Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 1 / 21 (50.000 ký tự/trang)
༄༅༅། །རྒྱ་གར་སྐད་དུ། མ་ཧཱ་སཱ་ཧ་སྲཱ་པྲ་མརྡ་ནི་ས་ཏ་སཱུ་ཏྲ་ཊཱི་ཀཱ། བོད་སྐད་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོའི་འབུམ་འགྲེལ་ལོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པ་ལ་ཕྱག་འཚལ་ ལོ། །ཐམས་ཅད་མཁྱེན་དང་ཐམས་ཅད་དགའ། །སྐྱེ་འགྲོ་ཀུན་གྱི་བླ་མ་ཉིད། །དངོས་གྲུབ་ཐོབ་ལ་ཕྱག་འཚལ་ནས། །ཉུང་ངུ་བསྡུས་ཏེ་ཡང་དག་དགྲོལ། །སྟོང་ཆེན་རབ་འཇོམས་མདོ་སྡེ་ཡང་། །འབུམ་འགྲེལ་ བདག་གིས་བཤད་པར་བྱ། །འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བ་ནི། འདི་སྐད་ཅེས་བྱ་བ་ནི་སྒྲོ་སྐུར་དང་བྲལ་བའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་ཀུན་དགའ་བོའོ། །གྲོགས་མེད་དམ་ཞེ་ན། ཉན་ཐོས་ལ་ སོགས་པ་ཐབས་ཅིག་ཏུ་ཐོས་པའོ། །སུ་ལས་ཐོས་ན། བཅོམ་ལྡན་འདས་ལས་སོ། །གང་ཐོས་ན་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ་འདི་ཐོས་པའོ། །སུས་ཐོས་ན་ཀུན་དགའ་བོས་ཐོས་སོ། །དུས་གཅིག་ན་ ཞེས་བྱ་བའི་སྒྲ་ནི་དོན་གཉིས་ལ་འཇུག་སྟེ། སྡུད་པ་པོ་ཤེས་རབ་ཆེ་བར་གོ་བ་དང་། དམ་པའི་ཆོས་འབྱུང་བར་དཀོན་པའི་དོན་ཏོ། །སྟོན་པ་ནི་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་པ་ནི་བཞི་ བཅོམ། བཞི་ནི་དགྲའོ། །དགྲ་ནི་བདུད་བཞིའོ། །བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དང་བཞིའོ། །གང་གི་དུས་ན་བཅོམ་ཞེ་ན། རྡོ་རྗེ་གདན་ལ་ བཞུགས་པའི་དུས་སུའོ། །ལྡན་ཞེས་བྱ་བ་ནི། སྐལ་བ་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །འདས་ཞེས་བྱ་བ་ནི། མྱ་ངན་ལས་འདས་སོ། །འདས་པ་ནི་གང་གི་དུས་ན་འདས་ཤེ་ན། དཔྱིད་ཟླ་ར་བའི་གནམ་སྟོང་གི་ནུབ་མོ། བྱང་ཆུབ་སེམས་དཔའ་ དང་ཉན་ཐོས་དང་འཁོར་བཞི་ལ་སོགས་པ་ལ་ཞལ་ཆེམས་ཕོག་པ་ལ་ང་མྱ་ངན་ལས་འདས་པའི་འོག་ཏུ། ངའི་ཆོས་འདི་དགྲ་བཅོམ་པ་ལྔ་བརྒྱ་འདུས་པས་བསྡུ་བ་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་དེའི་ཕྱི་དེ་དབྱར་ཀ་དགྲ་ བཅོམ་པ་ལྔ་བརྒྱ་འདུས་ནས་བཀའ་བགྲོས་མཛད་དེ། སྡུད་པ་པོ་སླ་ལ་དོན་བསྡུ་བ་མཛད་དོ། །དེ་ནས་ལོ་བརྒྱ་ཉི་ཤུ་ན། དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ་རྒྱལ་པོ་མ་སྐྱེས་དགྲས་ཡོན་བདག་བྱས་ཏེ་ཚིག་བསྡུ་བ་མཛད་དོ། །དེའི་ཚེ་སངས་རྒྱས་ཀྱིས་གསུངས་པ་ ལ་མ་གསུངས་ཟེར་བ་དང་། མ་གསུངས་པ་ལ་གསུངས་ཟེར་བ་བྱུང་ངོ་། །དེ་ནས་དགྲ་བཅོམ་པ་རྣམས་ཀྱིས་བཀའ་བགྲོས་པ་ད་ལྟའི་དུས་སུ་བདག་ཅག་བཅོམ་ལྡན་འདས་ལས་དངོས་སུ་ཐོས་པ་རྣམས་ཀྱང་མ་མཐུན་ན། ཕྱི་རབས་པ་ཐམས་ཅད་སྒྲོ་སྐུར་ འབའ་ཞིག་ཏུ་འབྱུང་བས། སངས་རྒྱས་ཀྱི་བཀའ་རྟགས་སུ་རྒྱ་རྣམ་གསུམ་གདབ་པར་བྱའོ། །སྡོམ་པའི་ཚིགས་སུ་བཅད་པའི་རྒྱ་དང་། དགེ་བ་གསུམ་གྱི་རྒྱ་དང་། ཆོས་རྟགས་ཀྱི་ཕྱག་རྒྱ་བཞིའི་རྒྱས་བཏབ་པ་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདིར་ནི་དགེ་བ་གསུམ་དང་། བཀའ་རྟགས་ཀྱི་ ཕྱག་རྒྱ་བཞིས་རྒྱས་བཏབ་པའོ། །ཀྱེ་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་ངས་བཤད་པའི་ཆོས་ཐམས་ཅད་ཐེག་པ་གསུམ་དུ་བཤད་ཀྱང་། ཐེག་པ་ནི་གཅིག་ཡིན་པར་གསུངས་སོ། །དེ་ནས་ཤཱ་རིའི་བུ་ལངས་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་མགོ་བོས་ཕྱག་འཚལ་ ཏེ། ཤཱ་རིའི་བུས་བཀའ་སྩལ་དུ་གསོལ་ཞེས་ཞུས་སོ། །བཅོམ་ལྡན་འདས་ཐེག་པ་ནི་གསུམ་ཞེས་བྱ་བར་གསུངས་ན། ཐེག་པ་གཅིག་ཡིན་ཞེས་བྱ་བ་ནི་འགལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤཱ་རིའི་བུའམ་རིགས་ཀྱི་བུ་ཉོན་ཅིག །དཔེར་ན་སྔོན་གྱི་དུས་སུ་མི་རྒན་པོ་ ཅིག་ཡོད་དེ། ཤིན་ཏུ་ཕྱུག་པ་ནོར་དང་ཡོ་བྱད་ཕུན་སུམ་ཚོགས་པ། རྣམ་ཐོས་སྲས་ཀྱི་ནོར་ཇི་ཙམ་ཡོད་པ་དེ་ཙམ་ཡོད་དེ། རྒན་པོ་དེའི་བུ་དགྲས་ཁྱེར་ནས་མ་རྙེད་དོ། །རྒན་མོ་དེས་མྱ་ངན་བྱས་པས་རང་གི་ཡུལ་དུ་མ་བསྡད་པར་གཞན་གྱི་ཡུལ་དུ་འཕོས་ནས་ཡུལ་གཞན་ཞིག་ཏུ་བསྡད་དོ། །ལོ་མང་པོ་ ལོན་ནས་དུས་གཅིག་ན་བུ་དེ་ཤིན་ཏུ་ལྟོགས་པ་སྤྲང་ལོང་དུ་སོང་ནས་ཕའི་གན་དུ་བླངས་པས་ཕ་ངོ་མ་ཤེས་ཏེ། ཕས་ངོ་ཤེས་ཏེ་བུ་འདིར་ཤོག་ཅེས་བྱས་པས། བུ་འཇིགས་པས་བྲོས་སོ། །ཕ་ན་རེ་ཕ་གི་བྲོས་པ་ངའི་བུ་ཡིན། འདིར་ཁྲིད་ལ་ཤོག་བྱས་པས་མིས་བཟུང་བས་བུ་དེ་བརྒྱལ། ཁ་ནས་ དབུགས་ཀྱང་མ་ཐོན། འཆི་བའི་དུས་ལ་བབ་པས། ཕས་འདི་ཐོང་ཅིག་བྱས་པས་བུ་དེ་ལངས་ནས་སོང་ངོ་། །ཕྱིས་བུ་དེའི་གྲོགས་པོ་དང་ནམ་ཞིག་ཏུ་གཉིས་བོས་སོ། །ནམ་ཞིག་ཏུ་བུ་དེ་ཡང་བྱུང་ངོ་། །གྲོགས་པོ་མེད་པར་བྱུང་ངོ་། །ཁྱིམ་དེར་ཡང་བསྡད་དོ། །ནམ་ཞིག་ན་ཕ་ན་རེ་ཁྱོད་བུར་བྱ་ང་ ཕར་བྱ་ཟེར་རོ། །བུ་ན་རེ་རུང་ཟེར། ཞག་གཅིག་གཉིས་ན་ལོར་སོང་ནས་བུ་ལ་སྨྲས་སོ། །རྒན་པོ་ན་རེ་ཚོང་དཔོན་ཕུན་སུམ་ཚོགས་པ་ཡིན་ཟེར། ཡུལ་གོ་ཤམ་པ་ཡིན། བུའི་མིང་དྲི་མ་མེད་པ་ཡིན་དེ་ཟེར་བ་དང་བུས་ངའི་ཕ་ཡིན་པར་འདུག །ངའི་ཁྱིམ་ཡིན་པར་འདུག་སེམས་ནས་བློ་བརྟན་ ནོ། །དཔེ་དེ་བཞིན་དུ་ཐེག་པ་གཅིག་ཅེས་བྱའོ། །དེ་སྐད་བྱས་ནས་མྱ་ངན་ལས་འདས་སོ། །དུས་ནི་དཔྱིད་ཟླ་ར་བའི་ཚེས་གཅིག་ལ་འདས་སོ། །བཅོམ་ལྡན་འདས་ཞེས་བྱ་བའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི་དནྡ་ཀའི་གྲོང་ཁྱེར་དང་། ཀ་ལིང་ཀའི་གྲོང་ཁྱེར་དང་། མ་ག་དྷཱའི་ གྲོང་ཁྱེར་དང་གསུམ་ཡོད་པ་ལས། མ་ག་དྷཱའི་གྲོང་ཁྱེར་ན་དྲང་སྲོང་སྒོམ་ཆེན་ཅིག་ཡོད་པ་ལ་བྱིས་པ་ཅིག་གིས་གནོད་པ་བྱས་པས། དྲང་སྲོང་གི་ཁ་ནས་མེ་བྱུང་བས། གྲོང་ཁྱེར་གསུམ་པོ་ཚིག་པས་དུར་ཁྲོད་གསུམ་དུ་གྱུར། དེའི་ཚེ་ལྷའི་བུ་ཤེད་ལས་སྐྱེས་དད་ཤེད་བུ་གྲོགས་གཉིས་ བྱུང་སྟེ། འཇིག་རྟེན་གྱི་མི་རྣམས་བྱུང་སྟེ། དང་པོ་ལྷའི་ཞལ་ཟས་བདུད་རྩི་ཟ། གཉིས་པ་བདུད་རྩིས་ཞག་ཟ། དེ་གཉིས་ཀྱང་གསོག་འཇོག་གིས་ནུབ་སྟེ། གསུམ་པ་འབྲས་སཱ་ལུའི་ལྗང་པ་ཟ། དེའི་ཚེ་མི་རྣམས་འབྲས་སཱ་ལུའི་ལྗང་པ་ལ་མ་མཐུན་ནས། མི་རྣམས་ཀྱིས་འདུས་ནས་ འདུན་མ་བྱས་པས། འོ་ཅག་རྣམས་ལ་དཔོན་པོ་ཅིག་དགོས་པར་འདུག་བྱས་ནས་ཡོད་པས། དེའི་ཚེ་ཤིང་ཅིག་ལས་སྒྲ་བྱུང་སྟེ། ཤིང་གི་ལྦ་བ་བཅད་པས་རིན་པོ་ཆེ་བཻ་ཌཱུརྱ་གདུང་ཤ་རི་རམ་འདྲ་བ་ཅིག་བྱུང་། དེའི་ནང་ནས་རྒྱལ་པོ་མང་པོས་བཀུར་བ་ཞེས་བྱ་བ་བྱུང་ངོ་། །དེའི་མཚན་ ཉིད་ནི་དབུ་སྐྲ་ཨིནྡྲ་ནཱི་ལ་ལྟར་འདུག་པ། སོ་དུང་སོ་འཁོར་བར་འདུག་པ། འགྲམ་པ་སེང་གེ་འདྲ་བ། སྤྱན་དཀར་མདངས་ཕྱེད་པ་རྫི་མ་རིང་བ། སྐུ་ཆུ་ཞེང་གབ་པ། འཁོར་ལོས་སྒྱུར་བའི་ཆ་བྱད་ཅན་ཅིག་བྱུང་ངོ་། །དེར་ཁྲིམས་བཅས་ཏེ། མི་རྣམས་ཀྱི་བསོད་ནམས་བརྟག་པར་བྱ་བའི་ ཕྱིར། འབྲས་སཱ་ལུའི་ལྗང་པ་བགོས་སོ། །འཇག་མའི་སྤྱིལ་པོ་ལ་མེ་མི་བཏང་བའི་ཁྲིམས་བཅས་སོ། །དེ་ནས་དུས་ནམ་ཞིག་ན། རྒྱལ་པོའི་བཙུན་མོས་མེ་ཤོར་བས། རྒྱལ་པོ་ན་རེ་རང་གི་ཁྲིམས་རང་གིས་བཤིག་ཏུ་མི་བཏུབ་པས། བྱ་རྒོད་ཕུང་པོའི་རིའི་ནུབ་ཕྱོགས་སུ་ངའི་ཁྱིམ་ ཞིག་རྩིགས་ཤིག་གསུང་ངོ་། །དེ་ནས་བརྩིགས་པས་ཉིན་མོ་བརྩིགས་པ་ནུབ་མོ་ཞིག་པ་ལ། རྒྱལ་པོའི་ཞལ་ནས་ང་བསོད་ནམས་ཁྱད་པར་དུ་འཕགས་པ་ཡིན་པས་ཕྱོགས་བཞིར་རྒྱལ་པོའི་ཁབ་ཡིན་ནོ་ཞེས་བྲིས་ཤིག་གསུངས། ཕྱོགས་བཞིར་རྒྱལ་པོའི་ཁབ་ཡིན་ནོ། ། བྲིས་པས་མི་མ་ཡིན་གྱི་གནོད་པ་ཞིའོ། །དེ་ནས་ཕོ་བྲང་བཻ་ཌཱུརྱ་རང་ཤེལ་བྱ་བར་ཡང་གྲགས་སོ། །རྒྱལ་པོའི་ཁབ་ཀྱི་ཚད་ནི་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གྲོང་ཁྱེར་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ར་བ་རིམ་པ་བདུན་གྱིས་བསྐོར་བ། འོབས་རིམ་པ་བདུན་དང་། ཤིང་ཏ་ལའི་ཕྲེང་བ་ རིམ་པ་བདུན་གྱིས་ཡོངས་སུ་བསྐོར་བ། ཆུར་དཔག་ཚད་བཅུ་གཉིས་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་པ། རྒྱ་ཆེ་བ། འབྱོར་བ་རྒྱས་པ། བདེ་བ། ལོ་ལེགས་པ། སྐྱེ་བོ་མང་པོ་དང་། མིས་གང་བ། གྲོང་བར་གྱི་སྲང་མཉམ་ཞིང་མཚུངས་པ། ལྟ་ན་སྡུག་པ། ལྔ་བརྒྱ་དག་གིས་རི་མོར་བྲིས་པ་ བཞིན་དུ་གཏམས་པ། སྐྱེ་བོ་བཞོན་པ་དང་། ཁྲི་ཉམ་མི་ང་བ་དང་། བར་བར་དུ་ཟམ་པ་བཏགས་པ་ལེགས་པར་གྲུབ་པ་གྲོང་ཁྱེར་གྱི་འཁོར་ཡུག་ཏུ་ཞོལ་གྱི་ཕྱི་རིམ་རིན་པོ་ཆེ་སྣ་བདུན་ལས་ལེགས་པར་བྱས་ཤིང་བསྐོར་བ། རིན་པོ་ཆེ་སྣ་བདུན་གྱི་ར་བ་དེ་དག་གི་མདའ་ཡབ་རྣམས་ནི་འཛམ་ བུ་ཆུ་བོའི་གསེར་ལས་བྱས་པ། མཐོ་ཞིང་ཚད་དང་ལྡན་པ། མདའ་ཡབ་ཐམས་ཅད་ཀྱི་རྩེ་མོ་ལས་ཀྱང་རིན་པོ་ཆེ་སྣ་བདུན་གྱི་ཤིང་སྐྱེས་ཏེ། རིན་པོ་ཆེ་སྣ་བདུན་གྱི་ཤིང་ཐོག་གི་འབྲས་བུ་ཆགས་པ། མདའ་ཡབ་ལས་ཤིང་སྐྱེས་པ་ཐམས་ཅད་ལས་ཀྱང་རིན་པོ་ཆེའི་ཐེ་གུ་བྱུང་བས། མདའ་ཡབ་གཉིས་པ་ཤིང་གཞན་དང་འབྲེལ་བ་ཐམས་ཅད་དང་ལྡན་པའི་གྲོང་ཁྱེར་དེ་དག་ཐམས་ཅད་གསེར་གྱི་དྲིལ་བུ་གཡེར་ཁའི་དྲ་བས་ཁེབས་ཏེ་གསེར་གྱི་དྲིལ་བུ་གཡེར་ཁ་དེ་དག་ལ་རླུང་གིས་བཏབ་ན་སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་འདི་ལྟ་སྟེ། དཔེར་ན་ ཡན་ལག་ལྔ་དང་ལྡན་པའི་རོལ་མོའི་ཚོགས་པ། རོལ་མོ་མཁན་མཁས་པས་བརྡུང་ཞིང་བླངས་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་བ་དེ་བཞིན་དུ་དྲིལ་བུ་གཡེར་ཁ་དེ་དག་ལ་རླུང་གིས་བཏབ་ན། སྒྲ་འཇམ་ཞིང་སྙན་པ་ཡིད་དུ་འོང་བ་དག་འབྱུང་སྟེ། སྒྲ་དེས་སེམས་ ཅན་དེ་དག་རྩེ་དགའ་ཀུན་དུ་སྤྱོད་དོ། །གྲོང་ཁྱེར་དེར་ཁོ་ར་ཁོར་ཡུག་ཏུ་འོབས་ཆུ་རྗེས་སུ་མཐུན་པར་འབབ་པར་གང་ཞིང་ཆུ་ཧ་ཅང་ཡང་མི་གྲང་ཧ་ཀྱང་ཡང་མི་དྲོ་བས་གང་བ་དག་ཡོད་དོ། །ཆུ་དེ་ལ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ལས་གྲུབ་པ། རིན་པོ་ཆེ་སྣ་བདུན་རྣམ་པར་བཀྲ་ ཞིང་ལྟ་ན་སྡུག་པའི་གྲུ་དག་ཡོད་དེ། དེར་སེམས་ཅན་དག་ཞུགས་ནས་རྩེ་དགའ་ཞིང་རབ་ཏུ་རྒྱུའོ། །ཆུ་དེ་དག་ཐམས་ཅད་ཀྱང་མེ་ཏོག་ཨུཏྤ་ལ་དང་། ཀུ་མུ་ད་དང་པུཎྜ་རཱི་ཀ་དག་གིས་ཁེབས་པ། མེ་ཏོག་རིགས་ཆེ་ཞིང་བཟང་ལ་དྲི་ཞིམ་པོ་དང་ལྡན་པ་གཞན་དག་ གིས་ཀྱང་ཁེབས་ཏེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ཡོད་པའི་མེ་ཏོག་གི་རིགས་དེ་ལས་དེ་ན་མེད་པ་གང་ཡང་མེད་དོ། །གྲོང་ཁྱེར་དེའི་ནང་ནས་སྐྱེད་མོས་ཚལ་ལྔ་བརྒྱ་ཡོད་དེ་ཐམས་ཅད་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ་ ཤ་སྟག་སྟེ་སྐྱེད་མོས་ཚལ་དེ་དག་རེ་རེ་ན་ཡང་རྫིང་བུ་ཁོར་ཡུག་ཏུ་རྒྱང་གྲགས་ཀྱི་ཚད་ཙམ། ལྔ་བརྒྱ་ཡོད་དེ། རྫིང་བུ་དེ་དག་གི་ཁོར་ཡུག་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱི་མེ་ཏོག་ཨུཏྤ་ལ་དང་ཀུ་མུ་ད་དང་། པུཎྜ་རཱི་ཀ་རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ་དག་སྐྱེས་ཏེ། དེ་དག་གིས་ ཆུ་དེ་ཁེབས་ཤིང་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པུཎྜ་རཱི་ཀའི་དྲི་ཞིམ་པོ་དེ་དག་ཐམས་ཅད་ཀྱང་། ཆུ་ཞེང་དུ་ཤིང་རྟའི་འཁོར་ལོ་ཙམ་སྟེ། མཐིང་ག་ཁ་དོག་མཐིང་གར་སྟོན་པ། མཐིང་གར་སྣང་བ། སེར་པོ་ཁ་དོག་སེར་པོ། སེར་པོར་སྟོན་པ། སེར་པོར་སྣང་བ། དམར་པོ་ཁ་དོག་དམར་པོ། དམར་པོར་སྟོན་པ། དམར་པོར་སྣང་བ། དཀར་པོ་ཁ་དོག་དཀར་པོ། །དཀར་པོར་སྟོན་པ། དཀར་པོར་སྣང་བ་དག་ཡོད་དོ། །རྫིང་བུ་དེ་དག་ཐམས་ཅད་ན། ངར་ངུར་དང་། ཁྲུང་ཁྲུང་དང་། ཀ་རན་ད་ཀ་དང་། ས་ར་ས་སྒྲ་འབྱིན་པ་དག་ཡོད་དོ། །སྐྱེད་ མོས་ཚལ་དེ་དག་ཐམས་ཅད་ཀྱང་ང་ཡིར་བྱ་བ་མེད་ཅིང་རིས་སུ་བཅད་པ་མེད་དེ། རྒྱལ་པོའི་ཁབ་ཅེས་བྱའོ། །ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་བཞུགས་པ། བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་ནི་གཞལ་ཡས་ཁང་ངོ་། །ཅིའི་ཕྱིར་གཞལ་ཡས་ཁང་ཞེ་ན། སངས་རྒྱས་རབས་བདུན་ བཞུགས་ནས་ཆོས་གསུངས་པའི་ཕྱིར་རོ། །བྱ་རྒོད་ཕུང་པོའི་རི་ནི་བརྩེགས་པའོ། །ཅིའི་ཕྱིར་ན་བརྩེགས་ཤེ་ན། རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ཕྱིར་རོ། །གསེར་དང་། དངུལ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་ལ་སོགས་པས་རི་རབ་བཞིན་དུ་བརྒྱན་པས་གཞལ་ཡས་ ཁང་ངོ་། །རི་རབ་དེའི་ཚད་དང་རྒྱན་ནི་འདི་ལྟ་སྟེ། མཐོ་བ། ཟླུམ་པ། གནམ་འཕང་དང་། རྒྱར་ཡངས་པ། ལོ་ཐོག་ཐམས་ཅད་ཀྱི་ས་འཛིན་པ། མེ་ཏོག་དང་། ཕྲེང་བ་དང་། སྤོས་རྣམ་པ་སྣ་ཚོགས་དང་ལྡན་པ། མིའམ་ཅི་དང་སྐྱེས་བུའམ། དྲི་ཟའི་ཚོགས་རྣམ་པར་རྒྱུ་བ། གནོད་ སྦྱིན་དང་། སྲིན་པོ་དང་། ཤ་ཟ་རྣམ་པ་མང་པོ་གནས་སོ། །དེ་དག་ནི་ལྷོ་ཕྱོགས་སུ་རྒྱུ་བའོ། །རི་དགས་ཀྱི་ཚོགས་རྣམ་པར་རྒྱུ་བ་ལ་འདི་ལྟ་སྟེ། སེང་གེ་དང་། སྟག་དང་། གླང་པོ་ཆེ་དང་། བསེ་དང་། དོམ་དང་། དྲེད་དང་། གཟིག་དང་། མ་ཧེ་དང་། ཤ་ཀྲ་དང་། བསེ་ཁ་སྒོ་ དང་། བ་ལང་སྔོན་པོ་དང་། བ་ལང་དང་། ཤ་བ་དང་། ཤན་དམར་དང་། སྤྲེའུའི་ཚོགས་རྣམ་པར་རྒྱུ་བའོ། །དེ་དག་ནི་བྱང་ཕྱོགས་སུ་རྒྱུ་བའོ། །དེ་ན་བྱ་མང་པོ་བརྒྱ་སྟོང་གནས་པ་འདི་ལྟ་སྟེ། ནེེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་དང་། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། གྷུ་གྷུ་ཏ་ཀ་དང་། ཀ་ད་ཀ་དང་། ཐིང་རིལ་དང་། ཡིད་འོང་ངང་པ་དང་། གོང་མ་སྲེག་དང་། ཨེ་ཏེ་ནུ་མ་ཀཱ་ཀ་དྷེ་ནུ་དང་། དྷན་དྷ་ཞེས་བྱ་བ་དང་། ཀ་ཏ་རུ་དྷ་དང་། མོ་ར་དང་། དྷུར་པ་དང་། བི་ར་བ་ཏ་དང་། རྡོ་རྗེ་མཆོག་དང་། ཀ་རན་ད་བ་དང་། ངང་སྐྱ་དང་། ཀུ་ཀུ་ ཧ་དང་། ནོར་སྐྱོང་དང་། ཤ་མ་དང་། ཤི་ཀན་ཤི་ལ་དང་། བྱ་གག་དང་། ཕུག་རོན་དང་། ཀག་ཀ་བ་དང་། ཀུར་ཏ་དང་། བྱ་རྒོད་དང་། ཤན་ཏ་ཤ་ཀ་དང་། ཙད་ཙ་ལ་དང་། གསེར་བུ་དང་། འོལ་བ་དང་། ཁྲ་དང་། ཁྲ་སེམས་དང་། འུག་པ་དང་། སྲེག་པ་དང་། ཀ་ བིན་ད་ཀ་དང་། བ་ཏི་ཀ་དང་། ཙ་ཏི་ཀ་དང་། ན་བ་ཙ་ཏི་ཀ་དང་། ཙ་ཤ་དང་། ཙ་ཀོ་ར་དང་། བྱ་གག་རྒོད་དང་། རྒྱགས་བྱེད་རི་སྐེགས་དང་། ཀ་ཏ་མ་ཀ་དང་། ཀ་ཙ་རུ་ཙ་ཀ་དང་། ཀ་ར་རུ་བེེ་ཀ་དང་། དེ་དག་ལ་སོགས་པ་བྱའི་ཚོགས་རྣམས་ནུབ་ཕྱོགས་ན་གནས་ཏེ། དེ་དག་ ཀྱང་སངས་རྒྱས་ཀྱི་མཐུས་འདོད་ཆགས་ཀྱི་གནོད་པ་མེད་དོ། །ཞེ་སྡང་དང་། གཏི་མུག་གི་གནོད་པ་མེད་དོ། །གཅིག་ལ་གཅིག་མི་ཟའོ། །དེ་དག་གཅིག་ལ་གཅིག་ཕ་མར་འདུ་ཤེས་ཤིང་གནས་སོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ། དྲང་སྲོང་དང་། མི་དང་། མི་སྣ་ཚོགས་ཤར་ཕྱོགས་ན་གནས་པའོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཤིང་གི་ཚོགས་བརྒྱ་སྡོང་དུ་མ་ཡལ་ག་སྡུག་ཅིང་ལོ་མ་རྒྱས་པ། འདབ་ན་དྲང་སྲོང་གནས་པ་དག་ཡོད་པ་ལ་འདི་ལྟ་སྟེ། ཐང་ཤིང་དང་། བླག་ཤ་དང་། ཨ་ཤྭད་ཐ་དང་། པི་པི་ལིང་གི་ ཤིང་དང་། རྒྱ་སྐྱེགས་ཤིང་དང་། ཧར་ཏི་ཏི་དང་། ཨ་རུ་རའི་ཤིང་དང་། སྐྱུ་རུ་རའི་ཤིང་དང་། བ་རུ་རའི་ཤིང་དང་། ས་ལ་དང་། ཏ་ལ་དང་། ནགས་ཏ་མ་ལ་དང་། དོང་གའི་ཤིང་དང་། ཨ་མྲ་དང་། འཛམ་བུའི་ཤིང་དང་། ཁམ་ཤིང་དང་། ཀ་པིད་ཐ་དང་། རྒྱ་ཤུག་གི་ཤིང་དང་། སེང་ལྡེང་དང་། མ་དུ་ལུང་ཀ་དང་། བལ་པོ་སིའུ་ཤིང་དང་། སྟར་གའི་ཤིང་དང་། ཤིན་ཏུ་ཀ་ཏ་དང་། ཀུད་ཛ་ཀ་དང་། དྷང་བ་ཀ་དང་། ས་ར་ལ་དང་། ཨེ་ལ་དང་། ཀྵུ་པ་དང་། ནྱ་གྲོ་དང་། དྲྀ་དྷ་ནི་མ་དང་། བྷྲ་གོ་དང་། ཀམ་པི་ལ་དང་། པ་ལ་ཤ་དང་། ནི་ཡ་མ་དང་། ཀ་ཀེ་ རི་མ་དང་། ནིད་ཏྱ་པོ་ལོ་ཏི་དང་། པོག་དཀར་པོའི་ཤིང་དང་། སྲ་ཙི་པོག་གི་ཤིང་དང་། ཤིང་ཀུན་ཤིང་དང་། ཙནྡན་དང་། ཙནྡན་དམར་པོ་དང་། ཨུ་པ་ཏ་དང་། ས་ཀ་བི་ཙ་དང་། ག་ཛ་དང་། བི་གར་ཛ་དང་། གསེར་ཤིང་དང་། པ་ན་ས་དང་། རྒུན་ཤིང་དང་། ཤིང་ བལ་ཤིང་དང་། པ་རི་ཤ་ཀྲ་དང་། ཧི་ལ་དེ་ལྟ་དང་བཅས་པ་དག་གོ། །དེ་དག་ནི་ཕྱོགས་ཕྱོགས་ན་གནས་པའོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ། ཐང་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོ་དག་སྐྱེ་བ་འདི་ལྟ་སྟེ། ཨ་ཏི་མུ་ཀྟ་ཀ་དང་། ཙམ་པ་ཀ་དང་། སྐྱ་སྣར་དང་། པར་ཤི་ཀ་དང་། སྣ་མའི་མེ་ཏོག་དང་། དྲི་མཆོག་དང་། ཡུ་ཐི་ཀ་དང་། ད་ནུ་ཀ་རི་དང་། བལ་ལ་དང་། ཏ་ར་ནི་དང་། ག་བ་ཏ་ར་ནི་དང་། ཀང་ས་མུ་ན་དང་། ལུག་མིག་དང་། ཧི་རི་ནི་ཀ་དང་། མང་ཏ་ལི་ཀ་དང་། མཉྫུ་པུས་པི་ཀ་སྟེ། མེ་ཏོག་སྣ་ཚོགས་དེ་ལྟ་བུ་དག་གིས་ རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་གང་ཞིག་ཀུན་ལ་མཛེས་སོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཕྱོགས་ཕྱོགས་སུ་སྐྱེད་མོས་ཚལ་རེ་རེ་ཡོད་དེ། སྐྱེད་མོས་ཚལ་རེ་རེར་རྫིང་བུ་རེ་རེ་ཡོད། རྫིང་བུའི་ནང་ན་ཆུ་ལས་སྐྱེས་པའི་མེ་ཏོག་རྣམ་པ་མང་པོ་དག་སྐྱེ་བ་དག་འདི་ལྟ་སྟེ། ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། པད་ཀ་ནི་རི་ཧི་ཀ་དང་། ཀང་ཀ་ར་དང་། ཀང་ཀ་ར་ཆེན་པོ་སྟེ། དེ་ལ་སོགས་པ་ཆུ་ལས་སྐྱེས་པའི་མེ་ཏོག་རྣམས་ཀྱིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་མཛེས་པར་བྱས་སོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་རྟག་ཏུ་ རྒྱུན་མི་འཆད་པར་ནམ་གྱི་གུང་ཐུན་ལ་སྤྲིན་ཆེན་པོ་མངོན་པར་འདུས་ཏེ། ཐོག་མར་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ། ཆར་སྤྲིན་ལྟ་བུ་མངོན་པར་བསྒྲགས་ནས། བ་འཇོས་ཙམ་གྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆར་ཟིམ་བུ་དལ་བུ་དལ་བུས་འབབ་སྟེ། དེས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ ཕུང་པོའི་ཁོ་ར་ཡུག་ཏུ་ཚིམ་པར་བྱས་ནས། ཐོ་རངས་སྤྲིན་ལྷ་གྱེས་ཤིང་ནམ་མཁའ་ལ་སྤྲིན་མེད་པར་གྱུར་ནས། དེར་ཡང་བསིལ་ཞིང་འཇམ་ལ་སིམ་པར་བྱེད་པའི་རླུང་ལྡང་སྟེ། དེ་དག་གིས་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་གནས་པའི་སེམས་ཅན་ལ་བརྟ་བར་བྱེད། སིམ་པར་བྱིད། ཚིམ་ པར་བྱེད་དེ། འདི་ལྟ་སྟེ་དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ་མེ་ཏོག་གི་ཕྲེང་རྒྱུད་ཀྱི་སློབ་མས་ཕྲེང་བ་བརྒྱུས་ཟིན་ནས། ཆུས་བཏབ་པ་དང་། དེའི་ཕྲེང་བ་དེ་དག་སྔ་མ་བས་ཆེས་བཟང་བར་གྱུར་པ་དེ་བཞིན་དུ། རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ་རྟག་ཏུ་རྒྱུན་མི་འཆད་པར་ནམ་གྱི་གུང་ཐུན་ལ་ སྤྲིན་ཆེན་པོ་མངོན་པར་འདུས་ཏེ། ཐོག་མར་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་ཆར་སྤྲིན་ལྟ་བུའི་སྒྲ་མངོན་པར་བསྒྲགས་ནས། བ་འཇོས་ཙམ་གྱི་བར་དུ་ཡན་ལག་བརྒྱད་དང་ལྡན་པའི་ཆར་ཟིམ་བུ་ཟིམ་བུ་དལ་བུ་དལ་བུས་འབབ་སྟེ། ཐོ་རངས་སྐྱ་རེངས་ཤར་བའི་དུས་ན། སྤྲིན་ལྷ་གྱེས་ ཤིང་། ནམ་མཁའ་ལ་སྤྲིན་མེད་པར་གྱུར་ཏེ། ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་ལ། རྩྭ་གསར་པ་དག་སྐྱེས་ཏེ། རེག་བཟོད་པ་དང་ལྡན་པ་དྲི་དང་ལྡན་པ། སྔོ་ཞིང་འཇམ་པ། གཡས་ཕྱོགས་སུ་འཁྱིལ་བ་དག་སྐྱེ་བ་འདི་ལྟ་སྟེ། དཔེར་ན་རྨ་བྱའི་མགྲིན་པའི་སྤུའི་ཁ་དོག་བཞིན་ནོ། ། འདི་ལྟ་སྟེ་དཔེར་ན། བར་ཤ་ཀའི་མེ་ཏོག་གི་དྲི་བཞིན་ནོ། །འདི་ལྟ་སྟེ་དཔེར་ན། ཀ་ཙ་ལིནྡི་ཀའི་གོས་ལ་རེག་པ་བཞིན་ཏེ། རྐང་མཐིལ་བཞག་ན་ནི་སོར་བཞིས་ནེམས་ཞེས་བྱེད་པ། རྐང་པ་བཏེག་ན་ནི་སོར་བཞིས་པར་ཞེས་བྱེད་པ། མེ་ཏོག་དང་། འདབ་མ་དང་། འབྲས་ བུ་དང་ལྡན་པ། ལྟ་བས་ཆོག་མི་ཤེས་པ་དག་གོ། །ཡང་རིའི་རྒྱལ་པོ་བྱ་རྒོད་ཀྱི་ཕུང་པོ་དེ་ལ་འབབ་ཆུའི་དོང་དང་། མཚོ་བྲན་དང་། མཚོ་དང་། མཚེའུ་དང་། རྫིང་རྣམ་པ་མང་པོ་བསིལ་བའི་ཆུས་རབ་ཏུ་གང་བ་དག་ཡོད་དེ། དེ་དག་ལས་མེ་ཏོག་སྔོན་པོ་དང་། སེར་ པོ་དང་། དམར་པོ་དང་། དཀར་པོ་དང་། ལེ་བརྒན་དང་། ཤེལ་གྱི་ཁ་དོག་ལྟ་བུ་དང་། མེའི་ཁ་དོག་ལྟ་བུ་དང་། གསེར་གྱི་ཁ་དོག་ལྟ་བུ་ཆེ་ཚད་ཤིང་རྟའི་འཕང་ལོ་ཙམ་དག་སྐྱེས་ཏེ། དེ་དག་བཅད་ན་དྲི་ངད་ཕྱོགས་བཞིར་དཔག་ཚད་ཙམ་དུ་ལྡང་ངོ་། །བྱ་རྒོད་ཀྱི་ཕུང་པོའི་རི་ཞེས་བྱ་བའོ། ། རིའི་རྒྱལ་པོ་དེའི་རྩེ་མོའི་ལྷོ་ཕྱོགས་ཀྱི་ངོས་ན། པདྨའི་གདན་ཆེན་པོ་ཨནྡ་རྙིལ་གཞན་གྱིས་མི་ཚུགས་པ། རྡོ་རྗེ་ལྟ་བུའི་མཆེ་བ་ཅན། བཻ་ཌཱུརྱ་ཆེན་པོའི་མཐའ་བསྐོར་བ། འཛམ་བུའི་ཆུ་བོ་གསེར་དྲི་མ་མེད་པའི་འདབ་མ་རྒྱས་པ། ཙནྡན་དུས་ཀྱི་རྗེས་སུ་འབྲང་བའི་སྙིང་པོ་རྣམ་པར་ དག་པ། རིན་པོ་ཆེའི་རྡོ་རྗེའི་སྙིང་པོའི་ཟེ་བ་དང་ལྡན་པ། ཚད་རྒྱ་མཚོ་ལྟར་ཡངས་ཤིང་རྒྱ་ཆེ་བ། ལྷ་མ་ཡིན་གྱི་དབང་པོ་ས་ཡས་སྙིང་པོ་ཀུན་དུ་བཟུང་བ། ནོར་བུ་རིན་པོ་ཆེ་ས་ཡའི་དྲ་བ་སྣ་ཚོགས་ཀྱིས་གཡོགས་པ། ཀླུའི་དབང་པོ་ས་ཡས་སྤྲིན་ལས་སྤོས་ཆུའི་ཆར་ཕབ་པ། ནམ་ མཁའ་ལྡིང་གི་དབང་པོ་ས་ཡས་ཁ་ནས་དར་དཔྱད་གི་རི་མོ་བྱས་པ། མིའམ་ཅིའི་དབང་པོ་ས་ཡས་ཕན་པའི་སེམས་ཀྱིས་བལྟས་པ། ལྟོ་འཕྱེ་ཆེན་པོའི་དབང་པོ་ས་ཡས་གདོང་གིས་ཕྱག་འཚལ་ཞིང་རི་མོ་བྱས་པ། དྲི་ཟའི་དབང་པོ་ས་ཡས་བསྟོད་ཅིང་བསྔགས་མཆོད་པ། ལྷའི་ དབང་པོ་ས་ཡས་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། གོས་དང་། གདུགས་དང་། རྒྱལ་མཚན་དང་། ལྷའི་བ་དན་གྱི་སྤྲིན་གྱི་ཆར་མངོན་པར་བབ་པ། ཚངས་པའི་དབང་པོ་ས་ཡས་མགོ་བོས་ཕྱག་འཚལ་ཞིང་རི་མོ་བྱས་པ་གནས་གཙང་མའི་རིགས་ཀྱི་བུ་ས་ཡས་ཐལ་ མོ་སྦྱར་ནས་ཕྱག་བྱས་པ། མིའམ་ཅིའི་དབང་པོ་འཁོར་ལོས་སྒྱུར་བ་ས་ཡས་ནོར་བུ་རིན་པོ་ཆེ་སྣ་བདུན་དང་ལྡན་པས་བསྡུ་བ། རྒྱ་མཚོའི་ལྷ་ས་ཡས་བསྡུ་ཞིང་ཕྱག་བྱས་པ། ནོར་བུ་རིན་པོ་ཆེ་སྐར་མདོག་ས་ཡས་འོད་ཟེར་གྱིས་སྣང་བར་བྱས་པ། བསོད་ནམས་དག་པའི་ནོར་བུ་རིན་པོ་ཆེ་ ས་ཡས་ཤིན་ཏུ་ངེས་པར་མཛེས་པར་བྱས་པ། ནོར་བུ་རིན་པོ་ཆེའི་དཔལ་གྱི་འོད་ཟེར་ས་ཡས་དཔལ་རབ་ཏུ་ཐལ་ལེ་བ། ནོར་བུ་རིན་པོ་ཆེའི་མཛོད་སྣ་ཚོགས་ས་ཡས་མཐའ་ཡས་པར་སྣང་བ། ནོར་བུ་རིན་པོ་ཆེ་འཛམ་བུ་རྒྱལ་མཚན་ས་ཡས་བྲེས་པ་ལེགས་པར་བཟུང་བས་བརྟན་པར་གྱུར་པ། ནོར་བུ་རིན་པོ་ཆེ་རྡོ་རྗེ་སེང་གེ་ས་ཡས་གཞན་གྱིས་མི་ཐུབ་པ་བཀོད་པ། ནོར་བུ་རིན་པོ་ཆེ་ཉི་མའི་སྙིང་པོ་ས་ཡས་རྒྱ་ཆེར་སྤྲས་པ། ནོར་བུ་རིན་པོ་ཆེ་བསམ་གྱིས་མི་ཁྱབ་པ་ས་ཡས་ཁ་དོག་སྣ་ཚོགས་རི་མོ་བྱས་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ས་ཡས་མི་ཟད་པ་བཀོད་པས་རི་མོ་བྱས་པ་བྱུང་སྟེ། པདྨ་ ཆེན་པོ་རིན་པོ་ཆེ་དེ་ནི་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ལས་ངེས་པར་བྱུང་བ། བྱང་ཆུབ་སེམས་དཔའི་བསམ་པས་མནོས་པ། ཕྱོགས་ཐམས་ཅད་དུ་མངོན་པར་གོ་བར་བྱེད་པ། སྒྱུ་མར་གྱུར་པའི་ཆོས་ལས་ངེས་པར་བྱུང་བ། དྲི་ང་བ་མེད་པ་ལས་སྐྱེས་པ། ཉོན་མོངས་པ་མེད་པའི་ཆོས་ཉིད་ཀྱི་ཚུལ་བཀོད་པ། རྨི་ལམ་ལྟ་བུའི་ཆོས་ཉིད་ཀྱིས་ཀུན་དུ་རྒྱུ་བ་མངོན་པར་འདུ་བྱེད་པ་མེད་པའི་ཆོས་ཉིད་ཀྱི་རྒྱས་བཏབ་པ། ཆགས་པ་མེད་པ་དང་ལྡན་པ། ཕྱོགས་ཀུན་དུ་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་པར་བྱེད་པ། སངས་རྒྱས་ཀྱི་ཡུལ་རབ་ཏུ་བརྗོད་པ་ དང་མཐུན་པ་སྟེ། དེའི་རྣམ་པ་དང་། ཡོན་ཏན་དང་། དབྱིབས་དང་། ཁ་དོག་དང་བཀོད་པའི་མཐའ་ནི་བསྐལ་པ་གྲངས་མེད་པར་ཡང་རྟོགས་པར་མི་ནུས་པའི་པདྨ་ཆེན་པོ་དེ་ལ། བཅོམ་ལྡན་འདས་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་ཏེ། བཅོམ་ལྡན་འདས་དེ་ཆོས་ཀྱི་འཁོར་ལོ་ནི་ ཤིན་ཏུ་བསྐོར། སངས་རྒྱས་ཀྱི་མཛད་པ་ནི་ཤིན་ཏུ་ཡོངས་སུ་མཐར་ཕྱིན། ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་ཡོངས་སུ་རྫོགས། ཐམས་ཅད་མཁྱེན་པ་ནི་ཤིན་ཏུ་ཡོངས་སུ་བཟུང་། བྱང་ཆུབ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་ས་ནི་བརྙེས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ ཀྱིས་བརྒྱན་པའི་སྐུ་ནི་རབ་ཏུ་འབར། ཡན་ལག་དང་ཉིང་ལག་ཐམས་ཅད་ནི་དཔེ་བྱད་བཟང་པོས་རྣམ་པར་སྤྲས། དབུའི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟར་མི་མཐོང་། བདུད་ཀྱི་ལས་ཐམས་ཅད་ནི་མཁས། སེམས་ཅན་ཐམས་ཅད་ཀྱིས་ནི་ཤེས། སྤྱན་རྣམ་པ་ལྔ་ནི་ མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པ་ནི་ འཕགས། ཁྱུ་མཆོག་དང་སེང་གེའི་སྒྲ་ནི་བསྒྲགས། མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་དཔག་ཏུ་མེད་པར། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱ་དཀའ་བའི་སྤྱོད་པ་ལས་ནི་ཕྱིར་མ་ལོག །སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཏེ་རབ་ཏུ་མཛེས་ཤིང་། ཐོག་མར་དགེ་བ་བར་དུ་དགེ་བ་ཐ་ མར་དགེ་བ་དོན་བཟང་པོ་ཚིག་འབྲུ་བཟང་པོ་མ་འདྲེས་པ་ཡོངས་སུ་རྫོགས་པ་ཡོངས་སུ་དག་པ་ཡོངས་སུ་བྱང་བའོ། །སངས་རྒྱས་ཞེས་བྱ་བ་ནི་སྤངས་པ་ཕུན་སུམ་ཚོགས་པའོ། །སྤྱོད་ཡུལ་ནི་དུས་གསུམ་སངས་རྒྱས་འབྱུང་བའི་གནས་སོ། །རྡོ་རྗེ་རིན་པོ་ཆེའི་ཤིང་ལྗོན་པ་རབ་ཏུ་སྣང་ བའི་ནགས་ཚོགས་ན་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་ཤིང་ལྗོན་པས་ལེགས་པར་བརྒྱན་པའི་དབུས་ན། ཉན་ཐོས་དགྲ་བཅོམ་པ་རྣམས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ནས་ཚེ་དང་ལྡན་པ་ཀུན་དགའ་བོའི་བར་དུ་དེ་ དག་ལ་སོགས་པ་དགེ་སློང་ཉིས་བརྒྱ་ལྔ་བཅུ་པོ་དེ་དག་གི་མཚན་ཉིད་ནི། དབེན་པའི་ངོ་བོ་ཉིད་ཀྱིས་ཚུལ་མངོན་པར་རྫོགས་པར་རྟོགས་པ། ཡང་དག་པའི་མཐའ་མངོན་སུམ་དུ་གྱུར་པ། ཆོས་ཀྱི་རང་བཞིན་ལ་ཞུགས་པ། སྲིད་པའི་རྒྱ་མཚོ་ལས་རྒལ་བ། དེ་བཞིན་ཉིད་ནམ་མཁའ་ལྟ་ བུར་སྤྱོད་ཡུལ་བ། ཀུན་དུ་སྦྱོར་བ་དང་། བག་ལ་ཉལ་གྱི་འཆིང་བ་གཅད་པ། གནས་དང་རྟེན་ལ་མ་ཆགས་པ། ནམ་མཁའ་ལྟ་བུར་ཞི་བ་ལ་རྣམ་པར་རྒྱུ་བ། སངས་རྒྱས་ལ་ནེམ་ནུར་དང་། ཡིད་གཉིས་དང་། ཐེ་ཚོམ་ཟ་བ་གཅོད་པ། སངས་རྒྱས་ཀྱི་ཡེ་ཤེས་རྒྱ་མཚོ་ལ་མོས་པའི་ལམ་ དུ་ཞུགས་པ། འགྲོ་བ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ། གསོལ་བ་བཏབ་པར་དགེ་བའི་བཤེས་གཉེན་བྱེད་པ། སེམས་ཅན་ཐམས་ཅད་སྲུང་བར་ཞུགས་པ། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་བའི་མཛའ་བཤེས་སུ་གྱུར་པ། སངས་རྒྱས་ཀྱི་བསྟན་པའི་སྤྱོད་ཡུལ་ལས་ ངེས་པར་འབྱུང་བ། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བར་བཞུགས་པ། སངས་རྒྱས་ཀྱི་བསྟན་པ་ཀུན་དུ་འཛིན་པར་སྨོན་ལམ་བཏབ་པ། དེ་བཞིན་གཤེགས་པའི་གདུང་རིགས་འབྱུང་བར་མངོན་དུ་ཕྱོགས་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་གྱུར་པ་ཤ་སྟག་གོ། ། བྱ་རྒོད་ཕུང་པོའི་རི་དང་། དགེ་སློང་གི་མཚན་ཉིད་ཀྱི་གནས་སྐབས་ཏེ་དང་པོའོ།། །།དེའི་ཚེ་བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ཚོགས་པའོ། །བཅོམ་པ་ནི་བཞིའོ། །ལྡན་པ་ནི་སྐལ་བ་དྲུག་དང་ལྡན་པའོ། །འདས་པ་ནི་མྱ་ངན་ལས་འདས་པའོ། །དགེ་ སློང་གི་དགེ་འདུན་ནི་ཉན་ཐོས་སོ། །བཅས་པ་ནི་བྱང་ཆུབ་སེམས་དཔའ་དང་བཅས་པའོ། །ལུས་འཕགས་པོ་ནི་གཟུགས་ཅན་སྙིང་པོའོ། །ཡུལ་མ་ག་དྷཱ་ཞེས་བྱ་བ་ནི་ཡུལ་དབུས་སོ། །རྒྱལ་པོ་མ་སྐྱེས་དགྲ་ཞེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། སྔོན་གྱི་དུས་སུ་མ་སྐྱེས་དགྲ་ནི་ཤ་ བར་སྐྱེས་པའོ། །གཟུགས་ཅན་སྙིང་པོ་ནི་རི་ཁྲོད་དུ་རིགས་ངན་དུ་སྐྱེས་པའོ། །དེས་མ་སྐྱེས་དགྲ་ཤ་བར་སྐྱེས་པ་དེ་ལ་མདས་བརྒྱབ་ནས་བསད་པས། དེའི་ལས་ཀྱི་རྣམ་པར་སྨིན་པས། རྒྱལ་པོ་གཟུགས་ཅན་སྙིང་པོའི་དགྲར་འོངས་པས་མ་སྐྱེས་དགྲ་ཞེས་བྱའོ། །མ་ག་དྷཱའི་ བར་གྱི་ཡུལ་ན་རྒྱལ་པོ་ཆོས་སྐྱེས་ལ་བུ་མོ་གཉིས་ཡོད་པ་ལ། རྒྱལ་པོ་གཟུགས་ཅན་སྙིང་པོ་དང་བུ་མོ་ཆུང་ཤས་གཉེན་བྱས་པ་ལ། བུ་མོ་ཆེ་ཤོས་ལ་གཙུག་ལག་ཁང་ཀུན་ན་རེ་འདིས་ཁྱོ་མི་རྙེད། ཅིའི་ཕྱིར་ཞེ་ན། ཁྱོ་ལ་ཕྱིན་ཀྱང་བུ་མོ་ལ་བུ་ནམ་སྐྱེ་ཙ་ན་ཕ་གསོད་ཟེར་བས་ སུ་ཡང་འདོད་པ་མེད་པས་ནུ་མོ་ལ་མོ་ན་རེ་ཁྱོད་ཀྱིས་སུ་ལ་ཕྱིན་ཀྱང་ཁྱོ་གཅིག་རྙེད་དེ་འོངས་པས། ང་ཅག་གཉིས་གཟུགས་བྱད་དབྱིབས་དང་ཐམས་ཅད་འདྲ་བས། ང་གཟུགས་ཅན་སྙིང་པོ་ལ་ཐོང་ཟེར། ནུ་མོས་མཉན་ནས། ཕུ་མོས་ནུ་མོར་བརྫུས་ནས་གཟུགས་ཅན་སྙིང་པོ་ལ་ ཕྱིན་ནོ། །མོ་ལ་བུ་སྐྱེས་པས་མ་སྐྱེས་དགྲ་ཞེས་བྱའོ། །དེའི་ཕ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོ་ཞེས་བྱའོ། །དེ་ལ་ཕོ་བྲང་བཻ་ཌཱུརྱ་རང་ཤེལ་བྱ་བ་ཡོད་པ། མཆོད་གནས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བཞུགས་པས། བདུད་ལྷས་ བྱིན་གྱིས་ཕྲག་དོག་བྱེད་པས། གཟུགས་ཅན་སྙིང་པོའི་བུ་མ་སྐྱེས་དགྲ་ལ་ཁྱོད་དང་རྒྱལ་པོ་གཟུགས་ཅན་སྙིང་པོ་གཉིས། ཡབ་སྲས་བཟང་ངན་མེད་པ་ཡིན་ལ། ཕོ་བྲང་བཻ་ཌཱུརྱ་རང་ཤེལ་ཀྱང་ཁྱོད་ལ་མི་སྟེར། ཁོའི་མཆོད་གནས་ཀྱང་གཽ་ཏ་མ་ལ་བྱས། ལྷ་སྦྱིན་ན་རེ་ང་དང་ གཽ་ཏ་མ་གཉིས་ཡབ་ཀྱིས་མ་ཕྱེ་ཡུམ་གྱིས་མ་ཕྱེ་བ་ཡིན་པ་ལ། གཟུགས་ཅན་སྙིང་པོས་གཽ་ཏ་མའི་ཡོན་བདག་བྱས། ང་ལ་ཡོན་བདག་བྱས་པ་མེད། ཁྱོད་ལ་ཡང་མཆོད་གནས་དང་ཕོ་བྲང་མེད། ངས་གཽ་ཏ་མ་གསད། ཁྱོད་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་སོད་ངས་ མཆོད་གནས་བྱ་ཁྱོད་ཀྱིས་ཡོན་བདག་བྱ་བྱས་པས། མ་སྐྱེས་དགྲས་བདུད་ལྷས་བྱིན་ལ་ཉན་ནས། འཁོར་པ་དང་བློན་པོ་རྣམས་བོས་ནས། ངའི་ཡབ་ཟུང་ཤིག་བྱས་པས། འཁོར་པ་དང་བློན་པོས་ཡབ་བཟུང་ངོ་། །མ་སྐྱེས་དགྲས་ཡབ་ཀྱི་རྐང་མཐིལ་བཤུས་ནས། འབྲས་ མ་བགྲུས་པའི་གསེབ་ནས་དྲུད་བཤལ་བྱས་ནས་ཡབ་མ་འདས་པར་དོང་དུ་བཅུག་ནས་གསངས་ནས་གཞག་གོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་ཡུམ་གྱིས་བཟའ་བཏུང་བག་རེ་བསྐྱལ་ལོ། །དེ་ནས་བདུད་ལྷས་བྱིན་གྱིས་ཀྱང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་བར་གྱི་སྟེང་ནས་ལྕགས་ ཀྱི་རྡོའི་འཁྲུལ་འཁོར་བཅས་ནས་གཞག་གོ། །བཅོམ་ལྡན་འདས་འཁོར་ཉན་ཐོས་དང་བཅས་ནས་བསོད་སྙོམས་མཛད་ནས། རྒྱལ་པོའི་ཁབ་ཀྱི་གྲོང་བར་ན་ཡར་བྱོན་པ་ལ། ལྷས་བྱིན་གྱིས་འཁྲུལ་འཁོར་ཐག་པ་བཅད་པས་རྡོའི་ཆར་དྲག་པོ་ཕབ་པས། དེའི་དབུས་ སུ་གནོད་སྦྱིན་རྒྱུད་ལ་ཕོག་པས། གནོད་སྦྱིན་ཤི་ནས་ལྷའི་བུར་སྐྱེས་སོ། །རྡོ་བ་ཡར་མ་གཅིག་གིས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པའི་མཐེབ་རྩ་ལས་ཁྲག་དབྱུང་ངོ་། །ཁྲག་བྱུང་བས་འཇིག་རྟེན་གྱི་མི་རྣམས་ན་རེ་བཅོམ་ལྡན་འདས་ཀྱི་སྐུ་ལུས་རྡོ་རྗེའི་ཕུང་པོ་ཡིན་ཟེར་བ་ མི་བདེན་ཟེར་བས། བཅོམ་ལྡན་འདས་ཀྱི་ཞལ་ནས་སྔོན་རིགས་ངན་དུ་སྐྱེས་པའི་དུས་སུ་རི་དགས་གཅིག་ལ་བརྒྱབ་པས་དེའི་ལས་ཀྱི་རྣམ་པར་སྨིན་པ་ཡིན་གསུངས་སོ། །དེ་ནས་མ་སྐྱེས་དགྲ་ངའི་བུའི་ལག་ངར་ལ། ཐོར་པ་གཅིག་ལ་ཁྲག་བྱུང་བས། མ་སྐྱེས་དགྲའི་ཁས་འཇིབས་ནས་ བོར་ནས་སས་གཡོགས་སོ། །དེ་མཐོང་ནས་མ་སྐྱེས་དགྲའི་མ་དགོད་དོ། །མ་སྐྱེས་དགྲ་ན་རེ་དེ་ཕན་ཆོད་དུ་ཡུམ་བཤུམ་པ་ལ། དེ་རིང་ཡུམ་དགྱེས་པ་དེ་ཅི་ལས་དགྱེས་པ་ཡིན་ཞེས་དྲིས་པས། མ་ན་རེ་སྔོན་ཁྱོད་ཀྱི་ལག་པ་ལ་ཡང་ཐོར་པ་གཅིག་བྱུང་ནས། ཡབ་རྒྱལ་པོ་གཟུགས་ ཅན་སྙིང་པོས་ཀྱང་ཁྲག་དེ་ཁྱོད་ཀྱིས་མཐོང་ན་བརྒྱལ་གྱིས་དོགས་ནས་འཐུངས་པས་མེད་པ་དེ་དྲན་པས་བཞད་པ་ཡིན་གསུང་ངོ་། །དེ་ནས་རྒྱལ་པོ་མ་སྐྱེས་དགྲ་དེས་ཡབ་འདི་འདྲ་བའི་དྲིན་ཅན་ཡིན་པར་འདུག་པ་ལ་ངས་མ་ལེགས་པ་འདི་འདྲ་བ་བྱས་སོ་སྙམ་ནས་འགྱོད་པ་སྐྱེས་ནས་ཡབ་ དོང་ནང་ནས་བཏོན་ལ་བསྙེན་བཀུར་བྱ་བསམས་ནས་ཕྱིན་པས། ཡབ་ཀྱིས་མ་སྐྱེས་དགྲའི་སྐད་གྲག་པར་ཐོས་ནས། ཁོས་མཚོན་བརྒྱབ་ནས་ང་གསོད་པར་བྱུང་སྙམ་ནས། ཡབ་ཀྱི་སྙིང་གས་ནས་འདས་སོ། །དེའི་དགེ་བའི་རྩ་བ་ལ་སངས་རྒྱས་བཅོམ་ལྡན་འདས་དང་། ཉན་ ཐོས་དང་བྱང་ཆུབ་སེམས་དཔའ་རྣམས་སྟེག་པའི་ཕྱིར། ན་བཟའ་དང་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། འཁོར་རྣམ་བཞི་དུས་དུས་སུ་ན་བཟའ་གསོལ་བའོ། །གཟིམས་ཆ་དང་ཞེས་པ་ནི། དེ་ཡང་དུས་དུས་སུ་གཟིམས་ཆ་ལ་སོགས་པ་འབུལ་བའོ། །སྙུན་ གྱི་གསོས་སྨན་དང་ཞེས་བྱ་བ་ནི། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དེ་དག་ལ། གསོ་བའི་ཡོ་བྱད་རྟག་ཏུ་འབུལ་བའོ། །ཡོ་བྱད་རྣམས་ཀྱིས་ནི་བཀུར་སྟི་བྱས། རྟག་ཏུ་ལུས་ངག་ཡིད་གསུམ་དད་པར་བྱའོ། །བླ་མར་བྱ་བ་ནི་གོང་ནས་གོང་དུ་དམ་པར་ཁུར་ བའོ། །བསྟི་སྟང་བྱས་ནས་ནི། དེ་བས་ཀྱང་ལྷག་པ་མེད་པར་ཁུར་བའོ། །མཆོད་པ་བྱས་པའོ་ཞེས་པ་ནི་སངས་རྒྱས་དང་འཁོར་རྣམས་ལ་སོགས་པ། དུས་དུས་སུ་རྟག་ཏུ་མཆོད་པའོ། །ཡང་དེའི་ཚེ་ས་ཡང་ཆེར་གཡས་པར་གྱུར་ཞེས་བྱ་བ་ནི། ས་ཆེན་པོ་འདི་རྣམ་པ་ དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་དུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་དུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར། ཀུན་དུ་རབ་ཏུ་འུར་འུར། ཤིག་ཤིག །རབ་ཏུ་ཤིག་ཤིག །ཀུན་དུ་རབ་ཏུ་ཤིག་ཤིག་སྟེ། ལྟས་ཆེན་པོ་བཅོ་བརྒྱད་བྱུང་བའོ། །ལྟས་ཆེན་པོ་བཅོ་བརྒྱད་པོ་དེ་དག་གང་གི་ཕྱིར་ཞེ་ན། མུ་གེ་དང་། མི་ནད་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་། འབྲུམ་བུའི་ནད་གསུམ་དང་། རིམས་ནད་དང་། རླུང་ནད་ དང་། མཁྲིས་པའི་ནད་དང་། བད་ཀན་དང་འདུས་པའི་ནད་དང་མཛེ་དང་ལྷོག་པ་དང་། མེ་དབལ་དང་། ནད་དེ་དག་ལ་སོགས་པ་ས་གཡོས་པས་བྱུང་ངོ་། །སྤྲིན་འདུས་པ་ཆེན་པོ་ཡང་བྱུང་ཞེས་བྱ་བ་ནི་མ་རུངས་བ་འབབ་པའི་ཕྱིར་རོ། །ཅིའི་ཕྱིར་མ་རུངས་པ་ཞེ་ན། མེ་ཚན་གྱི་ཆར་ ཆེན་པོ་འབབ་པའི་ཕྱིར་རོ། །དུས་མ་ཡིན་པར་རླུང་ཞེས་བྱ་བ་ནི་ནད་ཐམས་ཅད་བྱུང་བའི་ཕྱིར་རོ། །སེར་བ་ཆེན་པོ་ནི་མུ་གེ་ཆེན་པོ་བྱུང་བའི་ཕྱིར་རོ། །སྤྲིན་ཆེན་པོ་ལས་ཆར་པ་ཡང་འབབ་པར་གྱུར་ཞེས་བྱ་བ་ནི་སྐྱི་འདང་སྨན་དང་གི་ཆར་ཆེན་པོ་བབ་ནས་ལོ་ཉེས་བྱུང་བའི་ཕྱིར་རོ། ། འབྲུག་ཀྱང་དི་རི་རི་ཟེར་ཞེས་བྱ་བ་ནི་ནམ་མཁའ་ལ་འཇིགས་པའི་སྒྲ་བྱུང་བའི་ཕྱིར་རོ། །གློག་རྣམས་ཀྱང་བྱུང་ཞེས་བྱ་བ་ནི་ཡངས་པ་ཅན་གྱི་མི་རྣམས་གཅིག་ལ་གཅིག་མ་མཐོང་ནས་སྐྲག་པའི་ཕྱིར་རོ། །ཕྱོགས་བཅུ་ཡང་འཁྲུགས་པར་གྱུར་ཏོ་ཞེས་བྱ་བ་ནི་ཡངས་པ་ཅན་གྱི་མི་རྣམས་ བརྒྱལ་བའི་ཕྱིར་རོ། །མུན་པ་མུན་ནག་ཅེས་བྱ་བ་ནི་མི་རྣམས་གཅིག་ལ་གཅིག་མ་མཐོང་བའོ། །ཆེན་པོ་ཡང་བྱུང་ཞེས་བྱ་བ་ནི་མི་བཟད་པའི་མུན་པས་འོད་རྣམས་ཟིལ་གྱིས་མནན་པའི་ཕྱིར་རོ། །སྐར་མ་དང་ཉི་མ་དང་ཟླ་བ་མི་སྣང་ཞིང་འོད་དང་མི་ལྡན་པ་ནི། མུན་པའི་སྤྲིན་ཆེན་ པོས་བཀབ་པའོ། །ལྷན་ནེར་མ་ཡིན། ལྷང་ངེར་མ་ཡིན་ཞིང་འོད་མི་གསལ་བར་གྱུར་ཏོ་ཞེས་བྱ་བ་ནི་འོད་རྣམས་མི་འབྱུང་ཞིང་གཟི་བརྗིད་མི་གསལ་བས་ཏེ། ཤེས་རབ་ཅན་རྣམས་ཤེས་རབ་དང་བྲལ་བར་གྱུར་བའོ། །དེས་ན་ཞེས་བྱ་བ་ནི། དེ་རྣམས་ཀྱི་རྫུ་འཕྲུལ་གྱི་ནུས་ མཐུ་བསྟན་པའོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་འཇིགས་པ་དེ་དག་བྱུང་བ་ནི། ལིཙྪ་བཱི་འབྱུང་བོས་བཏབ་པའི་ཕྱིར་རོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཞེས་བྱ་བ་ནི་ཡུལ་དབུས་ཉིད་དོ། །ལིཙྪ་བཱི་ཁ་ཅིག་གིས་གྲོང་གཞན་དང་ཞེས་བྱ་བ་ནི་བྲམ་ཟེའི་གྲོང་ཁྱེར་ལ་བྱའོ། །གྲོང་ ཁྱེར་གང་ཡིན་པ་དེ་ཞེས་བྱ་བ་ནི་མ་ག་དྷཱ་དང་བྲམ་ཟེའི་གྲོང་གཉིས་ལ་བྱའོ། །གདོན་འབྱུང་པོས་བཏབ་པར་གྱུར་ཅེས་བྱ་བ་ནི་གྲོང་ཁྱེར་དེ་གཉིས་ཀའི་མི་རྣམས་ལ་འབྱུང་པོའི་ནད་སྣ་ཚོགས་བྱུང་བས་འཇིགས་པའི་ཕྱིར་རོ། །གྲོང་གི་གཞོན་ནུ་རྣམས་ཞེས་བྱ་བ་ནི་རྩིས་མཁན་ དང་ནི་གཙུག་ལག་མཁན་པོས་མི་ཟིན་པ། མིག་རྣོ་དང་མོ་མ་རྣམས་ཀྱིས་ཀྱང་མོ་མི་ཟིན་པའོ། །བློན་པོ་དང་ནི་བློན་པོས་ཀྱང་རྒྱལ་པོ་ལ་ཞུ་བ་ཕུལ་མི་ནུས་ཤིང་ནད་ཀྱིས་བཏབ་པའོ། །བློན་པོ་ཆེན་པོ་དང་ནི་གོང་བཞིན་དུའོ། །འཁོར་དང་གནས་དང་། བྲན་ཕོ་དང་། བྲན་མོ་དང་། ལས་བྱེད་པ་དང་། མངག་པ་དང་། གཡོག་ཁ་ཅིག་ཀྱང་གདོན་ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་རྣམས་ཀྱིས་བཏབ་ནས། དྲན་པ་སྟོར་བ་དང་། སྨྱོ་བ་དང་། ཡམས་ནད་དང་། རིམས་ནད་དང་། འབྲུམ་བུ་དང་། ལྷོག་པ་ལ་སོགས་པའི་ནད་མ་རུངས་པ་མང་པོ་བྱུང་བའོ། །འབྱུང་ པོས་བཏབ་པར་གྱུར་ཞེས་བྱ་བ་ཡན་ཆོད་ནི། ཀླུ་དང་། གནོད་སྦྱིན་དང་། ཡི་དགས་དང་། འབྱུང་པོ་དང་། ཤ་ཟ་ལ་སོགས་པ་རྣམས་བྲམ་ཟེ་ལིཙྪ་བཱིས་བསྐྲད་པས་མ་ཐུབ་པའི་ཕྱིར། །གྲོང་དེའི་མི་རྣམས་ལ་ནད་སྣ་ཚོགས་བྱུང་བའི་ཕྱིར་འཇིགས་པའོ། །ཡུལ་ཡངས་པ་ ཅན་གྱི་ལྗོངས། ཀུན་གྱི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་དད་པས་སྐྱབས་སུ་འགྲོ་བའོ། །སྐྱི་བུང་ཞེས་བྱ་བ་ནི་དྲག་ཏུ་འཇིགས་པའི་ཕྱིར་རོ། །འཇིགས་སྐྲག་སྔངས་ཏེ་སྐྱི་བུང་ཞེས་བྱ་བ་ནི་སངས་ རྒྱས་དང་ཆོས་དང་དགེ་འདུན་ལ་དད་པར་བྱེད་པ་རྣམས་ཀྱང་། སེམས་ཅན་གྱི་སྡུག་བསྔལ་ཐོས་ནས་སེམས་སྟོར་ནས་ལུས་འདར་བར་གྱུར་ཏེ། ངག་གིས་ཀྱང་བཟླས་པ་ལ་སོགས་པ་མི་ནུས་པའོ། །ཁ་གནམ་དུ་བལྟས་ཤིང་ངུ་འབོད་དོ་ཞེས་བྱ་བ་ནི་དུས་མ་ཡིན་པའི་སེར་བ་དང་ཆར་ པ་རྣམ་པ་སྣ་ཚོགས་འབབ་པས་འཇིགས་པའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ་ཞེས་བྱ་བ་ནི་གུས་པར་དེ་རྣམས་ཀྱིས་ཀྱང་འཇིགས་སྐྲག་བྱུང་བའི་ཕྱིར། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་ཕྱག་འཚལ་ལོ། །བྲམ་ཟེའི་ཁྱིམ་དག་ ཅེས་བྱ་བ་ནས་མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞེས་བྱ་བ་ནི་ལྟ་བ་ལོག་པའི་ཕྱིར་རང་དད་པའི་ལྷ་ལ་ཕྱག་འཚལ་བས་མུན་ནག་ཞི་བར་བྱེད་པའི་ཕྱིར་རོ། །གང་དག་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་མ་དད་པའི་བྲམ་ཟེ་དང་ ཞེས་བྱ་བ་ནི་འཇིག་རྟེན་མི་རིགས་མི་གཅིག་པ། མུ་སྟེགས་ཀྱི་ཆོས་ལ་དགའ་བ་སྟེ། དེ་རྣམས་ཀྱང་ལྟ་བ་མི་གཅིག་པ་སུམ་བརྒྱ་དྲུག་ཅུ་པོ་ཡང་། དེ་ལས་བསྡུས་པ་དྲུག་སྟེ། སྙིང་རྗེ་མེད་ཅིང་གབ་པ་དང་། དགྲ་བཅོམ་པ་དང་། བྱོལ་སོང་ལ་གུས་པ་དང་། ཁྲུས་ཆོག་ དང་། དཀའ་ཐུབ་དང་། དགེ་སྦྱོང་དང་དྲུག་གོ། །དེ་ལས་བསྡུས་པ་གཉིས་ཏེ། རྟག་ཆད་གཉིས་སོ། །ཁྱིམ་བདག་དེ་དག་ཁ་ཅིག་ནི་ཚངས་པ་ལ་ཕྱག་འཚལ་ཞེས་བྱ་བ་ནི་རྟག་པར་ལྟ་ཞིང་ཚངས་པ་ལ་གུས་པའོ། །ཁ་ཅིག་ནི་བརྒྱ་བྱིན་ལ་ཞེས་བྱ་བ་ནི་འཁོར་བའི་ སྡུག་བསྔལ་ལ་ལྟ་ཞིང་འདོད་པའི་ཡོན་ཏན་ལྔ་ལ་ལྟ་བའོ། །ཁ་ཅིག་ནི་འཇིག་རྟེན་སྐྱོང་བ་ལ་ཕྱག་འཚལ་ཞེས་པ་ནི་དབང་དང་མཐོ་རིས་ཐོབ་པར་འདོད་པས་ཚེ་འདི་དང་ཕྱི་མ་ལ་བསྲུང་བ་དང་། སྐྱོབ་པར་འདོད་པའོ། །ཁ་ཅིག་ནི་དབང་ཕྱུག་ཆེན་པོ་དང་ཞེས་པ་ནི་དཀའ་ ཐུབ་ཏུ་གནས་པ་ཡོད་པར་ལྟ་བ་རྣམས་སོ། །ཁྱིམ་བདག་ནི་སོ་སོའི་ལྟ་བའོ། །ནོར་བུ་བཟང་པོ་དང་ནི་རྟག་པར་འདོད་པ་ནོར་གྱི་དོན་ལ་གནས་པ་རྣམས་སོ། །གང་བ་བཟང་པོ་དང་། འཕྲོག་མ་དང་ཞེས་པ་ནི་འཇིག་རྟེན་འདི་དང་ཕྱི་མ་ལ་ཕུན་སུམ་ཚོགས་པ་རྟག་པར་ལྟ་བའོ། ། ཉི་མ་དང་ནི་ཞེས་པ་ནི། ཆད་པར་ལྟ་བ་རྣམས་སོ། །ཟླ་བ་དང་ནི་ཞེས་པ་ནི་བར་མ་དེའི་ལྟ་བའོ། །སྐར་མ་དང་ནི་ཞེས་པ་ནི་གཉིས་ལ་གཏོགས་པའོ། །གཟའ་དང་ཞེས་པ་ནི་མཐུན་པ་དང་མི་མཐུན་པའི་ལྟ་བར་གནས་པའོ། །རི་དང་ནགས་ཚོགས་དང་། སྨན་དང་། ལྗོན་ ཤིང་དང་། ཀླུང་དང་། ལྟེང་ཀ་དང་། མཚེའུ་དང་། རྫིང་བུ་དང་། མཆོད་རྟེན་གྱི་གནས་ན་གནས་པ་དག་ལ་ཕྱག་འཚལ་ཞིང་ཞེས་པ་ནི་ལྟ་བ་གཅིག་པ་དེ་རྣམས། གནས་དེ་རྣམས་སུ་ཕྱིན་ནས། དམ་བདར་བ་དང་། སྨོན་ལམ་ལ་སོགས་པ་འདེབས་པ་པའོ་ །བདག་ཅག་ནི་ འདི་འདྲ་བའི་གནོད་པས་འཇིགས་པའི་གནས་ནས་ཇི་ལྟར་ཐར་བར་འགྱུར་སྙམ་དུ་སེམས་ཤིང་འཁོད་པ་དག་ཅེས་བྱ་བ་ནི་སོ་སོའི་ལྟ་བ་མི་གཅིག་པའི་ལྷ་རྣམས་ལ། དེ་སྐད་དུ་སྨྲས་ནས་རང་གི་ཡི་དམ་ལ་གསོལ་བ་འདེབས་པའོ། །བཅོམ་ལྡན་འདས་ནི་བཤད་ཟིན་ཏོ། །གྲོང་ ཁྱེར་ཡངས་པ་ཅན་གྱི་མུན་པ་འབྱུང་བའི་གནས་སྐབས་ཏེ་གཉིས་པའོ།། །།སྤྱན་རྣམ་པར་དག་པས་གཟིགས་ཞེས་བྱ་བ་ནི་ཐུགས་རྗེའི་སྤྱན་གྱིས་སེམས་ཅན་ལ་གཟིགས་པའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། མངོན་པར་འདུ་མཛད་དོ་ཞེས་བྱ་བ་ཡན་ཆོད་ནི་ དམ་པའི་ཆོས་མངོན་པར་བཤད་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཞེས་བྱ་བ་ནི་གླིང་བཞི་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱར་སྤྲུལ་པའོ། །མངོན་པར་འདུ་མཛད་པས་མངོན་པར་འདུ་མཛད་པ་ཞེས་བྱ་བ་ནི་གང་ལ་གང་གིས་འདུལ་བ་དེ་ལ་དེ་དང་དེའི་ངོ་ བོར་སྣང་བའོ། །དེ་ཙུག་ཡིན་པར་ཅི་ཤེས་ན། བཅོམ་ལྡན་འདས་ཀྱི་བཀའ་ལས། གང་ལ་གང་འདུལ་དེ་ལ་དེ་སྟོན་པ། །སྟོན་པའི་གླང་པོ་ཁྱོད་ལ་ཕྱག་འཚལ་ལོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇིག་ རྟེན་གྱི་ཁམས་ནི་གསུམ་སྟེ། ཉི་ཟླ་སྟོང་། གླིང་བཞི་རི་རབ་དང་བཅས་པ་སྟོང་། རྒྱལ་ཆེན་རིགས་བཞི་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་སྟོང་སྤྱི་ཕུད་དོ། །དེ་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སོ། །སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་སྟོང་ལ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཆེན་པོའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་དད་པར་གྱུར་ཏེ་ཞེས་བྱ་བ་ནི་ཆོ་འཕྲུལ་རྣམ་པ་གསུམ་སྟེ། མ་དད་པ་དད་པར་བྱེད་པའི་ཆོ་འཕྲུལ་དང་། ཀུན་རྗོད་པར་བྱེད་པའི་ཆོ་འཕྲུལ་གསུམ་གྱིས་དད་པ་སྨིན་པར་བྱེད་པའི་ ཆོ་འཕྲུལ་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་དང་མིའི་བར་དུ་འདུན་པར་བཅས་པའོ། །དེ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་གྱིས་འགྲོ་བ་འདུན་པར་མཛད་པ་དེ་ནས། མི་མཇེད་ཀྱི་བདག་པོ་ཚངས་པ་ཞེས་བྱ་བ་ནི་བསམ་ གཏན་དང་པོའི་ལྷ་སྟེ། ཚངས་པ་ཆེན་པོ་ཞེས་བྱའོ། །ཚེ་ཚད་བསྐལ་པ་དྲུག་ཅུ་ཐུབ། ལུས་དཔག་ཚད་ཕྱེད་དང་གཉིས། འདི་མན་ཆད་བསམ་གཏན་དང་པོའི་རྟོག་དཔྱོད་མེ་དང་འདྲ་བས་མེ་ཡིས་འཇིག །འདི་ཡང་བསམ་གཏན་དང་པོ་སྟེ། ཚངས་པ་མདུན་ན་འདོན་གྱི་ངེས་ཚིག་གོང་ མའི་ཚངས་པ་ཆེན་པོའི་སྤྱན་སྔ་ན། འོག་མ་འགྲོ་དྲུག་གི་ལས་དགེ་སྡིག་གི་སྨྲང་འདོན་པས། ཚངས་པ་མདུན་ན་འདོན་ཞེས་བྱའོ། །ཡང་ན་ཚངས་པ་ཆེན་པོ་ལ་ཕན་འདོགས་པས་ཚངས་པ་ཉེ་ཕན་ཞེས་བྱའོ། །ཡང་ན་ཚངས་པ་ཆེན་པོ་ལ་འཁོར་བས་ཚངས་འཁོར་ཞེས་བྱའོ། །ཚེ་ ཚད་བསྐལ་བ་བཞི་བཅུ་ཐུབ། ལུས་དཔག་ཚད་གཅིག་གོ། །འདི་ཡང་བསམ་གཏན་དང་པོ་སྟེ། ཚངས་རིས་ཀྱི་ལྷའི་ངེས་ཚིག་འོག་མའི་འདོད་པ་ཁམས་ཀྱི་འཁོར་བ་གྱོད་འཁྲིན་འདྲ་བ་ལས་ནི་ཚངས་པས་ཚངས་པ་ཆེན་པོའོ། །འཁོར་དུ་ཚངས་རིས་ཚེའི་ཚད་བསྐལ་ པ་ཉི་ཤུ་ཐུབ་ལུས་དཔག་ཚད་ཕྱེད་དོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞེས་བྱ་བ་ནི་ལྷའི་དབང་པོ་བརྒྱ་བྱིན་དང་ཉེ་དབང་སུམ་ཅུ་རྩ་གཉིས། རྣམ་པར་རྒྱལ་བའི་ཁང་བཟངས་ཚོན་སྣ་བརྒྱ་རྩ་གཅིག་ལས་བྱས་པའི་ནང་ན་གནས། དགའ་པའི་ཚལ། དགྱེས་པའི་ཚལ། རྩུབ་ འགྱུར་ཚལ། སྣ་ཚོགས་ཚལ། གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་གནས་སོ། །རི་རབ་ཀྱི་ལྕོག་གཅིག་ལ། ལག་ན་རྡོ་རྗེ་ལ་གནོད་སྦྱིན་གྱིས་བསྐོར་བ་གནས་སོ། །རི་རབ་གྲུ་བཞི་ཁ་ཚོན་ཕྱོགས་རེ་རེར་དཔག་ཚད་སྟོང་ཕྲག་བཅུ་བཅུ་ཡོད་དོ། །རྒྱུ་རིན་ཆེན་བཞིས་བྱས་པའི་ སྟེང་འདི་ནི་གསེར་གྱི་ས་གཞི་ཤིན་ཏུ་བདེ་ཞིང་ཉམས་དགའ་བའོ། །རྡོ་ཨ་མོ་ལི་ཀའི་སྟེང་ན་ཀཽ་ཤི་ཀ་ཆོས་འཆད་པའོ། །ཤིང་ཡོངས་འདུ་ས་བརྟོལ་ཡང་དཔག་ཚད་ལྔ་བརྒྱ་ཡར་སྐྱེས། དཔག་ཚད་ལྔ་བརྒྱ་མར་ཟུག །ཡན་ལག་ལྔ་པ་ཡང་དཔག་ཚད་དྲུག་ཅུ་ཡོད་དོ། །དེ་ ལ་ལྷ་དང་ལྷ་མ་ཡིན་འཐབ་པའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ཞེས་བྱ་བ་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་། འཕྲུལ་དགའི་ལྷ་དང་དགའ་ལྡན་གྱི་ལྷ་རྣམས་ཏེ། གཞན་འཕྲུལ་དབང་བྱེད་ཀྱི་ངེས་ཚིག་ནི་འོག་མའི་རྫུ་འཕྲུལ་དབང་བྱེད་པས། གཞན་འཕྲུལ་དབང་བྱེད་དོ། ། ཚེ་ཚད་དང་མི་ལོ་སྟོང་དྲུག་བརྒྱ་ལ་ལྷའི་ཞག་གཅིག་ཏུ་བརྩིས་པའི་ལོ་དྲུག་སྟོང་ཐུབ། ལུས་ལ་རྒྱང་གྲགས་བཅུ་ཡོད་དོ། །ལྷའི་རྒྱལ་པོ་ལ་དབང་བྱེད་པས་གཞན་འཕྲུལ་དབང་བྱེད་དོ། །འཕྲུལ་དགའི་ལྷའི་ངེས་ཚིག་ཅི་འདོད་པ་རང་གི་ལུས་ལས་འབྱུང་བས་འཕྲུལ་དགའོ། ། ཚེ་ཚད་ནི་མི་ལོ་ལྔ་བརྒྱ་ལ། ལྷའི་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཐུབ། ལུས་ལ་དཔག་ཚད་གཅིག་བསམ་འཕེལ་ནོར་བུ་ལ་ལོངས་སྤྱོད་དོ། །དགའ་ལྡན་གྱི་ལྷའི་ངེས་ཚིག་ནི་ལྷ་མ་ཡིན་གྱི་འཐབ་རྩོད་དང་བྲལ་བའོ། །ཚེ་ནི་མི་ལོ་ཉིས་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་བཞི་ སྟོང་ངོ་། །ལུས་ལ་རྒྱང་གྲགས་བཞི་ཡོད། ཡང་ན་ལྷའི་རྒྱལ་པོ་དགའ་ལྡན་བྱ་བ་ཡོད་པས། དགའ་ལྡན་ནོ། །ལྷ་མོ་དང་ལག་པ་སྤྲད་པས་འཁྲིག །འདི་ནི་འཐབ་བྲལ་ལྷའི་ངེས་ཚིག་ནི་ལྷ་མ་ཡིན་གྱི་འཐབ་རྩོད་དང་བྲལ་བས་སོ། །འཐབ་བྲལ་གྱི་ལྷའི་ཁང་བཟངས་ནི་རི་ རབ་སྟེང་ན་ཁྱིམ་ཡོད། ལྷ་མོ་དང་སྦྱོར་བ་ནི་ལུས་ལ་འཁྱུད་པ་ཙམ་གྱིས་ཚིམ། མི་ལོ་དགུ་པ་ཙམ་གྱི་ཚོད་སྐྱེ་སྟེ། ཚེ་ཚད་ནི་མི་ལོ་ཉིས་བརྒྱ་ལ་ལྷའི་ཞག་གཅིག་ཏུ་བརྩིས་པའི་ཉིས་སྟོང་ཐུབ་པོ། །ལུས་ལ་རྒྱང་གྲགས་གཉིས་ཡོད་དོ། །ལྷ་རེ་རེ་བསམ་འཕེལ་ནོར་བུ་རེ་རེ་ལ་ སྤྱོད་དོ། །སུམ་ཅུ་རྩ་གསུམ་མི་ལོ་བརྒྱ་ལ་ཞག་གཅིག་ཏུ་བརྩིས་པའི་ལོ་སྟོང་ཐུབ། ལུས་ཚད་ནི་གཞུ་འདོམ་ཉིས་བརྒྱ་ལྔ་བཅུའོ། །རྒྱལ་པོ་ཆེན་པོ་བཞི་ཞེས་བྱ་བ་ནི་ཡུལ་འཁོར་སྲུང་དང་། །འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་སྲས་སོ། །རྒྱལ་ ཆེན་རིགས་བཞིའི་ལྷ་རྣམས་དང་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་མི་བཞིན་མི་སྤྱོད། ཁྱེའུ་ཕའི་ཕྲག་པ་གཡས་པ་ལས་སྐྱེ། བུ་མོ་མའི་བརླ་ལས་སྐྱེའོ། །གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་ཞེས་བྱ་བ་ནི། འདི་ལྟ་སྟེ། རིང་པོ་དང་ནི་མིག་བཟངས་དང་། །གང་པོ་ དང་ནི་སེར་སྐྱའོ། །ཉེ་ཤིང་དང་ནི་སེང་གེ་དང་། །དུས་ཅན་དང་ནི་དགའ་བ་དང་། །སེང་གེ་རལ་པ་ཅན་དང་སེང་གེའོ། །བླ་མ་དང་ནི་སེར་སྐྱ་དང་། །འཛིན་པ་དང་ནི་འཛིན་པ་དག །རྩོད་སྐྱོད་དང་ནི་ཁྱབ་འཇུག་གོ། །ལྔ་སྐྱོང་དང་ནི་ཚིགས་ལྔ་སེར། །རི་མཉམ་ དང་ནི་གསེར་ཅན་ནོ། །ས་པ་ཤིན་ཏུ་ས་པ་དང་། །ནག་པོ་དང་ནི་ཉེ་ནག་གོ། །ཉི་མ་ཟླ་བ་མེ་དང་རླུང་། །ལུས་ངན་གྱི་ནི་བུ་ཐུ་བོ། །ཀུན་དུ་རྒྱལ་བ་མི་ལ་ཞོན། །ཕྲུགས་སུ་ལྡན་ན་གནས་པ་སྟེ། །ལྷའི་བདེན་པས་གསོལ་བའོ། །གནོད་སྦྱིན་དེ་དག་ནི་གནོད་སྦྱིན་ཆེན་པོའོ། །དེ་རྣམས་ ཀྱིས་ཡོངས་སུ་འདྲེན་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ་ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པའོ། །གནོད་སྦྱིན་སྟོབས་པོ་ཆེ་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་དབང་པོ་དང་། ཟླ་བ་དང་། ཆུ་ལྷ་དང་། སྐྱེ་དགུའི་བདག་པོ་དང་། བ་ར་དྷྭ་ཛ་དང་། དབང་ལྡན་དང་། ཙནྡན་ དང་། འདོད་པའི་གཙོ་བོ་དང་། མགྲིན་ངན་དང་། མགུལ་ངེས་དང་། བྷ་ཊི་དང་། ནོར་བུ་དང་། ནོར་བུ་སྤྱོད་དང་། སྒྲ་རབ་དང་། ཉེ་ལྔ་སྤྱོད་དང་། རི་མཉམ་དང་། གསེར་ཅན་དང་། གང་པོ་དང་། སེང་ལྡེང་བ་དང་། གཡོན་ཅན་དང་། གནོད་སྦྱིན་བ་ལང་སྐྱོང་དང་། འབྲོག་ གནས་དང་། མིའི་རྒྱལ་པོ་དང་། རྒྱལ་བའི་ཁྱུ་མཆོག་དང་། ཚིགས་ལྔ་སེར་པོ་དང་། བཞིན་བཟངས་དང་། གནོད་སྦྱིན་རིང་པོ་འཁོར་དང་བཅས་པ་དང་། དྲི་སྣ་ཚོགས་སྡེ་དང་། འབྲས་བུ་གསུམ་པ་དང་། མགུལ་གསུམ་པ་དང་། ལྕགས་མདུང་རིང་པོ་དང་མ་ལྡན་ཏེ། གནོད་སྦྱིན་དེ་དག་ནི་གནོད་སྦྱིན་སྟོབས་པོ་ཆེ་ཆེན་པོ་སྟེ། སྡེ་རྣམས་ཀྱིས་ཡོངས་སུ་འདྲེན་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ་སྟེ། ལྷ་དང་ལྷ་མ་ཡིན་གྱི་ཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ། །འཕྲོག་མའི་བུ་དང་བཅས་ ཞེས་བྱ་བ་ནི། ཡབ་ནི་གནོད་སྦྱིན་ཆེན་པོ་པཉྩི་ཀའོ། །བུ་ནི་ལྔ་བརྒྱའོ་ཞེས་བྱ་བ་ནི་འཁོར་ལ་སོགས་པའོ། །འཁོར་དང་བཅས་པ་ཞེས་བྱ་བ་ནི་ཚངས་པ་ནས་འཕྲོག་མའི་བུ་ཡན་ཆད་དོ། །ཁ་དོག་ནི་སོ་སོའི་ཁ་དོག་གོ། །འཕགས་པ་དང་ནི་རང་གི་འོད་ཀྱིས་རང་གསལ་བའོ། ། ནུབ་མོ་འདས་ཞེས་བྱ་བ་ནི་མུན་པ་ལས་འདས་པའོ། །ཡང་ན་ནུབ་མོ་དང་ཉིན་མོ་ཁྱད་པར་མེད་པའོ། །དག་པ་ལྟ་བུའོ་ཞེས་བྱ་བ་ནི་ཉན་ཐོས་དང་བྱང་ཆུབ་སེམས་དཔའ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པ་དག་པས་དག་པའོ། །གང་ལས་དག་ཅེ་ན། ཉོན་མོངས་པ་ལྔ་དང་ བྲལ་བའོ། །བྱ་རྒོད་ཀྱི་ཕུང་པོའི་རི་ལ་ནི་སོ་སོའི་འོད་ཀྱིས་ཁེབས་པའོ། །གང་གི་འོད་ཅེ་ན། ཚངས་པ་ལ་སོགས་པའི་འོད་དང་། མཐུས་སྣང་བ་ཆེན་པོས་སྣང་བར་བྱས་ཏེ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའི་མཐུས་བྱ་རྒོད་ཕུང་པོ་ལ་སྣང་པའོ། །བཅོམ་ལྡན་འདས་ལ་ཞེས་བྱ་ བ་ནི། བཅོམ་པ་ནི་བཞི་བཅོམ། ལྡན་པ་ནི་དྲུག་གོ། །འདས་པ་ནི་མྱ་ངན་ལས་འདས་པའོ། །ག་ལ་བ་དེར་ཞེས་བྱ་བ་ནི་སྤྱན་སྔར་རོ། །དོང་ནས་ཕྱིན་པ་དང་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པས་ཕྱིན་པའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི་ ལྷའི་མེ་ཏོག་དང་། ལྷའི་སྤོས་དང་། ལྷའི་མར་མེ་དང་། ལྷའི་ཞལ་ཟས་དང་། ལྷའི་མནྡ་ར་བ་དང་། པདྨ་དཀར་པོ་དང་། ཨུ་དུམྺཱ་ར་ལ་སོགས་པ་མེ་ཏོག་གི་ཆར་ཕབ་པའོ། །ཕྱོགས་གཅིག་ཏུ་འཁོད་ནས་ཞེས་བྱ་བ་ནི་ཕྱོགས་གཅིག་ཏུ་ཚངས་པ་ལ་སོགས་པ་འདུག་པའོ། ། ཚིག་གཅིག་ཅེས་བྱ་བ་ནི་གཉིས་སུ་མེད་པའོ། །ངག་གཅིག་ཅེས་བྱ་བ་ནི་ཐམས་ཅད་མཐུན་པའོ། །དབྱངས་གཅིག་ཅེས་བྱ་བ་ནི་སོ་སོའི་བསྟོད་པས་མཐུན་པའོ། །བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་མངོན་པར་བསྟོད་པ་ཞེས་པ་ནི་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་ བསྟོད་པའོ། །ཇི་སྐད་དུ་བསྟོད་ན། ཤིན་ཏུ་འབར་བའི་གསེར་དང་འདྲ། །ཞེས་པ་ནི་དཔེར་ན་གསེར་མཁན་གྱིས་གསེར་སྦྱངས་པའི་འོད་དང་འདྲ་བས་ཏེ། ཡང་ན་ཉི་མ་བདུན་གྱི་འོད་དང་འདྲ་བའོ། །ཟླ་བ་ཉི་མའི་འོད་དང་མཚུངས། །ཞེས་བྱ་བ་ནི་འོད་དང་མཉམ་པ་སྟེ། དཔེར་ ན་ཟླ་བ་བསིལ་བར་བྱེད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའོ། །དཔལ་ལྡན་ཞེས་བྱ་བ་ནི་གཉིས་ལྡན་ཏེ། འཇིག་རྟེན་པའི་དཔལ་དང་། འཇིག་རྟེན་ལས་འདས་པའི་དཔལ་ལོ། །འཇིག་རྟེན་པའི་དཔལ་ནི་འཇིག་རྟེན་ལ་གྲགས་པའོ། །འཇིག་རྟེན་ལས་ འདས་པའི་དཔལ་ནི་གཉིས་སུ་མེད་པ་སྟེ་སོ་སོ་མ་ཡིན་ནོ། །རྣམ་ཐོས་ཀྱི་བུ་བཞིན་བརྟན་ཞེས་པ་ནི་དཔེར་ན་རྣམ་ཐོས་ཀྱི་བུའི་ནོར་ལ་སོགས་པ་ཟད་པ་མེད་པ་བཞིན་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཟད་མི་ཤེས་པའི་ཕྱིར་རོ། །རིན་ཆེན་རྣམས་ ཀྱི་འབྱུང་གནས་ལགས། །ཞེས་བྱ་བ་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་དགོས་འདོད་འབྱུང་བའོ། །སེང་གེ་གླང་ཆེན་འདྲ་བའི་འགྲོས། །ཞེས་བྱ་བ་ནི་དཔེར་ན་སེང་གེ་ནི་གཅན་གཟན་གྱི་རྒྱལ་པོ་ཡིན་པ་བཞིན་དུ། ཉོན་མོངས་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པའོ། ། གླང་ཆེན་འདྲ་བའི་འགྲོས་ཞེས་བྱ་བ་ནི་དཔེར་ན་གླང་པོ་ཆེ་ཐོགས་རྡུགས་མེད་པར་འགྲོ་བ་བཞིན་དུ། དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་ཡང་ལམ་མོ། །གླང་ཆེན་མྱོས་པ་བཞིན་དུ་གནོན། །ཞེས་བྱ་བ་ནི་དཔེར་ན་གླང་པོ་ཆེ་ར་རོ་བ་བཞིན་དུ་དྲན་པ་མེད་དེ། དེ་དང་འདྲ་བ་ཡང་དག་པར་ རྫོགས་པའི་སངས་རྒྱས་སོ། །གསེར་གྱི་རི་བ་དང་ཡང་མཚུངས། །ཞེས་བྱ་བ་ནི་དཔེར་ན་གསེར་གྱི་རི་བོ་ནི་བརྗིད་ཅིང་ལྷུན་སྡུག་པ་བཞིན་དུ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་མཐོང་ན་མི་མཐུན་པ་མེད་པའོ། །འཛམ་བུའི་གླིང་གི་གསེར་རྒྱན་འདྲ་ཞེས་པ་ནི་རི་རབ་ཀྱི་ལྷོ་ ངོས་ན་རྒྱ་མཚོ་ཆེན་པོའི་འགྲམ་ན། ཤིང་ལྗོན་པའི་འཛམ་འབྲས་ཞེས་བྱ་བ་ཡོད་དེ། འཛམ་འབྲས་ཀྱི་འབྲས་བུ་མར་ལ་ལྷུང་བས་རྒྱ་མཚོ་ལ་ཡང་མདོག་འགྱུར་བའོ། །དེ་ནས་འཛམ་བུའི་གླིང་ཞེས་བྱ་བའོ། །དེའི་འོག་ན་གསེར་ཡོད་དེ། ཤིན་ཏུ་དམར་བ། ཤིན་ཏུ་ཁ་དོག་ ལེགས་པ་དག་དང་མཉམ་པར་བྱེད། དཔེ་དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། ཁ་དོག་དང་གཟི་བརྗིད་དང་། ཡོན་ཏན་གྱིས་བརྒྱན་པའོ། །སྐར་མ་རྣམས་ཀྱིས་ཡོངས་བསྐོར་བ། །ཞེས་པ་ནི་དཔེར་ན་སྐར་མ་སྟེ། ཉན་ཐོས་ལ་སོགས་པའོ། །བསྐོར་བ་ནི་ བཅོམ་ལྡན་འདས་ལའོ། །ནམ་མཁའི་ཟླ་བ་དྲི་མེད་བཞིན། །ཞེས་བྱ་བ་ནི་དཔེར་ན་དབྱར་གྱི་ནམ་མཁའི་འོད་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉོན་མོངས་པ་ལ་སོགས་པའི་དྲི་མ་དང་བྲལ་བའོ། །ཉན་ཐོས་དགེ་འདུན་རྣམས་ཀྱི་དབུས། །ཞེས་བྱ་བ་ནི་དགྲ་ བཅོམ་པ་བྱང་ཆུབ་སེམས་དཔའི་འཁོར་རྣམས་ཀྱི་དབུས་སུའོ། །མཚན་རྣམས་ཀྱིས་ནི་བརྒྱན་པར་གྱུར། །ཞེས་པ་ནི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །ལྷ་དང་བཅས་པ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ། །འཇིག་རྟེན་འདི་ནི་ གུས་པར་བཅོམ་ལྡན་འདས་ལའོ། །ཐུབ་པ་ལ་ནི་ཞེས་བྱ་བ་དྲང་སྲོང་ཐུབ་པ་ཞེས་བྱ་བ་ཡོད་དེ་དེ་བཞིན་དུ་དེའི་རྒྱུད་ཀྱི་ཐུབ་པ་ཞེས་བྱའོ། །ཡང་ན་ལུས་ངག་ཡིད་གསུམ་ཐུབ་པས་ཐུབ་པའོ། །སྐྱབས་སུ་མཆི་ཞེས་པས་ནི་སྐྱབས་སུ་འགྲོ་བས་ནའོ། །མི་རྣམས་ལ་ནི་སྨན་སླད་དུ། ། ཞེས་པ་ནི་བསྲུང་བ་དང་སྐྱོབ་པའོ། །སྲུང་བ་དུས་སུ་ཉེ་བར་གནས། །ཞེས་བྱ་བ་ནི་སྲུང་བ་ནི་ངན་སོང་གསུམ་ལས་སོ། །དུས་སུ་ནི་ཉེན་པའི་དུས་སུའོ། །སངས་རྒྱས་ཞེས་པ་ནི་ཉོན་མོངས་པ་སྤངས་པའོ། །སྔ་མས་བཤད་པའི་ཞེས་པ་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྒྱད་ཁྲི་ བཞི་སྟོང་གིས་གསུངས་པའོ། །སྟོང་ཆེན་ཞེས་བྱ་བ་ནི་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྒྱད་ཁྲི་བཞི་སྟོང་དེ་བཞིན་གཤེགས་པ་རྣམས་དེའི་སྒོ་ནས་སངས་རྒྱས་པའོ། །ཆེན་མོ་ཞེས་པ་ནི་དེ་དང་མཉམ་པ་མེད་པས་སོ། །རབ་ཅེས་བྱ་བ་ནི་མི་མཉམ་པའོ། །འཇོམས་པ་ནི་སྟོང་གསུམ་གྱི་སྟོང་ ཆེན་པོའི་བགེགས་རྣམས་ཐམས་ཅད་འཇོམས་པའི་ཕྱིར་རོ། །མདོ་སྡེ་དེ་ནི་ཞེས་བྱ་བ་ནི་སངས་རྒྱས་རབས་བདུན་ནས་སངས་རྒྱས་ཤཱཀྱ་ཐུབ་པ་མན་ཆོད་ཀྱིས་བརྒྱུད་པ་སྟེ། ཡང་ན་འཛིན་པ། འདོན་པ། ཕྱག་འཚལ་བ་ལ་སོགས་པའོ། །ཁོ་ར་ཁོར་ཡུག་རི་མཐའི་བར། །ཞེས་བྱ་བ་ནི་ དབུས་སུ་རི་རབ་སྟེ། འཁོར་བས་ན་ཁོར་ཡུག་གོ། །གང་འཁོར་ཞེ་ན། རི་རབ་དང་གླིང་བཞི་ལ་སོགས་པ་འཁོར་བས་ན་འཁོར་བའོ། །མཚམས་གཅོད་པ་ཡི་དམ་པ་ལགས། །ཞེས་བྱ་བ་ནི་མཚམས་གཅོད་པ་ནི་བསྲུང་བ་དང་སྐྱོབ་པའོ། །ཡང་ན་བགེགས་རྣམས་ཐམས་ཅད་ བཅིང་བའི་ཕྱིར་རོ། །དམ་པ་ཞེས་བྱ་བ་ནི་འདི་དང་འདྲ་བ་མེད་པའོ། །ཕྱག་འཚལ་ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའོ། །སྐྱེས་བུ་དཔའ་ཁྱོད་ལ་ཞེས་པ་གཞན་དང་མི་འདྲ་བ་ནས་སྐྱེས་བུའོ། །དཔའ་བོ་ཞེས་བྱ་བ་ནི་བདུད་བཞི་བཅོམ་པའི་ཕྱིར་རོ། །ཡང་ན་ཁམས་གསུམ་ ལས་རྣམ་པར་རྒྱལ་བས་དཔའ་བོ་ཞེས་བྱའོ། །ཁྱོད་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལའོ། །ཕྱག་འཚལ་ཏེ་ཚངས་པ་ལ་སོགས་པས་སོ། །སྐྱེས་བུ་ནི་ཁམས་གསུམ་གྱི་དམ་པའོ། །མཆོག་ཁྱོད་ནི་སངས་རྒྱས་རབས་བདུན་མན་ཆོད་དོ། །ཆོས་ཞེས་ བྱ་བ་ནི་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པའི་ཆོས་སོ། །ཀུན་རྫོབ་དང་ཞེས་བྱ་བ་ནི་ལོག་པ་དང་ཡང་དག་གོ། །དོན་དམ་པ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྲལ་བའོ། །རྒྱལ་པོ་ཞེས་བྱ་བ་ནི་ངག་ལ་དབང་བྱེད་པས་རྒྱལ་པོ་ཞེས་བྱའོ། །ཡང་ན་ཁམས་གསུམ་ཆོས་ཀྱི་དབང་བསྐུར་བས་ན་ རྒྱལ་པོའོ། །ཐུབ་ཅེས་བྱ་བ་ནི་ལུས་ངག་ཡིད་གསུམ་ཐུབ་པས་ཐུབ་པའོ། །ཆེན་པོ་ཞེས་བྱ་བ་ནི་གཞན་ལས་ཁྱད་པར་དུ་འཕགས་པའོ། །ཐལ་མོ་སྦྱར་ཏེ་ཚངས་པ་ལ་སོགས་པ་ལ་ཕྱག་འཚལ་ལོ། །དེ་ནས་ཞེས་བྱ་བ་ནི་བཞུགས་པའི་རྟིང་ལ། བཅོམ་ལྡན་འདས་ཞེས་པ་ནི་ བཞི་བཅོམ་དྲུག་ལྡན་མྱ་ངན་ལས་འདས་པའོ། །ཡུད་ཙམ་ཞིག་ཅང་མི་གསུང་བར་དགོངས་ནས་ཞེས་པ་ནི་སྐད་ཅིག་གིས་རྒྱལ་པོ་ཆེན་པོ་བཞི་པོ་དག་བསྐུལ་བའོ། །ཅིའི་ཕྱིར་བསྐུལ་ཞེ་ན། སྐད་ཅིག་གིས་ཏིང་ངེ་འཛིན་གྱིས་བསྐུལ་བའོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་ལ་ བཀའ་སྩལ་པ་ཞེས་པ་ནི་ཏིང་ངེ་འཛིན་གྱི་འོད་ཀྱིས་བསྐུལ་བའོ། །གང་ལ་བཀའ་སྩལ་ན། རྒྱལ་པོ་ཆེན་པོ་དག་གང་ཁྱེད་ཀྱི་ཞེས་པ་ནི་འཁོར་དང་བཅས་པ་ཞེས་བྱ་བའོ། །ཁྱོད་ཀྱིས་ངའི་འཁོར་ལ་འཚེ་བར་སེམས་པ་དེ་ནི་ཚུལ་མ་ཡིན་ནོ་ཞེས་བྱ་བ་ནི་སྙིང་རྗེ་དང་བྲལ་བའི་ ཕྱིར་རོ། །ཅིའི་ཕྱིར་ན་ཞེས་བྱ་བ་ནི་སྡིག་ལ་སོགས་པ་བྱེད་པའི་ཕྱིར་རོ། །རྒྱུ་ནི་སངས་རྒྱས་དང་མཉམ་པའི་ཕྱིར་རོ། །མིའི་འཇིག་རྟེན་འདིར་སངས་རྒྱས་འབྱུང་བ་དང་ཞེས་བྱ་བ་ནི་མིའི་འཇིག་རྟེན་ནི་འཛམ་བུའི་གླིང་དུའོ། །སངས་རྒྱས་འབྱུང་བ་ནི་མ་ག་ངྷཱར་རོ། །ཆོས་ ལེགས་པར་གསུངས་པ་ཞེས་བྱ་བ་ནི་བྱ་རྒོད་ཕུང་པོའི་རི་ལའོ། །དགེ་འདུན་ལེགས་པར་བསྒྲུབས་པ་དེ་ལ་ས་བོན་འདི་བཏབ་ནས་ཞེས་བྱ་བ་ནི་ཚད་མེད་པ་བཞིའི་སྒོ་ནས་བཏབ་པའོ། །སངས་རྒྱས་དང་ཞེས་བྱ་བ་ནི་ཉོན་མོངས་པ་འདོད་ཆགས་ལ་སོགས་པ་དང་བྲལ་བའོ། །བཅོམ་ ལྡན་འདས་ནི་བཞི་བཅོམ་དྲུག་ལྡན་མྱ་ངན་ལས་འདས་པའོ། །རང་སངས་རྒྱས་རྣམས་དང་ཞེས་བྱ་བ་ནི་རང་ཞེས་བྱ་བ་རང་བྱུང་གི་ཡེ་ཤེས་དང་། སློབ་དཔོན་མེད་པ་དང་། ལུས་ཀྱི་སྒོ་ནས་སེམས་ཅན་འདུལ་བ་དང་། བྱེ་བྲག་ཏུ་སྨྲ་བའི་ཕྱིར་དང་། རང་འབྱུང་བའི་ཡེ་ཤེས་སོ། །དགྲ་བཅོམ་ པ་རྣམས་དང་ཞེས་བྱ་བ་ནི་ཤཱ་རིའི་བུ་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱ་ཡིན་ཏེ། དགྲ་ནི་ཉོན་མོངས་པ་ལ་སོགས་པའོ། །ཉན་ཐོས་ཞེས་བྱ་བ་ནི་ཉན་ཐོས་ལ་ལྟ་བ་གསུམ་ཡོད་དེ། ཉན་ཐོས་ཐ་མ་རབ་འབྲིང་གསུམ་མོ། །ཉན་ཐོས་ཐ་མ་ནི་བྱེ་བྲག་པ་ཡིན་ཏེ། གང་ཟག་གི་སྒོ་ནས་ ཆོས་སྟོན་པའོ། །ལྟ་བ་ནི་ང་གཅིག་པུ་སངས་རྒྱས་པར་འགྱུར་རོ་ཞེས་བྱ་བའོ། །སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ་ཞེས་བྱ་བ་དང་། བདེ་བར་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ་ཞེས་བྱ་བའོ། །ཉན་ཐོས་འབྲིང་པོ་ནི་སྔ་མ་བཞིན་དུ་ཡིན་ཏེ། ཅུང་ཟད་ཙམ་སེམས་ཅན་གྱི་དོན་བྱེད་དོ། །ཆོས་ནི་བྱེ་བྲག་པའོ། །རབ་ནི་སྔ་མ་བཞིན་དུ་ཡིན་ཏེ། ཆོས་ནི་ཁ་ཆེ་བྱེ་བྲག་པ་ཞེས་བྱའོ། །ཆོས་བསྟན་པ་ནི་འཕགས་པའི་བདེན་པ་བཞིའི་སྒོ་ནས་བསྟན་ཏོ། །ཉན་ཐོས་ཀྱི་ཆོས་ནི་ངག་གིས་བསྟན་པའོ། །འཇིག་རྟེན་དུ་འབྱུང་བར་ འགྱུར་ཞེས་བྱ་བ་ནི་དེ་ཀུན་ཡང་འབྱུང་ངོ་། །དེ་ལ་འཇིག་རྟེན་དེ་དག་གིས་དགེ་བའི་རྩ་བ་བསྐྱེད་ནས་ཞེས་བྱ་བ་ནི་དགེ་བའི་རྩ་བ་བཅུ་ལ་སོགས་པའོ། །སྲོག་གཅོད་པ་སྤངས་པ་དང་། མ་བྱིན་པར་ལེན་པ་སྤངས་པ་དང་། མི་ཚངས་པར་སྤྱོད་པ་སྤངས་པ་དང་། བརྫུན་དུ་སྨྲ་བ་སྤངས་ པ་དང་། ཕྲ་མ་སྨྲ་བ་སྤངས་པ་དང་། ཚིག་རྩུབ་པ་སྨྲ་བ་སྤངས་པ་དང་། ངག་འཁྱལ་པ་སྤངས་པ་དང་། བརྣབ་སེམས་སྤངས་པ་དང་། གནོད་སེམས་སྤངས་པ་དང་། ལོག་པར་ལྟ་བ་སྤངས་པའོ། །ཡང་ན་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་ལ་ཕྱག་བཙལ་བ་དང་། བསྒོམ་པ་དང་། སྨོན་ལམ་གདབ་པ་དང་། རྗེས་སུ་ཡི་རང་བའི་སྒོ་ནས་དགེ་བའི་རྩ་བ་བསྐྱེད་པ་ཞེས་བྱའོ། །ལྷའི་རིས་སུམ་ཅུ་རྩ་གཉིས་ལས་ལྷའི་རིས་གང་ཡང་རུང་བ་དག་ཏུ་སྐྱེ་བར་འགྱུར་ཞེས་བྱ་བ་ནི་དགེ་བའི་རྩ་བ་དེའི་སྒོ་ནས་ཞེས་པའོ། །རྒྱལ་པོ་དག་ཀྱང་དམག་ བཞི་དང་ལྡན་པ་དང་ཞེས་བྱ་བ་ནི་འཁོར་རྣམ་བཞི་སྟེ། རྒྱལ་པོ་བཞི་དེ་དང་ལྡན་པའོ། །གླིང་བཞི་ནི་ལུས་འཕགས་པོ་དང་། འཛམ་བུའི་གླིང་དང་། བ་ལང་སྤྱོད་པ་དང་། སྒྲ་མི་སྙན་ནོ། །དབང་སྒྱུར་བ་ཞེས་བྱ་བ་ནི་རྒྱལ་པོ་བཞིའོ། །འཁོར་ལོས་སྒྱུར་བ་ཞེས་བྱ་ བ་ནི་དབང་སྒྱུར་བའི་ཕྱིར་རོ། །རྒྱ་མཚོ་ལ་ཐུག་པའི་ཞེས་བྱ་བ་ནི་ཁོ་ར་ཁོར་ཡུག་ཚུན་ཆད་དོ། །སའི་དཀྱིལ་འཁོར་ཆེན་པོར་ཆོས་ཀྱི་རྒྱལ་སྲིད་བྱེད་པར་འགྱུར་ཏེ་ཞེས་བྱ་བ་ནི་རི་རབ་གླིང་བཞི་དང་དཀྱིལ་འཁོར་རོ། །རྒྱལ་སྲིད་ཅེས་བྱ་བ་ནི་དཀོན་མཆོག་གསུམ་ལས་མི་འདའ་བའོ། །དེ་དག་ ལ་ཡང་རྒྱལ་པོ་བཞིའི་བུའོ། །དཔའ་བས་ན་དཔའ་བའོ། །རྟུལ་ཕོད་པ་ཞེས་པས་ནི་ཕ་རོལ་གྱི་དགྲ་ལ་སོགས་པའོ། །ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཞེས་བྱ་བ་ནི་དགེ་བ་ལེགས་པའོ། །ཁ་དོག་དང་ལྡན་པ། སྟོབས་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། གྲགས་པ་དང་ལྡན་པའོ། །ལྷ་དང་ལྷ་མ་ཡིན་གྱི་རྩོད་པ་ནུས་པའོ། །ཚན་པོ་ཆེའི་སྟོབས་ཀྱི་ཤུགས་བདོག་པ་ཞེས་བྱ་བ་ནི་ཕ་རོལ་གྱི་དམག་བཅོམ་པའི་ཕྱིར་རོ། །ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་གྲོང་འཇོམས་པའོ། །རིན་པོ་ཆེ་སྣ་བདུན་དང་ལྡན་པ་ སྟོང་འབྱུང་བར་འགྱུར་རོ་ཞེས་བྱ་བ་ནི་འཁོར་ལོ་དང་། རྟ་དང་། གླང་པོ་ཆེ་དང་། ནོར་བུ་དང་། དམག་དཔོན་དང་། བཙུན་མོ་དང་། བློན་པོ་དང་བདུན་ནོ། །ཡང་ན་གསེར་དང་དངུལ་དང་ཟངས་དང་ཤེལ་དང་བྱི་རུ་དང་། དུང་དང་། མ་ར་ཀ་ཏ་དང་བདུན་ནོ། །དེ་སྟོང་འབྱུང་བར་ འགྱུར་རོ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞིའི་ཕོ་བྲང་དུ་འབྱུང་བར་འགྱུར་རོ། །དེ་བས་ན་འཇིག་རྟེན་འདིར་དགེ་བའི་སྔོན་གྱི་ཤུགས་ཀྱིའོ། །རྣམ་པ་འདི་ལྟ་བུར་འབྱུང་བར་འགྱུར་བར་ཁྱོད་ཀྱི་སྙིང་ལས་ཆུང་ངུར་གནས་པར་གྱིས་ཤིག་ཅེས་བྱ་བ་ནི། རྣམ་པ་ནི་སྨིན་པའོ། །འདི་ལྟ་ བུ་འབྱུང་བར་འགྱུར་བ་ནི་བཟང་ངན་གྱི་ཁྱད་པར་རོ། །སྙིང་ལས་ཆུང་ངུར་གནས་པ་ནི་རྒྱལ་པོ་ཆེན་པོ་བཞིའོ། །གནས་པ་ནི་བརྟན་པའོ། །གནས་པར་གྱིས་ཤིག་ཅེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དེ་ནས་ཞེས་བྱ་བ་ནི་ཡང་བཅོམ་ལྡན་འདས་ཀྱི་ མཐུ་དང་སྟོབས་ཀྱིས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ནི། ཞལ་གཅིག་ཕྱག་བཞི་སྐུ་མདོག་ལྗང་གུ །ཕྱག་གཡས་གཉིས་ན་རལ་གྲི་དང་མདའ་བསྣམས་པའོ། །གཡོན་ན་ནེའུ་ལེའི་རྐྱལ་པ་དང་བུམ་པ་བསྣམས་པའོ། །སེང་གེའི་གདན་ལ་བཞུགས་ པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། སྟོབས་དང་ལྡན་པ། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་རྩོད་པ་ནུས་པ། བྱང་ཕྱོགས་ཀྱི་གནོད་སྦྱིན་གྱི་དེད་དཔོན་བྱང་ཕྱོགས་ལ་ང་བདག་བྱེད་པའོ། །སྟན་ལས་ལངས་ཏེ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རོ། །བླ་ གོས་ཕྲག་པ་གཅིག་ཏུ་གཟར་ནས་བསྐོར་བ་ལན་གསུམ་བྱས་པའོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་པ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རོ། །བཅོམ་ལྡན་འདས་ག་ལ་བ་དེར་ཞེས་པ་ནི་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་དཔའ་འཁོར་དང་བཅས་པའི་སྤྱན་ སྔར་རོ། །ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་ཞེས་པ་ནི། ལུས་ངག་ཡིད་གསུམ་གྱིས་བཅོམ་ལྡན་འདས་ཀྱི་མདུན་དུའོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་ལུས་ངན་གྱི་ཚིག་གོ། །བཅོམ་ལྡན་འདས་བདག་ཅག་ལ་ཞེས་པ་ནི་གནོད་སྦྱིན་འཁོར་དང་བཅས་ པའོ། །གྲོང་དང་ཞེས་པ་ནི་ཕོ་བྲང་ལ་སོགས་པའོ། །སྐྱེད་མོས་ཚལ་ཞེས་པ་ནི་གནོད་སྦྱིན་རྒྱུ་བའི་གནས་སོ། །གཞལ་མེད་ཁང་ཞེས་པ་ནི་གནོད་སྦྱིན་ལ་སོགས་པའི་དཀྱིལ་འཁོར་རོ། །ཁང་པ་བརྩེགས་པ་དང་ཞེས་པ་ནི། སུམ་བརྩེགས་ཡིན་ཏེ་གནོད་སྦྱིན་གྱི་གནས་སོ། ། བསིལ་ཁང་དང་ཞེས་བྱ་བ་ནི་གནོད་སྦྱིན་ཕོ་དང་མོའི་གནས་སོ། །སྒོ་ཁང་ཞེས་པ་ནི་སྒོ་ཁང་ན་གནས་པའོ། །རྟ་བབས་ཞེས་པ་ནི་མཚམས་མཚམས་སུ་བརྒྱན་པའོ། །ཡང་ན་རྟ་བབས་ཞེས་པ་ནི་ཀ་བ་དང་། རི་དགས་ཤ་ར་ཎ་དང་། ཀླུང་འབྲུག་ན་ར་དང་། ཆུ་སྲིན་ཏྭ་ར་དང་། བྱ་ཁྱུང་ག་རུ་ཌ་ལ་སོགས་པའོ། །དྲ་བ་དང་དྲ་བ་ཕྱེད་པ་དང་། མུ་ཏིག་གི་དྲ་བ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ཇི་ལྟ་བ་བཞིན་དུ་མཛེས་པར་བརྒྱན་པའོ། །སྐར་ཁུང་ཞེས་བྱ་བ་ནི་མཚམས་མཚམས་སུ་ལོགས་ལོགས་སུ་ཞེས་བྱའོ། །སྐར་ཁུང་ ལ་ཡང་མུ་ཏིག་དང་། བྱི་རུ་དང་། མུ་མེན་དང་། གསེར་དང་། དངུལ་དང་། ཤེལ་གྱིས་ཇི་བཞིན་དུ་མཛེས་པར་བརྒྱན་པའོ། །དར་གྱི་ལྡ་ལྡི་བཟང་ཞིང་མཛེས་པ་རྣམས་ཞེས་བྱ་བ་ནི་ཕོ་བྲང་གི་ནང་ནའོ། །སྣ་ཚོགས་དང་ལྡན་ཞེས་པ་ནི། རྔ་མ་དཀར་ པོ་གསེར་གྱི་ཡུ་བ་ཅན་དང་། ཕྱེ་མའི་འཕུར་མ་ལ་སོགས་པ། མེ་ཏོག་གི་ཕྲེང་བ་ལ་སོགས་པ། དྲི་ཞིམ་པོའི་ཕྲེང་བས་དྲ་བ་བྱས་པའོ། །དྲིལ་བུ་དང་མུ་ཏིག་གི་དྲ་བས་ཡོངས་སུ་བསྐོར་བ་དང་ཞེས་བྱ་བ་ནི། ཕྱིའི་སྒོ་རྒྱན་དང་། ནང་གི་ཕོ་བྲང་གི་རྒྱན་ནོ། །དྲིལ་བུ་ལ་སོགས་པ་རླུང་གིས་བཏབ་ པས། དཔེར་ན་ཡན་ལག་ལྔ་དང་ལྡན་པའི་རོལ་མོ་མཁན་པོས་གར་བྱས་པ་དང་འདྲའོ། །པོག་པོར་ནས་བདུག་པས་བདུག་པ་དག་དང་ཞེས་པ་ནི། གསེར་དང་དངུལ་གྱིས་བྱས་ཏེ། ལྷན་ཅིག་སྐྱེས་པ་དང་། ཡང་དག་པར་སྦྱར་བ་དང་། ཙནྡན་དང་། གུ་གུལ་དང་། ཨ་ཀ་ར་ལ་ སོགས་པའི་དྲི་ཇི་བཞིན་དུ་བདུག་པས་བདུགས་པའོ། །མེ་ཏོག་གིས་གཏོར་བའི་ཁྱིམ་དང་ཞེས་པ་ནི་རྣམ་ཐོས་སྲས་ཀྱི་བུའི་ཕོ་བྲང་ངོ་། །གནས་དང་ཞེས་བྱ་བ་ནི་ལུས་ངན་པོའི་གནས་སོ། །ཁང་པ་ཆེན་པོ་དག་མཆིས་ཏེ་ཞེས་པ་ནི་ལུས་ངན་པོའི་ཕོ་བྲང་གི་དབུས་སུ་སེང་གེའི་གདན་ ནོ། །སེང་གེའི་གདན་གྱི་སྟེང་ན་པདྨ་ལ་སོགས་པའི་གདན་ལ་རྒྱན་རྣམ་བཞིས་བྱས་པའི་ཁྲི་ཆེན་པོའོ། །དེ་ལྟར་བདག་ཅག་ཅེས་བྱ་བ་ནི་རྣམ་ཐོས་ཀྱི་བུའོ། །བུད་མེད་བརྒྱ་ཕྲག་སྟོང་དག་གིས་ཞེས་བྱ་བ་ནི་རྣམ་ཐོས་ཀྱི་བུའི་ཆུང་མའོ། །ཡོངས་སུ་བསྐོར་ཅིང་འདོད་པའི་ཡོན་ཏན་ ལྔ་ཚང་བར་སྤྱོད་པ་དང་ལྡན་པར་གྱུར་ནས་ཞེས་བྱ་བ་ནི། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་ཇི་ཙམ་པ་བཞིན་དུ་སྤྱོད་པའོ། །བཙུན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལ་སྤངས་པའོ། །བཅོམ་ལྡན་འདས་ནི་བཞི་བཅོམ་དྲུག་ལྡན་མྱ་ངན་ལས་འདས་ པའོ། །བདག་ཅག་ཅེས་པ་ནི་རྣམ་ཐོས་ཀྱི་བུ་གནོད་སྦྱིན་དང་བཅས་པའོ། །རབ་ཏུ་མྱོས་པའི་བག་མ་མཆིས་པར་གནས་པ་ཞེས་པ་ནི་མྱོས་པའི་འདོད་པའི་ཡོན་ཏན་ལྔས་མྱོས་པའོ། །དེས་མ་ཐོས་པས་ཆོས་དང་མི་ལྡན་པའོ། །འཁོར་ཟས་དང་སྐོམ་ཚོལ་དུ་ཕྱོགས་བཅུ་ཀུན་དུ་ འབྱེར་ཞིང་། སྐྱེས་པ་དང་ཞེས་བྱ་བ་ནི། རླུང་དང་། མཁྲིས་པ་དང་། བད་ཀན་དང་། རིམས་ལ་སོགས་པ་ཟས་དང་སྐོམ་ལ་སོགས་པ་ཚོལ་བའོ། །བུད་མེད་དང་ཞེས་བྱ་བ་ནི་བུད་མེད་བུ་སྐྱེས་པའི་དུས་སུ་ཡང་ཟས་ཚོལ་བའོ། །བུད་མེད་ཀྱི་གཟུགས་སུ་བྱས་ནས་སོ། །ཁྱེའུ་དང་ཞེས་བྱ་བ་ནི། ཁྱེའུའི་གཟུགས་སུ་བྱས་ནས་ཟས་ཚོལ་བའོ། །བུ་མོ་དང་ཞེས་པ་ནི། བུ་མོའི་གཟུགས་ཅན་དུ་བྱས་ནས་སོ། །བཙས་མ་ཐག་པ་དང་ཞེས་པ་ནི་བཙས་ནས་ཆེ་བར་སོང་ནས་མཛེ་དང་ཕོལ་མིག་ལ་སོགས་པ་ནད་རྣམ་པ་སྣ་ཚོགས་སུ་གཏོང་བའི་བདག་གོ། །དུད་འགྲོའི་སྐྱེ་གནས་སུ་གཏོགས་ པའི་ཞེས་པ་ནི་དུད་འགྲོ་ལ་གནོད་པར་བྱེད་པའོ། །སྲོག་ཆགས་རྣམས་ཀྱི་མདངས་འཕྲོག་འཚེ་བར་བགྱིད་ཅེས་བྱ་བ་ནི་སྲོག་ཆགས་ཞེས་བྱ་བ་ནི་མི་ལ་སོགས་པའོ། །མདངས་འཕྲོག་ཅེས་བྱ་བ་ནི། ནད་རྣམས་མཛེ་ལ་སོགས་པ་ཐམས་ཅད་གཏོང་བའི་བདག་པོའོ། །ཡང་ན་དགེ་བའི་རྩ་བ་ ལ་སོགས་པའི་བགེགས་བྱེད་པའི་བདག་གོ། །བགེགས་བགྱིད་ཅེས་བྱ་བ་ནི་བཞི་དང་ལྡན་པའོ། །འགུམ་པར་བགྱིད་ཅེས་པ་ནི་འཆི་བདག་གོ། །སྲོག་དང་འབྲལ་བར་བགྱིད་དེ་ཞེས་བྱ་བ་ནི། ཁ་ཐུག་ཏུ་ཕྲད་ནས་སྐད་ཅིག་མས་སྲོག་དང་འབྲལ་བར་བགྱིད་པའོ། །བཙུན་པ་བཅོམ་ ལྡན་འདས་ཞེས་བྱ་བ་ནི་ཞུ་བའོ། །སྤྱན་སྔར་ནི་མདུན་དུའོ། །བདག་ཅག་གི་འཁོར་བཞི་ཞེས་པ་ནི། དགྲ་བཅོམ་པའི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་སློང་དང་། དགེ་སློང་མ་ལ་སོགས་པའི་མདུན་དུའོ། །བདག་ཅག་གི་གནོད་སྦྱིན་འཁོར་དང་བཅས་པའོ། །འཁོར་གྱི་ ཚུལ་གྱི་མཚན་མ་བསྟན་པ་ཞེས་བྱ་བ་ནི་ནད་རྣམས་ཀྱི་མཚན་མའོ། །གང་གི་འཁོར་གྱི་གདོན་འབྱུང་བ་དེར་ཞེས་པ་ནི་རྣམ་ཐོས་སྲས་ཀྱི་འཁོར་ཏེ་གནོད་སྦྱིན་གྱི་གདོན་ནོ། །རྒྱལ་པོ་ཆེན་པོ་དེའི་གཟུགས་ཞེས་པ་ནི་རྒྱལ་པོ་ཆེན་པོ་བཞིའི་གཟུགས་སོ། །རྣམ་ཐོས་སྲས་ཀྱི་བུ་ དང་། ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་བཞིའོ། །དེའི་མཆོད་རྫས་ནི། རྒྱལ་མཚན་དང་ནི་བ་དན་དང་། །གདུགས་དང་མེ་ཏོག་ཕྲེང་བ་སོགས། །ཡང་དག་དྲི་སྦྱོར་བཟང་པོ་དང་། །འབྲས་དང་བག་ཕྱེ་ལ་སོགས་ལ། །རྒྱལ་པོ་བཞི་ཡི་ གཟུགས་བྱས་ལ། །དཀྱིལ་འཁོར་བཟང་པོའི་ས་གཞི་ལ། །སྣ་ཚོགས་ཚོན་གྱིས་བྲི་བར་བྱ། །དབུས་སུ་པདྨ་སྣ་ཚོགས་ལ། །སྟོང་ཆེན་རབ་འཇོམས་དབུས་ན་གནས། །པདྨ་བཞི་དང་མཚུངས་པ་ལ། །རྒྱལ་པོ་བཞི་ནི་གཟུགས་པར་ཤེས། །གནོད་སྦྱིན་གདོན་ དང་དྲི་ཟའི་གདོན། །གྲུལ་བུམ་གདོན་དང་ཀླུ་ཡི་གདོན། །དེ་དག་ཐམས་ཅད་ཕྱི་རོལ་དགོད། །ཚེས་བརྒྱད་དང་ནི་བཅུ་བཞི་དང་། །བཅོ་ལྔ་དག་གི་དུས་དག་ནི། །རྒྱལ་པོ་རྣམས་ནི་མཆོད་པར་བྱ། །སྣ་ཚོགས་མེ་ཏོག་སྣ་ཚོགས་སྤོས། །སྣ་ཚོགས་དྲི་དང་མེ་མར་དང་། །ལྷ་བཤོས་ སྣ་ཚོགས་དྲི་ལྡན་པ། །རྒྱལ་པོ་རྣམས་ལ་དབུལ་བར་བྱ། །ཞོ་དང་བུ་རམ་བསྲེས་པ་ལ། །དྲི་ཟ་དྲང་སྲོང་ལྷ་རྣམས་དགའ། །མེ་ཏོག་དཀར་པོའི་སིལ་མ་དགྲམ། །ཕྲེང་བ་དག་ཀྱང་དེ་བཞིན་ནོ། །ཤར་ཕྱོགས་ངོས་སུ་དགོད་པར་བྱ། །ཤ་དང་ཁྲག་དང་ཆང་དང་ཆན། །སྒོག་པ་ལ་སོགས་ཉ་ཤ་ དང་། །མེ་ཏོག་སེར་པོའི་སིལ་མ་དགྲམ། །ཕྲེང་བ་ལ་ཡང་དེ་བཞིན་ནོ། །ལྷོ་ཕྱོགས་གྲུལ་བུམ་མ་མོ་དང་། །སྲིན་མོ་སྲིན་པོ་ཡི་དགས་གདོན། །གྲུལ་བུམ་གདོན་དུ་ཤེས་པར་བྱ། །དེ་རྣམས་རྫས་ནི་བསམ་པར་བྱ། །ནུབ་ཕྱོགས་ཀླུ་དང་འདབ་བཟངས་གདོན། །འོ་མ་སྨན་དང་མངར་ གསུམ་སོགས། །ནུབ་ཕྱོགས་ངོས་ནས་བསམ་པར་བྱ། །མེ་ཏོག་དམར་པོའི་སིལ་མ་དགྲམ། །ཕྲེང་བ་ལ་ཡང་དེ་ཡིས་ཤེས། །ཀླུ་ཡི་གདོན་གྱི་རྫས་ཡིན་ནོ། །ཆང་དང་ཁྲག་དང་ཤ་ལ་སོགས། །གནོད་སྦྱིན་དང་ནི་བཙག་རྣམས་སོ། །གནོད་སྦྱིན་ཕོ་མོ་ལ་སོགས་དང་། །བྱང་གི་ངོས་ན་ གནས་པར་ཤེས། །མེ་ཏོག་ལྗང་གུའི་སིལ་མ་དགྲམ། །མེ་ཏོག་ཕྲེང་བ་དེ་བཞིན་ནོ། །བྱང་གི་ངོས་ནས་བསམ་པར་བྱ། །དགེ་སློང་དག་ནི་རྡོ་རྗེ་འཛིན། །དྲི་མ་མེད་པའི་གོས་ལ་སོགས། །སྨྱུང་བར་བྱས་ལ་དཀར་པོ་བརྟེན། །སྙིང་རྗེ་ལྡན་ཞིང་དོན་བྱེད་པ། །དེ་དག་སློབ་དཔོན་ མཚན་ཉིད་དོ། །ཞེས་བྱ་བ་བསྟན་པའོ། །མཆོད་རྟེན་དང་བཅས་པ་ཆེན་པོ་བགྱིས་ཏེ་ཞེས་བྱ་བ་ནི། ཟངས་དང་འཇིམ་པ་ཁར་བ་བཅས། །གསེར་དང་དངུལ་དང་རིན་ཆེན་སོགས། །ཚ་ཚ་ལ་སོགས་རབ་གནས་བྱ། །དེ་བཞིན་གཤེགས་པའི་སྐུར་གནས་པ། །དེ་ལྟ་བུ་ཡི་མཆོད་ རྟེན་ལ། །གང་ཟག་གིས་ནི་མཆོད་པར་བྱ། །མཚན་མ་ལེགས་དང་མགྲིན་པ་རིང་། །གསུས་པ་ཆེ་དང་མཆུ་འཕྱངས་པ། །ནག་པོ་ར་རི་མེད་པ་དང་། །གསེར་རམ་དངུལ་ལ་སོགས་པ་སྟེ། །དེ་ལྟ་བུ་ཡི་བུམ་པ་ལ། །བདུག་སྤོས་བཟང་པོས་བདུག་པར་བྱ། །དྲི་འམ་སྨན་ནམ་རིན་པོ་ཆེ། ། གདུགས་དང་མགུལ་ཆིངས་གཙང་བ་ལ། །འབྲས་བུ་ཅན་གྱི་ཤིང་རྣམས་ཀྱིས། །ཁ་རྒྱན་དག་ནི་ལེགས་པར་བྱ། །རྒྱལ་པོ་བཞི་ཡི་གཟུགས་རྣམས་དང་། །གདུང་རྟེན་ལ་སོགས་གང་ཡང་རུང་། །གསེར་རམ་དངུལ་ལམ་སྣོད་བཅས་ལ། །བུམ་པའི་ཞབས་ལ་བུ་གུ་གདོད། ། དེ་ཡི་འོག་ཏུ་གཞག་པར་བྱ། །མེ་ཏོག་དང་ནི་བདུག་སྤོས་དང་། །དྲི་མཆོག་ལ་སོགས་གཏོར་མ་དང་། །རྡོ་རྗེ་སློབ་དཔོན་ཤེས་པར་བྱ། །ལྔའམ་གཅིག་གམ་གང་ཡང་རུང་། །དཀྱིལ་འཁོར་དབུས་སུ་ཡང་དག་གཞག །ཕུར་པ་དང་ནི་མདའ་རྣམས་དང་། །མདུང་དང་རལ་ གྲི་མཚོན་རྣམས་ལ། །སྐུད་པ་སྣ་ཚོགས་ཡང་དག་བསྐོར། །རྡོ་རྗེ་སློབ་དཔོན་ཤེས་རབ་ཅན། །བློ་ལྡན་མཁས་པས་ཡང་དག་ཤེས། །སྟོང་ཆེན་རབ་འཇོམས་མདོ་སྡེ་ཡང་། །རྒྱུན་མི་འཆད་པར་གདོན་པར་བྱ། །མཆོད་རྟེན་མཆོད་དོ་ཞེས་བྱ་བའོ། །ནད་པས་རྒྱལ་པོ་ཆེན་ པོ་དེའི་མིང་ནས་དབྱུང་ཞིང་ཞེས་བྱ་བ་ནི། ལག་པའི་ལག་པས་རེག་པར་བགྱིའོ། །མིང་ནས་དབྱུང་ཞིང་ཞེས་པ་ནི་རྒྱལ་པོ་ཆེན་པོ་བཞི་དང་ནད་པའི་མཚན་རྣམས་སོ། །དྲི་སྣ་ཚོགས་ཀྱིས་རང་གི་ལག་པས་བདུག་པར་བྱའོ་ཞེས་བྱ་བ་ནི་ནད་པ་དང་རྡོ་རྗེ་སློབ་དཔོན་གྱི་ལག་པས་ ཡང་དག་པར་མཆོད་པའོ། །ཡང་ན་དྲིའི་ཕོར་པ་བཞི་མཎྜལ་གྱི་ཁར་ཡང་དག་པར་