Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 73
Văn bản gốc(Tây Tạng)
Trang 12 / 23 (50.000 ký tự/trang)
རྩེ་བས། །ཡིད་བཞིན་ནོར་ལ་ཉེར་མཁོ་བཞིན། །སྣ་ཚོགས་ནད་ལས་བསྲུང་གསོལ་བྱ། །བདག་གི་ལུས་དང་ལྷག་བསམ་ཉིད། །དྲང་སྲོང་གི་ནི་ཐུགས་རྗེ་དང་། །སྨོན་ལམ་སྟོབས་ཀྱིས་མཛད་པ་ཡི། །བྱིན་རླབས་བདུད་རྩིའི་རྒྱུན་འབབ་གྱུར། ། རྔ་ཡབ་དཀར་བརྒྱ་སེར་བུའི་ངད་བསྐྱོད་བརྟན་པར་མི་ནུས་གཡོ་བར་བྱེད། །མཚོ་ཆེན་གཏིང་ཟབ་དྲག་པོ་རྫིས་འཁྲུག་ལྷ་དབང་ཐུགས་ཀྱང་བཙུན་མོས་བཞུ། །ཚ་བསིལ་ཟེར་ཅན་ཉི་ཟླ་འབར་བའང་རྟ་བདུན་རླུང་གཡོས་གནས་གཅིག་མིན། །དེ་བཞིན་ཉིད་ཐུགས་རྙོག་མེད་ཞི་བའང་གདུལ་བྱའི་དོན་མཐོང་ རྣམ་པ་ཀུན་དུ་མི་བཟད་འགྱུར། །དེ་ཚེ་དབང་ཕྱུག་ཐུགས་དཀྱིལ་དུ། །བདག་གི་ལྷ་མོས་བདེ་བསྣུན་པས། །ཐུགས་རྗེའི་ཐུགས་བསྐྱོད་བྱིན་རླབས་རྒྱུན། །བདུད་རྩིའི་རྒྱུན་ལྟར་དཀར་ཕྲེང་དབབ། །གཡས་ཕྱག་མིང་མེད་རྩེ་ནས་སུ། །ཟླ་བ་ཁ་བ་ཀུནྡ་དུང་། །པདྨ་དཀར་མདོག་ལས་ལྷག་པ། །ཡུལ་དུས་རྣམ་ ཀུན་བར་མ་ཆད། །རྒྱུན་བཟང་སྤྱི་གཙུག་རྩ་མཆོག་ནས་བརྒྱུད་ནས། །སྙིང་དཀྱིལ་ལྷ་མཆོག་ཉིད་སྐུ་གང་བྱས་ལ། །ཆེས་ལྷག་ཟེར་ཀུན་ལུས་ཀུན་རྒྱས་གྱུར་དང་། །དེ་ལས་འོད་ཕྱུང་འདོམ་གང་དཀྱིལ་འཁོར་བསྐོར། །གང་ཚེ་གཉིད་ལོག་འདུ་བྱེད་གཡེངས་གྱུར་ན། །གཡོན་ཕྱག་ཉིད་ཀྱི་པདྨོ་བདག་འབྱིན་ ལ། །དེ་དབུས་བདག་བཞུགས་འདབ་སྟོང་ལྡན། །སླར་ཟུམ་སྤྱི་བོའི་ཕྲག་ནས་བདུད་རྩི་བླང་། །དཔལ་སྤྱན་རས་གཟིགས་ཀྱིས་ནད་བསྲུང་བའི་ཆོ་ག་རྫོགས་སོ།། ༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །མ་ལུས་ནད་རྣམས་ཀུན་གྱི་གཞི། །ཆགས་སྡང་གཏི་མུག་ཕྲག་དོག་ དང་། །སེར་སྣའི་དུག་འཇོམས་སྤྱན་རས་གཟིགས། །བདུད་རྩིའི་བུམ་འཛིན་ལ་ཕྱག་འཚལ། །ནད་མེད་ནད་ཀྱིས་འཇིགས་པ་དང་། །ནད་བཅས་སྡུག་བསྔལ་གྱིས་གཟིར་བ། །དེ་དག་འཕགས་པ་ནད་འཇོམས་ཀྱི། །སྦྱོར་བས་འཇིགས་པ་བསྐྱབ་པར་བྱ། །རིན་ཆེན་སྦྱངས་པའི་སྣོད་དག་པར། །ནམ་མཁའི་ཆུ་ཡིས་གང་ བྱས་པ། །བདེ་གཤེགས་རིང་བསྲེལ་སྙིང་པོ་ཅན། །མདུན་གཞག་ཡིད་ཀྱིས་དཀྱིལ་འཁོར་བསམ། །དེ་ལ་དཀྱིལ་འཁོར་རྣམ་གསུམ་སྟེ། །མ་དག་དག་པར་བྱེད་པ་ནི། །ཟླ་བའི་དཀྱིལ་འཁོར་ལ་གནས་པ། །ནད་འཇོམས་མགོན་པོ་དཀར་མཛེས་སོ། །དེ་ནི་མཚན་མོ་ཟླ་ཤར་དུས། །ཤེལ་མདོག་ཧྲཱིཿཡིག་ལས་སྐྱེས་པ། །བདུད་རྩི་ བུམ་པ་དཀར་བསྣམས་ཤིང་། །ཕྱག་སྟོང་བཅུ་གཅིག་ཞལ་མངའ་བའོ། །དག་པ་དྲི་མེད་འཁོར་ལོ་ལ། །ཉི་མའི་དཀྱིལ་འཁོར་ལ་གནས་པ། །ནད་སེལ་མགོན་པོ་དམར་མཛེས་ཏེ། །ཉིན་མོ་རྟ་བདུན་འཆར་ཚེ་ཡིན། །དྲི་མེད་ཕྱིར་མི་ལྡོག་པ་ཡི། །འཁོར་ལོ་དེ་ནི་ཕྱེད་གསུམ་དུས། །སྣ་ཚོགས་པདྨོ་ལ་གནས་པ། ། ནད་བྲལ་མགོན་པོ་ཨིནྡྲའི་མདོག །བུད་མེད་བྱིས་པ་བདེ་སྟེར་ཏེ། །ཟླ་ཚེས་ཟླ་རྒྱས་ནད་འཇིག་དུས། །ཉི་ཤར་ཉི་ཟེར་ནད་མེད་པ། །དེ་བཞིན་ཕྱེད་གསུམ་ནད་སྤངས་སོ། །དེ་ཕྱིར་མཁས་པ་ནད་མེད་ལུས། །དོན་གཉེར་འདོད་པས་འདི་དག་དུས། །སྟོན་མོ་ཉེ་བའི་སྟོན་མོ་དང་། །དགའ་སྟོན་ཆེན་པོ་སྦྱིན་པར་བྱ། ། གང་ཡང་རྣལ་འབྱོར་ལུས་སྦྱིན་གྱི། །གཏོར་མ་རྒྱ་ཆེན་བྱ་བ་དང་། །མི་འཇིགས་སྦྱིན་པ་ཞེས་བྱ་བའི། །མཆོད་པ་རིམ་བཞིན་བརྩམ་པར་བྱ། །སྤྱན་རས་གཟིགས་ཀྱིས་ནད་བསལ་བའི་ཆོ་ག་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཐུ་ཆེན་གདུག་པ་ ཀླུ་ཡི་ནད། །མྱུར་དུ་བདེ་བླག་གསོ་བྱེད་པ། །སྤྱན་རས་གཟིགས་ཀྱི་བདུད་རྩིའི་རྒྱུན། །སྙིང་རྗེ་ལྡན་པ་རྣམས་ཀྱིས་བསྒྲུབ། །དེ་ལ་མི་གང་ཞིག་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའམ། གློ་བུར་གྱི་རྐྱེན་གང་གི་སྟོབས་ཀྱིས་ལུས་སམ་སེམས་ལ་ཉེ་བར་གནོད་པའི་མཚན་མ་འགའ་ཞིག་མཐོང་ན་དེའི་སྒྲིབ་པ་བསལ་བར་ བྱ་བའི་དོན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་བདུད་རྩིའི་རྒྱུན་གྱི་ཆོ་ག་འདི་ལ་རབ་ཏུ་བརྩོན་པར་བྱའོ། །བ་དམར་གྱི་འོ་མ་དང་། ཀླུ་ཤིང་གི་ལོ་འབྲས་དང་། དར་སྐུད་དམར་པོ་དང་། མཁལ་མ་དང་། སྙིང་དང་། མཚེར་བ་དང་ཞོ་ཤ་ལ་སོགས་པ་དང་། རྩི་སྨན་སྣ་ཚོགས་དང་། ཀླུ་སྨན་ཐམས་ཅད་དང་། རིན་ པོ་ཆེ་དམར་པོ་དང་། གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་པའི་རྫས་དང་། སྤོས་དང་མེ་ཏོག་ལ་སོགས་པ་དང་། འབྲས་ཡོས་དང་སྣུམ་ཁུར་ལ་སོགས་པ་ཇི་སྙེད་འབྱོར་པའི་ཡོ་བྱད་བཤམ་པར་བྱའོ། །མདོར་ན་ཀླུ་གསོ་བའི་ཆོ་ག་རྣམས་ལས་ཇི་སྙེད་བཤད་པ་ཐམས་ཅད་དོ། །ཀླུ་སྐྱོབ་མགོན་ པོ་དཀར་བཟང་ཞི་བ་ཞལ་མངའ་བ། །སྤྱན་གསུམ་བརྩེ་བའི་མཆེ་བས་རབ་བསྐྱོད་སྨིན་མ་གཡོ། །ལྟོས་འགྲོ་རྒྱལ་པོ་ཕུཿཡིས་འགྲམ་གོང་མགོ་རྒྱན་ཅན། །བ་སྤུ་རེ་རེའང་བདུད་རྩིའི་བུམ་པའི་ཁུར་ཁྱེར་བའོ། །གཡས་ཕྱག་མཆོག་སྦྱིན་ཐལ་མོ་པདྨོ་མཛེས་བཅུག་ཁ་ཕྱེ་གླང་ཆེན་སྣ་འདྲའི་སོར་མོ་བཀྲམ། །མིང་མེད་རྩེ་ ནས་ཀླུ་རྣམས་རབ་དགའ་སྨན་མཆོག་རོ་བརྒྱ་ཕན་མཛད་ཉིད་ཀྱི་ས་བོན་ཅན། །རབ་ཏུ་དང་ཞིང་གཡོ་བའི་འོད་འཛག་དྲི་ངད་ཕྱོགས་བཅུར་ལྡང་བའི་ཐིགས་པ་བདུན་བརྩེགས་འབབ། །ཕྱག་མཐིལ་ཨ་ལས་ཡེ་ཤེས་འོད་འཕྲོས་དབྱངས་དང་གསལ་བྱེད་བདུད་རྩི་ཡིག་འབྲུ་རྣམ་བཅུས་བརྒྱན། །ཨོཾ་ཨཱཿཧྲཱིཿམཾ་ནཱ་ག་ བོ་ཥཱ་ཧཱུཾ་སྭཱ་ཧཱ། ཟླ་བ་ལ་ནི་སྐར་མ་བཞིན། །ཀླུ་སྦྱང་འཁོར་ལོ་དཀར་པོ་འདི། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །སྣང་བ་དྲི་མེད་བསྒོམ་པར་བྱ། །བྱམས་པའི་གཞུ་བཀང་སྙིང་རྗེ་ཡི། །མདའ་བཟུང་གསང་སྔགས་བདེ་བསྣུན་པས། །རྫས་རྣམས་དྲི་མ་གཞོམ་པ་དང་། །བྱིན་གྱིས་བརླབ་པ་མཆོག་ཏུ་བྱ། །བདུད་ རྩི་ཐིགས་པ་བདུན་པ་ལས། །པདྨའི་རྩ་བའི་སྐུད་པ་ལྟར། །ཕྲ་ཞིང་གྲིམས་པའི་རྒྱུན་ཕབ་ལ། །མཆོད་རྫས་རྣམ་དག་རྒྱ་མཚོར་བསྐྱེད། །ཕྱག་མཐིལ་ཨ་ལས་ཟེར་སྤྲོས་པས། །གདུག་པ་དེ་དག་སྤྱན་དྲང་ངོ་། །ཨོཾ་ནཱ་ག་ས་པ་རི་ཝཱ་ར་ས་མ་ཡ་ཧཱུཾ་ཛཿཛཿ། རྡོ་རྗེ་བསྡམས་པ་བྱས་ནས་ནི། །མཛུབ་གཉིས་ལྕགས་ཀྱུའི་ཚུལ་ གྱིས་སོ། །མཚོ་ཆེན་རབ་དང་དཔག་མེད་རིན་ཆེན་ཆལ་པར་བཀྲམ་པའི་ནང་། །ཁང་བཟངས་མང་བརྩེགས་ཀླུ་ཚོགས་སྣ་ཚོགས་ཞི་བས་གནས་པ་དང་། །གཏུམ་པའི་ཚུལ་ཅན་ལོངས་སྤྱོད་རྒྱ་ཆེར་འབྱོར་པ་ལ་སོགས་དང་། །དེ་བཞིན་ས་དང་རིར་གནས་རྩེ་ཤིང་རྟེན་སོགས་མ་ལུས་བལྟ། །ཐམས་ཅད་ལྕེ་ལ་ཐུབ་པ་ཡི། །འཁོར་ ལོའི་སྔགས་ལས་འོད་འཕྲོས་པས། །འོད་ཀྱི་སྦུ་གུ་དམ་པ་དག །རེ་རེ་ལས་ཀྱང་སྐར་མདའ་བཞིན། །དེ་ནས་སྦྱིན་པའི་སྔགས་འདི་དག །བརྗོད་པས་བདུད་རྩིའི་རྒྱུན་འཛག་དང་། །བཅས་ཏེ་ཀླུ་རྣམས་ཚིམ་པར་བྱ། །སྙིང་རྗེ་ཆེན་པོ་དམ་ཚིག་ཡིན། །ཨོཾ་ཨཱཿཧྲཱིཿམ་ཧཱ་ཀཱ་རུ་ཎ་ཤྲཱི་ལོ་ཀ་ནཱ་ཐ་སརྦ་ནཱ་གེ་སྟྭ་ཡི་ས་ཏྱཻ་ མ་ཧཱ་ས་ཏྱཻ་ཨ་དྷིཥྛ་ནཻ་སརྦ་ལོ་ཀཱ་སརྦ་ན་གཱ་དོ་ཥ་པྲ་ཧ་ན་ཧ་ན་ཧ་ན་ཧཱུཾ་ཕཊ། བོ་ཥཱ་པྲ་ཏྱུཏ་པོ་ཥ་ཨ་ཏྱནྟ་པྲ་ཏི་པྲ་དྱུཏ་པོ་ཥ་སྭཱ་ཧཱ། ཚད་མེད་བདུད་རྩིའི་ཐིག་ལེ་བཞིས། །ཉེར་བཙས་འཕགས་པ་ཉིད་བཞུགས་པའི། །ཁུ་བའི་ཆུ་རྒྱུན་དག་པས་ཀྱང་། །ཀླུ་རྣམས་ལན་མང་བཀྲུ་བར་བྱ། །བྱད་མ་དག་གིས་རིག་སྔགས་བཞིན། ། དེ་དག་གནོད་པས་སོས་གྱུར་ན། །བདག་གི་གང་གང་གནོད་ཡོད་པ། །དེ་ཡང་རིང་པོར་མི་ཐོགས་འཛད། །འཕགས་པ་སྤྱན་རས་གཟིགས་ཀྱིས་ཀླུ་གསོ་བའི་ཆོ་ག་རྫོགས་སོ།། ༄༅། །དཔལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་ནམ་ཚེ་འདི་འམ་གློ་བུར་གྱི། །ལས་ དབང་གིས་ཁེབས་ཀླུ་ཡི་ནད། །རིགས་བཞི་གང་གིས་ཐེབས་གྱུར་པ། །དེ་དག་གསོ་བ་འདིར་བཤད་བྱ། །བྲག་རི་ནགས་ཚལ་ཕུག་གམ་ལྗོངས། །མེ་ཏོག་དཀར་པོས་རབ་བརྒྱན་པར། །ཐུབ་པ་འོད་དཔག་མེད་ཀྱི་སྲས། །ནད་བྲལ་འཇིག་རྟེན་མགོན་པོ་བསྒྲུབ། །གང་ན་ཀླུ་གཉན་ས་བདག་དང་། །ལྷ་དང་ལྷ་ མིན་གྱིས་བསྟོད་པའི། །རྟེན་ལ་མཆོད་པ་བྱས་ནས་ནི། །མཛེ་ཅན་རྣམས་ལ་བཀུར་སྟི་བྱ། །དེ་ནས་ལྷོར་ནི་མངོན་བལྟས་ལ། །བདག་ལུས་འཁོར་ལོ་འབར་བ་ཡིས། །སྤྱི་བོ་སྙིང་གར་མགོན་པོ་ཧཱུཾ། །དཀར་དམར་གསལ་བར་བསྒོམས་ནས་ནི། །འབར་དང་འཛག་དང་དབང་དུ་བྱ། །ལུས་ཅན་གདུག་པ་གདུལ་ བྱའི་ཕྱིར། །དེའི་རྟེན་དཔལ་ལྡན་ཐུགས་རྗེ་གཙོ། །ཀླུ་མགོན་བརྒྱད་ཀྱི་གདེངས་ཀ་ཅན། །དུག་སེལ་བདུད་རྩིའི་རིལ་འཛིན་པ། །སྤྱན་མང་འོད་དཔག་མེད་པས་མཚན། །དེ་ཡི་ཐུགས་རྗེའི་མི་བཟད་ཐུགས། །སྣང་མཐའ་ཡེ་ཤེས་སྙིང་པོའི་བདག །ལུས་ཅན་གདུག་པ་འདུལ་བྱའི་ཕྱིར། །དཔག་མེད་དུག་འཇོམས་ ཏིང་འཛིན་ཞེས། །བྱ་བས་ཧྲཱིཿཡིག་མཉམ་གཞག་པའོ། །ལྷ་འདི་ཀླུ་འདུལ་ཅོད་པན་ཞེས། །མདོ་ལས་རབ་གྲགས་དེ་བཞིན་སེམས། །སྟོབས་མཐུ་དཔལ་དང་བཅས་པ་ཡིས། །ངོ་བོ་ཡི་གེ་རྒྱལ་པོའི་སྙིང་། །ཨོཾ་ཨཱཿཧྲཱིཿསརྦ་བུདྡྷ་གརྦྷ་ཤྲཱི་ལོ་ཀ་ནཱ་ཐམ་མ་ས་ཀ་ལ་བྱཱ་དྷི་པྲ་ཏི་པྲ་ཧ་ན་ཀ་ར་ཀ་ར་ཧཱུཾ་ཧ་ར་ཧ་ར་ཧཱུཾ། བཱ་རཙྪ་ བཱ་རཙྪ། བཱི་བཱ་རཙྪ་བཱི་བཱ་རཙྪ་ཧཱུཾ་ཧཱུཾ་ཕཊ་ཕཊ། སྔགས་འདི་རྟག་ཏུ་བཟླས་ནས་ནི། །བདག་གི་དད་དང་མགོན་པོའི་མཐུས། །ཉིད་ཀྱི་ཐུགས་བསྐུལ་འོད་དཔག་མེད། །དུག་འཇོམས་རྒྱལ་པོ་དུག་སེལ་དང་། །དུག་གསོད་ངེས་པར་འབྱིན་པ་དང་། །དུག་མཐར་མཛད་དང་དུག་མེད་དང་། །དུག་བྲལ་སླར་མི་ ལྡོག་པ་ཡིས། །འོད་ཟེར་ཕྱུང་བས་སྙིང་དབུས་སྤྲོ། །ཨོཾ་ཨཱཿཧྲཱིཿཧཱུཾ། ཨོཾ་ཨཱཿཧྲཱིཿརཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿཁཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿཤ་བཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿཕཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿཔཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿབཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿཏཾ་ཧཱུཾ། ཨོཾ་ཨཱཿཧྲཱིཿམཾ་ཧཱུཾ། མཐར་བྱེད་བདུད་རྩི་འཛག་པ་ཡི། །རྒྱུན་གྱིས་གསོ་དང་བྱམས་པ་ཡི། ། འོད་ཀྱི་བྱུག་པས་སྦྱང་བར་བྱ། །དེ་རྗེས་འགྲོ་བའི་དུག་སྦྱང་ངོ་། །ཡང་ན་མཐོ་རིས་ས་སྟེང་གི། །སྦྱོར་བ་གཉིས་ཀྱིས་གསད་དང་གསོ། །སྦྱང་བའི་ཆོ་ག་རྣམ་པ་གསུམ། །དཔལ་ལྡན་དུག་སེལ་རྒྱུད་ལས་བཤད། །མཛེ་ནད་གསོ་བ་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་གཞན་གྱིས་ མི་ཐུབ་པ་ལ་ཕྱག་འཚལ་ལོ། །པདྨ་རཱ་ག་བྱི་རུ་མེ་ལྟར་ཀུན་ནས་རབ་འབར་འོད་འཕྲོའི་སྐུ། །པདྨོ་ཉི་ཟླ་བགེགས་རྣམས་མགོ་མནན་མི་བཟད་རྔམ་པའི་སྐུ་ཆེན་པོ། །ཞལ་གསུམ་ཕྱག་དྲུག་སྤྱན་སྟོང་མངའ་བའི་རྒྱལ་བ་དཔའ་བོ་འཇིགས་ཤིང་རབ་འཇིགས་བཞད་པ་པོ། །གཡས་དཀར་གཡོན་སྔོ་དབུས་དམར་ དམར་བའི་ཞལ་ལྡན་དེ་བཞིན་རལ་གྲི་མཆོག་དང་དགྲ་སྟ་དང་། །སྡིགས་མཛུབ་དང་ནི་དྲིལ་བུ་ཞགས་བཅས་ཚངས་པའི་མགོ་བསྣམས་སྟག་གི་པགས་པས་སྨད་གཡོགས་པ། །བསྐལ་པའི་མེ་ལྟར་ཡེ་ཤེས་འབར་བའི་རླབས་འཁྲུགས་རབ་ཏུ་འཇིགས་པའི་འུར་སྒྲ་ཅན། །ཁྲག་གིས་ཞལ་བཀང་ང་རོ་ མི་བཟད་སྒྲ་སྒྲོགས་སྦྲུལ་གདུག་ཁྲོས་པས་སྐུ་རབ་བརྒྱན། །དབང་བདག་བརྒྱད་ཅུའི་མགོ་བོ་རློན་པས་དོ་ཤལ་ཕྲེང་ཐོགས་བརྡབས་པའི་གད་རྒྱངས་འབྱིན་པའོ། །ལྷ་འདི་དཔའ་བོ་དཔའ་ཆེན་པོ། །བདུད་ཀྱི་དགྲ་ལས་རྣམ་རྒྱལ་ཞིང་། །གཞན་གྱིས་མི་ཐུབ་མཐུ་བོ་ཆེ། །ཕ་རོལ་དཔུང་རྣམས་འཇོམས་པ་ཡིན། ། སྔགས་པ་གང་ཞིག་ནད་དང་དགྲ། །སྔོན་བསགས་བསོད་ནམས་མ་ཡིན་དང་། །སྣ་ཚོགས་མྱ་ངན་འཇིགས་རྣམས་ལས། །སྒྲོལ་བ་མི་ཕམ་སྦྱོར་བ་འདི། །རྣལ་འབྱོར་བརྩོན་པར་བྱེད་པ་དེས། །ཟླ་བ་དྲུག་ནི་ལོན་པ་དང་། །སྟག་དང་སེང་གེ་གླང་ཆེན་དང་། །མཁའ་ལྡིང་ནོར་བུ་སྒྲོན་མཐོང་འགྱུར། །དེ་ཚེ་སྙིང་དཀྱིལ་པད་དམར་གྱི། ། འདབ་དྲུག་ཡི་གེ་དྲུག་དགོད་བྱ། །ཨོཾ་ཨཱཿཧྲཱིཿཧཱུཾ་ཕཊ་སྭཱ་ཧཱ། དེ་ཡིས་དེ་དབུས་སྙིང་པོ་ཡི། །སྙིང་པོ་ས་བོན་ཧྲཱིཿའཕྲོས་པའོ། །སྔགས་འདི་འཁོར་ལོ་བསྐོར་བ་ཡི། །ཚུལ་གྱིས་ཞག་བདུན་བཟླས་ནས་ནི། །གང་གང་བཟློག་པ་དེ་བསྒྲུབ་པས། །ལས་དེ་ལ་ནི་སྦྱར་བར་བྱ། །ལས་གང་ཡང་དག་གྲུབ་འགྲུབ་པ། །དེ་ཉིད་སྐྱེ་བོ་ གཞན་ལ་ཡང་། །སྔགས་དང་ཏིང་འཛིན་ཕྱག་རྒྱ་དང་། །ཁྲུས་ཀྱི་ཆོ་ག་སྦྱིན་པ་ཡི། །གློ་བུར་རིང་པོར་མི་ཐོགས་པར། །མ་ལུས་དབང་དུ་འགྱུར་བར་བཤད། །གཞན་ལས་རྣམ་པར་རྒྱལ་བའི་གདམས་ངག་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཕ་རོལ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། ། རེ་ཞིག་སྒྲུབ་པ་པོ་བརྩོན་འགྲུས་ཅན་ཐེ་ཚོམ་མི་ཟ་བས། དགྲ་དང་གདོན་དང་ནད་ལ་སོགས་པ་ཕ་རོལ་གྱི་འཇིགས་པ་ཐམས་ཅད་བསྲུང་བའི་ཕྱིར། དང་པོ་ཁོ་ནར་བྱང་ཆུབ་ཏུ་སེམས་བརྟན་པར་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ། །སྙིང་རྗེ་ཆེན་པོ་མདུན་གཞག་སྟེ། །བསྒྲུབ་པའི་བར་ཆད་བསལ་བའི་ཕྱིར། །སྲུང་ བའི་འཁོར་ལོ་བསྒོམ་པར་བྱ། །རང་ལུས་པདྨོ་འཛིན་ཁྲོས་སྐུ། །རྡོ་རྗེ་སྡིགས་མཛུབ་འཁོར་ལོ་འཛིན། །འབར་བའི་ལྟེ་བ་རྣམ་པར་གནོན། །བརྒྱ་ཕྱེད་རལ་གྲིའི་རྩིབས་འཕོ་བའོ། །མི་ཕམ་སྙིང་པོ་ཧྲཱིཿཡིན་ཏེ། །གཅོད་བྱེད་བརྒྱ་ཕྱེད་ཨ་ཀས་མཚན། །ཡེ་ཤེས་མེ་དཔུང་འབར་བའི་དབུས། །དཔའ་བོ་རྫ་མཁན་འཁོར་ལོ་ བཞིན། །ཕ་རོལ་བྱད་མ་ལ་སོགས་བགེགས། །རྣམ་པར་གནོན་མཛད་ཐུགས་རྗེ་ཆེ། །ཉིད་ཀྱི་ཐུགས་སྐྱོད་ཁྲོས་པ་ཡིས། །ཡེ་ཤེས་སྤྱན་དྲངས་གསང་སྔགས་གསུངས། །ཨོཾ་ཨཱཿཧྲཱིཿཔ་རེ་ཨ་ཛི་ཏ་མ་ཧཱ་ཀཱ་རུ་ཎཱི་ཀ་ཀྲོ་དྷ་ས་མ་ཡ་སྨ་ར་ཧཱུཾ། ཁཌྒེ་སཾ་ཤོ་དྷ་ཡ་མ་ན་སརྦ་པཱ་པཾ་བིགྷྣཱཾ་ས་ཏྲཱུཾ་བྱཱ་དྷི་ཨདྣི་སྥུ་ཊ་སྥོ་ཊ་ཡ་སྥོ་ཊ་ཡ། མཱ་ར་ མཱ་ར། མཱ་ར་ཡ་མཱ་ར་ཡ། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། སརྦ་པ་རཽ་པྲ་ཏྲཱ་རཀྵ་རཀྵ་ཧཱུཾ་ཕཊ་ཕཊ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་འཇུག་པ་བཅོམ་ལྡན་འདས་ཕ་རོལ་རྣམ་པར་གནོན་པའི་དེ་ཁོ་ན་ཉིད་ཏིང་ངེ་འཛིན་བྱེད་པ་དང་མ་བྲལ་བས་གསང་སྔགས་ཀྱི་རྒྱལ་པོ་ཆེན་པོ་བར་མ་ཆད་པར་རྗེས་སུ་ བཟླ་ཞིང་གནོད་པ་ཐམས་ཅད་བསྲེག་པར་བྱའོ། །རིག་པ་འདི་བཟླས་པ་ཙམ་གྱིས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་འཕགས་པ་ཉིད་སྙིང་ལ་འཇུག་ཅིང་ཡིད་ལ་སྣང་བའི་རྣམ་པས་བགེགས་ལ་སོགས་པ་ཐམས་ཅད་རྣམ་པར་ཟློག་པར་བྱེད་དོ། །སྒྲིབ་པ་དང་སྡིག་པ་ཐམས་ཅད་ཀྱང་ཡོངས་སུ་གཏོང་བར་བྱེད་དོ། ། ཡ་ང་བ་དང་འཇིགས་པ་གཞན་དག་ཀྱང་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་འབྱུང་ངོ་། །དེ་ལ་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང་རྟག་ཏུ་དགོངས་པ་མཛད་པར་འགྱུར་རོ། །ཏིང་འཛིན་ལྡན་པས་སྔགས་བཟླས་བརྩོན་འགྲུས་ཅན། །འབར་བའི་རལ་གྲི་མེ་ལྕེས་བཞུས་པའི་ཞུན། ། དམར་འཁྲུག་རྡོ་རྗེའི་ཚ་ཚ་འཕྲོ་བར་བྱེད། །སྐད་ཅིག་དེ་ལ་དགྲ་རྣམས་ཐལ་བར་འགྱུར། །སྐྱོ་བས་ཐུན་གྱི་མཐའ་ལ་བབ་པ་ན། །སྙིང་རྗེས་ཡིད་བརྟུལ་ང་རྒྱལ་སྤངས་པ་ཡིས། །བརྟན་པའི་དྲན་པས་གཡོ་བ་རྒྱུན་བཅད་ལ། །རྒྱ་ཆེན་ཕྱི་ནང་མཆོད་པས་འཁོར་ལོ་མཆོད། །ཕ་རོལ་གྱི་གནོད་པ་བསྲུང་ བ་རྫོགས་སོ།། ༄༅། །བཅོམ་ལྡན་འདས་ཕ་རོལ་གྱི་དཔུང་ལས་རྣམ་པར་རྒྱལ་བ་ལ་ཕྱག་འཚལ་ལོ། །བརྟན་པ་རྣམས་ཀྱིས་ཆོས་ཀྱི་སྲིད། །ཕ་རོལ་འཇིགས་ལས་བསྲུང་བའི་ཕྱིར། །རྡོ་རྗེ་འཇིགས་བྱེད་ཐུགས་རྗེ་ཁྲོས། །གཞན་གྱིས་མི་ཐུབ་ཆོ་ག་བརྗོད། །དེ་ལ་ཕ་རོལ་གྱི་དཔུང་བཟློག་པ་ནི། རྣམ་པ་གཉིས་ཏེ། ངེས་པར་རྟོགས་པའི་ཏིང་ངེ་འཛིན་དང་། འཇིགས་པར་བྱེད་པའི་སྦྱོར་བའོ། །འདིར་འཇིགས་པར་བྱེད་པའི་སྦྱོར་བ་ནི། ཐོག་མར་མཚན་མ་གྲུབ་པ་སྔོན་དུ་འགྲོ་བས། རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནམ། ཐུན་མོང་མ་ཡིན་པའི་རབ་ཏུ་གནས་པས་གནས་པར་བྱས་ པའི་རྟེན་གྱི་མདུན་དུ་སོང་སྟེ། རང་བཞིན་མ་ལུས་ཀྱིས་གསོལ་བ་བཏབ་ལ། འདོད་པ་དྲག་པོས་ཐལ་མོ་སྦྱར་ཏེ་ཤིན་ཏུ་རབ་ཏུ་གུས་པས་རེ་བར་བྱའོ། །རྟེན་གང་ཐུགས་དཀྱིལ་ཐུགས་རྗེ་ཁྲོས། །རྡོ་རྗེ་འཇིགས་བྱེད་བཅུ་དྲུག་སོར། །མི་བཟད་རྔམ་ཞིང་རྣམ་འགྱུར་བ། །བསྒོམས་ལ་ཡེ་ཤེས་བསྟིམ་པར་ བྱ། །རང་སྙིང་ཉིད་དབུས་ཧཱུཾ་ངམ་ཧྲཱིཿ །འབར་བ་ཡོངས་གྱུར་རྡོ་རྗེ་བལྟ། །དེ་ཉིད་བརྗོད་པས་འཇིགས་བྱེད་ཉིད། །ཀུན་དུ་མེ་འོད་འཁྲིགས་པའོ། །གཡས་དཀར་གཡོན་དམར་མ་ཧེའི་ཞལ། །དེ་གཡས་འབར་བ་སྔགས་ཕྱག་རྒྱ། །གནམ་ལྕགས་མེ་དཔུང་རླུང་དམར་དང་། །ཉི་མ་དང་ནི་མཁའ་ ལྡིང་ངོ་། །གཡོན་དུ་སྡིགས་མཛུབ་རྡོ་རྗེ་ཞགས། །ཟླ་བ་དང་ནི་དགྲ་སྟའོ། །ཉི་ཤུ་གཅིག་དང་བརྒྱ་རྩ་བརྒྱད། །ཡང་ན་སྟོང་ཕྲག་གཅིག་བར་དུ། །རྡོ་རྗེ་འབར་བ་ཡི་གེ་གཅིག །དཔའ་བོས་རྔམ་པར་རྣམ་པར་བཟླ། །དེ་ནས་ལྷ་ལ་ལུས་བསྟིམས་ལ། །སྐུ་ཆེན་རི་རབ་མཉམ་པ་ཡིས། །ཡི་གེ་གཅིག་བརྗོད་འོད་ ཕྱུང་ལ། །ཕ་རོལ་རྗེས་སྐྱོབ་ཟིལ་མནན་བྱ། །རྐང་པ་གཡས་ནི་བཏེག་ནས་སུ། །ཞགས་པས་དྲངས་ཏེ་མགོ་བོ་བརྫི། །གཡོན་བརྐྱང་ང་རོ་འབར་བ་ཡིས། །གསུས་པ་དྲལ་ནས་རྒྱུ་མ་མནན། །ཕ་རོལ་དམག་དང་གཡུལ་འཁོར་བཅས། །ཕྱག་རྒྱ་ལྔ་ཡི་ལས་རིམ་གྱིས། །ཐལ་བ་ཙམ་དུའང་མ་ལུས་ དང་། །ཡང་ན་རྡོ་རྗེ་ཞགས་པས་བཅིངས། །ཨོཾ་ཨཱཿཧྲཱིཿཕེཾ་ཕེཾ་ཕེཾ། ཨོཾ་ཨཱཿཧྲཱིཿརཾ་རཾ་རཾ། ཨོཾ་ཨཱཿཧྲཱིཿཛཿཛཿ། ཨོཾ་ཨཱཿཧྲཱིཿཧྲཱིཿཧྲཱིཿཧྲཱིཿ། ཨོཾ་ཨཱཿཧྲཱིཿཛཿཛཿཛཿ། ཕྱག་རྒྱ་འཕང་བའི་སྔགས་སོ། །ཨོཾ་ཨཱཿཧྲཱིཿབཛྲ་བནྡྷ་བནྡྷ་མཱ་ར་ཡ་རྦད། རྡོ་རྗེ་ཞགས་པས་བཅིང་བའི་སྔགས་སོ། །རྡོ་རྗེ་རྩེ་དང་ཐབས་ཆེན་ ཤིང་། །རི་གཟར་རྩྭ་དང་གཙུབ་ཤིང་མེ། །བྱ་རྒོད་ཀྱི་ནི་དང་རུ་གཡས། །ཡུངས་ཀར་ཕྱེ་མ་ཐལ་ཆེན་བསྲེས། །གསང་སྔགས་རྒྱལ་པོ་འབུམ་བཟླས་ལ། །དམག་ཚོགས་མྱོས་པ་འོངས་པ་ཡི། །གདོང་དུ་ཁྲོས་པས་གཏོར་བྱས་ཏེ། །ཕཊ་ཅེས་དྲག་པོས་སྐྲག་པར་བྱའོ། །ཝ་རྣམས་ལ་ནི་སེང་གེ་བཞིན། ། མཐོང་བ་ཙམ་གྱིས་དངང་འབྲོས་པའམ། །རོ་ལངས་ལ་ནི་གསང་སྔགས་བཞིན། །རེངས་འགྱུར་གཡོ་བའང་མི་འཐོབ་བོ། །ཇི་སྟེ་སྤོགས་པའི་ཆོ་ག་ནི། །མྱོས་བྱེད་རྫས་བདུན་སྦྱར་བ་དང་། །འཇིགས་བྱེད་ཆེན་པོ་སྐུ་ཕྱར་ལ། །བདུག་པ་ལྔ་བསྲེགས་རྔ་ཆེན་བརྡུང་། །དཔལ་ལྡན་རྡོ་རྗེ་འཇིགས་དཔལ་ ཆེ། །རབ་ཏུ་གསད་པའི་རྟོག་པ་ལས། །ལེགས་ཕུང་ཕ་རོལ་དཔུང་བཟློག་པ། །སྙིགས་དུས་བསྟན་པ་བསྲུང་བ་ཡིན། །ཕ་རོལ་གྱི་སྡེ་གཞོམ་པ་རྫོགས་སོ།། ༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །ཤིན་ཏུ་སྙིང་རྗེས་ནོན་པའི་ཡིད། །ལུས་ཅན་མྱ་ངན་འདས་པ་ལས། ། བསམ་པ་ཐག་པས་མགྲོན་གཉེར་བ། །དེ་ཡིས་ཕ་རོལ་བསྡུ་བར་བཤད། །ནམ་ལངས་མུན་པས་སླེབ་པ་དང་། །གཉིད་དུ་ཉེ་བས་སད་པའི་དུས། །དགའ་དང་གདུང་བ་སྐྱེས་པ་ནི། །དེ་ནི་ཆོ་ག་སྤྱན་རས་གཟིགས། །བདག་གི་ལུས་གང་ལྷ་ཡིན་ཏེ། །ངག་ནི་ཡི་གེ་བཞི་ཉིད་དོ། །རྣམ་པར་རྟོག་དང་མི་རྟོག་ སེམས། །སྙིང་རྗེ་ཆེ་དང་སྟོང་པ་ཉིད། །མིག་གཉིས་ཉི་མ་འབར་བ་དང་། །ལྕེ་སྟེང་ཨཱ་ཀཱའི་ཕྲེང་བས་བརྒྱན། །ལྟེ་བ་མེ་ཐབ་འཁྱིལ་པའི་དབུས། །དཔལ་ལྡན་འདོད་པའི་ལྷ་མོའོ། །མི་གང་དབང་དུ་བྱ་བ་དེའི། །སྨིན་ཕྲག་གཉིས་དང་ལྟེ་བའི་དབུས། །དགའ་དང་དད་དང་གདུང་བ་ཉིད། །ཐིག་ལེ་པདྨོ་ཨ་ཡི་ གཟུགས། །བྱམས་པ་ཡི་ནི་ཨ་ཡི་རྒྱུན། །བདག་གི་སྤྲུལ་པ་ལ་སྐྱེས་རེག །རབ་ཏུ་མི་བཟད་སྙིང་རྗེ་ཅན། །དགའ་བའི་ལྟ་བས་རྣམ་པར་བཞུ། །བཏང་སྙོམས་ཚད་མེད་བློ་གྲོས་ཆེ། །ཡི་གེ་ལྔ་བརྗོད་པདྨོ་འབྱེད། །ཨོཾ་ཨཱཿཧྲཱིཿཛཿཧཱུཾ། འབུམ་ཕྲག་ལྔ་རབ་མ་ཡེངས་དང་། །ལྷག་བསམ་བར་ཆད་སྤངས་བསྙེན་ བསྒྲུབ། །བདེ་གཤེགས་རིང་བསྲེལ་སྐུ་ཁྲུས་སོགས། །བརྩེ་ལྡན་རྣམས་ཀྱིས་སྔགས་ཆུར་བཅས། །མེ་ཏོག་དམར་ཁུས་གདོང་བཀྲུས་ལ། །ལྕེ་དཀྱིལ་སྦྲང་རྩི་ལྡན་སྔགས་བརྗོད། །ཨོཾ་ཨཱཿཧྲཱིཿཤྲཱི་ལོ་ཀ་ནཱ་ཐ་མ་ཧཱ་ཀཱ་རུ་ཎི་ཀ་ཧོ། །ས་མ་ཡ་ཧཾ། ཆེ་གེ་མོ་ཙིཏྟ་མ་ཧཱ་པཱ་ར་དྷ་ཙ་ལ་ཙ་ལ་པྲ་ཙ་ལ་པྲ་ལ་ཛཿ ཛཿཛཿ། བློ་གྲོས་བཟང་པོ་སྙིང་རྗེས་མྱོས་གྱུར་པ། །སྐྱེ་བོ་འདི་དག་ཐབས་གང་ཕྲིན་ལས་ཀྱིས། །བདེ་བར་རུང་ན་བདག་ཅིར་འགྱུར་བློའོ་ཞེས། །ཉིན་མཚན་རྟག་ཏུ་ཡིད་བྱེད་མི་འབྲལ་ན། །རྣལ་འབྱོར་རྒྱལ་པོ་བརྟག་པ་འདིས། །ཞག་གསུམ་དྲུག་གམ་དགུ་ཉིད་ན། །ལྕགས་ཀྱུས་བཞུས་པའི་ཡལ་ ག་ལྟར། །གདོན་མི་ཟ་བར་དེ་དབང་འགྱུར། །ཕ་རོལ་དབང་དུ་བྱ་བ་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་ཕ་རོལ་རྣམ་པར་གནོན་པ་ལ་ཕྱག་འཚལ་ལོ། །གླང་ཆེན་ལྤགས་བསྣམས་བཅུ་དྲུག་ཕྱེད་ཕྱེད་གདོང་པ་ཅན། །རྡོ་རྗེ་རལ་གྲི་འཁོར་ལོ་མདའ་ཐོགས་དེ་བཞིན་ གཡོན། །དྲིལ་བུ་སྡིགས་མཛུབ་ཁ་ཊྭཱཾ་གཞུ་འཛིན་རྔམ་པའི་སྐུ། །གཏུམ་ཆེན་ཞབས་བརྒྱད་བགེགས་བརྒྱད་མགོ་མནན་རྒྱལ་གྱུར་ཅིག །འཇིག་རྟེན་ཐམས་ཅད་བསྲུང་བའི་ཕྱིར། །ཕ་རོལ་རྣམ་གནོན་མཐིང་ག་དྲག །གདུག་པ་ཀུན་གྱིས་སྐུ་བརྒྱན་པ། །མེ་དཔུང་རབ་འབར་དཔའ་བོ་བསྒོམས། ། སྙིང་རྗེ་ཁྲོས་པས་སྐུ་བསྒྱུར་ལ། །དུས་གསུམ་སངས་རྒྱས་ཅོད་པན་འཆང་། །རུས་པའི་གདུགས་ཕུབ་འབྲུག་སྒྲ་སྒྲོགས། །འཁོར་གཉིས་ཀྱིས་ནི་ལས་བྱེད་པའོ། །ཨོཾ་ཨཱཿཧྲཱིཿམ་ཧཱ་ཀཱ་རུ་ཎི་ཀ་ཙཎྜ་མ་ཧཱ་རོ་ཥ་ཎི་བྷ་ཡ་ཧ་ར་ཎེ་རཀྵ་བ་ར་ཎཾ་གུ་པ་ཏི་པ་རེ་བི་ཛེ་སྭཱ་ཧཱ། གཅན་གཟན་དྲག་པོ་རྣམས་ཀྱི་མཆེ་བ་དང་ སྡེར་མོའི་རྩེ་མོ་ལ་ནི་རྒོད་དང་རྒྱལ་པོའི་ཁྲག་གམ་སོན་མོའི་ཆུས་བྱུགས་ལ་རིག་པ་བརྒྱ་བཟླས་ལ་དཔུང་པར་བཅིང་ངོ་། །འཇིགས་སྐྱོབ་ཁྲོ་བོ་དྲག་ཤུལ་ཆེ། །མདུན་ནས་འགྲོ་ཞིང་ཆོམ་རྐུན་གསོད། །དགའ་བྱེད་དྲག་པོ་ཕག་ཁྲིད་པ། །ཕྱི་བཞིན་རྗེས་འབྲང་མི་འཇིགས་སྦྱིན། །ཇི་སྲིད་ཡ་ངའི་ལམ་བསྐྱབ་ ནས། །སྤྱོད་ཡུལ་ཕྱིན་པར་གྱུར་པ་ན། །གཉིས་འདུས་མགོན་པོ་རྒྱན་མེད་ཞི། །སྐུ་གཟུགས་རྣམ་པས་མཆོད་པས་མཉེས། །སྣ་ཚོགས་འཇིགས་པས་ཡ་ང་ཉམ་ཐག་དང་། །གང་ཡང་ཕ་རོལ་དྲེགས་པས་བཏུལ་བྱས་ནས། །གོ་འཕང་མཆོག་འདིར་དངོས་གྲུབ་སྦྱིན་འདོད་པ། །རྒྱལ་རས་བཟང་ལ་ གྲོགས་མཆོག་འདིར་འགྱུར་རོ། །ཁྲོ་དང་ང་རྒྱལ་མང་བ་དང་། །སྲེད་པས་ཟང་ཟིང་དོན་གཉེར་བ། །ད་ནི་གུས་པར་གྱུར་ན་ཡང་། །ཆོ་ག་འདི་ལས་རིང་བར་བྱེད། །ཆོམ་རྐུན་བཅིང་བ་རྫོགས་སོ།། ༄༅། །བདེ་བར་གཤེགས་པ་པདྨོ་ཅན་ལ་ཕྱག་འཚལ་ལོ། །དེ་ལ་རྡོ་རྗེ་འཛིན་པ་གང་ཞིག་སློབ་མ་ ཕན་གདགས་འདོད་པས་བློ་དང་ལྡན་པའི་གང་ཟག་དོན་དུ་གཉེར་བ་དང་བཅས་པ་གང་གློ་བུར་དུ་ལྷགས་པའམ་གཉུག་མར་གནས་པ་ཡིན་ཀྱང་རུང་སྟེ། དུལ་བས་མདུན་དུ་བདར་བར་གྱུར་པ་དེ་དག་ལ། འཕགས་པ་སྤྱན་རས་གཟིགས་པདྨོ་དམ་པ་ཅན་གྱི་བྱིན་གྱི་རླབས་ཀྱིས་སྙིང་གི་པདྨོ་ཁ་ཕྱེ་བས་ ཤེས་རབ་གསལ་པོ་བསྐྱེད་པའི་ཆོ་ག་འདི་དྲན་པར་བྱ་བ་ཡིན་ནོ། །སྐལ་ལྡན་སྐྱེ་བོ་ལྷགས་པ་ན། །དེར་ནི་དེ་མ་ཐག་ཏུ་དེ། །པཾ་བརྗོད་པས་ནི་པདྨར་བསྐྱེད། །དེ་ཡི་སྙིང་ཡང་དེ་བཞིན་ནོ། །དེ་ལ་སྙིང་གི་པདྨོ་ནི། །འདབ་བརྒྱད་དཀར་པོ་ཟླུམ་པོས་ཏེ། །དབུས་སུ་ཧྲཱིཿཡིག་གིས་མཚན་པ། །སྤྱི་བོར་ཐིག་ལེ་ སུམ་བརྩེགས་པའོ། །དཀར་དམར་བདུད་རྩི་ནམ་མཁའི་མདོག །རིམ་བཞིན་རབ་ཏུ་དང་བར་བསམ། །སྨིན་མཚམས་ནས་ཟུག་སྙིང་གི་དཀྱིལ། །རྩ་མཆོག་སྦུ་གུ་དཀར་ཟངས་སོ། །མཁས་པ་རྡོ་རྗེ་འཛིན་རྒྱལ་བདག །བྱམས་སོགས་ཚད་མེད་ལས་སྐྱེས་པའི། །ཐུབ་དབང་ཤེས་རབ་འོད་ཟེར་ འཆང་། །སྤྱན་རས་གཟིགས་སུ་མྱུར་བར་བསྐྱེད། །སྤྱན་གསུམ་འཛུམ་པའི་མདངས་དཀར་ལྡན། །རྣམ་དག་འོད་བཟངས་དཀྱིལ་འཁོར་ཅན། །བཙུན་མོ་གཉིས་ཀྱིས་སྐུ་བརྟེན་ཅིང་། །རྔ་ཡབ་དཀར་གཡོབ་དགྱེས་བཞུགས་པའོ། །དེ་རྗེས་གཞན་ལ་ཕན་བརྩོན་པའི། །ཡིད་ཀྱིས་དེ་ཡི་དོན་བསྒྲུབ་ ཕྱིར། །རྣམ་གུས་པ་ཡི་སྦྱོར་བ་ཡིས། །བདག་གི་དགོས་པ་ལྷ་མཆོག་རེག །དེ་བས་དེ་ལ་གསོལ་བཏབ་པས། །སྤྱན་དྲངས་བདག་ཉིད་ལ་བསྟིམ་བྱ། །དེ་ནས་ཕྱག་གཡས་ཆོས་འཆད་ཀྱི། །མཐིལ་སྐྱེས་མ་ལས་ཡོངས་གྱུར་པ། །ཉི་མ་རྡོ་རྗེ་སྙིང་པོ་ཅན། །དབྱངས་དང་གསལ་བྱེད་ཀྱིས་བརྒྱན་བསམ། ། ཧྲཱིཿབཅས་སྔགས་ཕྲེང་གཉིས་བརྗོད་པས། །ཉི་འོད་ཚ་ཞིང་རབ་རྣོ་ཡི། །ཟེར་འཕྲོས་པས་ནི་པདྨོ་དབྱེ། །ཧྲཱིཿལས་དེ་བཞིན་ཐིག་ལེའོ། །དེ་ལས་ཐོག་མར་དཀར་ཐིག་ལེ། །ཕ་ཡི་ས་བོན་ཞུ་བར་བཤད། །དམར་པོ་མ་ཡི་ས་བོན་ཏེ། །དེ་བཞིན་མཁའ་འདྲ་ཀུན་གཞིར་བཞེད། །དེ་མཐར་ཞུ་བའི་ཐིག་ལེའི་ རྒྱུན། །དབྱེར་མེད་ཕན་ཚུན་རྣམ་འདྲེན་པ། །བདེ་ཆེན་འོད་གསལ་རྣམ་མི་རྟོག །བློ་གྲོས་པདྨོ་རབ་རྒྱས་གསུངས། །ཆོ་གའི་རྒྱལ་པོ་དམ་པ་འདི། །གང་གང་སྐལ་བར་ལྡན་པའི་མཐུས། །བརྩེ་ལྡན་གུས་པས་སྔོན་སོང་བ། །དེ་ཡི་ཐོས་སོགས་རྣམ་དག་འཕེལ། །སློབ་མ་ལ་ཤེས་རབ་ བསྐྱེད་པ་རྫོགས་སོ།། ༄༅། །བཅོམ་ལྡན་འདས་སྤྱན་རས་གཟིགས་མགོན་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འོད་ཟེར་གཟི་བརྗིད་འབར་བའི་རྒྱལ་པོ་སེར་སྤྲིན་རབ་མཐུག་སྲེག་པར་མཛད། །ཡིག་གཉིས་གདུག་པའི་སྟོབས་འཇོམས་ང་རོ་མི་བཟད་ནམ་མཁའི་ངོས་ལ་གད་རྒྱངས་ སྒྲོགས། །ཞལ་གསུམ་ཕྱག་དྲུག་དཀར་དམར་མཐིང་ག་ཨིནྡྲའི་མདོག་ལྡན་རྡོ་རྗེ་མདའ་གཞུ་ཐལ་མོ་བརྡེབས། །མེ་དཔུང་སྡིགས་མཛུབ་རལ་གྲིའི་གཤོག་བསྣམས་དབང་པོའི་རྒྱལ་པོ་སྤྱན་རས་གཟིགས་དབང་ལ་ཕྱག་འཚལ། །དེ་ནས་སེར་བ་བཟློག་པ་བཤད་པར་བྱ་སྟེ། ལྷ་དང་ཀླུ་ལ་སོགས་ པ་ཁྲོས་པ་དང་། འབྱུང་བ་ཉིད་ཀྱི་དབང་ངམ། གྲོང་ཁྱེར་པ་རྣམས་ཀྱི་དོན་མ་ཡིན་པའི་ལས་ཀྱི་སྟོབས་ལས་ཀྱང་རུང་སྟེ། དུས་དང་དུས་མ་ཡིན་པའི་གནོད་པ་ནི་འདི་ལྟ་སྟེ། དུ་བའི་མདོག་དང་། རྒྱ་མཚོ་རླུང་གིས་བསྐྱོད་པའི་རླབས་ལྟ་བུའི་སྤྲིན་གྱི་ཕུང་པོ་འཁྲིགས་ཤིང་། འབྲུག་གི་སྒྲ་ཀུན་དུ་མི་བཟད་ པས་ཀླད་པ་འགེམས་པ་ལྟ་བུ་དང་། གནམ་ལྕགས་དང་སེར་བ་དྲག་པོ་འབབ་པའི་ལྟས་ངན་མངོན་དུ་གྱུར་པ་ན། བྱང་ཆུབ་སེམས་དཔའ་གྲོང་ཁྱེར་པ་རྣམས་དང་། སྐྱེ་བོ་མང་པོ་ལ་སྙིང་བརྩེ་བས་གདུང་བའི་ཡིད་ཅན། བདག་གི་དོན་བཏང་ནས་གཞན་གྱི་ཉེ་བར་མཁོ་བ་ལ་ལྷག་པར་ཆགས་པས་ཟིལ་ གྱིས་མནན་པ་དག །འབྱུང་པོ་དཔག་ཏུ་མེད་པ་ལ་ཕན་པ་དང་བདེ་བའི་ཕྱིར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དྲག་པོ་ཆེན་པོ་འོད་ཟེར་འབར་བའི་གཟི་བརྗིད་ཀྱི་རྒྱལ་པོ་ལྟས་ངན་པ་ཐམས་ཅད་རྣམ་པར་འཇིག་པར་མཛད་པའི་རིགས་ཀྱི་རྒྱལ་པོ་འདི་ཡང་དག་པར་དྲན་པར་བྱའོ། །དེ་ཞལ་གཡས་ དཀར་ལྷ་བསྲུང་བ། །གཡོན་པ་དམར་པོ་མི་ཡི་རྗེ། །དབུས་གནས་མཐིང་ག་ཀླུ་འདུལ་གྲགས། །སྤྱན་གསུམ་མཆེ་གཙིགས་ཁྲོས་པའོ། །གཡས་གཡོན་དང་པོ་མདའ་གཞུའི་ཕྱག །གཉིས་པ་གཉིས་ནི་ཐལ་མོ་བརྡེབས། །གསུམ་པའི་ཕྱག་ན་མེ་དཔུང་སྟེ། །གཡོན་པ་སྡིགས་མཛུབ་བསྒྲེང་ བ་ཉིད། །སྒྲོན་ཤིང་དུད་མདོག་སྐུ་ཆེན་འགྱིང་། །རལ་གྲིའི་གཤོག་བརྒྱངས་སྤུ་འཐུལ་པ། །ཤིན་ཏུ་ཟ་བྱེད་རྔམ་པ་ཆེ། །འཇིགས་པའི་ཞབས་བགྲད་འཇིགས་པའོ། །ཐུགས་ཀ་ལྟེ་བར་པད་ཉིར་ནི། །ཧཱུཾ་ཕཊ་སྔོ་དང་དམར་བ་ཡི། །ཡི་གེ་གཉིས་བསམ་སྔགས་ཀྱིས་བསྐོར། །དེ་གསང་སྔགས་ཀྱི་རྒྱལ་པོ་འདི། ། ཨོཾ་ཧྲཱིཿཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ་ཨ་ཏི་ཀྲོ་དྷ་མ་ཧཱ་ཛ་ལ་སརྦ་ཏུ་ས་ར་ཧ་ར་ཧ་ར། ད་ཧ་ད་ཧ། ཤཱིགྷྲཾ་ལུ་དྷི་མཱ་ར་ཡ་ཕཊ། ཐལ་མོ་གཡས་ལ་ཕ་དཀར་དང་། །གཡོན་ལ་ཊ་ནག་བཀོད་ནས་ནི། །བརྡབས་པས་མེ་ལྕེ་འབར་བ་ཡིས། །དཔའ་བོས་སེར་བ་རྣམ་པར་བཟློག །མིག་གཉིས་ཉི་མའི་དཀྱིལ་འཁོར་དང་། །སྨིན་མ་ ཁྲོ་གཉེར་གློག་རྒྱུན་དང་། །ཤངས་ལས་མེ་སྟག་ཞལ་ལས་ཀྱང་། །ལྕེ་འབར་ཕུཿཡིས་བཏབ་པས་ཀྱང་། །དེ་ལས་རང་ཉིད་འདོད་ཐག་གྲུ། །མཁས་པས་ཡིད་ཀྱིས་མཚམས་བཅད་དེ། །སྤྲིན་ཚོགས་འོ་མ་ཅན་གྱི་ཁྲི། །བསྣོལ་བས་ཆུ་གཞག་གིས་བྱུག་བྱ། །གང་ཚེ་དུས་ལ་བབ་གྱུར་པ། །དེ་ཚེ་ རྔམ་པའི་སྟང་སྟབས་ཀྱིས། །རྔམ་པར་བྱས་ལ་མེ་དཔུང་འབར། །བསྐལ་པའི་མེ་ལྟར་མཁའ་གཡོགས་འགྱུར། །སྔགས་ཕྲེང་གསུམ་མམ་བདུན་ནམ་དགུ། །ཡང་ན་ཉི་ཤུ་རྩ་གཅིག་བརྗོད། །སྐད་ཅིག་དེ་ལ་རྡོ་རྗེ་ཡི། །ཕ་བོང་ཉིད་ཀྱང་ཞུ་བར་འགྱུར། །དཔལ་སྤྱན་རས་གཟིགས་ཁྲོས་པས་སེར་བ་ བཟློག་པའི་ཆོ་ག་རྫོགས་སོ།། ༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །གསུམ་ལ་སྐྱབས་སོང་སེམས་བསྐྱེད་ལྡན། །འགྲོ་ལ་ཕན་འདོད་བདག་དུལ་བའི། །སྐྱེས་བུ་དམ་པ་བསམ་གཏན་གྱི། །ཁང་བུར་ཞུགས་ལ་རྨི་ལམ་བསྒོམ། །བཙུན་པ་སྤྱན་རས་ གཟིགས་ཀྱི་སྐུ། །བཙོ་མ་གསེར་གྱི་མདོག་ལྡན་པ། །ཞལ་གཅིག་ཕྱག་བཞི་གཡས་དང་པོ། །འཇིགས་སྐྱོབ་དེ་བཞིན་གཡོན་དུ་ནི། །པདྨ་དམར་པོ་གཉིས་པ་གཉིས། །ཏིང་འཛིན་མཆོག་གི་ཕྱག་རྒྱའོ། །ཐུགས་ཀྱི་པདྨོ་ཁ་ཟུམ་པའི། །དབུས་སུ་སེམས་དངོས་ཧྲཱིཿབསམ་བྱ། །འདི་འདྲའི་འཕགས་པ་ ཉིད་དུ་བདག །སྐད་ཅིག་ཙམ་གྱིས་བསྒོམས་ནས་ནི། །དགེ་དང་བརྩེ་དང་དད་པ་ཡིས། །རྣལ་འབྱོར་རྒྱལ་པོ་གཉིད་ལོག་བྱ། །གང་ཚེ་གཉིད་དུ་ཉེ་བ་ན། །ཧྲཱིཿཡང་ཐིག་ལེ་གཉིས་ལ་བསྡུ། །རིམ་གྱིས་ཐིག་ལེ་འོག་མ་ཡང་། །དེ་བཞིན་ཐིག་ལེ་གོང་མ་ལའོ། །དེ་ནས་སྣ་ཚོགས་སྣང་བ་ཀུན། །རང་གི་ ལུས་ལ་བསྡུས་ནས་དེ། །པད་དབུས་ཐིག་ལེ་ཉག་གཅིག་ལ། །ཆུ་ལ་ཆུ་བཞག་དེ་བཞིན་བཞག །སེམས་ནི་དྲི་མེད་ཟུང་འཇུག་བདག །དངོས་མེད་དངོས་བྲལ་རྣམ་པར་དག །འོད་གསལ་ཆེན་པོ་ཉིད་ལ་ཉིད། །མངོན་སུམ་མི་གཡོ་བརྟན་པར་བཟུང་། །ཚུལ་འདི་རང་བཞིན་མཁའ་འདྲ་སྟེ། ། རྣམ་པ་ཐིག་ལེ་བདེ་བ་ཆེ། །ངོ་བོ་ཀུན་དུ་མ་འགགས་པའོ། །སྦྱངས་སྡོམ་ཅན་གྱི་ཆོས་གཅིག་བཞེད། །དེ་ལྟར་རྒྱུ་འདྲ་ཆོས་ཀུན་རང་བཞིན་རང་བཞིན་མེད། །གཞན་ལ་མི་རག་བདག་ཉིད་སྙིང་དཀྱིལ་བརྟན་པར་གནས། །རྒྱལ་བ་རྣམས་ཀྱི་གཤེགས་ཤུལ་གཅིག་ཡིན་མ་ནོར་བ། །བསྒོམས་ན་དེ་རྗེས་རྨི་ ལམ་ཉིད་དུའང་དེ་མཐོང་འགྱུར། །གལ་ཏེ་སྒྲིབ་ཚོགས་བུད་ཤིང་ཚང་ཚིང་གིས་བསྒྲིབས་པས། །ཡང་དག་ཇི་བཞིན་དེ་ཚེ་མངོན་དུ་མ་གྱུར་ནའང་། །རྣལ་འབྱོར་རྒྱལ་པོས་རེ་བ་ཆད་པར་མི་བྱ་སྟེ། །གོམས་པ་མ་ཟད་གཅིག་ཏུ་བརྩོན་འགྲུས་གཡེལ་མི་བྱ། །མདུན་གྱི་མཁའ་ལ་སངས་རྒྱས་བྱང་ཆུབ་སེམས་ དཔའ་དང་། །ཉན་ཐོས་རང་རྒྱལ་ལྷ་ཡི་ཚོགས་ཀྱིས་ཡོངས་བསྐོར་བའི། །རྒྱལ་བའི་དཀྱིལ་འཁོར་སྤྲིན་གྱི་ཕུང་པོ་ལྟར་མཐོང་འགྱུར། །དེ་ཚེ་དེ་ནས་རིང་པོ་མི་ཐོགས་འོད་གསལ་འཐོབ། །རྣམ་དག་འཁོར་ལོ་པདྨོ་འདམ་ནས་སྐྱེས་པ་བཞིན། །གཉིད་ཀྱིས་མྱོས་འགྱུར་མ་རིག་གིས་བསླད་བློ་གྲོས་ འདི། །རང་གིས་རང་དབེན་མཁའ་ལ་ཉི་ལྟར་སྤྲོས་བྲལ་དུ། །རྩོལ་བྲལ་མེད་ཉིད་རང་དབང་མངོན་སུམ་འཆར་བར་བྱེད། །རྨི་ལམ་སྐྱེས་བུས་རྨི་ལམ་གྱི། །གྲོང་དུ་དགའ་དང་མྱ་ངན་ལ། །བཟུང་བ་རློམ་སེམས་ཙམ་ཡིན་པ། །དེ་ཚེ་དེ་ཡིས་ཤེས་པར་འགྱུར། །མེ་ལོང་གཟུགས་བརྙན་གསལ་བ་ཡིས། ། ཡོད་དང་མེད་དང་གཉིས་ཀ་དང་། །གཉིས་ཀ་མ་ཡིན་བརྗོད་མིན་པ། །དེ་ཚེ་ཡིད་ཆེས་མཐོང་བར་འགྱུར། །ནམ་མཁའི་ངོས་ལ་དབང་པོའི་གཞུ། །དེ་བཞིན་སེར་སྤྲིན་འབྲུག་སྒྲ་ཅན། །ཐོག་མཐར་སྐྱེ་དང་འགགས་མི་དམིགས། །འོད་གསལ་ལ་གནས་སྐྱེས་བུས་ཤེས། །ཇི་ལྟར་སྨིག་རྒྱུའི་ཆུ་འབབ་པ། ། ཤར་སོགས་ཕྱོགས་ནི་གང་ཞིག་ནས། །མ་འོངས་གར་ཡང་མི་འགྲོ་བ། །རྨི་ལམ་མཐོང་བ་དེ་ཡིས་ཤེས། །དྲིལ་བུ་དང་ནི་པི་ཝང་སྒྲ། །བྲག་ཅ་ལ་སོགས་འདུ་བྱེད་ནི། །རྣམ་པར་ཐར་པ་གསུམ་གྱིས་བསྒོས། །ཟབ་མོ་རྣམ་པར་དབེན་པ་ཡང་། །སྣང་བ་མུན་པ་ཐིབས་པོ་དང་། །འོད་གསལ་བྱེ་བྲག་ མེད་འགྱུར་བ། །ཤིན་ཏུ་སྦྱངས་པའི་གསེར་བཞིན་དུ། །དྲི་བྲལ་རྣམ་པར་དག་པ་རྨད། །ཇི་སྲིད་འཛིན་པ་མང་པོ་ལ། །ཟད་དང་མི་སྐྱེ་བསྲེ་བ་ཡིས། །རོ་གཅིག་ཉིད་དུ་སྦྱོར་ཤེས་པ། །རྨི་ལམ་ལས་གཞན་རྣལ་འབྱོར་མིན། །དེ་ནི་སད་པ་ཉིད་ན་ཡང་། །ཡིད་ཀྱི་དབང་པོ་ཚིམ་པ་དང་། །འདོད་པའི་ སྲེད་པ་ལས་བློ་ཟློག །ཆོས་འདི་བརྗོད་པ་ཙམ་རྟོགས་སོ། །དེ་ལྟར་གཟུང་དང་འཛིན་པ་ཡི། །དྲི་མ་དྲི་མ་བྲལ་བ་དང་། །བྲལ་བ་རང་བཞིན་མེད་པ་ཡང་། །ཡིད་ཀྱིས་མངོན་པར་འདུ་མི་བྱེད། །འཕགས་པའི་མིག་ཅེས་བཤད་པ་སྟེ། །སྤྱན་རས་གཟིགས་ཀྱི་མཐུ་ཡིས་སོ། །རྨི་ལམ་དྲི་མ་མེད་པ་བསྒོམ་པ་ རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སློབ་མ་ལ་ཕན་པར་མཛད་པ་ལ་ཕྱག་འཚལ་ལོ། །མཁས་གང་དཔའ་བོ་རྡོ་རྗེ་འཛིན། །འཛིན་པའི་རི་བོ་བརྟན་འཇིག་བྱེད། །བླ་མ་མཆོག་གི་དྲིན་ཐོབ་པས། །སློབ་མ་ལ་ཕན་བྱིན་རླབས་གྱུར། །ཕྱི་དང་ནང་དང་གསང་བ་ཡི། ། མཆོད་རྫས་མ་ལུས་ཀུན་བཤམས་ལ། །ཞི་བའི་ཡིད་ཀྱིས་སྐྱིལ་ཀྲུང་བྱ། །བདེ་ཆེན་དཀྱིལ་འཁོར་བློས་བལྟའོ། །བདག་གི་གཙུག་ཏོར་ནས་བརྒྱུད་པའི། །སྐྱོབ་པ་རྡོ་རྗེ་འཛིན་པའི་ཕྲེང་། །ཡེ་ཤེས་ས་བོན་ཧཱུཾ་ཡིག་གི། །མཚན་མ་རྡོ་རྗེ་སྦུ་གུའི་རྒྱུན། །སྨིན་མཚམས་ནས་འཕྲོས་སློབ་མ་ཡི། །དྷཱུ་ཏཱིའི་རིན་ཆེན་ཕོ་ བྲང་དུ། །ཞུགས་གྱུར་དེ་སྙིང་པདྨོའི་བར། །བར་ཆད་མེད་འབྲེལ་བརྟན་པས་བསྒོམ། །དེ་ནས་བླ་མའི་མན་ངག་གིས། །ཡེ་ཤེས་དབབ་པའི་སྦྱོར་བ་བྱ། །བྱང་ཆུབ་སེམས་ཁེངས་ཡེ་ཤེས་ཀྱི། །མེ་ལྕེ་དལ་བུས་སྦར་བར་བྱ། །བབས་པར་གྱུར་ན་ལུས་གཅིག་ངེས། །སྔོན་ཆད་མ་མྱང་རོ་མྱང་མེད། །སྤུ་ གཡོ་བ་ཡིས་འདྲེན་པ་གསུངས། །བདུག་པ་མཆོག་གིས་བདུག་བྱ་ཞིང་། །སྒྲ་ཆེན་གླུ་དབྱངས་རོལ་མོ་ཡིས། །དཔའ་བོའི་གར་བྱ་བརྟུལ་ཞུགས་ཅན། །རྩེ་གཅིག་མཉམ་པར་གཞག་པས་མཆོད། །དེ་རྗེས་རྒྱ་མཚོ་དང་བ་ལ། །རི་རབ་སྟོན་ཀའི་མཁའ་འདྲ་དང་། །ཉི་ཤར་ཟླ་ཚེས་སྐར་མདའ་ཡི། །རིམ་ ཅན་ཉམས་མྱོང་སྐྱེ་བར་བྱེད། །ཏིང་འཛིན་མཆོག་གིས་བཏུལ་བྱས་པས། །གླང་ཆེན་ལྕགས་ཀྱུས་དུལ་བ་ལྟར། །ཞི་གྱུར་སེམས་རབ་དང་བ་ལ། །སེམས་ཀྱི་གཟུགས་བརྙན་མཐོང་བར་འགྱུར། །དེ་ལ་སྙིང་པོའི་ཆོས་རྣམ་བཞི། །སྟོང་པའི་མཚན་ཉིད་སེམས་གནས་ལུགས། །དེ་ཡི་སྣང་བ་གློ་བུར་བ། ། དབྱེར་མེད་མཚན་མེད་རྣལ་འབྱོར་རོ། །སོར་བཞག་དེ་ཡི་མཚན་ཉིད་གསུམ། །རབ་ཏུ་གསལ་ཞིང་རྣམ་མི་རྟོག །བདེ་ཆེན་བློ་སྒྲ་དབེ་བྲལ་བ། །བསམ་གཏན་ཕྱག་རྒྱ་ལ་བརྟེན་བསྒོམ། །ངོས་བཟུང་བ་ནི་བལྟ་བ་དང་། །བསྲེ་དང་མཉམ་པར་གཞག་པའོ། །སྒོ་གསུམ་རིམ་དང་རིམ་མིན་པས། །དྲན་ རྟོགས་གློ་བུར་ཉིད་རྟོག་འགྱུར། །ཇི་ལྟར་གང་ཞིག་གང་དུ་གང་། །དྲན་རྣམས་དགའ་གདུང་དེར་ཤར་བ། །དེ་ཉིད་དེ་ལྟར་དེ་དེར་མེད། །འདི་ནི་གཉིས་མེད་མཚན་ཉིད་དོ། །འགྲོ་འོང་གནས་དང་མི་གནས་དང་། །སྐྱེ་དང་འགག་དང་རྟེན་བྲལ་སོགས། །རྗེས་སུ་འགྲོགས་དང་གཞིག་པ་ཡི། །གདམས་ངག་ གིས་ནི་མཚན་མེད་འགྱུར། །ཨོཾ་ཨཱཿབཛྲ་གུ་རུ་སརྦ་ཛྙཱ་ན་ཌཱ་ཀི་ནཱི་མ་མ་ཀཱ་ཡ་ཝཱཀ་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་ཛྭཱ་ལ་ཛྭཱ་ལ་སྥ་ར་སྥ་ར་ས་ཕེཾ་ཕེཾ། ཡེ་ཤེས་དབབ་པའི་སྔགས་སོ། །རྡོ་རྗེ་དྲིལ་བུ་མེ་ལོང་ཐོད། །སྦྱིན་པ་རྡོ་རྗེ་མཁའ་འགྲོ་ཡི། །བརྟུལ་ཞུགས་སྔོན་དུ་སོང་བ་ཡི། །ཚིལ་ཆེན་མར་མེ་སྦར་བར་བྱ། །ཨོཾ་ཨཱཿབཛྲ་ བཛྲ་མ་ཧཱ་བཛྲ་བཛྲ་ཛྭ་ལ་ཧཱུཾ་ཧཱུཾ་ཧཱུཾ་ཨོཾ་ཨ་གཎྜ་གཎྜ་མ་ཧཱ་གཎྜ་ཛྭ་ལ་ཨཱཿཨཱཿཨཱཿཨོཾ་ཨ་དརྦ་ན་མ་ཧཱ་དརྦ་ན་ཛྭ་ལ། ཧྲཱིཿཧྲཱིཿཧྲཱིཿཨོཾ་ཨ་ཀ་པཱ་ལ་ཀ་པཱ་ལ་མ་ཧཱ་ཀ་པཱ་ལ་ཛྭ་ལ་ཧོ་ཧོ་ཧོ། །བྱིན་གྱིས་བརླབས་ནས་སྦྱིན་པའི་སྔགས་སོ། །མཐར་ནི་སྤྱན་རས་གཟིགས་དབང་གི། །བསྲུང་བས་བསྲུང་བ་བྱ་བ་ནི། །ཐུགས་རྗེ་ཁྲོས་ པས་མརྒད་ཀྱི། །བདེ་ཆེན་འཁོར་ལོ་ཞེས་པས་བཤད། །སློབ་མ་བྱིན་གྱིས་བརླབ་པའི་མན་ངག་རྫོགས་སོ།། ༄༅། །འཕགས་པ་ཐུགས་རྗེ་ཆེན་པོ་ཡེ་ཤེས་འབེབས་པ་ལ་ཕྱག་འཚལ་ལོ། །ཨེ་མའོ། མགོན་པོ་མི་རྟོག་བདེ་ཆེན་སྟེར་མཛད་སྐུ། །དུས་གསུམ་རྒྱལ་བའི་རྡོ་རྗེ་འཛིན་བཅས་བརྒྱུད་ དང་བལྟས། །སྤྱི་བོ་ནས་བརྩེགས་ཡེ་ཤེས་ཕྲེང་བ་དང་། །གཞུ་ཉིད་པད་ཟླས་ཡེ་ཤེས་འཁོར་ལོ་འབར་བར་འགྱུར། །ཤིན་ཏུ་གུས་བཅས་གཏོང་བ་ཆེ། །བཟོད་ལྡན་ཐེ་ཚོམ་མེད་རྟོག་བྲལ། །གཡེང་བ་སྤངས་ཤིང་དབང་པོ་དུལ། །སློབ་མ་དེ་ནི་རྗེས་སུ་བཟུང་། །སྣ་ཚོགས་པདྨ་གེ་སར་ལྡན། །ཟེའུ་འབྲུ་རྡོ་རྗེ་ མེ་ཕྲེང་གིས། །ལེགས་སྤྲས་བྱིན་གྱིས་བརླབས་པའི་དབུས། །སྐལ་ལྡན་བཞག་ལ་བགེགས་བསྐྲད་བྱ། །ཨོཾ་ཨཱཿབི་གྷྣཱནྟ་ཀྲྀཏ་ཧཱུཾ་ཕཊ། བདུག་པ་མཆོག་གིས་རབ་བདུག་ཅིང་། །མེ་ཏོག་དམར་པོ་གཅལ་བཀྲམ་ལ། །མར་མེ་འབར་བ་དུ་མ་ཡིས། །ཀུན་ནས་ཁོར་ཡུག་བསྐོར་བར་བྱ། །བདག་ ཉིད་ལྷག་པའི་ལྷའི་ང་རྒྱལ་དུ་བྱས་ལ། རྡོ་རྗེ་ལ་ནི་ཡཾ་རླུང་གི་ཤུགས་ཅན་ནོ། །དེ་ནི་རྒྱལ་བ་རྣམས་ཀྱི་རང་བཞིན་ནོ། །གཙུག་ཏོར་དུ་ཧཾ་ཐིག་ལེའི་སྙིང་པོ་ཅན་ནོ། །དེ་ནི་འཇིག་རྟེན་མགོན་པོའི་རང་བཞིན་ནོ། །སྟེང་ན་འཛག་པས་ནི་མི་འགྲིབ་བོ། །སྨིན་མཚམས་ནས་གྲི་འཕྲོས་པས་ནི་སློབ་མ་ལ་འབབ་པར་ འགྱུར་རོ། །སློབ་མའི་འོག་ཏུ་ནི་རླུང་གི་དཀྱིལ་འཁོར་རོ། །དེ་ནི་སྦྱོར་བ་འོག་མས་བསྐྱོད་པར་བྱེད་དོ། །སྤྲུལ་པ་ནི་ཡང་ལྷ་མོ་ཉིད་དོ། །དེ་ནི་སྦྱོར་བ་བར་མས་སྦྱོར་བར་བྱེད་དོ། །སྙིང་གར་ནི་ཡང་བདེ་གཤེགས་སྙིང་པོ་ཉིད་དོ། །དེ་ནི་སྦྱོར་བ་གོང་མས་འབེབས་པར་བྱེད་དོ། །སྤྱི་བོར་ནི་ཡང་མགོན་པོའོ། ། དེ་ནི་སྦྱོར་བ་ཐོག་མས་འབེབས་པར་བྱེད་དོ། །མ་ཕེབས་ན་སྤོགས་པའི་ཆོ་ག་ནི། །རྡོ་རྗེ་སྣ་བུག་གི་སྦྱོར་བས་སོ། །ཤིན་ཏུ་སྤོགས་པ་ནི་རྡོ་རྗེ་སྤྱི་གཙུག་གི་སྦྱོར་བས་སོ། །བབས་པར་གྱུར་ན་སྤུ་འགྲེང་ཞིང་། །གདོང་བསྒྱུར་འོད་གསལ་བ་ཉིད་དང་། །བརྗོད་པར་མི་ནུས་ཡང་ན་གཙོ། །མི་རྟོག་བདེ་བས་མྱོས་ པར་འགྱུར། །ཡེ་ཤེས་གཞུག་པའི་ཆོ་ག་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྷུན་གྱིས་གྲུབ་པ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་བྱང་ཆུབ་སེམས་དཔའི་བློ་གྲོས་སྦྱངས་པ་དག །ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་དང་། བདག་ གིར་འཛིན་པས་ཆགས་པ་སྡུག་བསྔལ་བ་དང་། ཕོངས་པ་རྣམས་ཀྱིས་འགྱུར་བ་མཐོང་བས་མི་བཟད་པ་སྐྱེས་ནས། ཐོག་མར་གང་ཡང་རུང་བའི་རྣལ་འབྱོར་འཇུག་པ་ན་བདག་གི་ལྟོས་པ་རིང་དུ་སྤངས་ནས་སྙིང་རྗེ་ཆེན་པོས་གཞན་གྱིས་མ་བསྐུལ་བར་བདག་འཇུག་པར་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་ པར་བྱའོ། །བརྟན་པའི་གནས་དང་གཡོ་བ་ལུས་དང་ངག་དང་ཡིད། །རྣམ་ཀུན་ཉེར་སྤྱོད་གཞལ་མེད་ཁང་བཟངས་རྡོ་རྗེའི་སྐུ། །གསང་སྔགས་དམ་ཚིག་ང་རོ་བཅུ་དྲུག་མཐར་གནས་དང་། །ཕ་རོལ་ཕྱིན་བཅུ་ལྷ་ཡི་སྦྱོར་བ་རྣམ་དག་བསྒོམ། །འདི་ན་གང་དག་དོན་མིན་སྤྱོད། །སྨད་པའི་གནས་ལ་བློ་རབ་ ཆགས། །ལྡོངས་པས་སྡིག་པ་མང་ལྡན་པ། །དེ་དག་རང་བཞིན་ཞི་བའོ། །ཆོས་གང་ལ་ནི་རྣམ་པར་ཤེས། །དེ་ཤེས་ཉིད་ནི་ཕ་རོལ་འགྲོ། །འདི་ལྟར་གང་ལ་དོན་གསལ་འཐོབ། །སིམ་འགྱུར་འོད་གསལ་བདེ་ཆེན་བསྲུངས། །ཨེ་མའོ་འགྲོ་བ་ཡང་དག་སྤྱོད། །གང་སྤྱོད་དེ་ཡིན་གཞན་མི་འགྱུར། །གནས་ མིན་གནས་སོགས་གང་བརྟགས་པ། །ནམ་ཡང་སྐྱེ་སོགས་མི་དམིགས་པའོ། །འོན་ཀྱང་ལོག་པས་ཅིག་ཤོས་སུ། །བསྒྲིབས་ནས་དྲི་མར་ཁྲིད་པ་ཡང་། །བདག་གི་ལས་གསུམ་ཡན་ལག་ལྔས། །དག་བཅས་ལྷག་མར་མི་བྱའོ། །སྤྱན་རས་གཟིགས་མགོན་ཉིད་དམ་བཅས། །སྤྱད་པ་སྤྱོད་ པའི་རིམ་ཇི་བཞིན། །སངས་རྒྱས་སྲས་པོ་བརྩེ་ཆེན་ཡང་། །ཕ་རོལ་ལྟོས་པ་མི་འཆིའོ། །འདི་ནི་ཇི་ལྟར་བདག་ཉིད་དང་། །སྡུག་བསྔལ་མངོན་འདོད་མི་འདོད་པ། །དེ་བཞིན་ལུས་ཅན་ཐམས་ཅད་ཀྱང་། །མཚུངས་ན་བདག་གཅིག་བདེ་བ་བརྩོན། །ཡོན་ཏན་ཕྲིན་ལས་ཐམས་ཅད་ལ། །རྒྱས་བཏབ་རྒྱལ་ སྲས་འབད་པར་བྱའོ། །གང་ཞིག་ཕན་བཏགས་དྲིན་ཤེས་པ། །དེ་ཡང་ཀུན་གྱིས་བསྔགས་འོས་ན། །མ་བཅོལ་རང་དགའ་བྱིན་རློབ་པའི། །བདག་ཉིད་ཆེན་པོ་ཅིས་མི་བསྔགས། །ཏིང་ངེ་འཛིན་གྱི་བྱིན་རླབས་རྫོགས་སོ།། ༄༅། །དཔལ་འཇིག་རྟེན་དབང་ཕྱུག་འཁོར་ལོས་སྒྱུར་བ་ལ་ཕྱག་ འཚལ་ལོ། །གང་ཞིག་དཔལ་ལྡན་བདུད་བཞིའི་དགྲ་བཅོམ་བྱང་ཆུབ་མཆོག་དབང་ཉིད་བརྙེས་ནས། །ཐུགས་རྗེས་མི་བསྙེལ་ལུས་ཅན་གཞན་ཡང་ཞི་བ་བླ་མེད་ལམ་བཟང་དུ། །སྨིན་མཛད་དབང་སྩོལ་ས་གསུམ་བདག་པོ་སྤྱན་རས་གཟིགས་དབང་ལ་བཏུད་དེ། །སྐལ་ལྡན་ཏིང་འཛིན་ཡེ་ཤེས་ སེམས་སྤྱོད་རྣམ་དག་དབང་བསྐུར་ཆོ་ག་བཤད། །ཡིད་འོང་གནས་སུ་བདེ་བ་ཡི། །རྐྱེན་སོགས་དམ་ཚིག་ཀུན་ལྡན་པས། །སྙིང་རྗེ་ཆེན་པོ་མདུན་གཞག་ལ། །གུས་པས་སྔོན་དུ་གསོལ་གདབ་པོ། །འདོམ་གང་སྲིད་འཕགས་ནམ་མཁར་ནི། །ཐུབ་པ་ཆེན་པོ་འཁོར་ལོས་སྒྱུར། །བདེ་ཆེན་ཡུམ་དང་ལྷན་ ཅིག་སྐྱེས། །དཔག་མེད་སྲས་བཅས་བསྒོམ་པར་བྱ། །སྣ་ཚོགས་དངོས་ཀུན་མཆོད་པའི་སྤྲིན། །ཀུན་དུ་བཟང་སྤྱོད་ཇི་བཞིན་དུ། །མཆོད་བྱས་སྡིག་པ་བསལ་ནས་སུ། །རྣམ་དག་དབང་བསྐུར་དེ་རྗེས་ནོད། །ལྷ་དང་བདག་ལུས་གནས་གསུམ་དུ། །རྡོ་རྗེ་འབྲུ་གསུམ་མངོན་བསམས་ལ། །དད་དང་ཐུགས་རྗེ་དམ་ཚིག་ གིས། །ཁ་དོག་རིམ་གསུམ་འོད་ཟེར་དབྱུང་། །སྐུ་མཆོག་སྙིང་པོ་ཨོཾ་ལས་འོད་ཟེར་དཀར་པོ་དང་། །གསུང་རྒྱུན་དྲི་མེད་ཨཱཿལས་དེ་བཞིན་དམར་པོའི་འོད། །རྣམ་དག་ཐུགས་བདག་ཧཱུཾ་ལས་རྣམ་འཕྲོས་རབ་སྔོ་ཟེར། །བདག་ལུས་ངག་ཡིད་གནས་གསུམ་ལ་རེག་དྲི་གསུམ་སེལ། །དེ་རྗེས་བདུད་རྩི་དཀར་དམར་སྔོ། ། དག་བྱེད་རྣམ་གསུམ་མན་ངག་བཞིན། །དེ་འོག་ཡེ་ཤེས་རྣམ་གསུམ་གཞུག །མཐར་ནི་གཉིས་མེད་བཞི་པའོ། །ཐིག་ལེ་གསུམ་རྒྱུན་སྦྱོར་བ་ནི། །དེ་རྗེས་བློ་གྲོས་ཆེན་པོས་བསྒོམ། །དབང་བསྐུར་ནས་ནི་གཤེགས་སུ་གསོལ། །ཏིང་ངེ་འཛིན་གྱི་དབང་བསྐུར་རྫོགས་སོ།། ༄༅། །འཕགས་པ་ པདྨའི་ཕྱག་ལ་ཕྱག་འཚལ་ལོ། །གང་གི་སྙིང་ལ་རྡོ་རྗེ་འཛིན་པའི་ཐུགས་རྗེའི་གཞུས་བསྐྱོད་བྱིན་རླབས་ཀྱི། །མདའ་རྩེ་རྣོས་བསྣུན་ཡུད་ཙམ་གང་ལ་ནག་པོའི་ཕྱོགས་ཀྱི་རྩ་ལག་དང་། །བདུད་ཀྱི་བུ་མོ་གཡོ་བའི་མིག་གིས་རྣམ་ཀུན་བལྟ་བར་མི་ནུས་པའི། །དཔལ་གང་བདེ་ཆེན་རབ་ཏུ་འབར་བྱེད་འཁྲུལ་འཁོར་ རྒྱལ་པོ་ལ་ཕྱག་འཚལ། །དེ་ནས་འཕགས་པ་ཐུགས་རྗེ་ཆེ། །ཡེ་ཤེས་འཁྲུལ་འཁོར་འབར་བ་ཞེས། །བྱ་བ་རང་ལུས་རྩ་མཆོག་གི། །བུ་ག་ཐོག་མར་བསམ་པར་བྱ། །རབ་དམར་རྡོ་རྗེ་རྣོན་པོའི་འོད། །ཁྲོ་ཞིང་ཧ་ཧར་བཞད་པའི་ཉམས། །ཐུགས་ཀ་ལས་བརྒྱུད་ཡེ་ཤེས་མེས། །ཞལ་བཀང་བདག་དོན་ བརྩོན་པ་པོ། །ལྕགས་ཀྱུ་པདྨོ་གཡས་དང་གཡོན། །བརྟུལ་ཞུགས་དྲག་པོ་རྩལ་འགྱེད་པ། །གཞན་གྱིས་མི་ཐུབ་སྟོབས་པོ་ཆེ། །ཚོན་གང་བར་ནི་བསྒོམ་པར་བྱ། །ལྟེ་བར་ཡེ་ཤེས་སྦར་བའི་རླུང་། །རྩིབས་བརྒྱད་གཤོག་པ་རྣོ་ལྡན་དང་། །དེ་དབུས་རི་ཡིག་གིས་མཚན་བཅས། །དྷཱུ་ཏཱི་ཡངས་པའི་རྐང་ ཟུག་པའོ། །དེ་དབུས་ནས་ཞུགས་ཡེ་ཤེས་རླུང་། །རབ་ཏུ་རྡོ་རྗེའི་རྐང་སོགས་ཅན། །སྙིང་དཀྱིལ་པདྨོ་འདབ་བརྒྱད་རྩ། །བསྡུས་ཤིང་གྲིམས་པར་བཟུང་བ་ཡིན། །དེ་ལྟེ་བདེ་གཤེགས་སྙིང་པོ་ཡི། །ས་བོན་ཡི་གེ་ཧཱུཾ་དཀར་འཁྲིགས། །བལྟས་ཏེ་དགང་བའི་རྣལ་འབྱོར་བརྩམ། །སྤྲུལ་པའི་ གནས་ཀྱི་འཁོར་ལོ་ནི། །རྩོལ་བའི་རླུང་ཤུགས་འདིས་བསྐྱོད་པས། །མགལ་མེ་བསྐོར་བ་ཇི་བཞིན་དུ། །སྒྲ་གྲག་འོད་ཟེར་འཁྲུག་པ་ཡི། །མི་བཟད་རབ་ཏུ་འཁོར་བར་འགྱུར། །དེ་ཕྱིར་ཡེ་ཤེས་ཤུགས་ལས་ཀྱང་། །མེ་ལྕེ་གཡོ་བ་དེ་བཞིན་དུ། །དེ་འབར་སྲོག་ཤིང་རླུང་གིས་ཀྱང་། །ཐོག་མེད་སྲོག་ གཡོ་སྙིང་གར་འགྱུར། །དེ་ཚེ་ཕེཾ་སྒྲ་དང་བཅས་པས། །སྟེང་ནས་ལྷ་ཡི་བདུད་རྩི་དབབ། །བདེ་ཆེན་རབ་ཏུ་གསལ་བའི་དངོས། །འབར་བ་རབ་འབར་ཆེར་འབར་འགྱུར། །གང་ཚེ་ཡེ་ཤེས་བཏུང་བ་ཡི། །ཆང་གིས་མྱོས་པར་མི་འགྱུར་བ། །དེ་ཚེ་རང་དབང་མེད་པར་ནི། །ལུས་སེམས་སྤྲོ་བས་ནོན་པར་ འགྱུར། །དཔལ་ཡེ་ཤེས་འབར་བའི་འཁྲུལ་འཁོར་རྫོགས་སོ།། ༄༅། །ཐུགས་རྗེ་ཆེན་པོ་ཚེ་རབས་དབང་དུ་གྱུར་པ་ལ་ཕྱག་འཚལ་ལོ། །དལ་བ་འདིས་ལམ་དབང་དུ་མ་གྱུར་བའི་སྒྲུབ་པ་པོ་རྣམས་ཀྱིས་བཅོམ་ལྡན་འདས་ཚེ་རབས་དབང་དུ་གྱུར་པའི་བརྟགས་པ་ བསྒོམ་པར་བྱ་སྟེ། ཇི་ལྟར་སྤྱོད་པའི་གནས་ཉིད་དུ། །འཇིག་རྟེན་ཕ་རོལ་དྲན་བྱས་ནས། །ཇི་སྐད་བཤད་པའི་མན་ངག་གིས། །དབང་གྱུར་འཕགས་པ་མཉེས་པར་བྱ། །དལ་བ་རིང་དུ་མི་གནས་དང་། །རྒྱུ་དང་འབྲས་བུས་རྗེས་འབྲེལ་ལ། །སོམ་ཉི་སྤངས་ནས་སྲིད་པ་ལས། །ཡིད་བྱུང་ཞི་ལ་དགའ་བ་ བསྐྱེད། །བདག་གིས་ཡོངས་སུ་གཟུང་བ་གང་། །ཇི་ཙམ་ཆགས་པས་རྗེས་བསྲུངས་པ། །དེ་དག་དེ་ཙམ་སྐྱོ་བ་ཡིས། །མཆོད་སྦྱིན་བྱས་ཏེ་གཅིག་པུར་གནས། །ཞིང་འདིར་གདུག་པ་དྲག་པོ་དང་། །མི་གཡོ་ལ་སོགས་འདུན་པ་ཆེ། །ལྟོས་བྲལ་ལྷག་པར་མོས་བཅས་པ། །རྣལ་འབྱོར་རྒྱལ་པོ་ངེས་པར་བྱ། ། དེའི་འོག་ཏུ་བདག་ཉིད་ཀྱི་སྙིང་པོ་གསུམ་ལྷའི་མཚན་མ་གསུམ་དུ་བསྒྱུར་ཏེ། ཐ་མལ་ལུས་ལས་འདས་ནས་ཏིང་ངེ་འཛིན་སེམས་དཔའི་མངོན་པར་འདུ་བྱེད་པས་བཅོམ་ལྡན་འདས་ཚེ་རབས་དབང་དུ་གྱུར་པའི་གཟུགས་ཀྱི་འདུ་བྱས་པ་ལ་ཞུགས་ཏེ་བླ་མ་དང་ལྷ་རྗེས་སུ་དྲན་པ་དང་མ་བྲལ་བ་བཞིན་དུ་རིག་ པ་མཆོག་གི་སྔགས་འདི་བརྗོད་པར་བྱའོ། །ཨོཾ་ཨཱཿཧྲཱིཿམ་མ་པ་ར་ཛཱརྨྨ་རཀྵཱ་བ་ར་ཎེ་གུབྷི་བིརྱ་བྱ་མ་ཧེ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿསརྦ་དུཥྚཱ་ན་མ་མ་ཀྲྀ་ཏེ་ཛཾ་བྷ་ཡ། སྟཾ་བྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿམ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་མ་པ་ར་ཛཱརྨྨ་ཛཱརྨྨ་ཏ་ར་སརྦ་པྲ་སྠེ་བེ་རཱཀྵ་བ་ར་ཎཾ་ གུབྷི་སྨ་ར་སྨ་ར་པྲ་ཏི་ཛྙཱ་མ་ཧཱ་ས་མ་ཡ་སུ་སྨ་ར་སྭཱ་ཧཱ། བརྩོན་པའི་ཆ་ལུགས་གནས་ཞབས་གཉིས། །གང་དུ་འདོད་པའི་ཞིང་དེར་བསྐྱོད། །ཆུ་སྐྱེས་ལ་སོགས་སྡོང་བུའམ། །རིན་ཆེན་ཕོ་བྲང་མཆོག་བདག་འཇུག །རྨི་ལམ་རྨིས་པས་བར་ཆོད་པ། །དོ་མོད་མཚན་མོའི་བར་སྐབས་འབྲས། །མཁས་ པས་དོགས་པ་མེད་བྱས་ཏེ། །ལྷ་བསྙེན་ཇི་ལྟར་འདོད་བཞིན་སྐྱེ། །སྐྱེ་བོ་ཀུན་གྱི་མངལ་སྒོར་ནི། །སྙིང་རྗེ་ཆེན་པོ་སྤངས་པའི་རྟེན། །ས་བོན་སྡིག་པ་བསམས་ནས་ནི། །རྟག་ཏུ་འཇིགས་པས་གོམས་པར་བྱ། །དཔལ་ལྡན་ཤར་སོགས་ཡོངས་དག་ཞིང་། །མངོན་དགའ་དྲག་པོས་རྟག་གོམས་པ། ། སྨོན་ལམ་ལྷན་ཅིག་དྲང་སྲོང་མཐུས། །སྐར་མདའ་ལྟ་བུར་ཐོགས་པ་མེད། །སྐྱེ་བ་བསྡམས་པའི་ཆོ་ག་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྒྲུབ་པོ་གང་ཞིག་འཆི་བ་དང་། །འཆི་བ་མ་ཡིན་ལྟས་གང་དག །གང་ཚེ་མངོན་དུ་གྱུར་པ་ན། །མགོན་ པོའི་སླུ་བ་འདིར་བཤད་དོ། །འཇིག་རྟེན་གཡེང་བ་མ་ལུས་ལས། །རྣམ་དབེན་དལ་བ་བསྒྲུབས་ནས་ནི། །མཆོག་གསུམ་སྐྱབས་འགྲོ་ནས་བརྩམས་ཏེ། །ཅི་རིགས་ཆོས་སྤྱོད་བརྩམ་པར་བྱ། །ལོངས་སྤྱོད་བཤེས་དང་ལུས་ཉིད་དང་། །བྱང་ཆུབ་ཕྱོགས་ཀྱི་མངོན་པར་ཞེན། །རྣམ་བཅུ་རྣམ་གསུམ་ སྤངས་ནས་ནི། །ལྟོས་པ་ཐམས་ཅད་རྣམ་པར་དོར། །མི་རྟག་སྡུག་བསྔལ་བདག་མེད་དང་། །སྟོང་པ་ཉིད་ཀྱི་རྣམ་ཐར་གྱིས། །འཁོར་བའི་གནས་ལ་ཡིད་ཕྱུང་ཞིང་། །མྱ་ངན་འདས་ལ་མངོན་པར་དགའ། །དེ་ནས་བསྐྱེད་པའི་རིམ་པའི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། ཁ་ལྷོ་ཕྱོགས་སུ་བལྟས་ ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་བྱེད་པ་དང་མ་བྲལ་བས་མིག་མི་འཛུམས་པར་མདུན་གྱི་ནམ་མཁའ་ལ་རྒྱལ་བ་ལྷ་ཉི་ཤུ་རྩ་ལྔའི་དཀྱིལ་འཁོར་མངོན་པར་གསལ་བར་བྱའོ། །གལ་ཏེ་སྤྲོས་པར་ནུས་ན་ནི་སྐུ་གསུང་ཐུགས་ཡེ་ཤེས་ཕྲིན་ལས་མཛད་པ་དམ་ཚིག་རྣམ་པ་བདུན་ གྱི་དཀྱིལ་འཁོར་བདག་ཉིད་ཀྱི་སྙིང་ག་རླུང་སེམས་ཀྱི་ངོ་བོ་ཧྲཱིཿགསལ་པོ་བསིལ་བའི་འོད་ཟེར་ཅན་ལ་ཤེས་པ་གཏད་ནས་ཇི་བཞིན་དགུག་པའི་སྦྱོར་བས་གཞུག་པར་བྱའོ། །དེའི་འོག་ཏུ་རང་གི་ཉེར་བསྡོགས་ཀྱི་དངོས་པོ་གང་ཡིན་པ་འདི་དག་ཉིད་ལྷའི་རྣམ་པར་དག་པར་དམིགས། མངོན་པར་ ཆགས་དང་ཡོངས་སུ་སྡང་། །རབ་ཏུ་མི་ཤེས་གཞི་གསུམ་གྱི། །དབང་གིས་ལས་གང་མངོན་གྱུར་གང་། །དེ་འདིར་མགོན་པོ་གསུམ་དུ་མོས། །དབུས་སུ་མཐིང་ག་རྡོ་རྗེ་ཅན། །གཡས་སུ་དམར་མཛེས་རལ་གྲི་འཛིན། །གཡོན་དུ་དཀར་གསལ་ཞགས་བསྣམས་པ། །ཐམས་ཅད་གཡོན་ དུ་པདྨོ་མཚན། །རྒྱ་ཆེན་ཕོ་བྲང་ལྷར་བཅས་པ། །སྐད་ཅིག་གིས་ནི་ལྷ་གསུམ་འདིར། །བསྡུས་ལ་རིམ་པ་ཇི་བཞིན་དུ། །འགྲོ་བའི་འཆི་བདག་སྔར་བསླུ་བྱ། །གང་ཕྱིར་འཆི་བར་བྱེད་པའི་རྒྱུ། །ཉོན་མོངས་གསུམ་ཡིན་དེ་ཡི་རྐྱེན། །ལས་ཕྱིར་དེ་ཡི་མི་མཐུན་ཕྱོགས། །སྟོབས་ཆེན་སྤྱན་རས་ གཟིགས་དབང་བརྟེན། །དེ་བས་འཆི་བ་བཟློག་འདོད་པས། །སྐུ་དང་དེ་ཡི་ཉེར་བསྟན་དང་། །བསམ་པའི་ཐུགས་རྗེ་ཆེ་ཞེས་པ། །རྣམ་གསུམ་རིམ་གྱིས་བསྒོམ་པར་བྱ། །ཆོ་ག་འདི་ཡིས་འགྲོ་རྣམས་ཀྱི། །སྙིང་གི་བུམ་པ་ཆགས་སྡང་བཅས། །བཅས་ཤིང་དེ་ཡི་སྦྱོར་བ་དང་། །ཡན་ ལག་རྣམ་པར་གཞིག་པའང་འབད། །འདི་ཡི་འགྲུབ་པ་རྣམ་པ་བཞི། །མ་ལུས་འཆི་བ་བདག་ལེན་དང་། །དེ་དག་འཆི་བ་བཟློག་ཉིད་དང་། །སྨན་མཆོག་སྦྱོར་བ་ཉིད་དང་ནི། །འཆི་བ་མེད་དང་བརྩེ་ཆེན་གྱི། །ལྟོས་འདོར་ཁྱད་པར་ངེས་པའོ། །གལ་ཏེ་འབྱོར་ལྡན་སྐྱེ་བོ་འགའ། །ནུས་ན་དཀྱིལ་འཁོར་ ཆེན་པོ་ཡི། །སྒྲུབ་པའི་ཆོ་ག་ཇི་བཞིན་དུ། །མཁས་པས་འབད་དེ་བསྒྲུབ་པར་བྱ། །ཇི་སྲིད་འཆི་བདག་སྒྲ་གཅན་ལ། །རྣལ་འབྱོར་ཚེ་ཡི་ཟླ་བ་ཉ། །གྲོལ་འགྱུར་དེ་ཚེ་རྨི་ལམ་དུ། །གསུང་གི་དབུགས་འབྱིན་ཐོབ་པར་འགྱུར། །དེ་ནས་དགའ་སྟོན་ཚོགས་བསགས་ཕྱིར། །དཔག་མེད་མཆོད་པའི་ རྒྱ་མཚོ་ཡིས། །ཕྱི་ནང་གསང་དང་ཡང་དག་གིས། །སྤྱན་རས་གཟིགས་དབང་མཆོད་པར་བྱ། །འཆི་བ་སླུ་བའི་གདམས་པ་རྫོགས་སོ།། ༄༅། །དཔལ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔགས་པ་བདེ་ཆེན་གྲོང་འཇུག་པས། །བཅོ་བརྒྱད་ཨེ་དབྱིངས་ཕྱག་རྒྱ་བཅའ། ། གཡོ་བ་མི་གཡོ་བཟུང་ནས་ནི། །ལྷག་པའི་ལྷ་ཡི་རྣལ་འབྱོར་བྱ། །སྤྲུལ་པའི་གནས་སུ་རི་<ཡོང་‚བོང་>འཛིན། །མ་ལུས་བྱང་ཆུབ་སེམས་བསྡུས་གཟུགས། །ཟླ་བ་བཟང་བ་བདེ་བ་ཆེ། །འོད་མཛད་དྲོད་རླུང་སྲོག་བདག་བསམ། །ཧྲཱིཿ། ལྷ་དབང་ལྷན་ཅིག་སྐྱེས་པའི་སྐུ། །ཞལ་སྦྱོར་སྤྱི་གཙུག་གཟི་བརྗིད་ བཟང་། །སོར་བཞི་པས་ནི་བར་ཆོད་བཅས། །བསམས་ནས་འོད་ཀྱི་སྙོམས་འཇུག་བསྐུལ། །སྦྱོར་མཚམས་དཀར་དམར་རྒྱུན་ལྷུང་བས། །བདག་ལུས་དྲི་མེད་བྱས་ནས་སུ། །ཐོག་མར་གང་བསྐྱེད་ཕྱིས་དེ་བཞིན། །པད་མཆོག་ཟླ་བ་བཟང་སྟོབས་བསྐྱེད། །དེ་ནས་ཀུན་སྡུད་རྡོ་རྗེ་ཡི། །རླུང་བཟུང་ ནས་ནི་འདུས་པའི་འོད། །ཤིང་རྟ་ལམ་ཆེན་སྦྱང་བྱས་ནས། །ལྕགས་ཀྱུ་ལྟ་བུས་དྲང་བྱས་ལ། །གཏུམ་མོ་ཡེ་ཤེས་སྦར་བའི་མེས། །ལྟེ་བའི་དཀྱིལ་འཁོར་སྤྲོས་པས་ནི། །མེ་དཔུང་ལ་ནི་ལན་ཚྭ་བཞིན། །མི་བཟད་སྐྲར་བཅས་གྱེན་དུ་འཕར། །དེ་ཚེ་སྤྱི་གཙུག་རྡོ་རྗེ་འཛིན། །ཤེས་རབ་ཉིད་ལ་ བསྡུས་བྱས་ལ། །དེ་ཡི་པདྨོ་ཁ་ཕྱེ་བར། །རྣམ་ཤེས་བུང་བ་གཞུག་པར་བྱ། །སྐལ་ལྡན་ངོ་བོ་ཉིད་དབང་དུ། །བདེ་བ་མཆོག་གིས་རྒྱུད་ཚིམ་ཞིང་། །ཆོས་ཀུན་རྨི་ལམ་འདྲར་ཤེས་དང་། །གང་བསྒྱུར་སེམས་སྟོན་གྲུབ་པའི་རྫས། །དེ་ནས་འོག་གི་ཕོ་བྲང་ལྷ། །འོད་ཟེར་དཀྲུགས་པའི་སྦྱོར་བ་ཡིས། །ཞུ་བྱས་ དེ་ནི་གོང་མར་བསྟིམ། །ཐིམ་གྱུར་རང་གནས་བརྟན་པར་འདོད། །དཔལ་ལྷའི་གྲོང་ཁྱེར་དུ་འཇུག་པ་རྫོགས་སོ།། ༄༅། །བཅོམ་ལྡན་འདས་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཇིག་རྟེན་མགོན་ཞབས་ཀྱི། །ཆོ་ག་ཏིང་འཛིན་རྒྱལ་པོ་ཡི། །ཡོངས་དག་ཞིང་དུ་རྣམ་པར་ ཤེས། །འཕྲོ་བ་རྡོ་རྗེའི་སྐར་མདའ་བརྩམ། །ཤིན་ཏུ་ཡིད་དགའ་གྲུབ་པས་བྱིན་བརླབས་སམ། །ལྷ་མཆོག་ལེགས་གནས་ཏིང་འཛིན་གྲུབ་པའི་གཞི། །ཡང་ན་དུར་ཁྲོད་ཆུ་བོ་ཤིང་གཅིག་འགྲམ། །སྐལ་ལྡན་ཆགས་བྲལ་ཐེ་ཚོམ་མེད་པར་ཞུགས། །རྒྱ་ཆེན་མཆོད་སྦྱིན་རེ་བ་མེད་ཡིད་དག་པ་དང་། ། བཅས་ལ་རྒྱལ་བ་ལྷ་ཡི་ཕོ་བྲང་དགའ་ལྡན་དུ། །རྩེ་གཅིག་ཡིད་བྱེད་གང་ལ་ཆགས་པའི་གནས། །མེ་འོབས་དོང་ལྟར་མི་དགའ་སྐྱོ་བ་དྲག་བསྐྱེད་བྱ། །སྐྱིལ་ཀྲུང་རྒྱལ་པོ་རྡོ་རྗེའི་མདུད་པ་བརྟན་པ་ལ་གནས་ལ། །སྤྱི་བོ་སྙིང་ག་ལྟེ་དབུས་ཧཾ་དང་ཧཱུཾ་དང་ཨཾ་རིམ་བཞིན། །དཀར་དང་སྔོ་དང་དམར་པོ་འོད་ འཕྲོ་རྩ་ཆེན་སྦུབས་ནང་གཞུག །ཕ་མ་སེམས་དབྱིངས་ལུས་རླུང་སྲོག་བསྡུས་ཡི་གེ་གསུམ་ལ་བསྡུ། །སྐྱེ་མེད་ལས་སྐྱེས་མེ་ཡིས་རབ་བཞུས་རྒྱལ་སྲས་འོད་འཛག་སྤྲུལ་པ་བསྐྱོད། །ལྕགས་ཀྱུ་ཞགས་པ་རྡོ་རྗེ་རླུང་གིས་ཧཾ་ཨཾ་ཧཱུཾ་གསུམ་གཅིག་གྱུར་ཅིང་། །ཡེ་ཤེས་འོད་ཕྱུང་དྷཱུ་ཏཱིའི་ལམ་བྱུང་ ཤིན་ཏུ་དམར་གསལ་དག་བྱས་ལ། །རྗེ་བཙུན་ཕྱག་མཐིལ་པད་དབུས་ཨ་ལས་འོད་སྦུབས་དམར་པོ་ཡང་དྲང་བྱ། །དེ་ལ་རྗེ་བཙུན་སྤྱན་རས་གཟིགས་ཉིད་གདུལ་བྱའི་དོན་ལ་གཅིག་ཏུ་ཐུགས་རྣམ་པར་བརྩེ་བས་བདག་གི་ལྟོས་པ་ཐམས་ཅད་ཉེ་བར་དོར་བ་ཐུགས་བསྐྱོད་པ་ནི། རིགས་ཀྱི་བུ་ ཁྱོད་གང་གི་ཚེ་ཚེའི་དུས་བྱེད་པས་ཉིང་མཚམས་སྦྱོར་བའི་འཇིགས་པས་རབ་ཏུ་འཇིགས་པར་གྱུར་པ་དེའི་ཚེ། ཁོ་བོའི་ཐུགས་རྗེ་དང་བྱིན་གྱི་རླབས་ཀྱིས་ཅི་ནས་ཀྱང་། ཁྱོད་ཇི་ལྟར་འཇིགས་པ་མེད་པ་དེ་ལྟར་ཡང་དག་པར་སྐྱོབ་པར་འགྱུར་གྱིས་ཐམས་ཅད་ཀྱི་ཐམས་ཅད་དུ་རྣམ་པ་ཐམས་ཅད་ འཁོར་བའམ་ངན་སོང་དུ་ཡ་ང་བ་དང་འཇིགས་པར་མ་བྱེད་ཅིག །རིགས་ཀྱི་བུ་ཆེ་གེ་མོ་ཞེས་བྱ་བ་ཁྱོད་རྗེས་སུ་འཛིན་པའི་ལྷ་ནི་ང་ཡིན་ནོ་ཞེས་གསུངས་པས་དབུགས་ཕྱུང་སྟེ། ཇི་སྐད་བརྗོད་པ་དང་། སྐྱེ་བ་དྲག་པོ་གཉིས་ཀྱིས་གནས་གཉིས་ལ་མངོན་པར་དགའ་བ་དང་། གདུང་བ་ ཉིད་དང་ལྷག་པའི་ལྷ་ལ་གུས་པ་མི་བཟད་པས་སྐྱབས་སུ་གསོལ་བ་ནི་ཐབས་ཡིན་ནོ། །དེ་ནས་སྟོབས་ལྡན་སྤྲུལ་པའི་དབུས། །ལེགས་བཅུག་དྷཱུ་ཏཱིའི་དབུས་ནས་སུ། །སྦུབས་དག་ནས་ནི་སྲན་འབྲུམ་བཞིན། །མཁས་པས་རྣམ་ཤེས་འཕྲོ་བར་བྱ། །ཚངས་དབང་ཟ་དང་འགུལ་དང་འཕྲིག །དམིགས་ པ་རང་དབང་གྱུར་ཉིད་དང་། །གསོལ་བཏབ་ངལ་བསོས་གདོན་མི་ཟ། །བརྟན་པའི་འཕྲོ་བ་གྲུབ་པའི་ལྟས། །རྡོ་རྗེ་སྐར་མདའི་མན་ངག་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་ངན་སོང་སྦྱོང་བ་ལ་ཕྱག་འཚལ་ལོ། །སྙིང་རྗེ་ཆེན་པོ་ཡིད་གཞུངས་པས། །སྤྱན་རས་གཟིགས་ དཔལ་བསྙེན་བྱས་ཏེ། །ལུས་ཅན་མི་འདོད་བཞིན་དུ་ལྷུང་། །དེ་དག་ངན་འགྲོ་བཟློག་པར་བྱ། །སྔོན་ནས་སྦྱངས་པ་ཉིད་དང་ནི། །གཞན་དག་གློ་བུར་བྱ་བ་ཉིད། །དེ་བཞིན་ཕྱི་ནས་གཞན་གྱིས་ཏེ། །མཆོག་དང་བར་མཐའ་གྲངས་བཞིན་འདོད། །བདག་ཉིད་གང་ལ་ལྷག་པར་དད། །མེ་ཏོག་ལྷུང་ བ་ཉིད་དམ་སྔ། །གོམས་པར་བསྙེན་པར་བྱས་པས་ལྷ། །འཇིག་རྟེན་དབང་ཕྱུག་ཐུགས་ཀར་དགོད། །དེ་ཉིད་ལྷག་པའི་ལྷ་ཡིན་ན། །ས་བོན་ནམ་ནི་ལྷ་ཡི་སྐུ། །ཡང་ཡང་གོམས་པར་རང་གི་སེམས། །དེ་ཡི་ཐུགས་བཅུག་ཏིང་འཛིན་བྱ། །མི་གཡོ་བ་དང་རྩེ་གཅིག་དང་། །ཀུན་དུ་སྡུད་ པ་ཞེས་བྱ་བའི། །མིང་ཅན་འོད་ཟེར་འདུ་སྔོན་འགྲོས། །གཡེང་བ་སྤངས་ལ་བརྟན་པར་གནས། །སྤྱི་བོ་སྙིང་ག་ལྟེ་བ་ནི། །ཧཾ་དང་ཧཱུཾ་དང་ཨཾ་བསམས་ནས། །བླ་མའི་མན་ངག་གིས་གཅིག་ཏུ། །བསྡུས་ནས་འཕེན་པ་ཐབས་ཡིན་ནོ། །དེ་ནས་རྟེན་ལ་ཡིད་འཕྲོག་ཅིང་། །དམིགས་པ་བརྟན་ པར་གྱུར་པ་ན། །འོད་ཀྱི་སྦུ་གུའི་སྦྱོར་བ་ཡིས། །རྟེན་དེ་ཉིད་དང་དེ་ཡི་ཞིང་། །མཁས་པས་བདག་དང་བདག་གིར་བྱ། །ཆོ་གའི་རྒྱལ་པོ་འདི་ཡིས་ནི། །རྣལ་འབྱོར་བར་དོར་འཇུག་པ་ན། །དྲན་པ་ཙམ་གྱིས་གོམས་པ་ཡིས། །རྟེན་ལ་བློས་འཇུག་འཇིགས་མེད་འགྱུར། །དེ་ལྟར་རིང་ནས་ ལམ་གོམས་པའི། །བློ་ལྡན་དུས་ལས་འདས་གྱུར་ཚེ། །འཕགས་པ་ངན་སོང་སྦྱོང་དཔལ་གྱི། །ཆོ་ག་བདུན་ཕྲག་བདུན་དུ་སྦྱངས། །རོ་འམ་རུས་པའམ་གོས་སམ་མིང་། །རྟེན་དེའི་མདུན་དུ་བཞག་ནས་སུ། །མ་དག་པ་དང་དག་པ་ཡི། །དཀྱིལ་འཁོར་གཉིས་ལ་རྟེན་གཉིས་གཞག །བརྡེག་ དང་བསྲེག་དང་བཀྲུ་བ་ཡིས། །དྲི་མ་གཞིག་གཞོམ་དད་པ་དག །དཀྱིལ་འཁོར་ནག་པོ་བྱ་བས་ཏེ། །བརྟན་དང་དབང་བསྐུར་བྱ་བ་ལའོ། །ཡུངས་ཀར་བྱེ་མ་ཐལ་ཆེན་ལ། །རིག་པ་བཟླས་ནས་བསྣུན་བྱ་ཞིང་། །སྦྱིན་སྲེག་ཆོ་གའི་བྱ་བ་ཡིས། །རྟེན་བཅས་བག་ཆགས་འབད་དེ་བསྲེག །ངན་སོང་ སྦྱོང་བའི་སྐུ་གསུང་ཐུགས། །བཞུ་བའི་ཆུས་བཀང་བུམ་པ་བླུགས། །རྡོ་རྗེའི་གླུ་བླང་རིག་པ་བཟླ། །མ་ལུས་དྲི་མ་བཀྲུ་བར་བྱ། །ཨོཾ་ཨཱཿཧྲཱིཿསརྦ་དུརྒ་ཏི་བ་རི་ཤོ་དྷ་ནེ་རཱ་ཛཱ་ཡ། ཨ་མུ་ཀེ་ཀཱ་ཡ་ཝཱཀ་ཙིཏྟ་སརྦ་པཱ་པཾ་ཏོ་ཥ་ཝ་ར་ཎ་བྷཾ་ག་བྷཾ། ཌ་ཧ་ཌ་ཧ། བཱར་ཙྪ་བཱར་ཙྪ། ཤོ་དྷ་ཡ་ཤོ་དྷ་ཡ་ཕཊ་ཕཊ་ སྭཱ་ཧཱ། དེ་རྗེས་དྲི་མ་དག་པའི་སེམས། །ལྷག་པའི་ལྷ་ལ་བཅུག་ནས་ནི། །ཇི་བཞིན་དབང་བསྐུར་བྱས་ཏེ་མཆོད། །དགའ་སྟོན་ཆེན་པོ་སྦྱིན་པར་བྱ། །ཚེ་འདས་པ་ལ་བྱ་བའི་ཆོ་ག་རྫོགས་སོ།། ༄༅། །བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་གཟི་བརྗིད་ཀུན་ནས་འབར་བ་ལ་ཕྱག་འཚལ་ལོ། ། དལ་བ་དོན་ཡོད་དུས་ལས་འདས་པ་དང་། །སྡིག་མང་ངན་འགྲོའི་སྒོར་ཞུགས་དེ་བཞིན་དུ། །ཡ་ང་བར་མ་ཉིང་མཚམས་སྦྱར་བའི་ཚེ། །དེ་རྟེན་ཆོ་ག་རྒྱལ་པོས་རྣམ་པར་སྦྱང་། །སློབ་དཔོན་ཤིན་ཏུ་སྙིང་བརྩེ་ཅན། །རིག་པ་རྒྱ་མཚོ་ཕ་རོལ་སོན། །བརྟན་ཞིང་མི་འཕྲོགས་མཁས་པ་ཡིས། །དབུགས་ བྲལ་སློབ་མ་མདུན་དུ་གཞག །ཆུས་བཀྲུས་དྲིས་བྱུགས་རྒྱན་བཏགས་ཏེ། །བརྡེག་དང་བཀྲུ་སོགས་ཆོ་ག་བཞིན། །དེ་ནས་སྔགས་བཅས་བདུག་པ་ཡིས། །བགེགས་བསྐྲད་འཁོར་ལོ་བཅིངས་ནས་ནི། །སྤྱི་གཙུག་བླ་མ་ཡབ་དང་ཡུམ། །སྙོམས་ཞུགས་ཐིག་ལེ་མ་ལྷུང་བ། །གོམས་པའི་ལྷ་ རྟེན་མདུན་གནས་ཀྱི། །ཤངས་བུག་ནས་ནི་མྱུར་བསྡུས་ཞེས། །དེ་ཡི་ཐུགས་དཀྱིལ་པདྨོ་བསྒོམ། །རྡོ་རྗེའི་རྒྱས་བཏབ་ཟུམ་པའི་ནང་། །མི་འགྱུར་ཡོངས་འགྱུར་ལྷ་གཟུགས་བསྐྱེད། །སླར་བྱུང་ཞིང་མཆོག་དེ་སྲས་གྱུར། །དོགས་སུ་མཐར་ཕྱིན་གྲུ་འདྲ་ཡིས། །ཕུང་པོ་མ་དག་དག་པ་དང་། །དག་ པ་དྲི་མེད་བསྲེག་རྫས་སུ། །བྱིན་གྱིས་བརླབས་ལ་རྟོག་བྲལ་མཆོད། །སྔགས་ཆུ་དྲི་ལྡན་ཡུངས་ཀར་དང་། །རལ་གྲི་ལ་སོགས་མཚོན་བརྡར་ཕྱེ། །མར་དང་ཏིལ་སྦྱར་བླུག་ཅིང་བསྲེག །མེ་ལྕེ་འབར་བའི་ལྟས་རྣམས་བརྟག །གསོན་ཚེ་གོམས་པར་བྱས་པ་ཡིས། །འབྲས་བུ་དེ་རིང་དུས་ ཡིན་གྱི། །བུ་ཁྱོད་འཁྲུག་པར་མ་བྱེད་པར། །བརྟན་པར་རྣལ་འབྱོར་དྲན་པར་གྱིས། །ཁྱོད་ཀྱི་ལུས་ཀྱི་གྲོང་ཁྱེར་ནི། །རྟེན་འདི་ཡིན་ཏེ་དེ་ཡི་ཐུགས། །བུ་ཁྱོད་སེམས་དང་གཉིས་མེད་ཉིད། །ཁྱོད་ཀྱི་རྟག་གནས་འདི་ཡིན་ཏེ། །ཡོངས་དག་ཞིང་ནི་རྟག་པའི་ཡུལ། །རྗེས་འཛིན་བཤེས་གཉེན་འདི་ ཡིན་ཏེ། །འདི་དག་གནས་སྐབས་འབྲེལ་པའོ། །གང་ཡང་གནས་དང་ལུས་འདི་དང་། །སྤྱོད་ཡུལ་འདི་ལ་ཉེས་དམིགས་དང་། །ཡོངས་དག་ཞིང་དང་རྟེན་དང་ནི། །སྤྱོད་ཡུལ་མཆོག་བརྗོད་ངེས་པར་བྱ། །གཞན་ཡང་འཁོར་དང་མྱ་ངན་འདས། །སྡིག་དང་དགེ་ལེགས་སྐྱོན་ཡོན་མང་། །སྔགས་ མཚམས་དལ་བུས་རྙེད་ནས་སུ། །སྐྱོ་དང་སྤྲོ་བས་དབུགས་དབྱུང་ངོ་། །དེ་རྗེས་གཏོར་མ་བཟང་བྱིན་ལ། །བཟང་པོ་སྤྱོད་པའི་སྨོན་ལམ་བཏབ། །དམ་ཚིག་འཛིན་པའི་སྔགས་བཟླ་ཞིང་། །རུས་པ་བསྡུས་ལ་མཆོད་རྟེན་བསྒྲུབ། །རོ་བསྲེག་གི་ཆོ་ག་རྫོགས་སོ།། ༄༅། །སྤྱན་རས་ གཟིགས་མེའི་ལྷ་ལ་ཕྱག་འཚལ་ལོ། །དེ་ནས་མེ་ལྷའི་གཙོ་བོ་སྦྱིན་སྲེག་མཉེས། །ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །འབར་བའི་དབུས་ན་བརྗིད་པའི་སྐུ། །མེ་ཐབ་དང་ནི་པདྨོ་འཛིན། །དམར་བའི་འོད་ཀྱིས་གདུག་པ་བསྲེག །སྒྲུབ་པོའི་དོན་མཛད་རྒྱལ་གྱུར་ཅིག །སྡིག་པ་ གཞིག་དང་དཔལ་བསྐྱེད་ཕྱིར། །ལས་ཀུན་སྒྲུབ་པར་བྱེད་པའི་རྒྱུ། །མེ་ཡི་ལས་ནི་ཕྱོགས་གཉིས་ལ། །མཁས་པས་འབད་དེ་རྣམ་པར་བརྟག །པདྨོ་ལྟ་བུའི་ཐབ་དཀར་མཛེས། །ཁྲུ་བཞི་ཁྲུ་གསུམ་ཁྲུ་གང་ཚད། །ཟླུམ་པོ་རྒྱ་ཕྱེད་སླར་བྲུས་པ། །སོར་བཞི་ཕྱིར་བསྐྱོད་བྱི་དོར་བྱུག །ཁ་ཁྱེར་སྟེགས་ ངོས་པདྨ་དང་། །རིན་ཆེན་དྲ་བ་དྲ་བ་ཕྱེད། །ཕྱི་རོལ་དཀྱིལ་འཁོར་འདབ་བརྒྱད་པ། །སྒོ་བཞིར་བཅས་དང་ཕོ་བྲང་ཉིད། །འོ་མ་འཛག་དང་དྲི་འབྱིན་དང་། །བཀྲ་ཤིས་བྱེད་པའི་ཡམ་ཤིང་ཚད། །ཅི་རིགས་དྲི་ཞིམ་སྔགས་བྱུགས་ལ། །བསངས་ནས་གཏོར་མ་སྔོན་འགྲོ་བས། །རོལ་མོ་ མཁན་དང་མེ་ཏོག་བརྒྱུད། །བྲམ་ཟེའི་ཁྱིམ་ནས་བླངས་པའམ། །ཡང་ན་རྡོ་རྗེ་ཡམ་ཤིང་ལ་སྩལ་མེ། །བསིལ་ཡབ་ཀྱིས་ནི་གཡབས་ཏེ་སྦར། །མར་དང་ཏིལ་དང་འབྲས་དང་ནས། །མེ་ཏོག་སྨན་དང་འབྲས་བུ་སྦྲང་། །ཞོ་ཟན་ཡུངས་ཀར་དཱུར་བ་ཤིང་། །མཐར་བྱེད་སྔགས་ཀྱིས་བསང་བར་བྱ། །ཨརྒ་ ལ་སོགས་བྱིན་བརླབས་ལ། །ལྷ་ཡི་སྦྱོར་བས་མེ་ལྷ་བསྐྱེད། །མེ་དང་ཡོ་བྱད་ཡམ་ཤིང་སྦྱངས། །ཡེ་ཤེས་བཀུག་པ་དབུལ་བར་བྱ། །ཨོཾ་བཛྲ་ཨགྣ་ཡེ་སྭཱ་ཧཱ། མར་དབུལ་བའོ། །ཨོཾ་བཛྲ་སརྦ་པཱ་པཾ་ད་ཧ་ན་བཛྲ་སྭཱ་ཧཱ། ཏིལ་དབུལ་བའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ། འབྲས་དབུལ་བའོ། ། ཨོཾ་བཛྲ་སན་ཏུཥྚ་ན་ཡེ་སྭཱ་ཧཱ། མེ་ཏོག་དབུལ་བའོ། །ཨོཾ་བཛྲ་ནིར་བྱཱ་དི་སྭཱ་ཧཱ། སྨན་དབུལ་བའོ། །ཨོཾ་བཛྲ་སརྦ་ཕ་ལ་ཡེ་སྭཱ་ཧཱ། འབྲས་བུ་དབུལ་བའོ། །ཨོཾ་བཛྲ་ཨ་ནུ་སྨྲྀ་ཏེ་སྭཱ་ཧཱ། སྦྲང་དབུལ་བའོ། །ཨོཾ་བཛྲ་སཾ་བ་དེ་སྭཱ་ཧཱ། ཞོ་ཟན་དབུལ་བའོ། །ཨོཾ་བཛྲ་ཨཱཿབིགྷྣཱན་སྭཱ་ཧཱ། བགེགས་བསལ་ བའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུར་བ་དབུལ་བའོ། །ཨོཾ་བཛྲ་བོ་དྷི་བྲྀཀྵ་ཡེ་སྭཱ་ཧཱ། ཡམ་ཤིང་དབུལ་བའོ། །ཨོཾ་ཨཱཿཧྲཱིཿན་མཿས་མནྟ་བུདྡྷཱ་ནཱཾ་ཨོཾ་ཨགྣ་ཡེ་ཨ་མུ་ཀ་སྱ་སརྦ་ཀརྨ་སིདྡྷི་ཀུ་རུ་སྭཱ་ཧཱ། བསྲེག་རྫས་ཐམས་ཅད་ཀྱི་མགོའམ་མཇུག་དུ་དགང་བླུགས་དབུལ་བའོ། །གཞན་ཡང་ མཆོད་པ་ཐམས་ཅད་ཀྱང་། །ཅི་རིགས་མཁས་པས་ཤེས་བྱས་ཏེ། །དགང་དང་བླུགས་པའི་ཕྱག་རྒྱ་ཡིས། །མཉེས་བྱས་ཁྲུས་དང་བཅས་པས་མཆོད། །མཐར་བཟོད་པར་གསོལ་བ་དངོས་གྲུབ་བླངས་ལ་གཤེགས་སུ་གསོལ་ནས་བདེ་བ་ལ་རེག་པར་གནས་པ་བྱའོ། །སྦྱིན་སྲེག་གི་ཆོ་ག་ རྫོགས་སོ།། ༄༅། །ཐུགས་རྗེ་ཆེན་པོ་བཀྲ་ཤིས་ཀུན་དུ་སྣང་བ་ལ་ཕྱག་འཚལ་ལོ། །དེ་ནས་ཀུན་དུ་སྣང་བ་བཀྲ་ཤིས་བྱེད། །ཅེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། །སློབ་དཔོན་གང་ཞིག་གདུལ་བྱའི་དོན་མཐོང་བས་བློ་རབ་ཏུ་ཕྱོགས་ཏེ། བསིལ་ཁང་གི་རྔ་ཡབ་ལྟ་བུར་ གཞན་གྱི་དབང་གིས་གཡོ་ཞིང་མི་བརྟན་པ་ཐོབ་པ་ན། དེས་བདག་ལ་དད་ཅིང་ལྟོས་པ་དོར་བ་རྣམས་ཀྱི་དོན་དུ་འཕགས་པ་ཟླ་བའི་ཁ་དོག་ཅན་ཡིད་ལ་བྱས་ལ། དཀར་པོའི་ཚེས་བརྒྱད་དང་བཅུ་དང་བཅོ་ལྔ་ལ་ཇི་སྙེད་འབྱོར་པའི་ཡོ་བྱད་དང་ལྡན་པས་ཡིད་དང་མཐུན་པའི་གནས་བྱིན་གྱིས་ བརླབ་པར་བྱའོ། །བཀྲ་ཤིས་བཟང་དང་བཀྲ་ཤིས་ནོར་འབྲུ་སྨན། །བཀྲ་ཤིས་མཆོད་རྫས་དང་ནི་བཀྲ་ཤིས་རྒྱན། །དཔལ་ལྡན་བཀྲ་ཤིས་དཀྱིལ་འཁོར་ཆེར་བྲི་ལ། །བཀྲ་ཤིས་རྒྱལ་པོ་སྤྱན་རས་གཟིགས་དབང་དགུག །གང་དག་གང་གི་ཕྱིར་དང་གང་དུ་ཇི་ལྟར་བྱ་ བའི་རང་བཞིན་ཐམས་ཅད་ལ་བཀྲ་ཤིས་ཞེས་སྦྱར་རོ། །ཤིས་པ་བརྗོད་པའི་དབྱངས་དང་སེམས་དང་རྗེས་སུ་མཐུན་པའི་རོལ་མོ་དང་གླུས་མཆོད་དོ། །མེ་ཏོག་དཀར་དམར་དང་ཙནྡན་དཀར་དམར་དང་རྒྱན་དང་དྲིའི་ཁྱད་པར་ངེས་པའོ། །ཡོ་བྱད་གློ་བུར་བ་དང་གསར་དུ་སྐྱེས་པ་མཐའ་དག་ ལ་རྒྱལ་བར་གྱུར་པའི་ཚིག་སྔོན་དུ་སོང་བས་སོ། །སྦྱིན་བདག་གམ་སློབ་མའི་ལུས་བཀྲུས་ལ་བཀྲ་ཤིས་ཀུན་དུ་སྣང་བའི་རྒྱས་གདབ་པོ། །དགེ་བའི་དཀྱིལ་འཁོར་ཟླུམ་པོ་དཀར། །ཀུན་དུ་འོད་མཛད་ཐུགས་རྗེ་ཆེ། །བཀྲ་ཤིས་བརྒྱད་ལྡན་པདྨོ་འཛིན། །ས་གནོན་ཏིང་འཛིན་མཆོག་གིས་ བརྗིད། །དེ་ནས་འཁོར་ལོའི་རྩིབས་བརྒྱད་ལ་གདུགས་ལ་སོགས་པ་བརྒྱད་དོ། །མུ་ཁྱུད་ལ་གྲུབ་པ་ཉི་ཤུའོ། །སྟེང་ནས་བཀྲ་ཤིས་ཀྱི་རྫས་སྣ་ཚོགས་པའི་ཆར་འབེབས་པ་ལྷའི་སྐུ་བརྒྱ་སྟོང་ཕྲག་མང་པོའོ། །མཆོད་པའི་སྤྲིན་དུ་མ་ལས་འབྲུག་སྒྲ་དལ་བུས་སྒྲོགས་པ་དང་། གློག་ འབྱིན་པ་ཡང་འགོད་པར་བྱའོ། །འོག་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་ལ་སོགས་པས་བུམ་པ་ནོར་བུས་གང་བ་འབུལ་བའི་ཚུལ་ལོ། །རྡོ་རྗེ་སློབ་དཔོན་ཀུན་དུ་སྣང་། །བཀྲ་ཤིས་རྣམ་པར་སྣང་མཛད་ཀྱི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །སྔགས་བརྗོད་བུམ་པ་དགུ་གང་བྱ། །བུམ་པ་གང་ བ་དགུ་ལ་སྔགས་ཀྱི་ཕྲེང་བ་དགུ་དགུ་བཞུ་བས་བྱིན་གྱིས་བརླབ་པོ། །རྫས་སྣོད་དང་བཅུད་མ་ལུས་པ་ལ་ནི་ལྷ་རྫས་ཀྱི་ནོར་བུ་རྡོ་རྗེས་མཚན་པ་རེ་རེས་བརྒྱན་པར་རོ། །ཕྱག་དང་བསྐོར་བ་བྱས་ནས་བགེགས་བསལ་ཏེ་བཀྲ་ཤིས་སྦྱིན་པར་བྱའོ། །རྡོ་རྗེ་དྲིལ་བུ་དཔའ་ཐོགས་ལ། །སྙིང་རྗེས་ཀུན་ དུ་བསྐོར་ཞིང་རྒྱུག །གནས་དང་གང་ཟག་རྣལ་འབྱོར་རྣམས། །མ་ལུས་བསྲུང་བའི་བཀྲ་ཤིས་སྩོལ། །ཨོཾ་ཨཱཿཧྲཱིཿཨ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཤྲཱི་ཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་ར་མཾ་ག་ལ་སིདྡྷི་ཨ་དྷིཥྛཱ་ནེ་ན་དཱ་ན་པ་ཏི་ཆེ་གེ་མོའི་སརྦ་པ་རི་གྲ་ཧཱ་སྭསྟི་མ་ཧཱ་མཾ་ག་ལ་སུ་མཾ་ག་ལ་པྲ་ཏི་མཾ་ག་ལ་སིདྡྷི་སིདྡྷི་ ཧཱུཾ་ཧཱུཾ་སྭཱ་ཧཱ། བཀྲ་ཤིས་ཀྱི་ཆོ་ག་རྫོགས་སོ།། ༄༅། །དཔལ་སྤྱན་རས་གཟིགས་སྐུ་གདུང་རྣམ་པར་སྣང་བ་ལ་ཕྱག་འཚལ་ལོ། །དེ་ནས་གཞན་ཡང་བཤད་བྱ་བ། །མཆོད་རྟེན་གྱི་ནི་ཆོ་ག་བརྗོད། །ཇི་བཞིན་བརྟགས་ཤིང་སྦྱངས་པའི་ས། །དྲི་ཞིམ་ཆུས་བྲན་གསང་སྔགས་བརྗོད། ། མགོན་པོ་སྙིང་རྗེ་ཆེ་རྣལ་འབྱོར། །སངས་རྒྱས་བསྟན་ལ་རབ་གུས་པས། །ཡོངས་དག་དཀྱིལ་འཁོར་མདུན་བྱས་ཏེ། །མཆོད་སོགས་ཆོ་ག་ཇི་བཞིན་བརྟག །དེའི་རྗེས་ལ་བསྲུང་བའི་དཀྱིལ་འཁོར་སྔོན་དུ་སོང་བས་མཚམས་བཅད་དེ། ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀ་ཏ་ཧཱུཾ་ཞེས་བརྗོད་དོ། །ཨོཾ་ཧྲཱིཿབཛྲ་ཁ་ན་ཁ་ན་ཧཱུཾ། ས་རྐོ་བའོ། །ཨོཾ་ཧྲཱིཿབཛྲ་ཨཱ་ཡུ་ཥེ་ཧཱུཾ། ས་བླང་བའོ། །ཨོཾ་ཧྲཱིཿབཛྲ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཆུ་སྦྱང་བའོ། །ཨོཾ་ཧྲཱིཿཨ་བཛྲ་བྷཱུ་མི་བྷུ་ལི་པཉྩ་རཏྣ་ཧཱུཾ། ས་དག་པར་བྱ་བའོ། །ཨོཾ་ཧྲཱིཿབཛྲ་བྷ་བ་ནི་སྭ་བྷཱ་བ་བི་ཤུདྡྷ་ཨ་དྷོ་ཡེ་ཧཱུཾ། བསྲེས་ནས་བརྫི་བའོ། །ཨོཾ་ཧྲཱིཿབཛྲ་མུངྒ་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཕཊ། བརྡུང་ཞིང་ མནལ་བའོ། །ཨོཾ་ཧྲཱིཿབཛྲ་ཨུདྦྷ་བ་ཡ་སྭཱ་ཧཱ། འབི་འབི་བྱ་བའོ། །ཨོཾ་ཧྲཱིཿབཛྲ་ཨ་ར་ཛེ་སྭཱ་ཧཱ། ཏིལ་བྱུག་པའོ། །ཨོཾ་ཧྲཱིཿདྷརྨ་དྷཱ་ཏུ་གརྦྷེ་སྭཱ་ཧཱ། འབི་འབི་གཞུག་པའོ། །ཨོཾ་ཧྲཱིཿདྷརྨ་དྷཱ་ཏུ་གརྦྷེ་བཛྲ་རཱུ་བེ་ནིརྨ་ན་ཡ་སྭཱ་ཧཱ། ཕྱག་རྒྱས་འདེབས་པའོ། །ཨོཾ་ཧྲཱིཿབཛྲ་མུངྒ་ར་ཨཱ་ཀོ་ཊ་ཀརྫ་སིདྡྷེ་ཧོ་ སྭཱ་ཧཱ། ཐོབས་བསྐྱོད་པའོ། །ཨོཾ་ཧྲཱིཿབཛྲ་ལོ་ཀ་ནཱ་ཐ་ནིརྨ་ན་པྲ་ཀ་སེ་སྭཱ་ཧཱ། དབྱུང་བའོ། །ཨོཾ་ཧྲཱིཿབཛྲ་སུ་པྲ་ཏིཥྛི་ཏ་བཛྲེ་སྭཱ་ཧཱ། །བཞུགས་སུ་གསོལ་བའོ། །ཨོཾ་ཧྲཱིཿབཛྲ་ཙ་ཀྲ་པྲ་བརྟ་ན་སྭཱ་ཧཱ། །འཁོར་ལོ་གཟུགས་པའོ། །ཨོཾ་ཧྲཱིཿམ་ཧཱ་ཚྩ་ཏྲོ་ལ་ཧཱུཾ་སྭཱ་ཧཱ། གདུགས་དབུལ་བའོ། །ཨོཾ་ ཧྲཱིཿཔཉྩ་ལི་ཀ་བཱསྟྲ་ཧཱུཾ་སྭཱ་ཧཱ། ན་བཟའ་གསོལ་བའོ། །ཨོཾ་ཧྲཱིཿསརྦ་དེ་ཤ་ཡ་ཨ་བི་དི་ཀྵཱ་མ་ཀ་ར་ཧཱུཾ་སྭཱ་ཧཱ། བཟོད་པར་གསོལ་བའོ། །ཨོཾ་ཧྲཱིཿཨཱ་ཀ་ས་དྷརྨ་སྭ་བྷཱ་བ་བི་ཤུདྡྷ་ཧཱུཾ་སྭཱ་ཧཱ། ལྷ་མཆོག་ང་རྒྱལ་བརྟན་ལས་དད་པ་ཡི། །གཡོ་བ་འོད་ཀྱི་ཕྲེང་བ་དཀར་བསྐྱེད་དེ། །ཡེ་ཤེས་སྤྱན་ དྲངས་སྐུ་གསུམ་རང་བཞིན་ལ། །དེ་ཉིད་རྡོ་རྗེ་བརྟན་པའི་སྔགས་བརྗོད་གཞུག །ཨོཾ་ཨཱཿཧྲཱིཿབཛྲ་ཏྲི་ཀཱ་ཡ་པྲ་ཏིཥྛི་ཏེ་ཧཱུཾ་སྭཱ་ཧཱ། རབ་ཏུ་གནས་པའོ། །ཨོཾ་ན་མོ་བྷ་ག་ཝ་ཏྱཻ་རཏྣ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་རཏྣེ་རཏྣེ་རཏྣ་བི་ཛ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧྲཱིཿ ཧཱུཾ་ཕཊ་སྭཱ་ཧཱ། རྟེན་ཡོངས་སུ་དག་པར་བྱ་བ་དང་། ཆོ་ག་ཕུན་སུམ་ཚོགས་པར་བྱའོ། །ཚ་ཚ་འདེབས་པའི་ཆོ་ག་རྫོགས་སོ།། ༄༅། །འཕགས་པ་སྤྱན་རས་གཟིགས་གསེར་མདོག་ཅན་ལ་ཕྱག་འཚལ་ལོ། །ཡོན་ཏན་མ་ལུས་རྒྱ་མཚོ་ཡི། །མཐར་ཕྱིན་གསེར་འོད་ ཁ་དོག་ཅན། །མཛད་པ་གཅིག་གིས་གདུལ་བྱ་ཡི། །དཔག་མེད་དོན་གྲུབ་ཉིད་ཞབས་འདུད། །སྔོན་དུ་གོམས་པ་ཐོབ་པ་ཡིས། །ཚོགས་པ་ཚང་བར་བྱས་ནས་ནི། །སྙིང་རྗེ་ཅན་གྱི་པགས་པ་ལ། །མི་གཡོ་རྡོ་རྗེའི་ཕྱག་རྒྱས་འདུག །མེ་ཡི་ལས་སམ་གཏོར་མར་བཅས། །གུས་པ་དྲག་པོས་ མཆོད་སྔོན་འགྲོ། །རིམ་དང་ཅིག་ཅར་བསྐྱོད་པའི་རིམ། །མཁས་པས་རྫོགས་པའི་རིམ་པ་བསྒོམ། །ཇི་སྙེད་སྐུ་གསུང་ཐུགས་རྟེན་ཡོད། །དེ་སྙེད་སྟོན་པ་ཉིད་ཡིན་ཏེ། །རབ་ཏུ་གནས་པ་མི་འཐད་མོད། །ལྷག་པར་གནས་ཕྱིར་རབ་གནས་བརྗོད། །དེ་ལ་སྐུ་ཁྲུས་བྱུག་པ་སོགས། །ཕུ་དུད་ བྱས་ལ་མཛེས་ཞུགས་ཏེ། །སློབ་དཔོན་ལྷ་ཡི་ང་རྒྱལ་གྱིས། །ཡེ་ཤེས་བསྡུས་ལ་གཉིས་པ་གཞུག །ཨོཾ་ཨཱཿཧྲཱིཿཛཿ། ཨོཾ་ཨཱཿཧྲཱིཿཧཱུཾ། ཨོཾ་ཨཱཿཧྲཱིཿབཾཾ། ཨོཾ་ཨཱཿཧྲཱིཿཧོཿ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ། །མཐེའུ་ཆུང་ལུ་གུ་རྒྱུད་དུ་སྦྲེལ། །མཛུབ་མོ་གཉིས་ནི་ལྕགས་ཀྱུའི་ཚུལ། །རྒྱུ་འདི་ ཡེ་ཤེས་དགུག་པའོ། །དེ་ལས་མཛུབ་མོ་གཉིས་བཀུག་དང་། །རྡོ་རྗེ་བསྡམས་དང་གར་བསྒྱུར་བ། །དགུག་པ་བཅིང་དང་དགྱེས་བྱ་བ། །རིམ་པ་བཞིན་དུ་ཤེས་པར་བྱ། །ཇི་ལྟར་བདག་ཉིད་ལ་བཅིངས་པ། །དེ་བཞིན་རྟེན་ལ་ཡང་ཡིན་ཏེ། །བཅིངས་ནས་དབང་བསྐུར་རྒྱས་གདབ་དང་། །མཆོད་པ་ ལ་སོགས་བདག་འཇུག་བཞིན། །ཨོཾ་ཨཱཿཧྲཱིཿབཛྲ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཏིསྠི་རཱ་ཧཱུཾ་ཧཱུཾ་བཛྲ་ཛྙཱ་ན་ཨ་དྷིཥྛཱ་ནི་སརྦ་ལཀྵ་ཎ་པ་རི་པཱུ་ར་ཧཱུཾ་ཧཱུཾ་ཧཱུཾ་སརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷཱ་བི་མ་ལ་ད་མ་ཧཱུཾ་ཧཱུཾ་ཧཱུཾ། རྡོ་རྗེའི་ལུས་ཀྱི་པདྨའི་ལག །རིན་ཆེན་མེ་ཏོག་སྙིམ་པར་བཟུང་། །འཁོར་ལོའི་གར་བསྒྱུར་རྒྱ་གྲམ་གྱི། །ཕྱག་རྒྱ་ལྡན་ པས་གཏོར་བར་བྱ། །དེ་ནས་མེ་ཏོག་རྩི་ཐོག་བཅུད། །དྲི་བཟང་མང་དང་ལྡན་པ་ཡི། །གསེར་གྱི་ཐུར་མ་རྡོ་རྗེས་མཚན། །ཐོགས་ལ་མཁས་པས་སྤྱན་དབྱེའོ། །ཨོཾ་ཨཱཿཧྲཱིཿཙཀྵུ་ཙཀྵུ་བཛྲ་ཙཀྵུ་ས་མནྟ་ཙཀྵུ་པི་ཤོ་དྷ་ཡ་ཙཀྵུ་ཡེ་སྭཱ་ཧཱ། ཅི་འབྱོར་པའི་ཡོན་ཕུལ་ཏེ་བཟོད་པར་གསོལ་ནས་འཁོར་བ་ཇི་ སྲིད་བར་བཞུགས་སུ་གསོལ་བ་དང་། ཕྲིན་ལས་ལ་ཐོགས་པ་མེད་པར་གསོལ་བ་བཏབ་ལ། དགའ་སྟོན་དང་མཆོད་སྦྱིན་ཆེན་པོས་ཐམས་ཅད་ཡོངས་སུ་ཚིམ་པར་བྱའོ། །ཨོཾ་ཨཱཿཧྲཱིཿཧོཿ། རབ་ཏུ་གནས་པའི་ཆོ་ག་གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ་གུཔྟས་མཛད་པ་རྫོགས་ སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲཱ་ནནྟའི་ཞལ་སྔ་དང་། ཁ་ཆེའི་པཎྜི་ཏ་ཆེན་པོ་བུདྡྷ་ཤྲཱི་ཛྙཱ་ནས་གཏན་ལ་ཕབ་ནས། བོད་ཀྱི་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་བཟང་པོ་ཞེས་བྱ་བས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ས་ཧ་སྲ་བྷཱུ་ཛ་ ནཻ་ཏྲ་སཱ་དྷ་ནཾ། བོད་སྐད་དུ། ཕྱག་སྟོང་སྤྱན་སྟོང་གི་སྒྲུབ་ཐབས། འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་རྣམས་ཀྱི་མགོན་པོ་མཆོག །དཀར་པོ་ཐུགས་རྗེ་རྟགས་འཆང་བའི། །བྱམས་པའི་སྟོབས་ཀྱིས་འགྲོ་འདུལ་བ། །དམ་པ་དེ་ལ་ཕྱག་འཚལ་ནས། །བདག་ཉིད་དྲན་ ཕྱིར་སྒྲུབ་ཐབས་གང་། །ངེས་པའི་ཤེས་པས་བྲི་བར་བྱ། །འགྲོ་བ་རྣམས་ཀྱིས་དབེན་པ་ཡི། །ཡིད་དུ་འོང་བའི་ས་ཕྱོགས་སུ། །ས་གཞི་ལེགས་པར་བྱུགས་བྱས་ལ། །མེ་ཏོག་དྲི་ཞིམ་བཀྲམ་བྱས་ཏེ། །གཅིག་དང་སྦྱར་བས་འདུག་པའི་སྟན། །བདེ་བ་ལ་འདུག་བྱས་ནས་ནི། །འགྲོ་བའི་དོན་ དུ་སེམས་བསྐྱེད་ལ། །སྙིང་གར་རཾ་ལས་གྱུར་པ་ཡི། །འོད་འབྱུང་དམར་པོ་བསམ་བྱས་ནས། །དེ་སྟེང་ཐུགས་ཡིད་ལས་གྱུར་པའི། །གནོད་མཛེས་རྒྱལ་པོར་བདག་བསམས་ཏེ། །ཆུ་ཤིང་རམ་ཤིང་སྦྱར་བའི་སྒྲས། །ཕྱོགས་བཅུ་དག་ཏུ་སྡིགས་མཛུབ་དང་། །སྔགས་ཀྱིས་ཡང་དག་བསྐྲད་ པར་བྱ། །ཨོཾ་སརྦ་བི་གྷྣཱན་ཧ་ན་ཧ་ན་ཧཱུཾ་ཕཊ་རཀྵ་རཀྵ་སྭཱ་ཧཱ། དེ་ནས་བདག་ཉིད་སྙིང་ག་ལས། །ཨ་ལས་རི་བོང་ཅན་བསམས་ནས། །དེ་ནི་ཐུགས་མཆོག་བསྒོམ་པར་བྱའོ། །དེ་ལས་འོད་ཟེར་ནག་པོ་དག །ས་གཞི་དག་ལ་སྤྲོས་བྱས་པས། །ས་གཞི་ལ་སོགས་རྡོ་རྗེར་གྱུར། །དེ་ལས་འོད་ འཕྲོས་ར་བ་དང་། །གུར་དང་བླ་རེ་དྲ་བ་དང་། །ཤིན་ཏུ་མངོན་པར་བསྒོམ་པར་བྱ། །དེ་ནས་ནམ་མཁར་བླ་མ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་དག །སྔོན་དུ་མངོན་སུམ་དམིགས་པ་ལ། །ཕྱག་འཚལ་བ་དང་མཆོད་པ་དང་། །སྡིག་པ་བཤགས་དང་ཡི་རང་དང་། །བསོད་ ནམས་བ