པོ་མཆོག་གི་ལྷ། །སྙིང་རྗེའི་བདག་ཉིད་
ཕྱག་འཚལ་བསྟོད། །ཡེ་ཤེས་རྡོ་རྗེ་སྟོབས་པོ་ཆེ། །ཤིན་ཏུ་ངེས་པས་ཞི་བའི་ཚུལ། །ཐེག་པ་ཆེན་པོའི་གོ་འཕང་ཐོབ། །རྡོ་རྗེ་ཆོས་ལ་ཕྱག་འཚལ་བསྟོད། །ཤིན་ཏུ་དག་པའི་དཔའ་བོ་ཆེ། །མཆོག་གི་དབང་ཕྱུག་ཀུན་གྱི་མགོན། །དམ་ཆོས་མཆོག་ཏུ་མི་འགྱུར་བའི། །ཇི་བཞིན་འདུལ་
ལ་ཕྱག་འཚལ་བསྟོད། །ཅིར་ཡང་མི་དམིགས་སྟོང་པའི་ངང་། །ལྷན་ཅིག་སྐྱེས་པའི་རལ་གྲི་བསྣམས། །མི་རྟོག་ཡེ་ཤེས་གོ་ཆ་ཅན། །རྒྱུ་དང་འབྲས་བུ་ཕྱག་འཚལ་བསྟོད། །དེ་ནས་ཟས་ཀྱི་རྣལ་འབྱོར་ནི། །ཆུ་ཡི་དཀྱིལ་འཁོར་དེ་ལ་ཡང་། །རཾ་ལས་མེ་ཡི་དཀྱིལ་འཁོར་ནི། །གྲུ་
གསུམ་འབར་བ་བསམ་བྱས་ནས། །དེ་དཀྱིལ་ཚོགས་ཀྱི་འཁོར་ལོ་ཡང་། །གསལ་བར་རབ་ཏུ་བསམ་བྱས་ནས། །སྣོད་ནི་རབ་ལས་རིན་ཆེན་ནི། །རང་བཞིན་འབར་བར་བསྒོམ་བྱས་ནས། །དེར་ནི་ཁ་ཟས་སྣ་ཚོགས་རྣམས། །བསམས་ནས་དེ་དཀྱིལ་རྡོ་རྗེ་ནི། །རྩེ་ལྔ་རབ་ཏུ་འབར་བ་
ལས། །བདུད་རྩིར་གྱུར་པར་རབ་ཏུ་བསམ། །དེ་ནས་རང་གི་ས་བོན་ལས། །འོད་ཟེར་ཁ་དོག་སྣ་ལྔ་དག །ནམ་མཁའི་ཕྱོགས་སུ་འཕྲོས་པ་ལས། །ཕྱོགས་དུས་ཀུན་ན་བཞུགས་པ་ཡི། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །མཛོད་སྤུར་ཞུགས་ནས་ཐུགས་ཀྱི་ནི། །བདུད་རྩི་བླངས་

ནས་དེ་ཉིད་དུ། །འདྲེས་པར་བསམས་ནས་སྔགས་འདི་ཡིས། །བྱིན་གྱིས་བརླབས་ནས་བཟའ་བར་བྱ། །ཨོཾ་ཨཱཿཧཱུཾ། བདག་གི་འཇིག་རྟེན་མགོན་པོ་ཡི། །སྒྲུབ་པའི་ཐབས་འདི་བྱས་པ་ཡིས། །སེམས་ཅན་འགྲོ་བ་མཐའ་དག་ལ། །ཉོན་མོངས་སྒྲུབ་པ་ཀུན་བསལ་ནས། །སྐུ་གསུང་ཐུགས་
ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་ཐོབ་པར་ཤོག །སློབ་དཔོན་ཆེན་པོ་དངོས་གྲུབ་བརྙེས་པ། ཏ་ཐཱ་ག་ཏ་བཛྲའི་ཞལ་སྔ་ནས་མཛད་པ། བཅོམ་ལྡན་འདས་ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས་རྫོགས་སོ།། །།མཁས་པའི་འབྱུང་གནས་ཤར་ཕྱོགས་བྷཾ་ག་ལའི། །ཉི་མ་འབྱུང་གནས་ཟླ་བ་
ཞེས་བྱ་བ། །མཁས་པ་ཆེན་པོ་དེ་ཡི་ཞལ་སྔ་ནས། །བོད་ཀྱི་ལོ་ཙཱ་དགེ་ཚུལ་ཁྱུང་གྲགས་ཀྱིས། །འདུལ་བའི་བསྟན་པ་སྙིང་པོར་གནས་པའི་ས། །དཔལ་ལྡན་རྒྱན་གོང་གཙུག་ལག་ཁང་དེ་རུ། །བདེར་གཤེགས་བསྟན་ལ་ཕན་ཕྱིར་བསྒྱུར་ལགས་ཀྱི། །རྣལ་འབྱོར་སྤྱོད་རྣམས་
ངེས་པར་བརྩོན་པར་མཛོད།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཙིནྟ་མ་ཎི་ཙཀྲ་ཝརྟྟི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇིག་རྟེན་དབང་ཕྱུག་གི་ཡིད་བཞིན་གྱི་ནོར་བུ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འགྲོ་བ་
སྐྱོབ་མཛད་ཐུགས་རྗེ་ཆེན་པོའི་གཙོ། །ཟླ་བའི་ནོར་ལྟའི་སྐུ་མངའི་ཐུགས་རྗེ་དང་། །མཆོག་སྦྱིན་དེ་ལ་གསུམ་གྱིས་ཕྱག་འཚལ་ནས། །ཉི་མའི་ཟེར་གྱིས་མུན་བསལ་ཆུ་སྐྱེས་ཁ་འབྱེད་ལྟར། །ཐུགས་རྗེའི་འོད་ཀྱིས་མ་རིག་མུན་སེལ་སྙིང་གི་པདྨ་འབྱེད་མཛད་པའི། །སྒྲུབ་ཐབས་དམ་པ་བཀའ་
དྲིན་དྲན་ཕྱིར་བྲི་བར་བྱ། །མེ་ཏོག་ར་བ་ལ་སོགས་གཙང་མ་ཡིད་དགའི་གནས་སུ་ནི། །རྣམ་ལྔ་ཧྲཱིཿཡིས་བསྔགས་པའི་མཎྜལ་ལེགས་པར་བྱ། །ཁ་དོག་དཀར་པོའི་མེ་ཏོག་ལ་སོགས་མཆོད་པ་ལྡན་བྱས་ལ། །ཡི་གེ་གསུམ་ལྡན་ཁྲུས་ཀྱིས་དྲི་མ་གཉིས་བཀྲུས་ཏེ། །ཉོན་མོངས་མཐའ་
དག་གཞིག་ཕྱིར་བདེ་བའི་སྟན་ལ་འདུག །ཡི་གེ་གསུམ་ལྡན་ཧྲཱིཿཡིས་གནས་བདག་རྣལ་འབྱོར་བསྲུང་། །སྙིང་གར་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧྲཱིཿཡིག་དཀར་པོ་བསམ། །འོད་ཀྱིས་འགྲོ་བའི་དོན་བྱས་འཇིག་རྟེན་དབང་ཕྱུག་སྤྱན་དྲངས་ཏེ། །ཡི་གེ་གསུམ་ལྡན་ཧྲཱིཿཡིས་མེ་ཏོག་

ལ་སོགས་མཆོད་པ་འབུལ། །དེ་ནས་སྡིག་པ་བཤགས་ཤིང་མི་བགྱིད་སྡོམ་པ་བླང་། །རྗེས་སུ་ཡི་རང་སྐྱབས་སུ་འགྲོ་བ་དང་། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགེ་བའི་རྩ་བ་བསྔོ། །འཁོར་བའི་རྒྱ་མཚོ་སྒྲོལ་མཛད་ཐུགས་རྗེའི་འོད་ཀྱིས་བལྟ། །བྱམས་པའི་འོད་ཀྱིས་
སེམས་ཅན་འཇིག་རྟེན་མགོན་གྱི་གཟུགས་སུ་མཐོང་། །དགའ་བའི་འོད་ཀྱིས་སེམས་ཅན་བདེ་ལྡན་རྒྱུན་མི་འཆད་པར་བསམ། །བཏང་སྙོམས་འོད་ཀྱིས་གཟུང་འཛིན་ཆ་སྤངས་ཆོས་ཉིད་མཐོང་བར་བལྟ། །གཟུང་བ་དག་ཕྱིར་སྔགས་འདིས་བྱིན་གྱིས་བརླབ་པར་བྱ། །ཨོཾ་སྲ་བྷཱ་བ་བིཤུདྡྷཿ
སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། འཛིན་པ་དག་ཕྱིར་སྔགས་འདིས་བྱིན་གྱིས་བརླབས། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དྲི་མེད་ནམ་མཁའ་ལྟ་བུར་ཀུན་བལྟས་ཏེ། །དབུས་སུ་པཾ་སྐྱེས་པདྨ་དཀར་པོ་སྡོང་པོར་བཅས། །ལྟེ་བར་ཧྲཱིཿལས་བྱུང་བ་ཆུ་ཤེལ་འོད་དང་ལྡན། །དེ་དབུས་ཧྲཱིཿ
ཡིག་ལས་བྱུང་ཡིད་བཞིན་ནོར་བུ་འབར། །ཧྲཱིཿལྡན་འོད་ཀྱིས་འགྲོ་བའི་དོན་བྱས་ཏེ། །ཕྱོགས་བཅུའི་རྒྱལ་སྲས་བཀུག་སྟེ་ནོར་བུ་བྱིན་བརླབས་པས། །དེ་ཡོངས་གྱུར་ཏེ་འཇིག་རྟེན་དབང་ཕྱུག་བཞེངས། །ཞལ་གཅིག་ཕྱག་གཉིས་འགྱིང་བག་འོད་ཟེར་དཀར་པོ་འབར། །གུ་ལང་
དཀར་པོའི་མདོག་བཞིན་གཞོན་ནུ་རྒྱན་ཆ་ཅན། །ཕྱག་གཡས་སྦྱིན་པ་བཞི་ཡི་གཏེར་སྦྱིན་ཡིད་བཞིན་ནོར་བུ་འབར། །ཕྱག་གཡོན་འཁོར་བ་སྒྲོལ་ཕྱིར་འཁོར་ལོ་རིན་ཆེན་ལྡན། །སྤྱི་གཙུག་ཐོར་ཚུགས་སྟེང་ན་གསུང་གི་དབང་ཕྱུག་བཞུགས། །ཐུགས་རྗེའི་འོད་ཀྱིས་འགྲོ་བ་ཀུན་ཁྱབ་བྱེད། །རང་
སྙིང་པད་སྟེང་ཟླ་བའི་དཀྱིལ་འཁོར་ལ། །ནོར་བུའི་དབུས་ན་ཧྲཱིཿཡིག་དཀར་པོ་གསལ། །དེ་འོད་ལས་བྱུང་སྒྲོལ་མ་ཁྲོ་གཉེར་ཅན་སོགས་ཕྱོགས་བཞིའི་ལྷ། །པདྨ་ཟླ་བའི་སྟེང་ན་འགྱིང་བག་ལྡན་པར་བཞུགས། །ཕྱི་རོལ་རྒྱལ་ཆེན་བཞི་དང་མཆོད་པའི་ལྷ་མོ་སྤྲུལ། །དེ་དག་སྐུ་མདོག་སོ་
སོའི་ཕྱག་མཚན་གཙོ་བོར་མཚུངས་པར་བལྟ། །ཀུན་ཀྱང་ཐུགས་ཀར་ཟླ་བ་ལ་གནས་ནོར་བུ་ས་བོན་བསམ། །འོད་ཟེར་ལྕགས་ཀྱུ་དང་མཚུངས་ནམ་མཁའ་ཁྱབ་སྤྲོས་ཏེ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་མེ་ཏོག་ལ་སོགས་པས། །ཡོངས་སུ་མཆོད་ནས་ལེགས་པར་སྔགས་འདིས་གཞུག །

ཛཿཧཱུཾ་བཾ་ཧོཿས་འོ་མ་ཆུ་ལྟར་ཐ་དད་མེད་པའི་འཁོར་ལོ་ལ། །སྐྱེ་མཆེད་གནས་སུ་ཟླ་བ་ཧྲཱིཿཡིག་བསམ། །སྐུ་གསུང་ཐུགས་ལ་ཡི་གེ་གསུམ་བལྟས་ལ། །ཐུགས་ཀའི་འོད་ཀྱིས་དེ་བཞིན་གཤེགས་པ་བསྐུལ། །མཆོད་བསྟོད་བྱས་ནས་གསོལ་བ་གདབ་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ།
དེ་ནས་དེ་བཞིན་གཤེགས་རྣམས་ཀྱིས། །ལྷ་ཡི་ཆུ་ལྡན་བུམ་པས་ནི། །འཁོར་ལོ་ལ་ནི་དབང་བསྐུར་ཏེ། །སྤྱི་བོ་འོད་དཔག་མེད་པས་བརྒྱན། །གཟུགས་སོགས་རྣལ་འབྱོར་མ་རྣམས་ཀྱིས། །འཁོར་ལོ་ལ་ནི་ལེགས་པར་མཆོད། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལ། །དེ་དག་གིས་ནི་བསྟོད་
པར་བྱ། །དེ་ནས་ཐུགས་ཀྱི་ས་བོན་ལས། །ཡི་གེ་སྔགས་ཀྱི་ཕྲེང་བ་ནི། །མར་མེ་ལྟ་བུར་རབ་བལྟས་ལ། །འོད་ཀྱིས་སེམས་ཅན་ཐམས་ཅད་ནི། །འཇིག་རྟེན་མགོན་པོར་བསྒྲུབ་བྱས་ཏེ། །ཡི་གེའི་ཕྲེང་བ་རྣམས་ལ་བསྟིམ། །ཞལ་དང་ལྟེ་བའི་བར་དུ་ནི། །རྒྱུན་མི་འཆད་པའི་ཕྲེང་བར་བསྒོམ། །ཨོཾ་
ཙིནྟ་མ་ཎི་ཙཀྲ་བརྟི་མ་ཎི་པདྨེ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་པདྨ་བྷ་ར་ཏ་ཀེ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། ཉེ་བའི་སྙིང་པོའི་སྔགས་སོ། །རྩ་བའི་སྔགས་ལ་སོགས་པ་རྣམས། །ས་བོན་ཡི་གེ་གསུམ་དང་ལྡན། །སྭཱ་ཧཱ་ཕཊ་ཅེས་བཟླས་པར་བྱ། །འོད་ཟེར་ལ་ནི་ཡིག་འབྲུ་དགུས། །རྡོ་རྗེ་སྐུད་པ་
ལྟ་བུ་ཡི། །འཁོར་བར་བཟླས་པས་ལུས་ཁྱབ་ནས། །སྒྲིབ་པ་གཉིས་སྤངས་ཡེ་ཤེས་ཀྱི། །འཁོར་ལོ་གསལ་བར་སྟོན་པར་བྱེད། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །ལྷ་རྣམས་ཀྱིས་ནི་བསྙེན་འགྱུར་ཏེ། །ཐུན་མོང་ཐུན་མོང་མ་ཡིན་པའི། །འདོད་པའི་དངོས་གྲུབ་སྟེར་བར་བྱེད། །བྱེ་བ་
གསུམ་རྫོགས་སྔགས་པ་ཡིས། །རབ་དགའ་ལ་སོགས་ས་ཐོབ་ནས། །ས་བཅུའི་དབང་ཕྱུག་མཐོང་བར་འགྱུར། །སྔགས་བཟླས་དུས་སུ་ཆོ་ག་ནི། །གཙང་མར་བྱས་པའི་ས་ཕྱོགས་སུ། །གུ་གུལ་ཙནྡན་ཨ་ཀ་རུ། །པུ་སྐ་ས་དུས་ཙོ་རི་ཀ །གོ་རོ་ཙ་ན་ཤིང་གི་བཅུད། །ལེགས་སྦྱར་དུང་
ངམ་ཉ་ཕྱིས་སུ། །བཞག་སྟེ་བརྩེ་བ་ལ་སོགས་པའི། །གཟུངས་སྔགས་སྟོང་ཕྲག་བཟླས་ནས་ནི། །ཕྱག་གཡས་ཟླ་བ་དྲི་བཅས་པས། །དཀྱིལ་འཁོར་ཁྲུ་དོ་ལ་སོགས་བྱུག །པདྨ་དཀར་པོ་ལ་སོགས་པའི། །མེ་ཏོག་ལྷ་ཡི་གནས་སུ་བཀོད། །དེར་ནི་པཾ་སྐྱེས་པདྨ་ནི། །དཀར་པོ་འདབ་

མ་བརྒྱད་པ་ནི། །རིམ་པ་གསུམ་དུ་གནས་པར་བསམ། །ལྷ་རྣམས་ཐུགས་ཀྱི་ས་བོན་ལས། །ལྷ་ཡི་འཁོར་ལོ་སྤྲུལ་བྱས་ཏེ། །པདྨ་རིམ་པ་གསུམ་དག་ལ། །རིམ་པས་ལྷ་རྣམས་བཞུགས་པར་བསམ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་བསྟིམ། །དབང་བསྐུར་ཆོ་ག་རྫོགས་
པ་དང་། །སྐྱེ་མཆེད་གནས་གསུམ་བྱིན་བརླབས་ཏེ། །ཨ་ཀ་རུ་དང་ཤེལ་སྤང་ཀ །བྲ་མ་ཙ་རི་ལ་སོགས་པའི། །དྲི་ཞིམ་སྤོས་ཀྱིས་མཆོད་པར་བྱ། །པདྨ་དཀར་པོ་ཙམ་པ་ཀ །ཛཱ་ཡ་ཀུནྡས་མཆོད་པར་བྱ། །ག་པུར་གོ་རོ་ཙ་ན་དང་། །ཙནྡན་དཀར་པོར་ལྡན་པ་ཡི། །དྲི་ཞིམ་མར་གྱི་མར་མེ་
དབུལ། །སཱ་ལུ་དཀར་པོ་ཞོ་ཟན་དང་། །སྦྲང་བཅས་འོ་མ་དབུལ་བར་བྱ། །དྲི་ཞིམ་དཀར་པོ་ཆུ་ཡིས་ནི། །སྐུ་ལ་བྱུག་པ་དབུལ་བར་བྱ། །ན་བཟའ་རྒྱན་དང་མེ་ཏོག་ཕྲེང་། །གདུགས་དང་བ་དན་རྒྱལ་མཚན་དང་། །རླུང་ཡབ་ལ་སོགས་རྒྱན་རྣམས་དབུལ། །དྲིལ་བུ་པི་ཝང་རྫ་རྔ་དང་། །གླིང་
བུ་རྔ་རིངས་པ་ཊ་ཧ། །སྒྲ་མཆོག་རྣམས་ཀྱིས་མཆོད་པར་བྱ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །བླ་མ་འཁོར་ལོར་བཅས་པ་ལ། །བསྟོད་ནས་གསོལ་བ་གདབ་པར་བྱ། །འཁོར་ལོའི་ལྷ་རྣམས་ཐམས་ཅད་ཀྱི། །ཐུགས་ཀར་པད་སྟེང་ཟླ་བ་ལ། །ཧྲཱིཿཡིག་སྔགས་ཀྱིས་བསྐོར་
བར་བལྟ། །འོད་ཟེར་སྔགས་ཀྱི་ཕྲེང་བ་ནི། །ཞལ་ནས་བྱུང་སྟེ་རྗེས་གནང་ཚུལ། །བདག་གི་ཞལ་ཞུགས་ཐུགས་ཀར་ཐིམ། །དེ་དག་ཁྲི་ཕྲག་སྔགས་བཟླས་ནས། །ཞི་དང་རྒྱས་དང་དབང་དྲག་པོ། །སྔགས་ཕྲེང་ཁ་དོག་བཞིར་ཤེས་ནས། །མདུན་གྱི་དཀྱིལ་འཁོར་ལྷ་རྣམས་ལ། །རྗེས་
སུ་མཐུན་པའི་གསོལ་བ་གདབ། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །འཁོར་ལོར་བཅས་པའི་ལྷ་རྣམས་ཀྱིས། །གང་འདོད་དངོས་གྲུབ་སྦྱིན་པར་བསམ། །དེ་ནས་ལྷ་རྣམས་ཐུགས་ཀར་བསྡུ། །དེ་ལྟར་ཆོ་ག་བྱས་ནས་ནི། །མཆོད་བསྟོད་གསོལ་གདབ་སྔོན་འགྲོ་བས། །གཟུངས་
སྔགས་བཟླས་པ་བརྩོན་པར་བྱ། །བསྙེན་པ་རྫོགས་པར་གྱུར་ན་ནི། །གང་ཞིག་བདག་གམ་ནད་པའམ། །གདོན་ཆེན་ཉེན་དང་ཚེ་ཉམས་དང་། །འཇིགས་པ་བརྒྱད་ཀྱིས་ཉེན་པ་ལ། །བསྲུང་བའི་ཆོ་ག་བརྩམ་པར་བྱ། །ཤིས་པར་གྱུར་པའི་ཉི་མ་ལ། །རས་སམ་ཤིང་ལོ་གྲོ་ག་ནི། །དྲི་ཞིམ་སྤོས་

ཀྱིས་བདུགས་པ་དང་། །ཉེ་བའི་སྙིང་པོ་སྟོང་ཕྲག་གཅིག །ཧྲཱིཿབཅས་སྔགས་ཀྱིས་བྱིན་བརླབས་ཏེ། །གུར་གུམ་གོ་རོ་ཙ་ན་དང་། །ཀོར་སི་ཤ་ལྡན་ཁུ་བ་ཡིས། །འཁོར་ལོ་ལེགས་པར་བྲི་བར་བྱ། །མེ་ཏོག་དཀར་པོའི་ཡུ་བ་ཡིས། །པདྨ་དཀར་པོ་འདབ་བརྒྱད་བྲི། །དབུས་སུ་ཧྲཱིཿཆེན་བྲིས་པའི་ནང་། །
སྒྲུབ་པོས་ལེགས་པར་བྲི་བར་བྱ། །ཕྱི་རོལ་པདྨའི་ལྟེ་བ་ལ། །ཡི་གེ་གསུམ་ལྡན་ཉེ་སྙིང་པོ། །ཧྲཱིཿཡིག་བར་དུ་སྒྲུབ་པ་པོ། །རཀྵ་ཀུ་རུ་ལྡན་པར་བྲི། །པདྨའི་འདབ་མ་བརྒྱད་ལ་ནི། །སྙིང་པོ་སྤེལ་སྔགས་ལྡན་པར་བྲི། །པདྨའི་མུ་ཁྱུད་ཐ་མ་ལ། །རྩ་བའི་གཟུངས་སྔགས་གོང་དང་མཚུངས། །གཙང་
སྦྲ་ལྡན་པས་བྲིས་ནས་ནི། །དཀྱིལ་འཁོར་དྲི་ཡིས་ལེགས་བྱུགས་ལ། །མེ་ཏོག་དཀར་པོ་དྲི་ཞིམ་པོ། །སིལ་མ་ལེགས་པར་བཀྲམ་པ་ཡི། །སྟེང་དུ་འཁོར་ལོ་ལེགས་པར་གཞག །ལྷ་རྣམས་ཐུགས་ཀའི་འོད་ཟེར་གྱིས། །འཁོར་ལོའི་འོད་ཀྱིས་སེམས་སྦྱངས་ཏེ། །པཾ་བསྐྱེད་པདྨའི་གནས་རྣམས་
སུ། །གཟུངས་སྔགས་མར་མེའི་ཕྲེང་བ་བཞིན། །འོད་ལྡན་གསལ་བར་བསྒོམ་པར་བྱ། །དེ་ནས་ཐུགས་ཀའི་འོད་ཟེར་གྱིས། །ལྷ་ཡི་འཁོར་ལོ་སྤྱན་དྲངས་ཏེ། །མཆོད་དང་བསྟོད་པ་བྱས་ནས་ནི། །འཁོར་ལོ་ལ་ནི་བསྟིམ་པར་བྱ། །ལྷ་རྣམས་ཐུགས་ཀ་ནས་སྤྲོས་པའི། །རྩ་བའི་གཟུངས་སྔགས་
ལ་སོགས་པའི། །ཁྲི་ཕྲག་བཟླས་པ་འཁོར་ལོར་བསྟིམ། །དེས་ནི་སྲུང་བའི་སྒྲུབ་པ་རྫོགས། །མཆོག་གི་དངོས་གྲུབ་སྒྲུབ་འདོད་པས། །གོང་གི་དཀྱིལ་འཁོར་ལེགས་བྱས་ཏེ། །དབུས་སུ་གཙོ་བོ་ལ་སོགས་པ། །ལྷ་རྣམས་ཆོ་ག་གསུམ་གྱིས་བསྐྱེད། །ཡེ་ཤེས་སྤྱན་འདྲེན་ལ་སོགས་པ། །ཆོ་
གའི་ཡན་ལག་ཐམས་ཅད་ཀྱང་། །གོང་གི་མཆོད་པའི་རྫས་རྣམས་ཀྱིས། །དུས་གསུམ་ལེགས་པར་མཆོད་བྱས་ལ། །ཡི་གེ་གྲངས་ཀྱི་འབུམ་ཕྲག་བཟླ། །ཐུན་མཚམས་གསོལ་གདབ་བསྐོར་བ་ནི། །བརྒྱ་འམ་སྟོང་ཕྲག་རེ་རེ་བྱ། །དེ་ཚེ་ཐུགས་རྗེ་བྱིན་རླབས་ཀྱིས། །འཁོར་ལོ་ཞལ་སྟོང་ཡང་ན་
ནི། །དངོས་གྲུབ་རྗེས་སུ་གནང་བ་སྦྱིན། །ལུས་ལ་འོད་ཟེར་འབྱུང་བ་དང་། །དྲི་ཞིམ་ཤེལ་གྱི་མདོག་དང་མཚུངས། །སེམས་ཅན་ཐམས་ཅད་དད་གྱུར་ཅིང་། །གཅན་གཟན་རི་དགས་འབྲོས་མི་འགྱུར། །ནམ་མཁར་འཕུར་དང་ཤིང་རྟ་ཞོན། །རྒྱ་མཚོ་སྒྲོལ་དང་རི་རྒྱལ་འཛེག །ནོར་བུ་འཁོར་

ལོ་རྙེད་པ་དང་། །པདྨ་དཀར་པོ་ཟླ་བ་མཐོང་། །ཧྲཱིཿབཅས་ཡི་གེ་ཞལ་ཞུགས་མཐོང་། །རང་མདོག་དཀར་པོ་ཁྲུས་བྱེད་ན། །དེ་དག་འགྲུབ་པའི་རྟགས་སུ་བཤད། །དེ་ནས་སྨན་མཆོག་རི་ལུ་བསྒྲུབ། །བུམ་པ་བཟང་པོའི་ནང་དུ་ནི། །ཡུངས་ཀར་བ་ཡི་རྣམ་ལྔ་དང་། །རུ་རྟ་ཙནྡན་
དཀར་པོ་དང་། །ཤི་རི་ཁཎྜ་ག་པུར་དང་། །རྣམ་པར་རྒྱལ་བའི་ཨ་རུ་ར། །སྨན་ལྔ་འབྲུ་ལྔ་རིན་ཆེན་ལྔ། །དྲི་ལྔ་སྙིང་པོ་ལྔ་བཅས་ཏེ། །རྒྱུ་སྐར་རྒྱལ་གྱི་ཉི་མ་ལ། །བུམ་པར་སྩལ་ཏེ་དཀྱིལ་འཁོར་གྱི། །དབུས་སུ་ལེགས་པར་གཞག་པར་བྱ། །དེ་སྟེང་གདུགས་དང་བ་དན་དང་། །ཕྱོགས་
བཞིར་རྒྱལ་མཚན་གདགས་པར་བྱ། །དེར་ནི་ལྷ་ཡི་འཁོར་ལོ་ནི། །ཆོ་ག་གསུམ་གྱིས་བསྐྱེད་པར་བྱ། །ཡེ་ཤེས་སྤྱན་དྲངས་ལ་སོགས་པ། །ཆོ་ག་རྫོགས་པར་བྱས་ནས་ནི། །དུས་གསུམ་མཆོད་དང་བསྟོད་པར་བྱ། །འཇིག་རྟེན་མགོན་པོའི་ཐུགས་ཀར་ནི། །པཾ་བསྐྱེད་པདྨ་ཟླ་བའི་སྟེང་། །
ཨ་ལས་བུམ་པ་བཟང་པོར་གྱུར། །ནང་དུ་ཧྲཱིཿས་མཚན་རི་ལུ་བསམ། །གཙོ་བོ་ལ་སོགས་ལྷ་རྣམས་ཀྱི། །ཐུགས་ལས་རྩ་བའི་སྙིང་པོ་དང་། །ཉེ་སྙིང་སྤྲོས་ནས་རི་ལུར་བསྟིམ། །ཐུན་མཚམས་བསྐོར་བ་བརྒྱ་ཕྲག་བྱས། །དེ་ཚེ་རི་ལུ་ལྷར་མཐོང་ན། །འཇིག་རྟེན་མགོན་པོ་འགྲུབ་པར་འགྱུར། །
རི་ལུ་རྒྱལ་ཆེན་བཞིར་མཐོང་ན། །ཞི་སོགས་ཕྲིན་ལས་འགྲུབ་པར་འགྱུར། །རི་ལུ་ཉི་མ་ཟླ་བར་མཐོང་། །མཁའ་ལ་འགྲོ་འགྱུར་ཐེ་ཚོམ་མེད། །རི་ལུ་འཁོར་ལོ་ནོར་བུར་མཐོང་། །ཡིད་བཞིན་དངོས་གྲུབ་འགྲུབ་པར་འགྱུར། །དེ་ཚེ་བུམ་པའི་གཟུགས་མཐོང་ན། །ས་འོག་དངོས་གྲུབ་འགྲུབ་
པར་འགྱུར། །འོད་མཐོང་ལྷ་ཡི་སྤྱན་དང་འདྲ། །སྒྲ་བྱུང་ལྷ་ཡི་སྙན་དང་ལྡན། །རལ་གྲིས་ཤེས་རབ་འཕེལ་བར་འགྱུར། །དུ་བ་བྱུང་བས་ཚེ་འཕེལ་འགྱུར། །དྲི་ཡིས་ནད་རྣམས་ཞི་བྱེད་འགྱུར། །གཞན་ཡང་བཟླས་པ་ལ་སོགས་པའི། །སྒྲུབ་པ་གཟུངས་ཀྱི་ཆོ་གར་ཤེས། །བདག་གིས་སྒྲུབ་
ཐབས་འདི་བརྩམས་པས། །དེ་ཡིས་བསོད་ནམས་གང་ཐོབ་པ། །འཁོར་བའི་སེམས་ཅན་ཐམས་ཅད་ཀུན། །འཇིག་རྟེན་མགོན་པོ་ཐོབ་པར་ཤོག །འཕགས་པ་འཇིག་རྟེན་དབང་ཕྱུག་ཡིད་བཞིན་གྱི་ནོར་བུ་འཁོར་ལོས་སྒྱུར་བའི་སྒྲུབ་ཐབས། སློབ་དཔོན་ཛེ་ཏཱ་རིས་མཛད་པ་རྫོགས་སོ།། །།

པཎྜི་ཏ་པུརྞ་ཀཱིརྟི་དང་། །སྣ་ནམ་རྡོ་རྗེ་བླ་མས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྗེ་བཙུན་འཇིག་རྟེན་དབང་ཕྱུག་བསྒོམ་པར་འདོད་པས། དང་པོར་
སྐྱབས་འགྲོ་དང་སེམས་བསྐྱེད་བྱས་ནས་རང་གི་སྙིང་གར་ཡི་གེ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་གཅིག་བསྒོམ་པར་བྱའོ། །དེ་ལས་འོད་ཟེར་འཕྲོས་པས་རི་པོ་ཏ་ལ་ན་རྗེ་བཙུན་འཇིག་རྟེན་དབང་ཕྱུག་བཞུགས་པ་དེ་མདུན་གྱི་ནམ་མཁར་
སྤྱན་དྲངས་ཏེ་དེ་ལ་རང་གི་ལུས་དཔག་ཏུ་མེད་པར་སྤྲུལ་ནས་ཡིད་ཀྱིས་ཕྱག་བྱས་པར་བསམ་ཞིང་སྙིང་གའི་ཧྲཱིཿའི་འོད་ཟེར་གྱིས་མཆོད་པ་ལྔས་མཆོད་དེ། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ། །བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་། །སངས་རྒྱས་ཐམས་ཅད་ལ་གསོལ་བ་འདེབས་སོ། །
བདག་གིས་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག་ཅེས་བརྗོད་དོ། །དེ་ནས་ཡེ་ཤེས་པ་དེའི་ཐུགས་ཀའི་ཡི་གེ་ཧྲཱིཿལས་འོད་ཟེར་བྱུང་སྟེ། རང་གི་སྙིང་གའི་ཡི་གེ་ཧྲཱིཿལ་ཐིམ་དེ་ལས་འོད་ཟེར་འཕྲོས་པས་རང་གི་སྒྲིབ་པ་གཉིས་དག་པར་བྱས་ཏེ་རང་རྗེ་བཙུན་འཇིག་རྟེན་དབང་ཕྱུག་སྐུ་མདོག་
དཀར་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་ཀྱི་གཉིས་པ་ན་ནོར་བུའི་བགྲང་ཕྲེང་། གཡོན་གྱི་གཉིས་པ་ནི་པདྨ་དཀར་པོ་འཛིན་པ། རལ་པའི་ཐོར་ཚུགས་ཅན་སངས་རྒྱས་འོད་དཔག་མེད་ཀྱིས་དབུ་བརྒྱན་པ། རིན་པོ་ཆེའི་རྒྱན་ཀུན་གྱིས་སྤྲས་
ཤིང་། ལྷ་རྫས་ཀྱི་ན་བཟའ་དང་ལྡན་པ་ཅིག་ཏུ་གྱུར་པར་བསམ། དེ་ནས་ཡེ་ཤེས་པ་དེ་རང་དམ་ཚིག་པ་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསྒོམ། ཡང་རང་གི་སྙིང་གའི་ཡི་གེ་ཧྲཱིཿལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ལ་ཕོག་སྟེ་དེ་རྣམས་ཀྱི་སྒྲིབ་པ་གཉིས་དག་པར་བྱས་
ནས་ཐམས་ཅད་རྗེ་བཙུན་འཇིག་རྟེན་དབང་ཕྱུག་ཏུ་གྱུར་པར་བསྒོམ་ཞིང་། དེ་རྣམས་ཀྱི་ངག་ཏུ་སྒྲ་ཅི་གྲག་པ་ཐམས་ཅད་ཀྱང་ཡི་གེ་དྲུག་པ་ཟློས་པར་བསམ། རང་གིས་ཟློས་པའི་ཚེ་དེ་ཐམས་ཅད་ཀྱིས་ཡི་གེ་དྲུག་པ་དི་རི་རི་ཟློས་པར་བསྒོམ་ཞིང་དག་པར་བཟླས་སོ། །མཐར་ཡོངས་སུ་དག་པའི་

བསྔོ་བ་བྱའོ། །འཇིག་རྟེན་དབང་ཕྱུག་ཞལ་གཅིག་ཕྱག་བཞི་པའི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ། ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱིས་ཉུང་ངུར་བསྡུས་ཏེ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཥཱ་ཊ་ཨ་ཀྵ་ར་ཏནྟྲ་ཀྲ་མ་མཎྜལ་ཙཀྲ་ཨུ་པ་དེ་ཤ་སཱ་དྷ་ནཾ།
བོད་སྐད་དུ། ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པའི་དཀྱིལ་འཁོར་བསྟན་པའི་སྒྲུབ་པའི་ཐབས། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་ཏིང་ངེ་འཛིན་དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་ཞུགས་ནས། ཐལ་མོ་སྦྱར་ལ་སྤྱི་
བོར་བཞག་ནས་ཤར་ཕྱོགས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་བནྡ་ནཾ་ཀ་རོ་མི་ཞེས་ཕྱག་བྱའོ། །དེ་བཞིན་དུ་ལྷོ་ཕྱོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་བནྡ་ནཾ་ཀ་རོ་མི། ཞེས་བྱ་བ་དང་། དེ་བཞིན་དུ་ནུབ་ཕྱོགས་སུ། ཨོཾ་སརྦ་ཏ་ཐཱ་ག་ཏ་པདྨ་བནྡ་ནཾ་ཀ་རོ་མི། ཞེས་བྱ་བ་དང་། དེ་བཞིན་དུ་བྱང་ཕྱོགས་སུ། ཨོཾ་སརྦ་
ཏ་ཐཱ་ག་ཏ་ཀརྨ་བནྡ་ནཾ་ཀ་རོ་མི། ཞེས་བྱ་བས་ཕྱག་བཞི་བྱས་ལ། གཡས་པའི་ཁུ་ཚུར་སྤྱི་བོར་བཞག་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུདྦྷ་བ་ཡ་སྭཱ་ཧཱ། ཞེས་བྱ་བས་ལུས་དང་ངག་དང་སེམས་བྱིན་གྱིས་བརླབ་པར་བྱའོ། །ཁུ་ཚུར་དེ་ཉིད་ཀྱིས་ཁ་ལ། ཨོཾ་པདྨོད་བྷ་བཱ་ཡ་སྭཱ་ཧཱ། ཞེས་བྱ་བས་ངག་བྱིན་གྱིས་བརླབ་པར་བྱའོ། །གཡོན་
པའི་ཁུ་ཚུར་སྙིང་གར་བཞག་ནས། ཨོཾ་བཛྲོད་བྷ་བཱ་ཡ་སྭཱ་ཧཱ། ཞེས་བྱ་བས་སེམས་བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་ཆོ་ག་འདིས་བགེགས་བསལ་བར་བྱ་སྟེ། ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་སརྦ་བི་གྷྣཱཾ་ད་ཧ་ད་ཧ། སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བྱ་བ་བརྗོད་ལ་ཐལ་མོ་སྦྱར་ནས། མཐེ་བོང་བར་དུ་བཞག་པ་དེ་ལ་བཛྲ་ཧཱུཾ་ཕཊ་ཅེས་བྱ་
བའི་ཡི་གེ་འབར་བའི་རྣམ་པར་བཀོད་ལ། ཐལ་མོ་དེ་ལས་ཕྱོགས་བཅུར་འབར་བའི་རྡོ་རྗེ་འཕྲོ་བར་བསམས་ནས། ཨོཾ་ཨ་མྲྀ་ཏ་ཧ་ན་ཧ་ན་སརྦ་བིགྷྣཱན་ད་ཧ་ད་ཧ། སརྦ་པཱ་པཾ་ཧཱུཾ་ཕཊ། ཅེས་བྱ་བ་འདི་ལན་བདུན་བརྗོད་ལ་ཐལ་མོ་ལན་གསུམ་བརྡབས་ནས་སེ་གོལ་ཡང་ལན་གསུམ་བརྡབ་པར་བྱའོ། །དེའི་རྗེས་ལ་
སྔར་བཤད་པའི་འབར་བའི་རྡོ་རྗེ་ལས་རྡོ་རྗེ་དྲ་བས་བགེགས་ཐམས་ཅད་བསལ་བར་བྱའོ། །དེའི་རྗེས་ལ་རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་རེ་ཕ་ལས་མེ་འབར་བའི་རྣམ་པ་བསམས་ལ། རྡོ་རྗེའི་ཕྱག་རྒྱ་བཅིངས་ནས། རྗེ་བཙུན་གྱི་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ།

ཨོཾ་པདྨ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། པདྨ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙམེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷག་བཱན་སརྦ་ཏ་ཐཱ་ག་ཏ་པདྨ་མཱ་མེ་མུཉྩ་པདྨ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་
ཏྭ་ཨཱཿཞེས་ལན་བདུན་བརྗོད་དོ། །སྤྱི་བོར་ཨ་ལས་ཟླ་བའི་དཀྱིལ་འཁོར་ཆ་བཅུ་དྲུག་པ་བདུད་རྩིའི་བདག་ཉིད་ལ་ཡི་གེ་ཨོཾ་གྱིས་བརླབས་ལ་བསྒོམ་པར་བྱའོ། །སྔགས་བརྗོད་པའི་རྗེས་ཉིད་ལ་སྙིང་གའི་གནས་སུ་རེ་ཕ་ལས་མེ་སྦར་ལ་ལུས་ཐམས་ཅད་བསྲེགས་ལ་ཡང་སྤྱི་བོའི་ཟླ་བའི་བདུད་རྩི་འབབ་
པར་བསམ་མོ། །དེའི་རྗེས་ལ་རྡོ་རྗེ་ཐལ་མོ་བཅིངས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠ་ནཱ་ཡ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཤ་མ་སེ་ཏ་སརྦ་སཏྭ་ནཾ་སརྦ་སིདྡྷ་ཡ་སཾ་པ་རྱན་ཏཾ། སརྦ་ཏ་ཐཱ་ག་ཏཥྩ་ཨ་དྷི་ཏིཥྛ་ཏྭཾ། ཞེས་བྱ་བ་འདི་ཉིད་ལན་གསུམ་བརྗོད་ལ། སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱིས་ནམ་མཁའ་ཡོངས་སུ་གང་བར་ལྷག་པར་མོས་ལ་དེ་རྣམས་ཡིད་ཀྱིས་མཆོད་ནས་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །ཨོཾ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་
རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བྱ་བས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱའོ། །དེའི་རྗེས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཞེས་བརྗོད་ལ། བྱང་ཆུབ་ཀྱི་སེམས་
ཙམ་ལ་ལྷག་པར་གནས་པ་སེམས་ཀྱིས་མཐོང་ནས། ཨོཾ་དྷརྨཱ་དྷཱ་ཏུ་སྭ་བྷཱ་པ་ཨཱཏྨ་ཀོ྅ཧཾ། ཞེས་མངོན་པར་བརྗོད་ནས། བྱང་ཆུབ་ཀྱི་སེམས་དེ་ཡི་གེ་པཾ་གྱི་རྣམ་པར་ཡོངས་སུ་གྱུར་པར་མཐོང་ནས། དེ་ནས་སྣ་ཚོགས་པདྨ་ཆེན་པོར་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་ཨ་ལས་ཉི་མའི་དཀྱིལ་འཁོར། དེའི་
སྟེང་དུ་ཡང་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་བྷྲཱུཾ་དཀར་པོ། དེ་ལས་མཆོད་རྟེན་དཀར་པོ། དེ་ལས་ཡང་། རྣམ་པ་གསུམ་དུ་སྤྲོས་པ་ཉིད་ཀྱིས་བུམ་པ་དང་། ཁ་ཁྱེར་ཐམས་ཅད་ཀྱི་སྟེང་དུ་ཡང་ཡི་གེ་ཧཱུཾ་བསམས་ལ། བུམ་པ་དེའི་ནང་དུ་ཡང་ཨ་ལས་ཉི་མའི་དཀྱིལ་འཁོར། དེའི་

སྟེང་དུ་ཡང་ཨ་ལས་ཟླ་བའི་དཀྱིལ་འཁོར། དེ་ལ་ཡི་གེ་དྲུག་ལས་འདབ་མ་བརྒྱད་པའི་པདྨ་དམར་པོ། མཚམས་ཀྱི་འདབ་མ་བཅུ་གཉིས་པ། དེའི་སྟེང་དུ་ཡི་གེ་ཧྲཱིཿལས་འདབ་མ་དྲུག་པའི་པདྨ་དཀར་པོ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཨོཾ་
མ་ཎི་པདྨེ་ཧཱུཾ། ཞེས་བྱ་བ་ཡི་གེ་དྲུག་པ་གོང་ནས་གོང་དུ་ནང་དུ་ཞུགས་པར་རྣམ་པར་བསྒོམས་ལ། དེ་གྱུར་པ་ལས་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཅིག་པ་ཕྱག་དྲུག་པ་སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན་བསྒོམ་མོ། །བཅོམ་ལྡན་འདས་
ཀྱི་ཕྱག་གཡས་པའི་དང་པོ་ནི་བ་དན་གསུམ་པའི་ཕྱག་རྒྱ་དེའི་རྩེ་མོ་ལ་ཅུང་ཟད་དབུ་འདུད་པའོ། །གཉིས་པ་ལ་ཕྲེང་བ། གསུམ་པའི་ཕྱག་སྐྱབས་སྦྱིན་ལ་རིན་པོ་ཆེ་ཟུར་དྲུག་པ་བསྣམས་པའོ། །ཕྱག་གཡོན་གྱི་དང་པོས་པདྨའི་སྟེང་དུ་རིན་པོ་ཆེ་ཟུར་དྲུག་པ་གནས་པ་ལ་པདྨ་འདབ་མ་དྲུག་པའོ། །
གཉིས་པ་ལ་དབྱུག་པ། གསུམ་པ་ལ་རིལ་བ་སྤྱི་བླུགས་བསྣམས་པའོ། །དེའི་གཡོན་གྱི་པདྨ་ལ་བཅོམ་ལྡན་འདས་པདྨ་སྒྲོལ་མ་ཨོཾ་པདྨ་ཏཱ་རི་ཧཱུཾ་ཞེས་བྱ་བ་འདིས་དེའི་རྣམ་པར་བསམ་མོ། །ཁྱད་པར་ནི་པདྨ་དོར་ལ་ཨུཏྤ་ལའི་སྟེང་དུ་རིན་པོ་ཆེ་ཟུར་དྲུག་པའི་སྟེང་དུ་པདྨ་འདབ་མ་དྲུག་པ་བསྣམས་
པའོ། །ཤར་དུ་ཨོཾ་བཛྲ་པདྨ་ཧཱུཾ། ལྷོར་ཨོཾ་རཏྣ་པདྨ་ཧཱུཾ། ནུབ་ཏུ་ཨོཾ་མུ་ནེ་པདྨ་ཧཱུཾ། བྱང་དུ་ཨོཾ་ཀརྨ་པདྨ་ཧཱུཾ། ཞེས་བྱ་བའི་སྔགས་ཀྱི་རིམ་པ་འདིས། རྡོ་རྗེ་པདྨ་དང་། རིན་ཆེན་པདྨ་དང་། ཐུབ་པའི་པདྨ་དང་། ལས་ཀྱི་པདྨ་རྣམས་བཅོམ་ལྡན་འདས་ཉིད་ཀྱི་རྣམ་པར་བལྟའོ། །ཁྱད་པར་ནི་པདྨའི་
སྟེང་དུ་རིན་པོ་ཆེ་ཟུར་དྲུག་པའི་སྟེང་དུ་རྡོ་རྗེ་དང་། རིན་པོ་ཆེ་དང་། འཁོར་ལོ་དང་། སྣ་ཚོགས་རྡོ་རྗེའོ། །མེའི་ཕྱོགས་སུ་ཨོཾ་བཛྲ་ཏཱ་རེ་ཧཱུཾ། བདེན་བྲལ་གྱི་ཕྱོགས་སུ་ཨོཾ་རཏྣ་ཏཱ་རེ་ཧཱུཾ། རླུང་གི་ཕྱོགས་སུ་ཨོཾ་མུ་ནེ་ཏཱ་རེ་ཧཱུཾ། དབང་ལྡན་དུ་ཨོཾ་ཀརྨ་ཏཱ་རེ་ཧཱུཾ། ཞེས་བྱ་བའི་སྔགས་འདིས་གོ་རིམས་
བཞིན་དུ་བཅོམ་ལྡན་འདས་ཉིད་ཀྱི་རྣམ་པར་རྡོ་རྗེ་སྒྲོལ་མ་དང་། རིན་ཆེན་སྒྲོལ་མ་དང་། ཐུབ་པའི་སྒྲོལ་མ་དང་། ལས་ཀྱི་སྒྲོལ་མ་དག་བཅོམ་ལྡན་འདས་ལ་མངོན་དུ་བལྟས་པའོ། །ཁྱད་པར་ནི་ཨུཏྤ་ལའི་སྟེང་བཞིན་དུ། རིན་པོ་ཆེ་ཟུར་དྲུག་པའི་གནས་སུ་རྡོ་རྗེ་དང་། རིན་པོ་ཆེ་དང་། འཁོར་

ལོ་དང་། སྣ་ཚོགས་རྡོ་རྗེའོ། །བརྒྱད་པོ་འདི་དག་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པར་བསམ་མོ། །ཕྱོགས་མཚམས་ཀྱི་འདབ་མ་ལ་ཤར་ཕྱོགས་སུ་ཨོཾ་ཡ་མཱནྟ་ཀ་ཧཱུཾ། ལྷོ་རུ་ཨོཾ་པྲཛྙཱན་ཏ་ཀ་ཧཱུཾ། ནུབ་ཏུ་ཨོཾ་པདྨཱནྟ་ཀ་ཧཱུཾ། བྱང་དུ་ཨོཾ་བིགྷྣཱནྟ་ཀ་ཧཱུཾ་ཞེས་བྱ་
བའི་སྔགས་ཀྱིས་བཅོམ་ལྡན་འདས་ཉིད་ཀྱི་ངོ་བོར་ཁྲོ་བོ་བཞི་བལྟ་བར་བྱའོ། །ཁྱད་པར་ནི་གཡས་བརྐྱང་བ། མིའུ་ཐུང་གི་རྣམ་པ་ལ་ཞལ་རྣམ་པར་འགྱུར་བ། སྣ་གོང་ཉག་པ་སྨིན་མ་སེར་སྐྱ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། འོད་འབར་བའི་དབུས་སུ་གནས་པར་བསྒོམ་མོ། །ཐམས་
ཅད་ཀྱི་གཡོན་པའི་རྩ་བའི་ཕྱག་དག་ནི་སྡིགས་མཛུབ་མཛད་པའོ། །གཡས་པའི་ཕྱག་དག་ལ་ཐོ་བའོ། །གཉིས་པ་ལ་རལ་གྲིའོ། གསུམ་པ་ལ་ཞགས་པའོ། །ལྷག་མའི་ཕྱག་གཉིས་ལ་པདྨ་དང་སྣ་ཚོགས་རྡོ་རྗེའོ། །དེ་ལྟར་དཀྱིལ་འཁོར་གྱི་འཁོར་ལོ་བསྐྱེད་ལ་སྙིང་གར་པཾ་ལས་
པདྨ་དཀར་པོ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་སྔ་མ་བཞིན་དུ་ཡི་གེ་རྣམས་བསམས་ལ། དེ་ལས་འོད་ཟེར་སྤྲོས་ནས་སེམས་ཅན་ཐམས་ཅད་ཡང་དག་པར་སྦྱངས་ནས། བཅོམ་ལྡན་འདས་གྱི་ངོ་བོར་བསྒྲུབས་ནས། ཡང་བསྡུས་ཏེ་དེ་ཉིད་དུ་ཞུགས་སོ། །
དེའི་རྗེས་ལ་སྔགས་ཁ་ནས་བྱུང་ནས་རྡོ་རྗེའི་ལམ་ནས་རྗེས་སུ་ཞུགས་ནས་མུ་ཏིག་གི་ཕྲེང་བ་ལྟར་བསམས་ནས་བཟླས་པ་བྱའོ། །བཟླས་པ་བྱས་ནས་སྙིང་གའི་སྔགས་ལས་ཅིག་ཅར་དཀྱིལ་འཁོར་གྱི་འཁོར་ལོ་ཕྱི་རོལ་དུ་སྤྲོས་ནས་མཆོད་པར་བྱའོ། །འདི་དག་གི་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་
པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུཾ། ཨརྒྷཾ་གྱི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་པུཥྤ་པཱུ་ཛ་མེ་གྷས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུཾ། མེ་ཏོག་གི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་པཱུ་ཛ་མེ་གྷས་མུ་དྲ་སྥར་ཎ་ས་མ་ཡེ་ཧཱུཾ། མར་མེའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་གནྡྷ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་བྱུ་
ཧ་ཧཱུཾ། བྱུག་པའི་སྔགས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་རཱ་ས་ཨེ་གྲོ་བི་ཏ་ནི་ཨ་ཧ་རི་ན་སནྟ་ར་པ་ཡ་མེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ལྷ་བཤོས་གྱི་སྔགས་སོ། །དེ་ལྟར་མཆོད་པ་བྱས་ནས། དཀྱིལ་འཁོར་གྱི་འཁོར་ལོ་རང་གི་སྙིང་གའི་སྔགས་ཀྱི་ཡི་གེ་ལ་གཞུག་པར་བྱའོ། །དེའི་རྗེས་

ལ་བསྟོད་པ་དང་། སྨོན་ལམ་ཡང་བཏབ་ནས། ལངས་ལ་རང་གི་ལྷའི་ང་རྒྱལ་གྱིས་གནས་པར་བྱའོ། །ཡི་གེ་དྲུག་པའི་རྒྱུད་ཀྱི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་མ་ཧཱ་ཛ་ན་དང་། ལོ་ཙཱ་བ་གཞོན་ནུ་འོད་ཀྱིས་
བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་ར་ཁརྶ་པ་ཎ་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁརྶ་པཱ་ཎིའི་སྒྲུབ་ཐབས། མགོན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཡིད་དང་མཐུན་པའི་
ཕྱོགས་གང་ཡང་རུང་བར་ཇི་ལྟར་བདེ་བའི་སྟན་ལ་འདུག་སྟེ། རས་རིས་ལ་སོགས་པའི་འཇིག་རྟེན་དབང་ཕྱུག་གི་སྐུ་མདུན་དུ་བཞུགས་པར་དམིགས་ལ། ཕྱི་ནང་གི་མཆོད་པས་ལེགས་པར་མཆོད་དེ། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། གསུམ་
ལ་སྐྱབས་སུ་འགྲོ་བ་དང་། བདག་ཉིད་དབུལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་བྱ་བའི་ཚིགས་སུ་བཅད་པ་
འདིས་བྱའོ། །དེའི་འོག་ཏུ་རང་གི་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་འོད་ཟེར་དང་བཅས་པ་དེའི་སྟེང་དུ་ཡི་གེ་ཧྲཱིཿའོད་ཟེར་འཕྲོ་བའི་འོད་ཟེར་གྱི་ཚོགས་དེ་དག་གིས་ཆོས་ཐམས་ཅད་དྲངས་ནས་འོད་ཟེར་གྱི་ཚོགས་རྣམས་ཧྲཱིཿདེ་ཉིད་ཀྱི་ནང་དུ་ཞུགས་པ་དང་། ཐལ་མོ་
ལན་གསུམ་བརྡབས་ལ་ཚིག་འདི་ལན་གསུམ་བརྗོད་དོ། །ཨོཾ་སྭ་བྷཱ་བ་ཤུདྡྷཱཿསརྦྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། དེའི་འོག་ཏུ་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །ཚིག་གི་དོན་དང་བཅས་པར་བསམས་ནས། ཟླ་བ་བྱེ་བ་དང་མཉམ་པའི་འོད་ཟེར་ཡོངས་སུ་གྱུར་པ་ལས་
རལ་བའི་ཅོད་པན་གྱི་དབུས་ན་གནས་པའི་རྒྱལ་བའི་སྐུ་འཛིན་པ། རིན་པོ་ཆེའི་ཕུག་གི་ནང་ན་པདྨ་ཆེན་པོ་དང་ཟླ་བའི་གདན་ལ་བཞུགས་ཤིང་ཟླ་བའི་འོད་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡོན་པ་སེམས་དཔའི་སྐྱིལ་མོ་ཀྲུང་ལ་གཡས་པ་ཅུང་ཟད་བརྐྱང་བ། །

ཕྱག་གཡོན་པ་ན་པདྨ་དཀར་པོ་བསྣམས་པ། གཡས་ཀྱིས་མཆོག་སྦྱིན་པ་ཞི་བའོ། །བཅོམ་ལྡན་འདས་ཀྱི་གཡས་ལོགས་ན་བཅོམ་ལྡན་འདས་མ་སྒྲོལ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཨུཏྤ་ལའི་སྙིང་པོ་ཁ་འབྱེད་པར་བསམ་མོ། །དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་གཡོན་ལོགས་སུ་ཁྲོ་
གཉེར་ཅན་ཅོད་པན་འཆང་བ། ཕྱག་བཞི་པ། གཡོན་གཉིས་ན་དབྱུག་པ་དང་། སྤྱི་བླུགས་བསྣམས་པ་གཡས་གཉིས་ཀྱིས་ཕྱག་བྱེད་པ་དང་། མཆོག་སྦྱིན་པའོ། །སྤྱི་གཙུག་ལས་སྐྱེས་པའི་མཆོད་རྟེན་གྱིས་བརྒྱན་པ་དང་། བཅོམ་ལྡན་འདས་ཀྱི་གཡོན་ན་ཁྲོ་བོ་ཆེན་པོ་རྟ་མགྲིན་
ཕྱག་གཡས་པ་ཕྱག་འཚལ་བ་དང་། གཡོན་པས་དབྱུག་པ་འཛིན་པའོ། །བཅོམ་ལྡན་འདས་ཀྱི་གཡས་ན་ནོར་བཟངས་ཐལ་མོ་སྦྱར་ནས་བཞུགས་པ་དེ་ལྟར་བསམ་མོ། །སངས་རྒྱས་སྤྲིན་ནི་འཕྲོ་བ་ཡིས། །རྣལ་འབྱོར་འདི་འདྲ་བསྒོམས་ན་ནི། །འཇིག་རྟེན་མགོན་པོ་འོད་ཆེན་པོ། །ཚེ་འདི་
ཉིད་ལ་ཐོབ་པར་འགྱུར། །བསྒོམས་པས་དུབ་པར་གྱུར་ན། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྔགས་མུ་ཏིག་གི་ཕྲེང་བ་དང་འདྲ་བ་བསམས་ཏེ་བཟླས་པར་བྱའོ། །བཟླས་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་ཎི་པདྨེ་ཧཱུཾ། བརྒྱ་འམ་སྟོང་དུ་བཟླས་པར་བྱ་སྟེ། བཅོམ་ལྡན་འདས་
ལ་བདག་ཉིད་ཀྱིས་མཆོད་པ་ལེགས་པར་བྱའོ། །ཨོཾ་ཁྱོད་ཀྱིས་འགྲོ་བའི་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཚིགས་སུ་བཅད་པ་འདིས་གཤེགས་པ་དང་སླར་བྱོན་པར་བསྐུལ་
ནས་བཟོད་པར་གསོལ་བར་བྱ་སྟེ། གང་ཡང་བདག་བློ་གཏི་མུག་པས། །འདིར་ནི་ཉེས་པ་གང་བྱས་པ། །གང་ཡང་ལུས་ཅན་སྐྱབས་གྱུར་པས། །མགོན་པོ་ཁྱོད་ནི་བཟོད་པ་བཞེས། །གཙོ་བོ་ནུས་པ་མ་མཆིས་པས། །མ་ཚང་བ་དང་མ་རྙེད་པའི། །འདིར་ནི་བྱ་བ་གང་བྱེས་པ། །མགོན་ཁྱེད་
དེ་ནི་བཟོད་པར་མཛོད། །བདག་གི་དགེ་བའི་རྩ་བ་འདིས། །སངས་རྒྱས་ཉིད་ནི་ཐོབ་ནས་ཀྱང་། །སྲིད་པའི་རྒྱ་མཚོ་བརྒལ་དཀའ་ལས། །འགྲོ་བ་མ་ལུས་སྒྲོལ་བར་ཤོག །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཁརྶ་པ་ཎའི་སྒྲུབ་ཐབས་རྫོགས་སོ།། །།རྒྱ་གར་གྱི་མཁན་

པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཥ་ཊཱ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་ཡི་གེ་དྲུག་པའི་སྒྲུབ་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོར་
རེ་ཞིག་སྔགས་པས་གདོང་བཀྲུས་ནས་སྟན་བདེ་བ་ལ་འདུག་སྟེ། སངས་རྒྱས་ལ་སོགས་པར་བསམས་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །བདག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཡིན་ནོ་ཞེས་མོས་པར་བྱས་ནས། སེམས་ཅན་ཇི་སྙེད་སེམས་ཅན་དུ་བསྡུ་བས་ཡང་དག་
པར་བསྡུས་པ། སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པ་འམ། དྲོད་གཤེར་ལས་སྐྱེས་པའམ། རྫུས་ཏེ་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་ཅན་མ་ཡིན་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པ་འམ། འདུ་ཤེས་མེད་འདུ་ཤེས་མེད་མིན་ཏེ། ཇི་སྲིད་
དུ་སེམས་ཅན་ནི་ཁམས་གསུམ་དུ་གདགས་པས། བཏགས་པ་དེ་དག་ཐམས་ཅད་བདག་ཉིད་ཀྱིས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་དགོད་པར་བྱའོ་ཞེས་བསམ། དེ་ནས་ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ། དེ་ནས་སྟོང་བ་ཉིད་དུ་བསྡུ་བས་བསྡུས་པ་ཙམ་གྱིས་
བསྒོམས་ལ། དེའི་འོག་ཏུ་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧྲཱིཿལས་འོད་ཟེར་བརྒྱ་སྟོང་འབྱུང་བར་བསྒོམས་ཏེ། ཡང་དེ་ཉིད་ཀྱིས་ཐོག་མ་མེད་པ་ནས་བསགས་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མ་ལུས་པ་མཐའ་དག་རྣམ་པར་དག་པར་བྱས་ནས་
བདག་ཉིད་ཀྱི་སྙིང་གར་ཞུགས་པ་ལས། བདག་ཉིད་འཇིག་རྟེན་དབང་ཕྱུག་གི་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་པོ་ཕྱག་བཞི་པ་གཡས་ན་བགྲང་ཕྲེང་གཡོན་ན་པདྨ་བསྣམས་པ། གཞན་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་བའོ། །གཡས་སུ་ནོར་བུ་འཛིན་པ་སྐུ་
མདོག་དང་ཕྱག་ལ་སོགས་པ་ཡང་དེ་དང་འདྲའོ། །གཡོན་དུ་འབྲུ་དྲུག་པའི་རིག་པ་ཆེན་མོ་ཕྱག་བཞི་པ་སྟོན་ཀའི་སྤྲིན་ལྟ་བུའོ། །དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་ས་ཏྭ། ཛཿཧཱུཾ་བཾ་ཧོཿསུ་ར་ཏ་སྟྭཾ། ཨ་ལ་ལ་ལ་ལ་ཧོ། ཨ་ཨ་ཨ་ཨ་ཞེས་བྱ་བས་བྱིན་གྱིས་བརླབས་པའི་སྔགས་ཀྱི་རྒྱལ་པོ་བརྗོད་

པར་བྱའོ། །དེ་ལྟར་བསྒོམས་ནས་དེའི་འོག་ཏུ་འཇིག་རྟེན་དབང་ཕྱུག་གི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཕྲེང་བ་འདྲ་བ་དཀར་པོ་ཞལ་ནས་བྱུང་ཞིང་ལྟེ་བར་བྱུགས་ཏེ་འཁོར་ལོ་འཁོར་བའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུའི་རྟོག་པའི་སྔགས་ཀྱི་རྒྱལ་པོ་འདི་
མཚན་མ་མེད་པའི་ཚུལ་གྱིས་བཟླས་པར་བྱའོ། །དེ་ནས་ལུས་གཡོ་བ་དང་བཅས་པ་ལ་སོགས་པར་གྱུར་པའི་རྣལ་འབྱོར་པ་དད་པ་དང་སྙིང་རྗེ་དང་། བླ་མ་ལ་གུས་པ་དང་ལྡན་པས་ནི་རིང་པོ་མི་ཐོགས་པར་འགྲུབ་པར་འགྱུར་རོ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་དེ་ལྟར་བཟླའོ། །དེ་ནས་ལྡང་བའི་
དུས་སུ་སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་བྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡ་ཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་
བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ། མ་ཧཱ་ས་མ་ཡ་སཏྭ་ཨཱཿདེ་ལྟར་བཟླས་ནས་ཅི་བདེ་བར་གནས་པར་བྱའོ། །ཡི་གེ་དྲུག་པའི་སྒྲུབ་ཐབས་རྫོགས་སོ།། །།སློབ་དཔོན་ཆེན་པོ་པཱུ་ཛ་བཛྲས་མཛད་པའོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོ་ཙཱ་བ་དགེ་སློང་
ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྟོང་ཉིད་སྙིང་རྗེ་ལས་བྱུང་བ། །
རྣམ་ལྔ་བྱང་ཆུབ་ཆེ་བདག་ཉིད། །སྐུ་གསུང་ཐུགས་ཀྱིས་ཐུགས་དག་པ། །འཇིག་རྟེན་མགོན་པོ་མཁས་པས་བསྒྲུབ། །པདྨ་ཟླ་དབུས་གཞོན་ནུའི་སྐུ། །སྐྱིལ་ཀྲུང་ཕྱེད་བརྐྱང་འགྱིང་བག་བརྟན། །ཟླ་བ་རྒྱས་པའི་ཞལ་མཛེས་པས། །ས་གསུམ་བདག་གིར་གཟིགས་མཛད་པའོ། །མཆོག་སྦྱིན་པདྨོ་
གཡས་དང་གཡོན། །རྒྱལ་བའི་ཅོད་པན་རིན་ཆེན་རྒྱན། །འོད་དཔག་མེད་ཀྱིས་སྤྱི་གཙུག་མཛེས། །དེ་ཡི་ཐུགས་ནི་པདྨར་རྒྱས། །ཧྲཱིཿཡིག་རང་སེམས་འོད་གསལ་བ། །ས་གསུམ་སྦྱོང་མཛད་ཡི་གེ་བཞི། །འཁོར་ལོ་རྣམ་གསུམ་དམ་ཚིག་བཞི། །སྒྱུ་མ་བྲག་ཅ་མཁའ་འདྲའོ། །

ཐུགས་རྗེ་ཆེན་པོ་ཁརྶ་པཱ་ཎའི་སྒྲུབ་ཐབས་ཚིགས་སུ་བཅད་པ་བཞི་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཡོ་ག་སཱ་རཿ། བོད་སྐད་དུ། རྣལ་འབྱོར་སྙིང་པོ། དཔལ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །མི་རྟག་སྡུག་བསྔལ་དྲན་བྱས་ནས། །སྙིང་རྗེ་ཆེན་པོ་
རབ་བསྐྱེད་དེ། །སྤྱི་བོར་བླ་མ་སྙིང་གར་ལྷ། །རང་སེམས་མ་ཡེངས་བསྒོམ་པར་བྱ། །གང་ཤར་ཐམས་ཅད་དེ་ཡིན་ཏེ། །དེ་ནི་གང་དུའང་མ་ཤར་བའོ། །དེ་ཕྱིར་གང་སྐྱེས་དེ་མ་སྐྱེས། །མ་སྐྱེས་པ་ཉིད་སྐྱེ་བའི་ཚུལ། །གང་སྐྱེས་གཉུག་མ་ཉིད་ཡིན་ཕྱིར། །དེ་ཤར་དྲན་པས་མ་བརྗེད་ན། །གང་
སྣང་སྟོང་པ་ཉིད་བདག་ཏུ། །རྣལ་འབྱོར་རྒྱལ་པོར་གདོན་མི་ཟ། །མ་རྟོགས་འགྲོ་ལ་རང་དབང་དུ། །རྣམ་ཀུན་དམིགས་པ་མེད་ཡིད་ཀྱིས། །སྙིང་རྗེ་ཆེན་པོ་ངང་གིས་འགྲུབ། །དེ་ཡི་ཐབས་སྦྱངས་བྱང་ཆུབ་བཞེད། །རྣལ་འབྱོར་སྙིང་པོ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲའི་
གདམས་པ་ཨི་ཐི།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་ཁརྶ་པ་ཎ་ལོ་ཀི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་ཁརྶ་པ་ཎ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །རྣལ་འབྱོར་དབང་ཕྱུག་བྱམས་པ་
དང་། །སྙིང་རྗེ་དགའ་བ་བཏང་སྙོམས་ལས། །བྱུང་བའི་བྱང་ཆུབ་སེམས་ཀྱི་བདག །འཇིག་རྟེན་མགོན་པོ་ལ་ཕྱག་འཚལ། །དེ་ཞབས་པདྨོ་ལ་རེག་པས། །འཇིག་རྟེན་སྡུག་བསྔལ་བསྒྲལ་བའི་ཕྱིར། །ཇི་བཞིན་ཇི་ལྟར་སྒྲུབ་པའི་ཐབས། །མདོར་བསྡུས་བདག་གིས་བསྟན་པར་བྱ། །
མཁའ་ལྟར་དྲི་མེད་སྟོང་ཉིད་དབྱིངས་ལས་དབང་པོ་གཞུ་ལྟར་གསལ་བའི་དངོས། །པདྨོ་ཟླ་རྒྱས་ཐུགས་གསུང་འོད་འཕྲོ་སྒྱུ་མའི་རྣམ་ཐར་སྤྲུལ་པའི་སྐུ། །རབ་མཛེས་སྐུ་ནི་གཟི་བརྗིད་བརྟན་མཛེས་འབར་བའི་འོད་ཟེར་དཀར་འཁྲིགས་པ། །སྐྱིལ་ཀྲུང་ཕྱེད་བརྐྱང་དུལ་བའི་ཕྱག་གཡས་
མཆོད་སྦྱིན་གསལ་པོ་གཡོན་གྱི་ཕྱག །པདྨའི་སྡོང་མཛེས་དྲི་མེད་འདབ་རྒྱས་གཞོན་ནུ་སྒེག་པོའི་ཐུགས་ཀར་འཛིན། །ཤེལ་ལྟར་དྲི་མེད་ཨུཏྤལ་སྤྱན་རིང་ཀུན་ནས་ཡིད་འཕྲོག་འོད་འབར་ཞལ། །བརྟན་པོ་དཀར་གསལ་ཟླ་རྒྱས་སྟོང་ལྷག་རལ་པའི་ཅོད་པན་ཐུབ་པའི་གདན། །འབར་བའི་

རིན་ཆེན་དྲི་མེད་སྣ་ཚོགས་ཤིན་ཏུ་འོད་སྦྱངས་ལེགས་སྤྲས་ཤིང་། །མཁའ་ལ་ཉི་ཤར་ལྷམ་མེ་ལྷན་ནེ་ནམ་མཁའི་མཐར་གཏུགས་འོད་འགྱེད་པ། །དཔེ་བྱད་མཚན་རྫོགས་གཅིག་པུ་སྐྱོབ་པ་སྐྱབས་ཀྱི་དམ་པ་སླུ་མེད་དེ། །ཤིན་ཏུ་རྟོགས་དཀར་དེ་ཉིད་གཞིར་གྱུར་སྙིང་གི་པད་འདབ་ཧྲཱིཿཡིག་གིས། །
གང་བའི་ཕྱོགས་རྣམས་དེ་བཞིན་དེ་གཟུགས་ཨོཾ་དང་ཨཱཿདང་ཧྲཱིཿདང་ཧཱུཾ། །དཀར་སོགས་ཁ་དོག་དག་གི་ཕྲེང་བ་ཡིད་ནི་ཡེ་ཤེས་ཡིག་འབྲུའི་དངོས། །བརྩེ་བའི་རླུང་བསྐྱོད་ཡེ་ཤེས་མེ་འབར་འགྲོ་བའི་སྡིག་ཚོགས་བུད་ཤིང་བསྲེགས། །ཞི་བའི་ངང་ནི་གཉིས་མེད་མི་གཡོ་མཁའ་ལྟར་
སྤྲོས་བྲལ་རོ་གཅིག་རོ། །བདེ་ཆེན་འབྱུང་གནས་ཡེ་ཤེས་དྲི་མེད་མཉམ་གཞག་ཆེན་པོ་བསྒོམ་པར་བྱ། །དེ་རྗེས་མཆོད་སོགས་དག་པའི་ཡན་ལག་ཆོ་ག་ཇི་བཞིན་ཡེ་ཤེས་སེམས་དཔའ་ལེགས་བཅུག་སྟེ། །རྣམ་གསུམ་འཁོར་ལོ་དཀར་དམར་སྔོ་ཚུལ་གོ་རིམས་བཞིན་དུ་སྐུ་གསུང་
ཐུགས། །བརྟན་པོའི་མཚན་ཉིད་དམ་པའི་ཞལ་བཞིན་མཁས་པས་རབ་ཏུ་ཤེས་པར་བྱ། །ཐུགས་རྗེ་ཆེན་པོ་ཁརྶ་པ་ཎའི་སྒྲུབ་ཐབས། གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་ཤྲཱི་ཤཱནྟ་ཀ་རས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་གྱིས་བསྒྱུར་
བའོ།། ༄༅༅། །རྒྱ་གར་སྐད་དུ། པཉྩ་དེ་ཝ་ཏ་ཐཱ་ག་ཏོ་ལོ་ཀ་ཤྭ་ར་སཱབྟ་ནཾ། བོད་སྐད་དུ། དེ་བཞིན་གཤེགས་པ་འཇིག་རྟེན་དབང་ཕྱུག་ལྷ་ལྔའི་སྒྲུབ་ཐབས། རྒྱལ་བ་ལྔ་ལ་ཕྱག་འཚལ་ལོ། །ཤིན་ཏུ་རྣམ་དག་དང་བའི་མཚོར། །རབ་མཛེས་སྡོང་བུ་ལྔ་ལྡན་སྟེང་། །རྣམ་སྣང་
རྡོ་རྗེ་སེམས་དཔའ་དང་། །རིན་འབྱུང་འོད་དཔག་མེད་དོན་གྲུབ། །ས་རིགས་རྣམ་དག་སྣ་ཚོགས་གཟུགས། །དངོས་གཅིག་རྒྱལ་བ་ལྔ་ལ་འདུད། །བྱང་ཆུབ་སེམས་དཔའི་སྤྱོད་པ་ཁྱད་པར་ཅན་ལ་གནས་པས། སྙིང་རྗེ་ཆེན་པོ་མདུན་དུ་བྱས་ལ། ཐོག་མ་ཁོ་ནར་ཆོས་ཐམས་ཅད་སྟོང་པ་
ཉིད་དུ་རབ་ཏུ་བསྒོམ་པར་བྱའོ། །གདོད་ནས་མ་སྐྱེས་འོད་གསལ་བ། །གང་ཤར་ཉིད་ན་ངོ་བོ་མེད། །ཆོས་རྣམས་ཀུན་གྱི་མཚན་ཉིད་དེ། །བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །གང་འདི་ལྟར་ངོ་བོ་ཉིད་མེད་པའི་ཆོས་འདི་དག་ནི་ཟབ་པའི་ཕྱིར་རྟོགས་པར་དཀའ་བས་མི་ཤེས་པའི་འགྲོ་བ་ལྔ་

པོ་ནི་ངེས་པར་སྡུག་བསྔལ་བའོ་ཞེས་བརྟགས་ནས། དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་རླུང་གི་དཀྱིལ་འཁོར་མངོན་པར་བསྐྱོད་གྱུར་པས། །སྐྱེ་བོ་ཉོན་མོངས་སྒྲིབ་ཚོགས་སྤྲིན་གྱི་ཕུང་པོ་ཤིན་ཏུ་མཐུག་པོས་གཏུམས་གྱུར་པ། །ཚམ་ཚོམ་མེད་པར་དྲག་པོའི་ཤུགས་ཀྱིས་ཀུན་དུ་དྲལ་ཞིང་
ཡོངས་སུ་གཏོར། །དེ་ཡི་ཐབས་གྱུར་ཐུགས་རྗེའི་དབྱིངས་སྐྱེས་སྣ་ཚོགས་མཛད་པ་དབྱེར་མེད་ཅིག་ཅར་བསྒྲུབ་པ་ཡི། །མགོན་པོ་དམ་པ་རིགས་ཀྱི་ལྷ་ལྔ་དྲི་མ་ལྔ་སྦྱོང་ལས་ལྔ་བསྒྲུབ་ཅིང་སྟོབས་ལ་སོགས། །དེ་ལ་དབུས་སྡོགས་སྡོང་འདབ་བཅས། །ཟླ་བའི་འཁོར་ལ་གསལ་བ་ལ། །མེ་
ལོང་གཟུགས་ལྟར་འབྲུ་ལྔ་བསམ། །ཕྲིན་ལས་ལ་སྦྱར་སྐུར་བསྐྱེད་དོ། །རྣམ་པར་སྣང་མཛད་ནི་ཁ་བའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན་ཧྲཱིཿའི་སྙིང་པོ་ཅན་འཁོར་ལོས་མཚན་པའོ། །རྡོ་རྗེ་སེམས་དཔའ་ནི་ནམ་མཁའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན། ཧཱུཾ་གི་སྙིང་པོ་ཅན་རྡོ་རྗེས་
མཚན་པའོ། །རིན་ཆེན་འབྱུང་ལྡན་ནི་གསེར་བཙོ་མའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན། ཏྲཱཾ་གི་སྙིང་པོ་ཅན་རིན་པོ་ཆེས་མཚན་པའོ། །འོད་དཔག་མེད་ནི་མེ་ལྕེ་འབར་བའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན། །ཧྲཱིཿའི་སྙིང་པོ་ཅན་པདྨས་མཚན་པའོ། །དོན་ཡོད་གྲུབ་པ་ནི་སཱ་ལུ་ལྗང་
བའི་མདོག་ཅན་ཇི་སྐད་འབྱུང་བའི་ཕྱག་རྒྱ་ཅན། ཨཿའི་སྙིང་པོ་ཅན་རལ་གྲིས་མཚན་པའོ། །འདི་དག་དབུས་བཅས་ཕྱོགས་རྣམས་སུ། །རིམ་བཞིན་ལས་ལ་མཛད་པ་ལ། །བརྩོན་པས་ཏིང་ངེ་འཛིན་བཞུགས་པ། །བདག་སྦྱང་བ་དང་གཞན་སྦྱང་གཉིས། །ཨོཾ་ཨ་སྭ་པ་ར་ཛྙཱ་ན་བི་ཤུདྡྷ་ཀྲ་ས་ཧཱུཾ།
འཁོར་ལོ་ལྟ་བུའི་སྔགས་སོ། །ཐུགས་རྗེ་ཆེན་པོ་ལྷ་ལྔའི་སྒྲུབ་ཐབས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་མི་ཏྲ་ཨཱ་ནནྡའི་གདམས་པ་རྫོགས་སོ།། །།གནུབས་ལོ་ཙཱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་སྒྲའི་སྒྲུབ་
ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཁ་བཤལ་བ་ལ་སོགས་པ་བྱས་ཏེ། སྟན་བདེ་བ་ལ་འདུག་ནས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་དུ་ཡི་གེ་ཧྲཱིཿདཀར་པོ་བལྟས་ཏེ། དེའི་འོད་ཀྱིས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་

རྣམས་སྤྱན་དྲངས་ཏེ་མདུན་དུ་བསམས་ལ། དེའི་རྗེས་ལ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་བྱས་ཏེ། སྟོང་པ་ཉིད་རྣམ་པར་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་པ་འདིས་བྱིན་གྱིས་བརླབ་པོ། །དེ་ནས་སྐད་ཅིག་གིས་པཾ་གྱུར་པ་ལས་པདྨ་དཀར་པོ་དེའི་
སྟེང་དུ་ཡི་གེ་སིཾ་ཡོངས་སུ་གྱུར་པ་ལས་སེང་གེ་དཀར་པོ་དེའི་སྟེང་དུ་ཟླ་བ་ལ་གནས་པའི་ཡི་གེ་ཧྲཱིཿལས་ཡང་དག་པར་བྱུང་བའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲར་བདག་ཉིད་བསམ་པར་བྱ། དཀར་པོ་འོད་དཔག་ཏུ་མེད་པའི་དབུ་རྒྱན་དང་རལ་པའི་ཐོར་ཅོག་ཅན་སྤྱན་གསུམ་པ་ཕྱག་གཉིས་པ་
དཀའ་ཐུབ་པའི་ཆ་ལུགས་འཛིན་པ། རྒྱལ་པོ་ཆེན་པོའི་འགྱིང་བག་གིས་བཞུགས་པ། ཕྱག་གཉིས་པའི་གཡོན་པ་ན་པདྨ་གྱེན་དུ་ལངས་པའི་ཐོག་ན་རལ་གྲི་འབར་བ། གཡས་ན་རྩེ་གསུམ་དཀར་པོ་སྦྲུལ་གྱིས་བཅིངས་པ། ཡང་གཡོན་ངོས་སུ་དྲི་བཟངས་སྣ་ཚོགས་ཀྱིས་བཀང་བའི་ཐོད་
པ་དཀར་པོ། དེ་བཞིན་གཤེགས་པ་ལྔ་འཕྲོ་བ་སྤྲུལ་པའི་སྐུ་ཆེན་པོར་བསམ་པར་བྱའོ། །བཟླས་པའི་སྔགས་ནི། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ། དེའི་རྗེས་སུ་གཟུངས་འབྱུང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་
ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊཾ། བཱིརྱ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་འཕགས་པ་འཇིག་རྟེན་དབང་ཕྱུག་གི་སྤྱན་སྔར་སྔ་དྲོའི་དུས་སུ་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བརྒྱད་བྱས་ལ་མཎྜལ་རེ་རེ་ལ་ཡང་ལན་བཅུ་གསུམ་བརྗོད་
པར་བྱའོ། །དེ་ནས་ལྕི་བ་ལྷག་མ་ལ་སྔགས་ལན་བདུན་བཟླས་ལ་བྱིན་གྱིས་བརླབས་ཏེ། ནད་གང་དུ་བྱུང་བའི་སར་བསྐུས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཉི་མ་བདུན་ནམ་བཅུ་གསུམ་མམ་ཉི་ཤུ་རྩ་གཅིག་བྱས་ན་མཚམས་མེད་པ་ལྔ་བྱས་པ་ཡིན་དུ་ཟིན་ཀྱང་གྲུབ་པར་མ་གྱུར་
ན་ངས་མཚམས་མེད་པ་ལྔ་བྱས་པར་འགྱུར་རོ། །རྗེ་བཙུན་སེང་གེ་སྒྲའི་སྒྲུབ་ཐབས། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྫོགས་སོ།། །།དཔྱལ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ལོ་ཀི་ཤྭ་ར་སིཾ་ཧ་ནཱ་ད་སྟོ་ཏྲ་ནཱ་མ། བོད་སྐད་དུ།

འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་བསྟོད་པ། འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །གང་གིས་འཇིག་རྟེན་ཉེས་པ་མ་ལུས་དབང་གྱུར་ཇི་སྲིད་ལེགས་པའི་ལམ་ལ་མ་བཀོད་པ། །དེ་སྲིད་དེ་དག་ཡང་དག་གདོན་ཕྱིར་བདག་ནི་བྱང་ཆུབ་མཆོག་ཏུ་བགྲོད་
པར་བྱེད་མ་གྱུར། །གང་གིས་ཁམས་གསུམ་འདི་དག་སེང་གེའི་སྒྲ་ཆེན་མཆོག་གིས་གསལ་བར་གང་གྱུར་པས། །སྡུག་བསྔལ་ཅན་དག་བསྐྱབ་ཕྱིར་ཐུགས་རྗེའི་སྤྱན་དང་སེང་གེ་སྒྲ་ལྡན་ཁྱོད་ལ་བསྟོད། །རལ་པ་རྒྱ་ཆེའི་དབྱིབས་ཅན་དྲི་མེད་ཟླ་འདྲ་ཤིན་ཏུ་དཀར་བའི་ཞལ་མངའ་བ། །བསྐལ་
པ་དུ་མར་ཚོགས་བསགས་བརྟུལ་ཞུགས་ཆེན་པོ་ཤིན་ཏུ་དག་བྱེད་དང་ལྡན་པ། །འགྲོ་བ་མ་ལུས་ཕན་མཛད་ལྷ་དང་ལྷ་མིན་གྲུབ་པ་རྣམས་ཀྱིས་རབ་བཏུད་པ། །ཤིན་ཏུ་རྒྱ་ཆེ་བ་ཡི་སྐུ་མངའ་ཁྱོད་ལ་རྟག་ཏུ་གུས་པས་ཕྱག་འཚལ་ལོ། །པདྨ་དམར་པོ་རྒྱས་པ་ཟླ་བའི་གཟུགས་དང་ལྡན་པའི་
གདན། །སེང་གེའི་གདན་གྱི་སྟེང་ན་རྒྱལ་པོའི་རོལ་པས་རྣམ་པར་མཛེས། །ཆོས་ཀྱི་མངའ་བདག་འབྱོར་པས་དྲི་མེད་གསུང་ནི་བཀའ་སྩལ་པ། །འཇིག་རྟེན་མགོན་པོ་འོད་དཔག་མེད་པའི་དཔལ་གྱིས་དབུལ་མཚན་ལ་འདུད། །གཡས་ཀྱི་ཕྱག་ནི་པདྨ་གསལ་བ་ལྟ་བུར་འཇམ་པ་ཡིས། །
ཁམས་གསུམ་ཉེས་པ་གསུམ་པོ་ཞི་བར་བྱ་ཕྱིར་རྩེ་གསུམ་པ། །འོད་ཟེར་འབར་འཁྲིགས་སྦྲུལ་དང་ལྡན་པས་རྟག་ཏུ་གང་འཛིན་པ། །བདག་གི་ཐུབ་པ་སེང་གེ་སྒྲ་དེ་ལ་ནི་རྟག་ཏུ་ཕྱག་བགྱིའོ། །ཁམས་གསུམ་པོ་ལ་ཐུགས་རྗེ་ཆེན་པོས་གནས་ཀྱང་སྐྱོན་གྱིས་ནི། །ཁྱོད་ལ་གོས་པ་མེད་ཀྱང་དེ་
དག་སྤང་ཕྱིར་ཁྱེད་ཀྱིས་ནི། །གཡོན་པའི་ཕྱག་གིས་རལ་གྲི་དམ་རྫས་དང་བཅས་པདྨ་བསྣམས། །རྒྱལ་བའི་སྲས་པོ་ཁྱོད་ལ་རྟག་ཏུ་བདག་ཉིད་སྐྱབས་སུ་མཆི། །ང་རྒྱལ་ལ་སོགས་ཚོགས་ཀྱིས་གཡེངས་པའི་སེམས་ཅན་རྣམས་ལ་ནི། །དམིགས་ནས་རྒྱལ་བ་ལྔ་པོ་ཡང་དག་སྤྲོས་
ནས་དེ་རྣམས་ལ། །ཇི་ལྟ་ཇི་ལྟར་དག་པའི་ཐབས་ལ་མཁས་པ་དག་གིས་མཛད་པ་རྣམས། །གང་ལ་དགོངས་པ་དེ་མངའ་ཕྱག་ན་པདྨ་དེ་ལ་ཕྱག་འཚལ་ལོ། །མཁས་པ་རྣམས་ཀྱིས་གང་ལ་ཚིག་གི་གོ་སྐབས་མེད་པ་ནི། །ཐོས་པ་ལ་སོགས་བྲལ་བས་ཁྱོད་ལ་མོས་དང་གུས་པ་མེད། །དེ་

དག་རྣམས་ཀྱིས་མཁས་པའི་མཆོག་ཉིད་དག་ནི་ཐོབ་པ་ཡི། །མཉམ་མེད་དཔལ་ལྡན་སེང་གེ་སྒྲ་ལ་བདག་ནི་སྐྱབས་སུ་མཆི། །སྐྱེ་བ་གཞན་གྱི་མི་དགེ་མཛེ་ཡི་རྣམ་པར་གྱུར་པ་རུས་པ་དང་། །སྣ་ནས་རྐང་ལག་སྲིན་བུས་སྐད་འགགས་ལྡན་པ་དག །ཁྱོད་བསྟོད་པས་ནི་སྐད་ཅིག་གིས་ནི་གསེར་མདོག་
ལྟ་བུའི་ལུས་སུ་གྱུར། །ཐུབ་པ་སེང་གེ་སྒྲ་ཁྱོད་ལ་ནི་དེ་ཉིད་དེ་ལ་སྐྱབས་སུ་མཆི། །ཀླུ་ཡི་མངའ་བདག་གྱུར་པ་ཆུ་ལྷ་དབང་དུ་མཛད་ནས་ནི། །དུས་མིན་ཆར་དང་ཆར་མེད་མཛེ་དང་སྐྱོན་དག་ཞི་དོན་དང་། །འགྲོ་བའི་དོན་དང་དོན་མེད་ཚོགས་དག་རབ་ཏུ་སེལ་བར་མཛད་པ་ཡི། །བརྩོན་འགྲུས་བརྟན་
པར་རབ་བརྩམས་ཁྱོད་ལ་ཀུན་ནས་འདུད། །མང་དུ་བརྗོད་པས་ཅི་ཞིག་ཁྱོད་ཀྱི་མཚན་དང་སྐུ་དག་དང་། །གང་ཞིག་ལ་ལ་གུས་པས་འཛིན་པ་དང་ནི་སེམས་དགའ་དག །སྐྱེ་བོ་དེ་ནི་ལོངས་སྤྱོད་རྒྱ་ཆེ་བ་དག་ཐོབ་པར་གྱུར་ནས་ཀྱང་། །སྲིད་པའི་རྒྱ་མཚོ་བརྒལ་དཀར་བརྒལ་ནས་མྱ་ངན་འདས་
པ་ཐོབ་པར་འགྱུར། །ངག་གི་དབང་ཕྱུག་ལ་སོགས་གང་གིས་ཀྱང་ནི་རྗེ་བཙུན་གྱི། །ཡོན་ཏན་ཕྱོགས་གཅིག་ཆ་ཙམ་བསྐལ་པ་དུ་མ་རུ། །འབད་པས་ཀྱང་ནི་བརྗོད་པར་ནུས་པ་མ་ཡིན་ན། །ཇི་ལྟར་བདག་འདྲས་འཁྲུལ་ཀྱང་གུས་བྱས་འདི་དག་བཟོད་པར་གསོལ། །འཇིག་རྟེན་གསུམ་པོའི་
སྡུག་བསྔལ་འཕྲོག་བྱེད་མཆོག་གི་དགེས་བྱེད་ཅན། །དཔལ་ལྡན་སེང་གེ་སྒྲ་ཡི་བསྟོད་པ་ལས་ཐོབ་བསོད་ནམས་གང་། །དཔག་མེད་ཀུནྡ་དོ་ཤལ་དགོད་པ་དཀར་པོ་དང་འདྲ་བ། །དེ་ཡིས་སྐྱེ་བོ་བྱང་ཆུབ་འགྱུར་མེད་གོ་འཕང་མྱུར་ཐོབ་ཤོག །བཅོམ་ལྡན་འདས་འཇིག་རྟེན་དབང་
ཕྱུག་སེང་གེ་སྒྲའི་བསྟོད་པ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཏི་ལ་ཀས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་མལ་གྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་རཀྵ་ཙཀྲ་ནཱ་མ། བོད་སྐད་དུ། སེང་གེ་སྒྲའི་སྲུང་བའི་
འཁོར་ལོ་ཞེས་བྱ་བ། འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་མཆོག་དང་ལྡན་པ་ཡི། །སེང་གེ་སྒྲ་ལ་ཕྱག་འཚལ་ཏེ། །སེམས་ཅན་ཀུན་གྱི་ནད་དང་གདོན། །བསྲུང་བའི་ཆོ་ག་བཤད་པར་བྱ། །དུས་དང་ཚེས་གྲངས་བཟང་པོ་ལ། །མཆོད་རྟེན་མཎྜལ་

བཤམས་ནས་ནི། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །རས་སམ་ཤིང་ལོ་གྲོ་ག་ལ། །ཁྲག་གམ་རྒྱ་སྐྱེགས་གུར་གུམ་གྱིས། །རིམ་པ་ལྔ་རུ་བསྐོར་བར་བྱ། །དང་པོ་པདྨའི་ལྟེ་བ་ཡིན། །གཉིས་པ་མུ་ཁྱུད་ཕྲ་བར་བསྐོར། །གསུམ་པ་ཅུང་ཆེ་པད་འདབ་བརྒྱད། །བཞི་པ་ལྔ་
པའི་རིམ་པ་ནི། །པདྨའི་ཕྱིར་ལ་ཕྲ་བ་བྱ། །ཡི་གེ་དགོད་པའི་སྦྱོར་བ་ནི། །དབུས་སུ་ཨོཾ་གྱི་སྦྱོར་ཡིག་དང་། །དེ་མཐར་མིང་དང་བསྲུང་ཚིག་བྲི། །དེ་ཡི་ཕྱི་རིམ་མུ་ཁྱུད་ལ། །དབྱངས་ཀྱི་ཡི་གེ་བཅུ་དྲུག་བྲི། །གསུམ་པ་པད་འདབ་བརྒྱད་པ་ལ། །ཨོཾ་སྤངས་ཡི་གེ་བརྒྱད་པོ་བྲི། །རིམ་
པ་བཞི་པའི་མུ་ཁྱུད་ལ། །གཟུངས་སྔགས་བསྲུང་ཚིག་བཅས་པ་བྲི། །རིམ་པ་ལྔ་པའི་མུ་ཁྱུད་ལ། །གསལ་བྱེད་སུམ་ཅུ་བཞི་པ་ལ། །བསྲུང་བྱ་ལས་སྔགས་ལྡན་པ་དགོད། །དེ་ལྟར་བྲི་བ་རྫོགས་ནས་ནི། །རབ་ཏུ་གནས་པའི་ཆོ་ག་ནི། །མཎྜལ་སྟེང་དུ་འཁོར་ལོ་བཞག །མཆོད་
དང་གཏོར་མ་གཅིག་བཏང་སྟེ། །འཁོར་ལོའི་ཨོཾ་ཡིག་ལས་སྤྲོས་ཏེ། །རྗེ་བཙུན་འཁོར་ལོའི་སྟེང་དུ་དྲང་། །རང་གི་ཐུགས་ཀའི་ས་བོན་ལས། །ལྷ་མོ་ལྔ་ལ་མཆོད་པ་དང་། །རྫས་ཀྱི་མཆོད་པ་རྣམ་ལྔས་མཆོད། །བསྟོད་ཅིང་བསྲུང་བར་གསོལ་བ་གདབ། །དེ་ཞུ་ཡིག་འབྲུའི་
རྣམ་པར་གྱུར། །དེ་ལ་བྱིན་རླབས་བྱ་ཕྱིར་སྔགས་བཟླས་པ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ། ཆེ་གེ་མོ་སརྦ་ཀ་ཏེ་རཀྵ་ཀུ་རུ་ཤཱནྟིཾ་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལི་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿཆེ་གེ་མོ་ལ་རཀྵ་ཀུ་རུ་ཤཱནྟིཾ་ཀུ་རུ།
པུཥྚིཾ་ཀུ་རུ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པའི་གཟུངས་དང་། ཀ་ཁ་ག་གྷ་ང་། ཞེས་པའི་གསལ་བྱེད་ལ་ཡང་མིང་དང་ལས་སྔགས་སྦྱར་ཏེ་སྔགས་དེ་རྣམས་བརྒྱ་རྩ་བརྒྱད་དམ། ཉི་ཤུ་རྩ་གཅིག་གམ་ཐེབས་བདུན་བཟླས་ལ་གཏོར་མ་བཏང་བསྲུང་བར་གསོལ་བ་གདབ། དེ་
ནས་དྲིལ་ཏེ་གདགས་པར་བྱའོ། །དེ་ཡི་རྗེས་ལ་བྱ་བ་ནི། །རང་གི་ཡེ་ཤེས་བཅུག་གྱུར་ནས། །མཆོད་དེ་བཟོད་གསོལ་གཤེགས་པར་བྱ། །རང་ལ་བྱེད་དམ་གཞན་ལའང་། །བསྲུང་བ་བཏགས་པའི་ཕན་ཡོན་ནི། །ཚེ་རིང་བསོད་ནམས་ཆེ་བ་དང་། །སྡིག་པ་ཐམས་ཅད་བྱང་བ་

དང་། །བགེགས་དང་ལོག་འདྲེན་འཚོ་སྐྱོབ་དང་། །རྗེ་བཙུན་སྲུང་འཁོར་བྱས་པ་ཡིས། །དགེ་དེས་སེམས་ཅན་བར་ཆད་ཞི། །རྗེ་བཙུན་སེང་གེ་སྒྲའི་སྲུང་འཁོར་བླ་མའི་ཞལ་ནས་འོངས་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སཾ་ཀྵིཔྟ་ཨ་མོ་གྷ་པཱ་ཤ་སཱ་དྷ་ནཾ། བོད་
སྐད་དུ། དོན་ཡོད་ཞགས་པའི་སྒྲུབ་ཐབས་མདོར་བསྡུས་པ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །མགོན་པོ་ཧྲཱིཿཡིག་ལས་བྱུང་ཞིང་། །ཐུགས་ནི་ཐུགས་རྗེ་ཡིས་བརླན་པ། །དོན་ཡོད་ཞགས་པ་ཞེས་བྱ་བའི། །འཇིག་རྟེན་མགོན་ལ་བདག་ཕྱག་འཚལ། །སྡིག་པ་
བཤགས་སོགས་བྱས་ནས་ནི། །སྟོང་པ་ཉིད་སོགས་མཐར་ཐུག་པས། །སྐད་ཅིག་རྣམ་པས་རྗེ་བཙུན་ནི། །ཇི་ལྟའི་གཟུགས་སུ་རྣམ་པར་བསྒོམ། །སྣ་ཚོགས་ཆུ་སྐྱེས་སྟེང་བཞེངས་ནས། །ཞལ་གཅིག་པ་ལ་ཕྱག་བརྒྱད་པ། །མི་འཇིགས་པ་དང་མཆོག་སྦྱིན་དང་། །ཞགས་པ་བགྲང་ཕྲེང་
རབ་མཛེས་གཡས། །དབྱུག་པ་རྩེ་གསུམ་གླེགས་བམ་དང་། །པདྨའི་སྤྱི་བླུགས་འཛིན་པ་གཡོན། །དཀའ་ཐུབ་ཆས་འཛིན་མཛད་པ་ཡིས། །སྟག་གི་པགས་པས་སྨད་དཀྲིས་པ། །གཡས་གཡོན་ནོར་བཟངས་རྟ་མགྲིན་དང་། །སྒྲོལ་མ་ཁྲོ་གཉེར་ཅན་ཡང་ངོ་། །མགོན་པོ་ཡན་ལག་ཀུན་
དཀར་པོ། །རབ་དཀར་ན་བཟས་རྣམ་པར་སྤྲས། །འོད་ཟེར་དཀར་པོ་མཉམ་པར་འཁྲིགས། །དེ་བཞིན་གཤེགས་པ་ལྔ་འཕྲོ་བ། །འོད་དཔག་མེད་དམར་ཅོད་པན་ཅན། །སེམས་ཅན་དོན་མཛད་པ་ལ་བརྩོན། །དེ་ལྟར་བསྒོམ་པར་བྱས་ནས་ནི། །གསང་སྔགས་བཟླས་པས་བདུད་འབྱེར་རོ། །
ཨོཾ་ཨ་མོ་གྷ་པཱ་ཤ་ཧྲཱིཿསྭཱ་ཧཱ། དོན་ཡོད་ཞགས་པའི་སྒྲུབ་ཐབས་མདོར་བསྡུས་པ། ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོ་ཙཱ་བ་དགེ་སློང་རབ་མཆོག་དཔལ་བཟང་པོས་བསྒྱུར་བ། དྲང་སྲོང་སྲིན་པོ་རིར་བསྒྱུར་རོ། །གཏོར་མ་ནི། རང་ཉིད་ལྷའི་
རྣལ་འབྱོར་དང་ལྡན་པས། སྣོད་གཙང་མར་ཤ་ཁྲག་དང་བྲལ་བའི་གཏོར་མ་ལེགས་པར་བཤམས་ལ། སྟོང་པའི་ངང་ལས་ཡི་གེ་པཾ་ལས་བྱུང་བའི་རིན་པོ་ཆེ་པདྨའི་སྣོད་དུ། གཏོར་མའི་རྫས་རྣམས་ཡི་གེ་ཨ་དཀར་པོ་ལས་ལྷ་རྫས་ཀྱི་བདུད་རྩིར་གྱུར་པར་བསམས་ལ། ཨོཾ་ཨཱཿ

ཧཱུཾ་ཞེས་བརྗོད་ཅིང་ཇི་ལྟར་འདོད་པར་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་འཕགས་པ་དོན་ཡོད་ཞགས་པའི་ལྷ་རྣམས་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། ཕྱག་བཙལ་ཞིང་མཆོད་པ་སྔོན་དུ་འགྲོ་བས། ལྷ་རྣམས་ཀྱི་སྟོང་པའི་
རང་བཞིན་ལས་ནི་ཡི་གེ་ཧཱུཾ་ལས་དེ་ཉིད་ཀྱིས་མཚན་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཟེར་གྱི་སྦུ་གུ་དང་ལྡན་པས་བདུད་རྩིའི་གཏོར་མ་འདྲེན་པར་བསམ་ཞིང་། ཨོཾ་ཨ་མོ་གྷ་པཱ་ཤ་ཧྲཱིཿཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་མ་མ་སརྦ་པཱ་པཾ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་ལན་ལྔའི་བར་དུ་བརྗོད་དེ། སེ་གོལ་གྱི་སྒྲ་བྱ་ཞིང་
གཏོར་མ་དབུལ་བར་བྱའོ། །དེ་ནས་ཡང་དག་པར་མཆོད་ཅིང་དྲིལ་བུའི་སྒྲ་དང་ལྡན་པས་མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་དེ། མངོན་པར་འདོད་པའི་དོན་དུ་གསོལ་བ་གདབ་ལ། ཡི་གེ་བརྒྱ་པའི་སྔགས་བརྗོད་ཅིང་དགེ་བའི་རྩ་བ་ཡོངས་སུ་བསྔོ་སྟེ། ཨོཾ་ཁྱེད་ཀྱིས་ཞེས་བྱ་བ་ལ་
སོགས་པའི་ཚིགས་སུ་བཅད་པས་གཤེགས་སུ་གསོལ་བར་བྱའོ། །དོན་ཡོད་ཞགས་པའི་གཏོར་མའི་ཆོ་ག །ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་རབ་མཆོག་དཔལ་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་
སྐད་དུ། པོ་ཤ་དྷ་ཀ་རི་ཎཱི་ཡ། བོད་སྐད་དུ། གསོ་སྦྱོང་བླང་བ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་བདག་སྐྱབས་མཆི། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་འདི་བསྐྱེད་པར་
བགྱི། །སྡིག་པ་ཐམས་ཅད་བཤགས་བགྱིད་ཅིང་། །བསོད་ནམས་ལ་ཡང་རྗེས་ཡི་རང་། །འཕགས་པའི་གསོ་སྦྱོང་ཡན་ལག་བརྒྱད། །བསྙེན་པ་ལ་ནི་སྤྱད་པར་བགྱིའོ། །བཅོམ་ལྡན་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་བཟུང་ཇི་སྲིད་
ནས། །ཉི་མའི་འོད་ནི་མ་ཤར་བར། །སྲོག་ཆགས་གསོད་དང་གཞན་ནོར་འཕྲོག །མི་ཚངས་སྤྱོད་དང་བདེན་མིན་སྨྲ། །མྱོས་པ་བསྐྱེད་དང་བཞོན་པ་དང་། །དུས་ནི་མ་ཡིན་པ་ཡི་ཟས། །ཕྲེང་བ་ཁ་དོག་གླུ་དང་གར། །ཁྲི་སྟན་མཐོན་པོ་ལ་སོགས་པ། །ཐམས་ཅད་བདག་གིས་

སྤང་བགྱིད་ཅིང་། །འཕགས་པའི་ཡོན་ཏན་བརྒྱད་སྤྱད་དང་། །གསོ་སྦྱོང་ཁྲིམས་སྡོམ་ཡི་དམ་འདི། །སེམས་ཀྱི་རྒྱན་སེམས་ཀྱི་ཡོ་བྱད་རྣལ་འབྱོར་གྱི་ཚོགས་མཆོག་ཏུ་དོན་དམ་པའི་སངས་རྒྱས་ཉིད། ཐོབ་པ་ལ་ནི་འོད་འདིས་རེག་གྱུར་ཅིག །བྱང་ཆུབ་མཆོག་གི་སེམས་འདི་
བསྐྱེད་བགྱིས་ལ། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་ནས་ནི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།ལོ་ཙཱ་བ་དགེ་སློང་རབ་མཆོག་དཔལ་
བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་མོ་གྷ་པཱ་ཤ་བོ་ཥ་ཏ་བི་དྷི་ཨཾ་ནཱ་ཡ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་ཆོ་གའི་མན་ངག །འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །ན་མཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་
ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མོ་གྷ་ཤཱི་ལ་མ་ཧཱ་ཤུདྡྷ་སཏྭ། བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། པདྨ་བི་བྷཱུ་ཥི་ཏ་བྷུ་ཛ་དྷ་ར། ས་མནྟ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། གཟུངས་འདི་འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་
དུས་སུ་ཉི་ཤུ་རྩ་གཅིག་བརྗོད་པར་བྱའོ། །དེའི་ཆོ་ག་ནི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་བརྟུལ་ཞུགས་ཀྱིས་བསྡམས་པར་གྱུར་པས་ཁྱད་པར་དུ་བཀླག་པར་བྱ་སྟེ། བཅོམ་ལྡན་འདས་དོན་ཡོད་ཞགས་པ་ལ་ཡང་དག་པར་མཆོད་ཅིང་གསོལ་བ་གདབ་པར་བྱའོ། །ཆུ་ཚོད་ལ་སོགས་
ཀྱི་ཁོངས་སུ་འོ་མ་དང་། ཀ་ར་དང་དཀར་གསུམ་གྱི་ཟས་བཟའ་བར་བྱའོ། ཉལ་བའི་དུས་སུ་ཀུ་ཤ་བཏིང་བ་ལ་སེང་གེའི་ཉལ་ཐབས་ཀྱིས་མགོ་ལ་བཅོམ་ལྡན་འདས་ལྷག་པར་མོས་པར་བྱ་སྟེ། ཕྱག་བྱས། མཆོད་པར་བྱའོ། །ཚེས་བརྒྱད་ཀྱི་ཐོ་རངས་ཁ་ཤིན་ཏུ་གཙང་མར་བཀྲུས་ཤིང་སྔགས་
ཀྱིས་དག་པར་གྱུར་པ་དང་། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཡིག་དཀར་པོའི་འོད་ཟེར་གྱི་དྲ་བས་རང་གི་ལུས་ལ་སོགས་པ་སྣ་ཚོགས་གསལ་བར་བྱས་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་སྤྱན་དྲང་བར་བྱའོ། །ཨོཾ་ཨཱ་གཙྪ་ཨཱ་གཙྪ་བྷ་ག་ཝཱན་ཨ་

མོ་གྷ་བཱ་ཤ་ལོ་ཀི་ཤྭ་ར་ཨཱཿསྔགས་འདིས་ཕྱི་རོལ་དུ་བ་ལྕི་ལ་སོགས་པས་བྱུགས་པའི་དཀྱིལ་འཁོར་བདུན་པོ་རྣམས་སུ་ལྷག་པར་མོས་པས་བཞུགས་པར་བྱ་སྟེ། རེ་རེ་ལ་གཟུངས་ལན་རེ་བཀླག་ཅིང་མཆོད་པར་བྱའོ། །མདུན་དུ་ཆུའི་བུམ་པ་བདུན་དང་། འབྲས་ཟན་གྱི་ཁམ་
ཕོར་བདུན་གཞག་པར་བྱའོ། །དེའི་རྗེས་ལ་ངག་ཀུན་བསྡམས་པར་གྱུར་ཅིང་། དད་པ་བརྟན་པའི་སེམས་ཀྱིས་རན་པོར་བཀླག་པར་བྱའོ། །དེའི་རྗེས་ལ་གཟུངས་ཙམ་པོ་ལན་ལྔའོ། །བདུན་པ་ལ་སྔར་རང་བཞིན་དུ་ཡོངས་སུ་རྫོགས་པ་ཉིད་དོ། །ཆུ་ཚོད་བདུན་གྱི་ཁོངས་སུ་དཀར་གསུམ་གྱི་ཟས་
བཟའ་བར་བྱའོ། །དེ་ལྟར་གཉིས་པ་གུང་གི་ཐུན་ལ་ཡང་ངོ་། །དེ་ནས་དེ་བཞིན་དུ་ཐུན་གསུམ་པ་ལའོ། །དེའི་རྗེས་ལ་མཆོད་པ་བདུན་པོ་རྣམས་ཀྱིས་ཡང་དག་པར་མཆོད་ལ། བསྐོར་བར་བྱ་ཞིང་ཡན་ལག་སྨད་ལྔས་ཕྱག་བྱས་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསོད་
ནམས་ཡོངས་སུ་བསྔོ་བར་བྱའོ། །ཚེས་དགུ་ལ་ཡང་ཚེས་བདུན་པ་བཞིན་དུ་ཐམས་ཅད་བྱས་ལ། གསོ་སྦྱོང་གི་བརྟུལ་ཞུགས་ལ་རྗེས་སུ་ཡི་རང་བ་དང་བསོད་ནམས་ཡོངས་སུ་བསྔོ་བར་བྱའོ། །ཚིག་འདི་ཡིན་ཏེ། འདི་བདག་གིས་དོན་ཡོད་ཞགས་པའི་གསོ་སྦྱོང་གི་བརྟུལ་ཞུགས་ཚུལ་
ཁྲིམས་ཀྱི་སྡོམ་པའི་ཡི་དམ་གྱིས་སེམས་ཀྱི་རྒྱན་དང་། སེམས་ཀྱི་ཡོ་བྱད་དང་། རྣལ་འབྱོར་གྱི་ཚོགས་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་སངས་རྒྱས་ཉིད་ཐོབ་པར་གྱུར་ཅིག་ཅེས་བྱ་བས་མཆོད་པ་གཤེགས་སུ་གསོལ་ཏེ། ཆུ་ཚོད་བདུན་གྱི་ནང་ཁོངས་སུ་དཀར་
གསུམ་གྱི་ཟས་བཟའ་བར་<བྱེའོ‚བྱའོ>། །ཁྱད་པར་ནི་ཚེས་བདུན་པ་བཞིན་ནོ། །འཕགས་པ་དོན་ཡོད་ཞགས་པའི་གསོ་སྦྱོང་གི་ཆོ་གའི་མན་ངག །ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་མཛད་པ་རྫོགས་སོ།། །།བོ