Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 71

Văn bản gốc(Tây Tạng)

Trang 15 / 21 (50.000 ký tự/trang)
ས་པ་ཞི་བའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་བདོག་པ་ཉམས་པ་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ནོར་འགྲིབས་པས་ནི་གནོད་པ་དང་། །ཞེས་གསུངས་ཏེ། བདག་གི་བདོག་པ་ཕུན་སུམ་ཚོགས་པ་ཉམས་ནས་ཕོངས་པ་སྟེ། གཞན་ལ་
རག་ལུས་ནས་བདག་ཉོན་མོངས་པ་ལ། རྒྱས་པའི་ལས་བྱས་ན་བདོག་པ་ཡོད་པར་གསུངས། དེའི་འོག་ཏུ་མྱ་ངན་གྱི་གནོད་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། མྱ་ངན་ངལ་ལས་གནོད་པ་དང་། །ཞེས་གསུངས་ཏེ། ཁམས་གསུམ་གྱི་སེམས་ཅན་རྣམས་སེམས་ཀྱི་མྱ་ངན་སྣ་ཚོགས་དང་ལྡན་པས་ལུས་
རབ་ཏུ་ངལ་ཏེ། སྡུག་བསྔལ་རྣམས་ཀྱིས་རབ་ཏུ་གཟིར་བ་ལ་མྱ་ངན་གྱི་ཆོ་འཕྲུལ་ལ་སོགས་པ་ཞི་བའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་འཇིགས་ཤིང་ཕོངས་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། འཇིགས་པ་དང་ནི་ཕོངས་པ་དང་། །ཞེས་གསུངས་ཏེ། སེམས་ཅན་རྣམས་རྒྱལ་པོའི་ཆད་
པའི་འཇིགས་པ་དང་། གནམ་ལྕགས་ཀྱིས་འཇིགས་པ་དང་། རྐུན་པོས་འཇིགས་པ་དང་མེ་དང་ཆུས་འཇིགས་པ་དང་། མཚོན་ཆས་འཇིགས་པ་དང་། དུག་གིས་འཇིགས་པ་དང་། སྐར་མདའ་ལྟུང་བས་འཇིགས་པ་དང་བརྒྱད་དོ། །གཞན་ཡང་མགོན་སྐྱབས་མེད་ཅིང་ཕོངས་པའི་བྱེ་བྲག་རྣམས་
ཕྲིན་ལས་རྣམ་བཞིའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་བྱད་སྟེམས་བཤད་དེ། ཅིའི་ཕྱིར་ཞེ་ན། གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། །ཞེས་གསུངས་ཏེ། འཇིག་རྟེན་གྱི་ཁམས་སུ་གཟའ་ཆེན་པོ་བརྒྱད་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་སོ་སོའི་བྱད་སྟེམས་ཀྱི་འཛམ་བུའི་གླིང་གི་
སེམས་ཅན་རྣམས་ལ་མི་ནད་དང་ཕྱུགས་ནད་དང་། ཆོམ་རྐུན་དང་མདངས་འཕྲོག་པ་ལ་སོགས་པ་གནོད་པའི་བྱེ་བྲག་རྣམས་ལ། ཕྲིན་ལས་རྣམ་བཞིའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་གདོན་གྱིས་ཉེན་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། མི་བཟད་གདོན་གྱིས་ཉེན་པ་དང་། །ཞེས་གསུངས་ཏེ།
འཇིག་རྟེན་གྱི་སེམས་ཅན་རྣམས་ལ་ཕུང་པོ་དང་ཁམས་མ་སྙོམས་པ་དང་། སེམས་ཀྱི་རྣམ་པར་རྟོག་པ་ཉོན་མོངས་པའི་གདོན་དང་། གཞན་ཡང་བི་ནཱ་ཡ་ཀ་ལ་སོགས་པའི་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞིས་ཉེན་པ་ལ། ཕྲིན་ལས་རྣམ་བཞིའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་མྱ་

ངན་ངལ་ལས་བྱུང་བའི་རྨི་ལམ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། མྱ་ངན་ངལ་ལས་བྱུང་བ་ཡིས། །རྨི་ལམ་སྡིག་པ་མཐོང་ན་ཡང་། །ཞེས་གསུངས་ཏེ། ཉོན་མོངས་པའི་སེམས་ཅན་ཕྱིན་ཅི་ལོག་གི་ལྟ་བའི་བག་ཆགས་ཀྱི་མྱ་ངན་གྱིས་གདུངས་པ་ལངས་པའི་རྒྱུས་ལུས་དང་སེམས་ངལ་ཞིང་ཐང་ཆད་པས་
བློ་གཏིབས་པས། གཉིད་ལོག་པའི་རྨི་ལམ་ལ་ལྟས་ངན་གྱི་རྨི་ལམ་སྡིག་པའི་བག་ཆགས་ལས་བྱུང་བ་དམྱལ་བས་བསྲེགས་པ་ལ་སོགས་པའི་རྨི་ལམ་སུམ་ཅུ་རྩ་གཉིས་རྨིས་པ་རྣམས་ཕྲིན་ལས་རྣམ་བཞིའི་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་ཆོ་གའི་ཐབས་སྟོན་ཏེ། ཅིའི་ཕྱིར་
ཞེ་ན། དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་མཉན་པར་བྱ། །ཞེས་གསུངས་ཏེ། སློབ་དཔོན་སློབ་མ་སྟ་གོན་ལ་གནས་པར་བྱ་བ་དང་། ལྷ་དང་མི་སྟ་གོན་ལ་གནས་པར་བྱ་བ་དང་། རྫས་དང་ཡོ་བྱད་ལ་སོགས་པ་སྟ་གོན་ལ་གནས་པའི་ཆོ་གའོ། །དེའི་འོག་ཏུ་སློབ་དཔོན་
གྱིས་དཀྱིལ་འཁོར་གྱི་ཆོ་ག་རྫོགས་པར་བྱས་ལ། བདུད་རྩིའི་བུམ་པས་སློབ་མ་ལ་སོགས་པའི་སྤྱི་བོ་ནས་དབང་བསྐུར་ཞིང་ཁྲུས་བྱ་བ་ནི་ཕྱི་ནང་གི་དྲི་མ་བཀྲུ་བའོ། །དེ་ལྟར་བདུད་རྩིའི་བུམ་པས་ཉོན་མོངས་པ་རྣམས་གཙང་བར་བྱིན་གྱིས་བརླབས་ནས། དེ་ནས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། མདོ་སྡེའི་
དོན་བཤད་ཅིང་ཉན་དུ་བཅུག་ལ། བསྒོམ་པའི་ལུང་དབོག་ཅིག་ལྷའི་ངོ་བོ་བསྟན་པའི་ཐ་ཚིག་གོ། །དེའི་འོག་ཏུ་ཕྱི་ནང་གི་ཆོས་བསྟན་ཏེ། དེ་ཡང་ཅིའི་ཕྱིར་ཞེ་ན། གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཞེས་གསུངས་ཏེ། སློབ་མ་གཞི་དད་པ་དང་ལྡན་
ཞིང་། ཡིད་དགེ་བ་ལ་སེམས་དང་ཞིང་སྤྱོད་པ་ཚང་བ་དང་། དཀའ་བློ་བདེ་བ་ལ་ངོ་རྟག་པ་དེ་ལྟ་བུའི་དེ་སེམས་ཀྱི་དྲི་མ་དང་བྲལ་བར་བྱས་ཏེ། དེ་ནས་སློབ་དཔོན་གྱིས་སློབ་མ་ལ་དེ་ལྟ་བུ་ལ་ནི་རས་སམ་དར་དཀར་པོ་ལ་སོགས་པའི་གོས་གཙང་མ་བཀོན་ལ་དྲི་ཞིམ་པོའི་མེ་ཏོག་གི་ཅོད་པན་ལ་སོགས་
པའི་རྒྱན་མང་པོས་བརྒྱན་ལ། ཕྱི་ནང་གི་རྒྱན་གྱིས་ལུས་སེམས་མཛེས་པར་བརྒྱན་ལ། དེའི་འོག་ཏུ་ཐེག་པ་ཆེན་པོའི་ཆོས་ཉན་པའི་ཡོན་ཏན་བསྟན་ཅིང་བསྐུལ་བ་གདབ་སྟེ། ཅིའི་ཕྱིར་ཞེ་ན། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་གསུངས་ཏེ། དུས་གསུམ་གྱི་

སངས་རྒྱས་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་རང་བཞིན་རྡོ་རྗེ་རྣམ་པར་འཇོམས་པའི་མདོའི་དོན་ཟབ་པ་རྒྱ་ཆེ་བ་སངས་རྒྱས་ཉིད་ཀྱི་སྤྱོད་ཡུལ། མདོ་སྡེ་ཐམས་ཅད་ཀྱི་སྙིང་པོ་འདི་ཐེག་པ་ཆེན་པོའི་རིགས་ཅན། སློབ་པའི་རྒྱུན་ལ་ཞུགས་པ་གང་ཞིག་གིས་མཉན་པར་བྱེད་
པ་དང་ཀློག་ཅིང་འཛིན་པ་དང་། གཞན་ལ་དོན་ཉམས་སུ་ལེན་པའི་ཡོན་ཏན་སློབ་དཔོན་གྱིས་སློབ་མ་ལ་བསྟན་ཏེ། དེ་ལྟར་བསྟན་ནས་དེའི་འོག་ཏུ་ཉན་པའི་བསོད་ནམས་ཀྱི་ཕན་ཡོན་སྟོན་ཏེ། ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །ཞེས་
གསུངས། མདོ་སྡེ་འདི་མཉན་ཅིང་ཉམས་སུ་བླངས་པའི་ཡོན་ཏན་གྱི་གཟི་བརྗིད་ཀྱིས། ཁམས་གསུམ་གྱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྣམ་པར་རྟོག་པ་དང་སྡུག་བསྔལ་གྱི་བྱེ་བྲག་རྣམས་ལ་ཕན་པའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་
ཞི་བར་ལྟ། །ཞེས་གསུངས་ཏེ། ཁམས་གསུམ་གྱི་སེམས་ཅན་རྣམས་ལ་ལས་དང་ཉོན་མོངས་པའི་བག་ཆགས་རྒྱུ་དང་འབྲས་བུའི་ཚུལ་བཞིན་དུ་མི་བཟད་པའི་ནད་ཀྱི་རང་བཞིན་པས། དེ་ཞི་བར་བྱ་བ་གོང་དུ་གསུངས་པ་ལྟར་བྱ་བའི་ཐ་ཚིག་གོ། །དེ་ལྟར་གནོད་པ་ཞི་ནས་དེའི་འོག་ཏུ་བདེ་བ་ཐོབ་
པའི་ཐབས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་གསུངས་ཏེ། སེམས་ཅན་ལས་ཀྱི་བག་ཆགས་ཀྱི་མཐུས་ཚེ་ཟད་ཅིང་འཆི་བ་ལ་སོགས་པ་ལ་མདོའི་དོན་མཉན་པས་བསྒོམ་པའི་ཚུལ་མ་ནོར་བར་བྱས་ན་ཚེ་དང་བསོད་ནམས་ཚད་
མེད་པ་འཕེལ་བར་འགྱུར་ཞིང་། ཉོན་མོངས་པའི་སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་བའི་ཐ་ཚིག་གོ། །ཆོ་གའི་ཐབས་དང་ཕན་ཡོན་བཤད་ཟིན་ཏོ།། །།ད་ནི་བུམ་པའི་ཆོ་གའི་རྐྱེན་བསྟན་ཏེ། ཅིའི་ཕྱིར་ཞེ་ན། ནོར་བུ་ཡུངས་ཀར་དཱུར་བ་དང་། །ཞེས་གསུངས་ཏེ། ནོར་བུ་ནི་མུ་ཏིག་དང་།
བྱི་རུ་དང་། གཟི་དང་། མཆོང་དང་། རིན་པོ་ཆེ་དང་ཞེས་བྱ་བའི་ཐ་ཚིག་གོ། །ཡུངས་ཀར་ནི་འབྲུ་སྣ་ལྔའི་གཙོ་བོ་སྟེ། དེའི་ཁོངས་སུ་བསྡུ་བ་ནི། ནས་གྲོ་ཏིལ་འབྲས་མོན་སྲན་ལ་སོགས་པའོ། །དཱུར་བ་ནི་ཁ་རྒྱན་གྱི་དོན་ཏེ། དེའི་ཁོངས་སུ་བསྡུ་བ་ནི་བྱཱ་གྲྀ་སེང་གྲི་ཙནྡན་ལ་སོགས་པ་དྲི་ཞིམ་པོའི་ཤིང་

ཙནྡན་ལ་སོགས་པ་ཡལ་ག་དང་བཅས་ཞེས་པའོ། །ད་ནི་རིན་པོ་ཆེ་ལྔ་དང་སྙིང་པོ་སྟོན་ཏེ། རིན་ཆེན་རྨ་མེད་ཙནྡན་བཅས། །ཞེས་པ་ནི་རིན་པོ་ཆེ་ནི་རྣམ་པ་ལྔ་སྟེ། བཻ་ཌཱུརྱ་དང་། གསེར་དང་། ཤེལ་དང་། ཨིན་དྲ་ནཱི་ལ་དང་། བྱི་རུ་ཞེས་པའི་དོན་ནོ། །རྨ་མེད་པ་ནི་དེ་རྣམས་ལ་སྐྱོན་ལ་སོགས་པ་
མེད་པའོ། །ཙནྡན་ནི་གླ་རྩི་དང་གུར་གུམ་དང་། སྤོས་དང་། ཙནྡན་དང་། ཨ་ག་རུ་ལ་སོགས་པའི་བྱེ་བྲག་སྨོས་པའི་དོན་ཏོ། །ཤེལ་དང་རྡོ་རྗེ་མེ་ཏོག་དང་། །ཞེས་པ་ནི་ཤེལ་དང་རྡོ་རྗེ་གཉིས་ནི་སྙིང་པོར་ཤེས་པའི་དོན་ནོ། །ཤེལ་ནི་མེ་ཤེལ་དང་ཆུ་ཤེལ་གཉིས་ཀྱི་དོན་ནོ། །ད་ནི་སྙིང་པོ་ཕྱི་མ་
གསུམ་གྱི་དོན་སྟོན་ཏོ། །འོ་མའི་སྙིང་པོ་མར་དང་། ཤིང་གི་སྙིང་པོ་བུ་རམ་དང་། མེ་ཏོག་གི་སྙིང་པོ་སྦྲང་རྩི་ཞེས་པའི་དོན་ནོ། །མེ་ཏོག་ནི་བུམ་པའི་གདན་གྱི་ཐ་ཚིག་གོ། །དབྱར་ནི་མེ་ཏོག་གི་དཀྱིལ་འཁོར་བྱ། དགུན་ནི་ཚོན་སྣ་ལྔའི་དཀྱིལ་འཁོར་པདྨ་ལ་སོགས་པ་ལ་བྱ་བའི་དོན་ཏོ། །
གཞན་དུ་བུམ་པའི་ཁ་རྒྱན་ཏེ། མེ་ཏོག་ལ་སོགས་པ་དག་གིས་ཁ་རྒྱན་བྱ་བའི་ཕྱིར་སྨོས་སོ། །ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲིས་ཤིང་དགང་། །ཞེས་པ་ནི་བུམ་པའི་རྒྱུ་སྟེ། རྒྱལ་པོ་ནི་གསེར་གྱི་བུམ་པ་བྱ། བློན་པོ་ནི་དངུལ་གྱི་
བུམ་པ་ཀྱང་ནི་ཚིག་གི་ལྷག་མ་ཅན་ཏེ། འབངས་ཕལ་པ་ནི་ཟངས་དང་ལྕགས་ལ་སོགས་པའི་བུམ་པས་བྱ་བའི་དོན་ཏོ། །གཞན་དུ་ན་ཕྲིན་ལས་སོ་སོའི་བྱེ་བྲག་ཏུ་ཤེས་པར་བྱའོ། །གཙང་མའི་གོས་ནི་རས་ཁ་ཚར་མ་ཉམས་པ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབ་པའི་ཐ་ཚིག་གོ། །དེའི་འོག་ཏུ་
གྲངས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ན་ནི། །ཞེས་གསུངས་ཏེ། གྲངས་ཀྱི་དོན་ཏེ། འབངས་ཀྱི་ནི་ཉི་ཤུ་རྩ་གཅིག་ལ་སོགས་ཏེ། ཇི་ཙམ་འབྱོར་པའོ། །བློན་པོ་ནི་བརྒྱ་རྩ་བརྒྱད་ལ་སོགས་པ་སྟེ།
འགྲུབ་ཚད་དོ། །རྒྱལ་པོ་ནི་བསོད་ནམས་ཆེ་བས་ཐ་མ་བརྒྱ་རྩ་བརྒྱད་དོ། །བློན་པོ་ཐ་མ་ཉི་ཤུ་རྩ་གཅིག་གམ། འབངས་ཀྱི་ཐ་མ་བདུན་ནོ། །དེ་ནི་གྲངས་ཀྱི་བསྙེན་པའོ། །མཚན་མའི་བསྙེན་པ་དང་། ཚིག་དང་དོན་བཟློག་པ་ནི་རང་བཞིན་གྱིས་ཤེས་པར་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཁྲུས་བྱ་

བའི་དམིགས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་གསུངས་ཏེ། རྒྱལ་པོ་སྟོབས་ལྡན་སྙིང་པོ་ལ་སོགས་པ་རྒྱལ་པོའི་རིགས་སུ་གཏོགས་པ་རྣམས་སོ། །རྒྱལ་པོ་སྣ་ལ་སྨོས་པ་ཅིའི་ཕྱིར་ཞེ་ན། བསོད་ནམས་ཆེ་བས་བྱས་པ་སྣ་ལ་སྨོས་པའི་ཕྱིར་རོ། །
དེས་ཐམས་ཅད་བདེ་བའི་ཕྱིར་རོ། །འབངས་ནི་རྒྱལ་པོའི་འཁོར་བས་དོན་གྱིས་ཤེས་པར་བྱ་བའི་ཐ་ཚིག་གོ། །མདོ་ཡི་དོན་གྱི་དགོངས་པ་ལ། །རིགས་པའི་ཚུལ་གྱིས་འདི་གཞུང་འཆད། །འཕགས་པ་རྣམས་ལ་བཟོད་པར་གསོལ། །འདི་གྲུབ་བརྩམས་པས་དེ་གྲུབ་ཤོག །རྡོ་རྗེ་རྣམ་པར་
འཇོམས་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པ། སློབ་དཔོན་བདེ་བའི་མྱུ་གུས་མཛད་པ་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་བྲྀ་ཏྟི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་
འཇོམས་པ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས། །གདུལ་དཀའ་རྣམས་ཀྱི་གཉེན་པོ་གང་། །མཆོག་ཏུ་ཟབ་པའི་ཆོས་ཉིད་ཅན། །རྡོ་རྗེ་རྣམ་འཇོམས་སྐུ་ལ་འདུད། །རེ་ཞིག་ཡོངས་སུ་ཤེས་པར་བྱ་བ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། རྗེས་སུ་བསྒྲུབ་པར་བྱ་བ་སྔགས་ཀྱི་ཐེག་པ་གཉིས་སོ། །
སྔགས་ལ་ཡང་རྡོ་རྗེ་འཆང་གིས་བཀའ་སྩལ་པའི་རྒྱུད་དང་། དེ་དང་མི་འགལ་བའི་བླ་མ་དམ་པའི་གདམས་ངག་གོ། །རྒྱུད་ལ་རྣམ་པར་གཞག་པ་དང་། །བཤད་པའི་ཚུལ་གྱིས་རྟོགས་པར་བྱ་སྟེ། རེ་ཞིག་སྤྱི་རྒྱུད་ཀྱི་རྣམ་པར་གཞག་པ་ནི། གང་ཞིག་རྒྱུན་ཆགས་པ་དེའི་རྒྱུད་དོ། །རྒྱུད་ལས་ཇི་སྐད་དུ།
རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་ལས་འདས་རྒྱུད་ཕྱི་མ། །ཞེས་གསུངས་སོ། །གཞན་ཡང་། མ་ཚང་མེད་དང་འབྲེལ་པ་དང་། །ཞེས་བྱ་བ་ལ་སོགས་པའི་དོན་ཡང་དེ་བཞིན་དུ་རིག་པར་བྱའོ། །དེ་ལྟ་བུའི་རྒྱུད་དེ་ལ་ཡང་གདུལ་བྱའི་ཁྱད་པར་དང་བརྗོད་བྱ་དོན་
གྱི་ཁྱད་པར་གྱིས་རྣམ་པ་བཞིའོ། །དེ་ཡང་གང་ཞེ་ན། བྱ་བ་དང་སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །གཞན་དག་རྒྱུད་གོང་མའི་ལྟ་བ་སྟོན་ཅིང་འོག་མའི་སྤྱོད་པ་སྟོན་པ་གཉིས་ཀའི་རྒྱུད་དང་ལྔའོ་ཞེས་འདོད་པ་ནི་མི་འཐད་དེ། དེ་ལྟ་ན་རྒྱུད་ལ་ལ་ནས་རྒྱུད་ཕལ་ཆེར་གྱི་དོན་

ཚང་བར་གསུངས་པ་ཡང་ཡོད་པས་རྒྱུད་སྡེ་ལྔ་ལས་ཀྱང་ལྷག་པར་འགྱུར་ཏེ། ཉེས་པ་འདི་ཡང་སྤང་བར་དཀའོ། །དེའི་ཕྱིར་རྒྱུད་དེ་ནི་བཞི་ཁོ་ནའོ། །འདིར་ནི་བྱ་བའི་རྒྱུད་སྟོན་པའི་སྐབས་ཡིན་པས་དེ་བརྗོད་པར་བྱ་སྟེ། ལོངས་སྤྱོད་རྫོགས་པའི་སྐུའི་གཙུག་ཏོར་ལས་འོད་ཟེར་དང་བཅས་པའི་ཁྲོ་བོ་ཞིག་
བྱུང་སྟེ་ཞུས་པ་ལ་བཤད་པ་ནི་གཙུག་ཏོར་འཁོར་ལོས་སྒྱུར་བའི་རྒྱུད་ཅེས་བྱའོ། །དེ་བཞིན་དུ་ཞལ་ཁྲོ་བོ་མེ་ལྕེ་འབར་བ་དང་། ཤངས་དང་། དཔུང་པ་དང་། ཐུགས་ཀ་དང་། ལྟེ་བ་དང་། གསང་བ་དང་། ཞབས་ཀྱི་བོལ་གོང་ལ་སོགས་པ་ནས་སྤྲུལ་པའི་ཞུ་བ་པོ་ལ་གསང་བའི་སྤྱི་རྒྱུད་དང་། དཔུང་པ་
བཟང་པོ་ལ་སོགས་པའི་རྒྱུད་རྣམས་བཤད་དོ། །དེ་དག་ཐམས་ཅད་ཀྱི་དོན་ཟབ་མོ་མདོར་བསྡུས་ཏེ་ལག་ན་རྡོ་རྗེ་ལ་གསུངས་པ་ནི་རྡོ་རྗེ་རྣམ་པར་འཇོམས་པ་སྟེ། ལེ་ལག་གི་རྒྱུད་དམ་མན་ངག་གི་རྒྱུད་ཅེས་ཀྱང་བྱའོ། །དེ་ལྟར་ན་མདོར་བསྡུས་ཏེ་རྒྱུད་ཀྱི་རྣམ་པར་གཞག་པའི་བཤད་པའོ། །དེ་ནས་རྒྱུད་
ཀྱི་བཤད་པའི་ཚུལ་བརྗོད་པར་བྱའོ། །དེ་ལ་ཕུན་སུམ་ཚོགས་པ་རྣམ་པ་ལྔ་སྟེ། སྟོན་པ་དང་། གནས་དང་། དུས་དང་། ཆོས་དང་། འཁོར་རོ། །དེ་ལ་སྟོན་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གནས་ནི་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ངོ་། །དུས་ནི་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གསུམ་
གསུངས་པའི་རྗེས་ལའམ་བསམ་གྱིས་མི་ཁྱབ་པའི་དུས་སུའོ། །ཆོས་ནི་རྡོ་རྗེ་རྣམ་པར་འཇོམས་པ་ལ་སོགས་པའི་རྒྱུད་རྣམས་སོ། །འཁོར་ནི་ས་བཅུའི་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་སོགས་པའོ། །དེ་ལྟན་རྒྱུད་བཤད་པའི་ཚུལ་ལོ། །ད་ནི་གཞུང་གི་དོན་ལ་འཇུག་པར་བྱ་སྟེ། དེ་ཡང་
གཉིས་ཏེ་དྲང་བའི་དོན་དང་ངེས་པའི་དོན་ཡི་གེ་ལྟར་བཤད་པ་དང་། གདམས་ངག་གི་དོན་ཕྱི་དང་། ནང་དང་གསང་བ་དང་དེ་ཁོ་ན་ཉིད་ཀྱི་དབྱེ་བས་ཁྲུས་བཞི་བསྟན་པའོ། །དེ་ལ་རེ་ཞིག་ཡི་གེའི་དོན་བརྗོད་པར་བྱ་སྟེ། དེ་ལ་ཡང་དང་པོར་ངེས་པའི་དོན་བརྗོད་པར་བྱའི། ཡི་གེའི་དོན་བརྗོད་པ་ནི་སྒྲ་ཇི་
བཞིན་དུ་འོག་ནས་བརྗོད་པར་བྱའོ། །ངེས་པའི་དོན་དུ་སྦྱར་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་བསྒྱུར་ཞིང་བཅོས་སུ་མི་རུང་བའི་ཕྱིར་གཞན་དུ་ནི་མ་ཡིན་གྱི་འདི་ལྟར་རོ་ཞེས་བསྟན་པའི་དོན་དུ་འདི་སྐད་ཅེས་བྱ་བ་གསུངས་སོ། །ཡང་དག་པར་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ལས་མ་གཡོས་ཤིང་

དེ་ཁོ་ན་ཉིད་ཡིན་པས་ན་བདག་གིས་ཞེས་བྱའོ། །འོ་ན་དེ་བཞིན་ཉིད་ལ་ཁ་དོག་དང་དབྱིབས་ལ་སོགས་པའི་རང་བཞིན་མེད་པས་ཇི་ལྟར་རྟོགས་པར་རུང་སྙམ་པ་ལ་དེའི་ཕྱིར། བླ་མའི་དྲིན་གྱིས་རྟོགས་པར་འགྱུར། །ཞེས་གསུངས་པ་ནི་ཐོས་པ་ཞེས་བྱའོ། །དེ་ཡང་དཔེ་ལ་སོགས་
པའི་སྒོ་ནས་བླ་མས་མཚོན་པ་ལས་རིམ་གྱིས་ངེས་པར་སྐྱེ་བར་འགྱུར་གྱི་ཅིག་ཅར་དུ་རང་གི་ངོ་བོ་ཐོས་པའམ། རྟོགས་པ་མ་ཡིན་ནོ། །དེ་ལྟ་བུའི་བླ་མ་དམ་པ་རྙེད་དཀའ་ཞིང་དེས་རྗེས་སུ་བཟུང་ཡང་དེ་ཁོ་ན་ཉིད་མྱུར་དུ་རྟོགས་པར་དཀའ་སྟེ་རིམ་གྱིས་སྦྱངས་པ་ལས་ནམ་ཞིག་རྟོགས་པར་འགྱུར་བས་ན་
དུས་གཅིག་ན་ཞེས་གསུངས་སོ། །གང་གིས་དེ་ལྟར་རྟོགས་པའི་དོན་དེ་ལ་ནི་གྲུབ་པའི་མཐའ་ཞེའམ་ལྟ་བ་ཞེས་ཀྱང་ཟེར་རོ། །དེ་ལྟར་རྟོགས་པའི་དོན་ལ་གནས་ཏེ་འདྲིས་ཤིང་གོམས་པར་བྱེད་པ་ནི་བསྒོམ་པ་ཞེས་བྱ་བ་འམ་རྣལ་འབྱོར་ཞེས་ཀྱང་ཟེར་རོ། །དེ་ལྟ་བུའི་བསྟན་པ་དང་གོང་ནས་གོང་དུ་
བོགས་དབྱུང་བའི་གནས་སྐབས་ལ་ནི་ས་དང་ལམ་གྱི་རིམ་པ་ཞེས་ཟེར་རོ། །དེ་རབ་ཏུ་གསལ་ཞིང་ཁྱད་པར་དུ་གྱུར་པའི་གནས་སྐབས་ན་སྒྲུབ་པ་པོ་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་ཟེར་རོ། །དེ་ཡང་ཉོན་མོངས་པའི་སེམས་ཀྱིས་མི་དགེ་བ་ལ་མི་འཇུག་ཅིང་རང་གིས་ཉམས་སུ་མྱོང་བ་ལ་གནོད་
པའི་ལས་མི་བྱེད་པ་ནི་སྤྱོད་པ་ཞེས་བྱའོ། །དེ་ལྟར་ན་ལྟ་བ་དང་། དེ་ལ་གནས་པ་དང་། སྒོམ་པ་དང་། དེ་དང་མི་འགལ་བའི་ལས་སྤྱོད་པ་སྟེ་དེ་དག་དང་ལྡན་པ་ནི་བརྩོན་འགྲུས་ཀྱི་ཁྱད་པར་ཀྱི་སྐྱེ་བ་གཅིག་གམ་གཉིས་ལ་སོགས་པ་ཅི་རིགས་པར་རང་འདོད་པའི་འབྲས་བུ་འཐོབ་པར་གྱུར་པས་
འབྲས་བུ་བསྟན་པ་ནི་བཅོམ་ལྡན་འདས་གསུངས་ཏེ། དེ་ནི་ཐོབ་པར་འདོད་པའི་ཕྱིར་འབྲས་བུའོ། །གནས་སྐབས་ཀྱི་འབྲས་བུའི་དྲང་བའི་དོན་བརྗོད་པའི་སྐབས་སུ་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་ཕྱིན་ཅི་ལོག་འཇོམས་པའི་སྐལ་བ་ཅན་ཏེ་བྷ་ག་ཞེས་བྱ་བའི་དོན་ནི་སྐལ་
བ་འམ་འཇོམས་པ་ཡིན་པའི་ཕྱིར་རོ། །གང་འཇོམས་ཤེ་ན་བདུད་བཞི་འཇོམས་པ་སྟེ་སྐྱེ་བ་ནི་ཕུང་པོ་ལྔ་མངོན་པར་ལེན་པས་ན་ཕུང་པོའི་བདུད་དོ། །རྒས་པ་ནི་ལེགས་པ་ལས་ཉམས་པས་ན་ལྷའི་བུའི་བདུད་དོ། །ན་བ་ནི་བདེ་བས་ཕོངས་ཤིང་ཉོན་མོངས་པས་ན་ཉོན་མོངས་པའི་བདུད་དོ། །འཆི་

བ་ནི་ཉིང་མཚམས་སྦྱོར་བར་འགྱུར་བ་སྟེ་འཆི་བདག་གི་བདུད་དོ། །བདུད་དེ་རྣམས་གང་ལས་བྱུང་ཞེ་ན། ཉོན་མོངས་པས་བསྐུལ་བ་ལས་བྱུང་བའོ། །དེ་ཡང་གང་ལས་བྱུང་ཞེ་ན་བག་ཆགས་དང་བཅས་པའི་སེམས་ལས་བྱུང་བས་ན་སེམས་དེ་ནི་ཉེས་པ་ཐམས་ཅད་འབྱུང་བའི་རྩ་བར་གྱུར་བས།
རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་སོ། །གཞན་ཡང་དེ་ལེགས་པར་རྟོགས་ཤིང་སེམས་དེའི་རང་བཞིན་ཁོང་དུ་ཆུད་པ་གོམས་པས་བདག་དང་གཞན་ལ་ཕན་པ་དང་བདེ་བ་ཐམས་ཅད་ཀྱང་དེ་ལ་འབྱུང་བས་དེའི་ཕྱིར། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་བྱའོ། །རྒྱུད་ཐམས་ཅད་དུ་ཡང་དོན་འདི་
རྟོགས་པའི་ཐབས་གཞན་དང་གཞན་གསུངས་བར་ཟད་ཀྱི་དོན་གྱི་གཙོ་བོ་ནི་འདི་ཉིད་ཡིན་པའི་ཕྱིར་ཡང་། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་སོ། །དེ་ལྟ་བས་ན་གཞོམ་ཞིང་གདུལ་བར་བྱ་བ་ནི་རང་གི་སེམས་ཡིན་ཏེ། མ་བཅོས་ན་ཉེས་པའི་རྒྱུད་དོ་ཅོག་ཡིན་ལ། བཅོས་པ་ནི་
ལེགས་པའི་དཔལ་ཀུན་ཐོབ་པར་བྱེད་པའི་ཕྱིར་རོ། །འོ་ན་གང་གིས་གཞོམ་ཞེ་ན། དེ་ལ་གསུམ་སྟེ། ཇི་ལྟར་གཞོམ་པ་དང་། གང་གཞོམ་པ་དང་། གང་གིས་བཅོམ་པའོ། །ཇི་ལྟར་གཞོམ་པ་ནི་རྟོགས་པའི་དོན་རྗེས་སུ་བསྒྲུབ་པ་མཐར་ཕྱིན་པས་སོ། །གང་གཞོམ་པ་ནི་བདུད་བཞི་ལ་
སོགས་པའི་རྒྱུད་དོ་ཅོག་གི་རྩ་བའོ། །གང་གིས་བཅོམ་པ་ནི་དབང་གི་རིམ་པ་དང་མཐུན་པའི་ཁྲུས་ཀྱིས་སོ། །དེ་ལྟར་བཅོམ་པས་དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན་པ་དང་ལྡན་པར་འགྱུར་རོ། །དེ་གང་གིས་བཅོམ་པ་ལ་རྣམ་པར་རྟོག་པ་མེད་ཅིང་གང་ལ་ཡང་མི་གནས་པ་ཞེས་བྱའོ། །རྡོ་རྗེ་ལ་
བཞུགས་ཞེས་བྱ་བ་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་ངོ་བོ་ཉིད་ལས་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཆེ་བའི་རང་བཞིན་དང་ཡོན་ཏན་ནི་འོག་ནས་མི་ཆོད་པ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེའི་དོན་ནི་འདི་སྐད་དུ་བསྟན་པར་འགྱུར་ཏེ། གང་གི་བླ་མ་ལ་བརྟེན་ཏེ་དེ་ཁོ་ན་ཉིད་
རྟོགས་པ་མངོན་དུ་བྱས་པའི་འབྲས་བུ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་ལས་སྨིན་པའི་ཚུལ་དུ་དོན་མཛད་ཅིང་བཞུགས་སོ་ཞེས་རིག་པར་བྱའོ། །དེའི་ཡང་བཅོམ་ལྡན་འདས་ཞེས་བྱ་བས་ནི་ཆད་པའི་མཐའ་བསལ་ཏེ་རྫོགས་པའི་སངས་རྒྱས་ལ་ཟག་པ་མེད་པའི་རང་བཞིན་ཅན་བདེ་བ་ཆེན་པོའི་

ཡེ་ཤེས་མངའ་བར་བསྟན་ཏོ། །རྡོ་རྗེ་ལ་བཞུགས་ཞེས་བྱ་བས་ནི་རྟག་པའི་མཐའ་བསལ་ཏེ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་བསྟན་པའོ། །དེ་ལྟར་ན་ཆོས་ཀྱི་དབྱིངས་སྟོང་པ་ཉིད་དང་ཡེ་ཤེས་རྟོག་པ་མེད་པར་མར་ལ་མར་ཞུགས་པའམ། ཆུ་ལ་ཆུ་ཐིམ་པ་ལྟ་བུར་གྱུར་པ་སྟེ་དེ་ལ་ཆོས་ཀྱི་
སྐུ་ཞེས་ཀྱང་བྱ། སངས་རྒྱས་བཅོམ་ལྡན་འདས་ཞེས་ཀྱང་བྱ། རྡོ་རྗེ་འཆང་ཞེས་ཀྱང་བྱ། བྱང་ཆུབ་ཆེན་པོ་ཞེས་ཀྱང་བྱའོ། །སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ལ་སངས་རྒྱས་ནི་འདས་མ་ཐག་པར་བཤད་པ་ཉིད་དོ། །མཐུ་ནི་ཆོ་འཕྲུལ་ཏེ་ནམ་མཁའི་ཆོ་འཕྲུལ་སྤྲིན་ལ་སོགས་པ་སྣ་ཚོགས་འབྱུང་བ་ལྟ་
བུའོ། །གང་ལ་ནང་དུ་དོན་མི་གཡེང་བའི་ཡན་ལག་ཏུ་ཕྱག་ཏུ་དེ་མཚོན་བྱེད་ཀྱི་ཕྱག་མཚན་བསྣམས་པ་ལ་དེ་སྐད་དུ་བརྗོད་དེ་ལག་ན་རྡོ་རྗེའང་ནང་གི་སྟོང་པའི་ངང་ལ་མི་ཡེངས་པའི་བརྗེད་བྱང་དུ་རྡོ་རྗེ་ལག་ཏུ་ཐོགས་པས་ལག་ན་རྡོ་རྗེའོ། །རྣམ་པར་སྨིན་པ་ལས་གྲུབ་པ་ལས་གྲུབ་པ་དང་ཏིང་ངེ་འཛིན་གྱི་ལུས་
ལ་ནི་ལུས་ཐམས་ཅད་ཅེས་གསུངས་སོ། །རྡོ་རྗེར་བྱིན་གྱིས་བརླབས་ཞེས་བྱ་བ་ནི་སྟོང་པ་ཉིད་སྒོམ་པའི་སྣོད་དུ་རུང་བར་བྱས་ཤིང་སྟོང་པ་ཉིད་ཀྱིས་གདམས་ངག་གནང་བའོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི་ལག་ན་རྡོ་རྗེས་གདམས་པ་དེ་ལྷུར་བླངས་ཏེ་སྒྲུབ་ཅིང་གནས་པའོ། །
ཞེས་རིག་པར་བྱའོ། །གདམས་པ་གང་ཞེ་ན་སྟོང་པ་ཉིད་དང་ལྡན་པའི་ཁྲུས་བཞིའོ། །དེ་དག་ནི་ཡི་གེའི་དོན་ངེས་པའི་དོན་དུ་མདོར་བསྡུས་ཏེ་བཀོད་པའོ། །ད་ནི་གདམས་ངག་གི་དོན་བརྗོད་པར་བྱའོ། །དེ་ལ་བཞི་སྟེ། གཟུངས་སྔགས་ཀྱི་ཚུལ་ཟློས་པའི་ཕྱིའི་ཁྲུས་དང་། རིག་སྔགས་ཀྱི་ཚུལ་དུ་ཟློས་
པ་ནང་གི་ཁྲུས་དང་། གསང་སྔགས་སུ་ཟློས་པ་གསང་བའི་ཁྲུས་དང་། སྙིང་བོར་ཟློས་པ་དེ་ཁོ་ན་ཉིད་ཀྱི་ཁྲུས་སོ། །ཁྲུས་དེ་དག་ཀྱང་རིམ་པ་བཞིན་དུ་ཉན་ཐོས་དང་། རང་རྒྱལ་དང་། སེམས་ཙམ་པ་དང་། དབུ་མ་པ་རྣམས་ལ་སྦྱར་བར་བྱའོ། །དེ་ལ་དང་པོར་ཕྱིའི་ཁྲུས་ཀྱིས་ནི་ལུས་དག་པར་
བྱེད་ལ། ནང་གི་ཁྲུས་ཀྱིས་ནི་ངག་དག་པར་བྱེད་ཅིང་གསང་བའི་ཁྲུས་ཀྱིས་ནི་སེམས་དག་པར་བྱེད། དེ་ཁོ་ན་ཉིད་ཀྱི་ཁྲུས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི་ལུས་ངག་ཡིད་གསུམ་དབྱེར་མེད་པ་ཉིད་དུ་འགྱུར་རོ། །ད་ནི་ཕྱིའི་ཁྲུས་བྱ་བར་འདོད་པ་རྣམས་ལ་དེ་བཤད་པར་བྱ་སྟེ། དང་པོར་སྔགས་པ་སྙིང་

རྗེ་ཆེ་ཞིང་བྱ་བ་ལ་མཁས་པས་ཕྱི་དང་ནང་གི་དྲི་མ་དག་པར་བྱས་ཏེ་གོས་སར་པ་བགོས་ལ་མདུན་དུ་བུམ་པ་རིན་པོ་ཆེ་ལས་གྲུབ་པའི་ནང་དུ་སྲོག་ཆགས་མེད་ཅིང་གཙང་བའི་ཆུ་བླུགས་ནས་སྐུའི་རྟགས་སུ་སྨན་ལྔ་དང་། གསུང་གི་རྟགས་སུ་སྤོས་ལྔ་དང་། ཐུགས་ཀྱི་རྟགས་སུ་སྙིང་པོ་ལྔ་དང་། ཕྲིན་ལས་
ཀྱི་རྟགས་སུ་འབྲས་བུ་ལྔ་དང་། ཡོན་ཏན་གྱི་རྟགས་སུ་རིན་པོ་ཆེ་ལྔ་དང་། དེ་བཞིན་ཉིད་ལ་ཉེས་པའི་དྲི་མས་མ་གོས་པའི་རྟགས་སུ་མགུལ་གོས་གཙང་མས་དགབ་ཅིང་བཞག་སྟེ། དེའི་ནང་དུ་སྐད་ཅིག་མ་ལ་བསྐྱེད་པའི་ལྷའི་སྐུ་དང་། གསུང་དང་། ཐུགས་དང་། ཕྲིན་ལས་དང་། ཡོན་ཏན་
རྣམས་མཚོན་པའི་ཕྱིར་རྫས་དེ་རྣམས་བུམ་པར་སྩོལ་ལོ། །སྔགས་པ་བདག་ཉིད་ཀྱང་ཡོན་ཏན་དེ་དག་ཐོབ་པར་བྱ་བའི་ཕྱིར། རྟག་ཏུ་ཡིད་ལ་དྲན་བའི་གཟུངས་ཐག་གདགས་པར་བྱ་སྟེ། སྲད་བུ་དཀར་པོ་གཙང་མ་ལ་སྐུ་གསུང་ཐུགས་ཀྱི་རང་བཞིན་སུམ་སྒྲིལ་དུ་བྱ་བ་བཟུང་སྟེ་མ་ཡེངས་པར་འདི་ལྟར་
བཟླས་པ་དང་བསྒོམ་པ་ལ་སོགས་པ་བྱའོ། །གོང་དུ་བརྗོད་པའི་མཚན་ཉིད་དང་ལྡན་པའི་སྔགས་པས་ཡུད་ཙམ་གྱིས་མདུན་གྱི་ནམ་མཁའ་ལ་སངས་རྒྱས་ཤཱཀྱ་ཐུབ་པ་སྟོང་པ་ཉིད་ལ་མཉམ་པར་གཞག་བ་འཇའ་ཚོན་ལྟ་བུར་སྣང་ལ་རང་བཞིན་མེད་པའི་སྤྲུལ་སྐུ་བཞུགས་པར་བསམས་ལ། རང་
ཉིད་ཡུད་ཙམ་གྱིས་ལག་ན་རྡོ་རྗེར་མོས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བདག་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ལན་གསུམ་གསོལ་བ་གདབ་པར་བྱའོ། །གསོལ་བ་བཏབ་པས་ལུས་རྡོ་རྗེར་བྱིན་གྱིས་བརླབས་པས་སྟོང་པ་ཉིད་དུ་གྱུར་པ་ལ་ཅུང་ཟད་གནས་པར་
བྱའོ། །དེ་ནས་སྟོང་པའི་ངང་ལས་རང་ཉིད་ཡུད་ཙམ་གྱིས་རྡོ་རྗེ་རྣམ་འཇོམས་སྔོན་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཡས་ན་རྡོ་རྗེ་གདེངས་པ་གཡོན་ན་དྲིལ་བུ་དཀུ་ལ་བརྟེན་ནས་བཞེངས་ཤིང་འགྱིང་བག་བཅས་པའི་ཞལ་ཁྲོ་ཞིང་མཆེ་བ་གཙིགས་པའི་སྐུ་འཇའ་ཚོན་ལྟ་བུར་བསམས་ལ། མདུན་
གྱི་ཁམས་གསུམ་རྣམ་པར་དག་པའི་རང་བཞིན་བུམ་པའི་ནང་དུ་ཡང་ཡུད་ཙམ་གྱིས་རང་དང་མཐུན་པའི་སྐུ་བསྐྱེད་ལ་དེའི་ཐུགས་ཀར་གཟུངས་ཐག་གི་སྣ་ཟུག་པར་བསམས་ལ་སྔགས་ཀྱི་སྒྲ་འབྲུག་ལྟ་བུར་སྟོང་གསུམ་གང་བར་བསམ་ཞིང་ངག་ཏུ་གདོན་པར་བྱའོ། །སྔགས་ཀྱི་ཕྲེང་བ་གཟུངས་

ཐག་ལ་འཁྲིལ་ཞིང་བུམ་པར་ལྷའི་ཐུགས་ཀར་ཕོག་པར་བསམ་པར་བྱའོ། །གྲངས་ནི་ཐུན་རེ་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་ཅི་ནུས་སུ་བཟླས་ནས་དེའི་རྗེས་ལ་བསྟོད་པ་ཡང་བྱ་སྟེ། རྡོ་རྗེ་ཡེ་ཤེས་ཉོན་མོངས་འཇོམས་པའི་སྐུ། །ཐུགས་རྗེ་བྱམས་པས་མ་རིག་སེལ་
བའི་གསུང་། །བདེ་ཆེན་མི་གཡོ་མཆོག་ཏུ་གསལ་བའི་ཐུགས། །རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད་པ་ཟིན་པ་དང་ལྷ་འོད་དུ་ཞུ་སྟེ་ཡེ་ཤེས་ཀྱི་བདུད་རྩིར་བསམས་ལ་བདག་དང་གཞན་ལ་ཁྲུས་བྱ་ཞིང་སྔགས་ཀྱི་མཐར་ཕྲིན་ལས་ཀྱི་སྤེལ་བ་དང་བཅས་པར་བཟླའོ། །
དེ་ནི་ཕྱིའི་ཁྲུས་ཏེ་ལུས་དག་པ་ཕུང་པོ་ལྷག་མ་མེད་པའི་ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ནས་ནང་གི་ཁྲུས་བཤད་པར་བྱའོ། །བུམ་པ་ནི་རང་གི་ལུས་ཏེ་ཁམས་གསུམ་རྣམ་པར་དག་པའི་གཞལ་ཡས་ཁང་ངོ་། །རྫས་ནི་དོན་སྙིང་རྣམ་ལྔ་དང་། སྣོད་རྣམ་དྲུག་དང་། ཕུང་པོ་ལྔ་དང་དབང་
པོ་ལྔ་དང་། འབྱུང་བ་བཞི་ལ་རིམ་པ་བཞིན་དུ། སྨན་དང་། སྤོས་དང་། འབྲུ་དང་། སྙིང་པོ་དང་། རིན་པོ་ཆེ་རྣམས་སུ་མོས་པར་བྱས་ལ་སྙིང་གར་ཡུད་ཙམ་གྱིས་ལྷ་བསྐྱེད་པའི་བར་དུ་གསོལ་བ་གདབ་པ་ལ་སོགས་པ་སྔ་མ་བཞིན་ནོ། །རང་ཉིད་ཟས་དཀར་གསུམ་ལ་སོགས་པ་གཙང་མ་ཟོས་པ་ནི་
ཆུའོ། །གོས་གཙང་མ་གྱོན་པ་ནི་མགུལ་ཆིངས་སོ། །དྲན་པ་མ་ཡེངས་པ་ནི་གཟུངས་ཐག་གོ། །སྔགས་ནི་སྒྲ་མི་ཆེ་བར་བཟླས་པར་བྱ་སྟེ་རིག་སྔགས་ཞེས་བྱའོ། །ཟིན་པ་དང་སྙིང་གའི་ལྷ་ལ་སོགས་པ་ཞུ་ནས་རྡོ་རྗེ་ནོར་བུ་ནས་བྱུང་བའི་རང་འབྱུང་གི་བདུད་རྩིས་བཀྲུ་བར་བྱའོ། །དེ་ནས་ཁྲུས་
བཤད་དེ། དེས་ནི་ཕྱི་ཡུལ་ལ་རྒྱུ་བ་བཀག་པས་ཆོས་ཀྱི་བདག་གཟུང་བའི་ཕྱོགས་གཅིག་ལ་བདག་མེད་པ་རྟོགས་པས་ངག་དག་པ་སྔགས་ཀྱི་ནུས་པ་ཐོབ་ནས་རང་སངས་རྒྱས་ཀྱི་འབྲས་བུ་མི་དམའ་བ་ཉིད་ཐོབ་པར་འགྱུར་རོ། །དེ་ནས་གསང་བའི་ཁྲུས་བརྗོད་པར་བྱའོ། །གསོལ་བ་གདབ་པ་
ལ་སོགས་པ་སྔ་མ་ལྟར་བྱས་ནས་ཐམས་ཅད་སེམས་ཀྱི་རང་བཞིན་ཡིན་ནོ་ཞེས་ལྷག་པར་མོས་པར་བྱས་ལ། སེམས་དེའི་རང་བཞིན་ནི་འོད་གསལ་བ་ཡིན་མོད་ཀྱི་གནས་སྐབས་ཉོན་མོངས་པས་བསྒྲིབས་པ་དེ་གསལ་བའི་དོན་དུ་སེམས་དེ་ལུས་ངག་ཡིད་གསུམ་གྱི་རྣམ་པ་ཡི་གེ་ཨོཾ་ཨཱཿཧཱུཾ་

གསུམ་དུ་བསམས་ལ་ཡི་གེ་གསུམ་ལས་སྔགས་ཀྱང་གསང་སྔགས་ཀྱི་ཚུལ་དུ་ལན་བདུན་ཡིད་ཀྱིས་བརྗོད་དེ་ཡི་གེ་གསུམ་པོ་རིམ་གྱིས་ཨོཾ་དང་ཨཱཿདང་ཧཱུཾ་ལ་འདུས་ཏེ་ཧཱུཾ་དེ་ཡང་ནཱ་དའི་བར་དུ་ཐིམ་སྟེ། ནཱ་ད་དེ་མར་མེ་ལྟར་རབ་ཏུ་གསལ་བར་འགྱུར་བས་ནི་སེམས་ཀྱི་སྒྲིབ་པ་དག་པར་བྱས་ནས་
སེམས་ཡོངས་སུ་དག་པ་སེམས་ཙམ་གྱི་འབྲས་བུ་ཐོབ་སྟེ་གསང་བའི་ཁྲུས་ཞེས་བྱའོ། །ལྡང་བར་འདོད་ན་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་དབྱེར་མེད་པ་ལ་མོས་པས་སྤྱོད་ལམ་བྱའོ། །ད་ནི་དེ་ཁོ་ན་ཉིད་ཀྱི་ཁྲུས་བརྗོད་པར་བྱའོ། །ཆོས་ཐམས་ཅད་སེམས་སུ་ལྷག་
པར་མོས་པར་སེམས་ཉིད་ཡི་གེ་གསུམ་དུ་བསམས་ལ་སྐུ་གསུམ་དུ་མོས་པ་བྱ་ཞིང་ཁམས་གསུམ་པ་རྣམས་ཀྱང་ཡི་གེ་གསུམ་ལས་བྱུང་ཞིང་དེ་ལ་སླར་ཐིམ་པར་གྱུར་པའོ་ཞེས་མོས་པར་བྱའོ། །དེ་ནས་ཡི་གེ་ཨོཾ་ནི་ཨཱཿལ་ཐིམ་པས་ལོངས་སྤྱོད་རྫོགས་པའི་སྐུའི་རང་བཞིན་ངག་ནི་སྒྱུ་མ་ལྟ་བུར་
མི་བདེན་ཞེས་མོས་པ་བྱའོ། །དེ་མ་ཐག་ཏུ་ཧཱུཾ་ཡང་ཨཱཿལ་ཐིམ་པས་སྤྲུལ་པའི་སྐུའི་རང་བཞིན་ལུས་ཀྱང་སྒྱུ་མ་ལྟ་བུ་སྟེ། ཡང་དག་པར་མ་གྲུབ་ཅེས་བསམས་ཞིང་དེ་མ་ཐག་ཏུ་ཡི་གེ་ཨཱཿདེ་ཡང་གསལ་བར་བལྟས་ཏེ། ངག་ཏུ་ཡང་ཨཱཿཞེས་བྱ་བ་ཉི་ཤུ་རྩ་གཅིག་བརྗོད་པ་ནི་སྙིང་པོའི་ཚུལ་
དུ་སྔགས་བཟླས་པའོ། །དེ་ལྟར་བརྗོད་པས་བརྗོད་ཡལ་དུ་གྱུར་ཏེ་དེ་ནས་ཨཱཿལ་སེམས་གསལ་བར་གཏད་པས་སེམས་ཉིད་རང་བཞིན་གྱིས་མ་སྐྱེས་པ་རྐྱེན་གྱིས་མི་འགག་པའི་ཆོས་ཉིད་བརྗོད་དུ་མེད་པ་རང་དུ་གནས་ཏེ། ཨཱའི་མིང་ཙམ་ཡང་མི་དམིགས་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་ནམ་
མཁའ་ལྟ་བུ་ཟག་པ་མེད་པའི་བདེ་བ་དང་སྤྲོས་པ་མེད་པའི་ཆོས་ཉིད་རོ་གཅིག་ཏུ་གྱུར་པ་བརྗོད་དུ་མེད་པའི་ཡེ་ཤེས་ཀྱི་ངང་ལ་ཇི་སྲིད་འདོད་པས་གནས་པར་བྱའོ། །དེ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པས་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་ཀྱང་གསུངས་སོ། །དེ་ནི་དེ་ཁོ་ན་ཉིད་ཀྱི་ཁྲུས་
ཏེ་སྒོ་གསུམ་དག་པ་དབྱེར་མེད་པ་དབུ་མའི་ལམ་མཐར་ཕྱིན་པའི་ཆོས་ཀྱི་སྐུ་ཐོབ་པ་ཞེས་བྱའོ། །ཏིང་ངེ་འཛིན་ལས་ལྡང་བར་འདོད་ན་ཡང་སྐད་ཅིག་ལས་ཁམས་གསུམ་པའི་ངོ་བོ་ཨ་ལས་སྐུར་མོས་པ་བྱ་སྟེ་སྤྱོད་ལམ་བྱའོ། །ཏིང་ངེ་འཛིན་དེའི་ཆེ་བ་ནི་དེ་ནས་ཞེས་བྱ་བ་ནས་རབ་ཏུ་སྨྲས་སོ་

ཞེས་བྱ་བའི་བར་དུ་གསུངས་སོ། །དེ་ལྟར་ན་གདམས་ངག་གི་དོན་བརྗོད་པའོ། །ད་ནི་ཡི་གེའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོར་རེ་ཞིག་ངེས་པའི་དོན་བཤད་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་མཐུས་ཞེས་བྱ་བ་ལ་སོགས་པ་ནི་རྟོགས་པར་སླའོ། །
རྡོ་རྗེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏོ། །གལ་ཏེ་དེ་ནི་ཁྲོ་བར་མི་འཐད་དོ་ཞེ་ན་སྤྲོས་པ་དང་མཚན་མ་ལ་སོགས་པ་འཁོར་བའི་ཆོས་ཐམས་ཅད་ལ་སྟོང་པ་ཉིད་དེ་ཁྲོ་ཞིང་གཏུམ་ལ་དེ་དག་འཇོམས་པ་ནི་དེའི་ཕྱིར་དེ་ལ་ཁྲོ་བོ་ཞེས་གསུངས་སོ། །ཆོས་ཐམས་ཅད་སྟོང་པ་ཉིད་ཆོས་ཉིད་སྐྱེ་བ་མེད་པའི་ངང་
ལས་བྱུང་བས་ན་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་གསུངས་སོ། །གང་འབྱུང་ཞེ་ན་རྡོ་རྗེ་སྙིང་པོ་སྟེ། ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ཁྱད་པར་གསུངས་པ་ཡིན་ནོ། །འདིར་བསྡུས་པའི་དོན་ནི་འདི་ཡིན་ཏེ་འཁོར་བ་དང་མྱ་ངན་ལས་འདས་པའི་དངོས་པོ་ཐམས་ཅད་ནི་རྒྱུད་དོ་ཅོག་གི་རྩ་བ་རང་གི་སེམས་ལས་
བྱུང་ལ། སེམས་དེ་ཡང་ཤིན་ཏུ་རྟོགས་པར་དཀའ་བས་སོ་སོ་སྐྱེ་བོ་ནས་བྱང་ཆུབ་སེམས་དཔའ་ལ་སོགས་པའི་བར་དུ་རྟོགས་པའི་བྱེ་བྲག་ཐ་དད་པ་སྣ་ཚོགས་འབྱུང་ངོ་། །དེ་ཡང་དམུས་ལོང་གིས་རྟ་དང་གླང་པོ་ལ་དཔྱད་པ་བཞིན་དུ་དེ་དག་གིས་ཀྱང་ཆ་ཤས་རེ་རེ་ཙམ་ལ། རང་རང་གི་གྲུབ་མཐའ་དང་
ལྟ་བར་འདོགས་པས་ཟད་དེ་གྲུབ་མཐའ་ཐ་དད་ཀྱང་སེམས་ཉིད་དེ་བཞིན་ཉིད་ལ་ནི་ཐ་དད་པའམ་རྣམ་པར་དབྱེ་བ་ཡོད་པ་མ་ཡིན་ཏེ་ཇི་སྐད་དུ། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །སེམས་དེ་ཡང་རྒྱུད་དོ་ཅོག་གི་རྩ་བ་ཇི་ལྟར་ཡིན་ཞེ་ན་ལུང་ལས་
ཆོས་ཐམས་ཅད་སེམས་ཀྱི་སྤྲུལ་པའོ། །ཞེས་བྱ་བ་ལ་སོགས་པའི་ལུང་དང་རིགས་པ་མང་མོད་ཀྱི། འདིར་ནི་བླ་མའི་གདམས་ངག་ལ་གཙོ་བོ་ཡིན་ནོ། །གལ་ཏེ་གདམས་པ་ལྟར་ན་ཡང་སེམས་ཅིའི་ཕྱིར་ན་རྒྱུད་དོ་ཅོག་གི་རྩ་བ་ཡིན་སྙམ་པ་ལ། ཆོས་ཐམས་ཅད་ནི་སེམས་སུ་འདུས་ལ་སེམས་ཀྱི་
རང་བཞིན་ལེགས་པར་མ་རྟོགས་པས་འཁོར་བའི་རྒྱ་མཚོ་ཡང་བྱུང་ལ། རྟོགས་ཤིང་གོམས་པས་མྱ་ངན་ལས་འདས་པའི་བདེ་བ་ཡང་བྱུང་བའི་ཕྱིར་སེམས་ནི་རྒྱུད་དོ་ཅོག་གི་རྩ་བ་ཡིན་ནོ། །མ་རྟོགས་པ་ལས་འཁོར་བ་ཇི་ལྟར་འབྱུང་ཞེ་ན། མ་རིག་པའི་རྐྱེན་གྱིས་འཁོར་བ་ཞེས་བྱ་བ་སྟེ། དེའི་

རྒྱུ་དང་། རྐྱེན་དང་། རང་བཞིན་དང་། དབྱེ་བའོ། །སེམས་དེ་ལེགས་པར་རྟོགས་ཤིང་བསྒྲུབ་པ་ལས་མྱ་ངན་ལས་འདས་པའི་བདེ་བ་ཇི་ལྟར་འབྱུང་ཞེ་ན། རང་བྱུང་གི་ཡེ་ཤེས་ཆེན་པོའི་རྐྱེན་གྱིས་མྱ་ངན་འདས་པ་ཞེས་བྱ་བ་སྟེ། རྒྱུ་དང་རྐྱེན་དང་རང་བཞིན་དང་དབྱེ་བའོ། །དེ་དག་ཞིབ་ཏུ་བླ་མའི་ལུང་
ལས་ཤེས་པར་བྱའོ། །དེ་ལྟར་ན་རྡོ་རྗེ་ཁྲོ་བོ་ལས་བྱུང་བའི་རྡོ་རྗེ་སྙིང་པོ་སེམས་ཀྱི་དེ་བཞིན་ཉིད་དེ་ལས་རྒྱུན་དུ་གནས་ཤིང་བརྟན་པ་ཐོབ་པས་ནི་རྣམ་པར་རྟོག་པས་བར་དུ་མི་ཆོད་པས་ན་མི་ཆོད་པ་ཞེས་བྱ་སྟེ་ཆོས་ཀྱི་སྐུའོ། །འདུས་མ་བྱས་པར་ལྷུན་གྱིས་གྲུབ་པའི་རྡོ་རྗེ་ལྟ་བུའི་སྐུ་ཡིན་པའི་ཕྱིར་རྐྱེན་གྱིས་མི་
ཤིགས་པའོ། །ཡང་དག་པའི་དོན་ལ་སླུ་བ་མེད་པས་ན་བདེན་པའོ། །དོན་རྟོགས་པ་དང་ཐོག་པར་དཀའ་བས་ན་སྲ་བའོ། །རྡོ་རྗེ་སྙིང་པོ་དེ་ངན་སོང་དུ་གནས་པའི་ཚེ་དམན་པར་མི་འགྱུར་ལ་མྱ་ངན་ལས་འདས་པའི་དུས་ན་བཟང་བར་མི་འགྱུར་བས་ན་བརྟན་པའོ། །གང་གི་རྡོ་རྗེ་སྙིང་པོ་དེ་རྟོགས་པས་
ནམ་མཁའ་ལྟར་ཅིའི་ངོ་བོར་ཡང་མ་གྲུབ་པས་ན་ཐོགས་པ་མེད་པའོ། །སྟོང་པ་ཉིད་ནམ་མཁའ་ལྟ་བུ་དེ་ལ་གང་གིས་ཀྱང་མི་ཚུགས་ཤིང་གླགས་མི་རྙེད་པས་ན་ཐམས་ཅད་དུ་མ་ཕམ་པའོ། །རྡོ་རྗེ་གནས་བདུན་པོ་དེས་ནི་ཕལ་ཆེར་བདག་གི་དོན་ཡུལ་ཆོས་ཀྱི་དབྱིངས་བསྟན་ཏོ། །ད་ནི་ཕལ་ཆེར་གཞན་གྱི་
དོན་གྱི་དབང་དུ་མཛད་ནས་ཡེ་ཤེས་ཀྱི་ཁྱད་པར་གསུངས་པ་ནི་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་ཕྲིན་ལས་བཅོ་བརྒྱད་ནི་དྲང་བའི་དོན་ལྟར་ན་འཁྲུལ་འཁོར་བྲིས་ཏེ་སྒྲ་ཇི་བཞིན་ནོ་ཞེས་འཆད་པར་འགྱུར་རོ། །འདིར་ངེས་པའི་དོན་ལྟར་ན་བཅོ་བརྒྱད་པོ་དེ་ནི་ལམ་གྱི་རིམ་
པས་ནི་སྟོང་པ་ཉིད་བཅོ་བརྒྱད་ཡིན་ཞིང་འབྲས་བུའི་དུས་ན་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དུ་རིག་པར་བྱའོ། །དེ་ལ་སེམས་ནི་རང་རིག་པ་དེ་ལུས་ལ་བརྟེན་པས་ན་སེམས་ཅན་ནོ། །ཐམས་ཅད་ནི་ཇི་སྙེད་པ་མ་ལུས་པའོ། །སྐྲག་པར་བྱེད་ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་མེས་
རང་གི་སེམས་ཀྱི་ཉོན་མོངས་པ་སྐྲག་པའོ། །སེམས་ཅན་ནི་སྔར་བཞིན་ནོ། །འཇིལ་བ་ནི་ཉོན་མོངས་པ་མངོན་དུ་རྒྱུ་བ་རྣམས་སོ། །རིག་སྔགས་ནི་ཕྱིའི་ཡུལ་རྣམས་སོ། །གཅོད་པ་ནི་སེམས་ལས་གཞན་པའི་དོན་མ་གྲུབ་པར་རྟོགས་པའོ། །རིག་སྔགས་ནི་སྔ་མ་བཞིན་ཏེ་གནོན་པའི་ཡུལ་ལ་

འཕྲོ་བ་བཀག་པའོ། །ལས་ནི་འབད་པ་དང་རྩོལ་བའོ། །སྟོང་པ་ཉིད་ལ་འབད་ཅིང་སྒྲུབ་པའི་ལས་བྱེད་པས་ན་འཇོམས་པའོ། །ད་ལྟར་བ་གཞན་པའི་ལས་སྔོན་གྱི་ལས་སོ། །འཇིག་པ་ནི་ཟད་ཅིང་ཞི་བར་བྱེད་པའོ། །གདོན་ནི་རྣམ་པར་རྟོག་པའོ། །ཐམས་ཅད་ནི་བཟང་ངན་ལ་
སོགས་པའོ། །བརླག་པ་ནི་དོན་རྟོགས་པས་རང་བཞིན་གྱུར་པའོ། །གདོན་ནི་སྔ་མ་བཞིན་ནོ། །ཐར་པ་ནི་སླར་མི་སྐྱེ་བ་སྐྱེ་སྟེ་གཏན་སྤངས་པའོ། །འབྱུང་པོ་ནི་དབུགས་རྒྱུ་རླུང་ལ་སོགས་པ་འབྱུང་བ་བཞིའོ། །འགུགས་པ་ནི་རླུང་ལ་སོགས་པ་སྟེ་སྟོང་པའི་ཏིང་ངེ་འཛིན་ལ་གནས་པའི་སྟོབས་ཀྱིས་
རང་བཞིན་གྱི་རྒྱུ་བ་ཆད་དེ་བསྟན་པའོ། །རིག་སྔགས་ཡུལ་རྣམས་སོ། །ལས་ཐམས་ཅད་ནི་སྣང་བར་བསྒྱུར་བ་སྟེ་འབྱུང་བ་ལ་དབང་ཐོབ་པས་སོ། །མ་གྲུབ་པ་ནི་ཏིང་ངེ་འཛིན་མི་གསལ་བའོ། །གྲུབ་པར་བྱེད་པ་ནི་དེ་ཁོ་ན་ཉིད་ལ་སོགས་པའི་ཁྲུས་ཀྱིས་དེ་བཞིན་ཉིད་གསལ་ཞིང་བརྟན་པའོ། །གྲུབ་པ་
ནི་ཏིང་ངེ་འཛིན་ཉིད་དོ། །ཆུད་མི་ཟ་བ་ནི་སླར་མི་ཉམས་པའོ། །ཆོས་སྐུ་ལས་གཟུགས་སྐུར་འཆར་ཞིང་དེས་ཡིད་ལ་བསམས་པ་ལྟར་ཕན་འདོགས་པས་ན་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པའོ། །ཏིང་ངེ་འཛིན་དེ་ལས་སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྱུང་བས་ན་འདོད་པ་ཐམས་ཅད་སྦྱིན་པའོ། །སེམས་
ཅན་ནི་གདུལ་བྱའོ། །སྲུང་བ་ནི་འཁོར་བ་ལས་སོ། །ཇི་ལྟར་སྲུང་ཞེ་ན་ཉོན་མོངས་པ་བཞི་དང་། རྗེས་སུ་མཐུན་པའི་ཕྲིན་ལས་བཞིས་སོ། །གང་ཞེ་ན་འདོད་ཆགས་ཅན་དང་ཞེ་སྡང་ཅན་དང་། གཏི་མུག་ཅན་དང་ཆ་མཉམ་པ་ལ་ཞི་བ་དང་། མངོན་སྤྱོད་དང་དབང་དང་རྒྱས་པ་རྣམས་གོ་རིམས་ལྟར་སྦྱར་
རོ། །རེངས་པར་བྱེད་པ་ནི་ཞེ་སྡང་ཅན་ལའོ། །རྨུགས་པར་བྱེད་པ་ནི་གཏི་མུག་ཅན་ལའོ། །གཞན་ཡང་ཞི་བ་ནི་དེ་བཞིན་ཉིད་དང་ཆོས་ཀྱི་དབྱིངས་སོ། །རྒྱས་པ་ལ་ནི་མངོན་དུ་གྱུར་པའི་ཆོས་ཀྱི་སྐུའོ། །རེངས་པ་ནི་མངོན་སྤྱོད་དེ་བདེ་བ་ཆེན་པོ་ལ་མངོན་པར་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུའོ། །
རྨུགས་པ་ནི་ཡེ་ཤེས་ལ་སོགས་པ་མི་མངའ་བའི་ཕྱིར་སྤྲུལ་སྐུར་རིག་པར་བྱའོ། །ཞི་བ་ནི་ཐབས་གང་གིས་སེམས་ཅན་གྱི་རྒྱུ་བ་རགས་པ་རྣམས་ཞི་ནས་གནས་པའོ། །རྒྱས་པ་ནི་དེ་ལས་ལྷག་པའི་མྱོང་བ་མཐོང་བ་འམ་རྟོགས་པའོ། །རེངས་པ་ནི་ཞི་བར་གནས་ཤིང་ལྷག་པས་མཐོང་བས་སེམས་

ཉིད་མྱོང་བར་མི་འགྱུར་བས་དེའི་ཕྱིར་རེངས་པ་ཞེས་བྱའོ། །དེའི་ངང་ལ་གནས་ན་དམིགས་པའི་ཡུལ་ཅི་ཡང་མ་གྲུབ་ཅིང་མཐོང་བའམ་ཐོས་པའམ་རྟོགས་པའམ་བྱེ་བྲག་ཕྱེད་པའི་དངོས་པོར་འགྱུར་བ་ཅིའང་མེད་པའི་ཕྱིར་རྨུགས་པ་ཞེས་བྱ་སྟེ། སྟོང་པ་ཉིད་ཀྱི་ངང་ལ་གནས་པ་ཞེས་བྱ་བའི་དོན་ཏོ། །
གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་བྱ་བ་ནི་སྔར་བརྗོད་པའི་སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་ཏེ་དེ་ནི་ངོ་བོ་ཉིད་ཀྱིས་གསང་བའམ་སྦས་པ་ལྟ་བུར་གནས་ཤིང་རྟོགས་པར་དཀའ་བས་གསང་སྔགས་ཞེས་བྱའོ། །དེའི་མཐུ་ནི་ཆོས་ཉིད་བདེན་པའི་ནུས་པའོ། །ཆེན་པོ་ནི་དངོས་པོ་དང་མཚན་མའི་
ཚོགས་ཆེན་པོ་ཡང་འཇོམས་ལ་མཚན་མས་སླར་གཞོམ་པ་འམ་གླགས་མི་རྙེད་པ་སྟེ། ཇི་ལྟར་ཉི་མས་མུན་པ་འཇོམས་ཀྱི་མུན་པ་དེ་ལྟར་མ་ཡིན་པ་བཞིན་ནོ། །རབ་ཏུ་སྨྲས་ཞེས་བྱ་བ་ནི་དོན་ཟབ་མོ་རྟོགས་པའི་ཡན་ལག་ཏུ་རེ་ཤིག་ཚིག་དང་ཡི་གེ་གསུངས་པར་ཟད་དེ། རྡོ་རྗེ་སྙིང་པོ་འམ་ཡང་དག་
པའི་དོན་ལ་ནི་སྨྲ་བའམ་བསྟན་པར་མི་ནུས་ཏེ་རང་རིག་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱི་དོན་ནི་བྱིན་གྱི་རླབས་ཆུང་བར་འགྱུར་བས་ན་མ་ཕྱེའོ། །དེ་ལྟར་བསྟན་པའི་དོན་དེས་ཅིར་འགྱུར་ཞེ་ན། རྒྱུད་དོ་ཅོག་གི་རྩ་བ་མ་རིག་པ་ལ་སོགས་པའི་ཉེས་པ་རྣམས་ཞི་ནས་
ཉེས་པའི་འབྲས་བུ་སྡུག་བསྔལ་ཐམས་ཅད་མི་འབྱུང་སྟེ་དེ་ལ་དགོངས་ནས། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། ཅེས་གསུངས་སོ། །འདི་སྐད་དུ་གསུངས་པ་ཡིན་ཏེ་གང་ཞིག་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་འདི་དག་ནི་སྔོན་རང་རང་གི་སྡིག་པ་མི་དགེ་བ་སྤྱད་པ་ལས་བྱུང་བས་ཏེ་སྡིག་པ་མི་
དགེ་བའི་ལས་དེ་ཡང་སེམས་ལ་གནས་བས་ན་གང་གིས་སེམས་ཀྱི་རང་བཞིན་འོད་གསལ་བ་རྟོགས་པ་དེའི་ཚེ་བག་ཆགས་ཀྱི་དྲི་མ་དག་པས་སྡིག་པ་ཐམས་ཅད་དག་པར་གྱུར་ནས་དེའི་འབྲས་བུ་ལས་ཀྱི་རྣམ་སྨིན་སྡུག་བསྔལ་ལ་སོགས་པ་མྱོང་བར་འགྱུར་བ་ཐམས་ཅད་ཀྱང་མེད་པར་བྱེད་དོ་ཞེས་བསྟན་པར་
འགྱུར་རོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འབྲས་བུ་ཕུན་སུམ་ཚོགས་པ་སྟོན་ཏེ། འདིར་གསང་སྔགས་ཀྱི་འབྲས་བུ་ཉན་ཐོས་ལ་སོགས་པ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ཐོ་རངས་ཀྱི་མར་མེ་ཤི་བ་ལྟར་མི་འདོད་པས་ཡོན་ཏན་གྱི་དབང་དུ་མཛད་དེ། དཔལ་ཀུན་གྱིས་ནི་ལེགས་

པར་བརྒྱན། །ཞེས་གསུངས་སོ། །དེས་ནི་ངེས་པའི་དོན་རྣམས་བཤད་ཟིན་ཏོ། །ད་ནི་དྲང་བའི་དོན་བརྗོད་པར་བྱ་སྟེ། དེ་ལ་ཕྲིན་ལས་ཀྱི་བྱེ་བྲག་བཅོ་བརྒྱད་དོ། །མདོར་བསྡུས་ན་ཕྲིན་ལས་བཞིའོ། །དེ་ལ་ལྷའི་རྣལ་འབྱོར་དང་ལྡན་པས་ལས་འདི་དག་བསྒྲུབ་པར་བྱའི་སྟོང་པ་ཉིད་ཀྱིས་མ་
ཡིན་ནོ། །དེ་ཡང་ཆོས་གསུམ་དང་ལྡན་པའི་སྔགས་པས་འགྲུབ་པར་རྗེ་བཙུན་གསུངས་ཏེ་དེ་གང་ཞེ་ན་རྟོགས་པའི་གདེངས་དང་ལྡན་པ་དང་ལྷ་ལས་སུ་རུང་བ་དང་། བཟླས་པ་མཐར་ཕྱིན་པའོ། །དེ་ལྟ་བུའི་སྔགས་པས་སྒྲུབ་པ་ནི་སྙིང་བརྩེ་བ་སྔོན་དུ་འགྲོ་བས་བྱའི་གཞན་དུ་ན་དམ་ཚིག་དང་འགལ་
བར་འགྱུར་བའི་ཕྱིར། དེ་ལ་དང་པོར་ལས་བཅོ་བརྒྱད་ལ་ཕྲིན་ལས་བཞིའི་འཁྲུལ་འཁོར་བྲི་བར་བྱ་སྟེ་འཁྲུལ་འཁོར་གྱི་རྒྱུ་དང་དུས་དང་ཁ་དོག་དང་དབྱིབས་སོ། །དེ་ལ་ཞི་བའི་འཁྲུལ་འཁོར་ནི་རྒྱུ་རས་ལ་སོགས་པ་ལ་འོ་མ་དང་ཙནྡན་ལ་སོགས་པས་སོ། །དུས་སྔ་དྲོའོ། །མདོག་དཀར་པོའོ། །དབྱིབས་ཟླུམ་པོ་
སྟེ་པདྨ་རྒྱས་པ་ལྟ་བུའོ། །རྒྱས་པའི་འཁྲུལ་འཁོར་ནི་རྒྱུ་ཤིང་ཤུན་ལ་སོགས་པ་ལ་གི་ཝང་ལ་སོགས་པས་སོ། །དུས་ཉ་འམ་ཕྱེད་གང་དུའོ། །མདོག་སེར་པོའོ། །དབྱིབས་གྲུ་བཞི་པའོ། །དབང་གི་རྒྱུ་ནི་རས་སམ་ཤིང་ཤུན་ལ་མཚལ་དང་ལི་ཁྲི་ལ་སོགས་པས་སོ། །དུས་ཕྱི་དྲོའོ། །མདོག་དམར་པོས་སོ། །དབྱིབས་
ནི་ཟླ་གམ་མོ། །མངོན་སྤྱོད་ཀྱི་རྒྱུ་ནི་རོ་རས་སམ་ཞིང་ཆེན་ལ་དུག་དང་ཁྲག་གིས་བྲིས་པའོ། །དུས་ནི་དགྲ་ལ་མཚན་ཕྱེད་ནའོ། །བགེགས་ལ་ཉིན་ཕྱེད་ནའོ། །དབྱིབས་དང་ཁ་དོག་ནི་ནག་པོ་གྲུ་གསུམ་མོ། །སྔགས་དང་ཏིང་ངེ་འཛིན་ནི་ལུང་ལས་ཤེས་པར་བྱའོ། །སེམས་ཅན་ནི་གང་ཡང་རུང་
བའོ། །དབང་པོ་ནི་རྣམ་པར་ཤེས་པ་སྐྱེ་བའི་རྟེན་མིག་ལ་སོགས་པའོ། །ཉམས་པ་ནི་མི་གསལ་བའམ་དམན་པར་གྱུར་པའོ། །འོག་ནས་གནོད་པ་དང་ཞེས་བྱ་བ་ཐམས་ཅད་ལ་སྦྱར་ཏེ་དབང་པོ་ཉམས་པའི་གནོད་པ་དང་ཞེས་བྱ་བར་རིག་པའོ། །གནོད་པ་དེ་དག་ཁྲུས་བཞི་པོ་སྔར་བསྟན་པ་ལ་
གནས་པས་ཞི་བར་ཞེས་རིག་པར་བྱའོ། །ཚུལ་ཇི་ལྟར་གནས་པས་ཞེ་ན་སྒྲུབ་པ་པོ་གང་དག་ཡིད་དགེ་བ་ནི་ཀུན་ལ་ཕན་པར་འདོད་པས་སོ། །སེམས་དང་བ་ནི་ཆོས་ལ་གུས་པ་དང་སྤྲོས་པས་སོ། །དམ་ཚིག་དང་སྡོམ་པ་མ་ཉམས་པ་ནི་གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཞེས་བྱའོ། །མཉན་པར་བྱ་

ཞེས་འབྲེལ་ཏེ་གང་ཞེ་ན་མདོ་སྡེ་དམ་པའོ། །ཇི་ལྟ་བུ་ཞེ་ན། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བའོ། །འདི་ནི་སློབ་དཔོན་ལ་ལུང་བླངས་པ་ལས་འབྲས་བུ་འཐོབ་ཀྱི་རང་དགས་ནི་མ་ཡིན་ཞེས་དགོངས་པའོ། །ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མདོར་བསྡུས་ཏེ་གསུངས་པས་ན་མདོ་སྡེའོ། །དེ་ལ་ཉན་ཅིང་རྗེས་སུ་
བསྒྲུབས་པས་གནས་སྐབས་ཀྱི་འབྲས་བུ་ཡང་། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་ནད་ཞི་ཞེས་བྱ་བ་ནི་གང་དག་ཉམས་སུ་ལེན་པ་རྣམས་ཀྱིའོ། །དྲང་བའི་དོན་བཤད་ཟིན་ཏོ། །ད་ནི་རྫས་དང་སྔགས་ཀྱི་གྲངས་
གསུངས་པ་ནི། ནོར་བུ་ཡུངས་ཀར་དཱུར་བ་དང་། །ཞེས་བྱ་བ་ལ་སོགས་པ་སྟེ་ནོར་བུ་ཞེས་བྱ་བ་ནི་མུ་ཏིག་ལ་སོགས་པ་རིན་པོ་ཆེ་ལྔ་མཚོན་པའོ། །ཡུངས་ཀར་ཞེས་བྱ་བ་ནི་འབྲུ་ལྔའི་བརྡའོ། །དཱུར་བ་ཞེས་བྱ་བ་ནི་སྙིང་པོ་ལྔའོ། །རྨ་མེད་པ་ནི་མ་ཉམས་པ་སྟེ་ཙནྡན་གང་ལ་མ་ཉམས་པའི་དྲི་ཡོད་པ་དེ་ནི་དཀོན་
ཞིང་དྲིའི་མཆོག་སྟེ་སྤོས་ལྔའི་མཚོན་པའོ། །བཅས་ཞེས་བྱ་བ་ནི་དྲི་དེ་མ་རྙེད་ན་དྲི་གཞན་ཡང་རུང་ཞེས་བྱ་བའི་ཐ་ཚིག་གོ། །རིན་ཆེན་ཞེས་བྱ་བ་ནི་སྨན་ལྔའི་བརྡའོ། །སྨན་ལ་སོགས་པ་ལྔ་པོ་དེ་དག་ཅིའི་དོན་དུ་བུམ་པར་གཞུག་ཅེ་ན། ཟག་བཅས་ཀྱི་ཕུང་པོ་ལྔ་དང་། ས་ལ་སོགས་པའི་ཁམས་ལྔ་དང་རོ་ལ་
སོགས་པའི་ཡུལ་ལྔ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལྔ་རྣམས་ཡོངས་སུ་དག་ནས་ཟག་པ་མེད་པའི་ཕུང་པོ་ལྔ་དང་ཡེ་ཤེས་ལྔ་དང་དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་དང་། ཕྲིན་ལས་དང་། ཡོན་ཏན་དེ་དག་གི་དོན་རྟོགས་ཤིང་ཐོབ་པར་བྱ་བའི་ཕྱིར་རོ། །རིན་པོ་ཆེ་
ལྔ་ལ་སོགས་པ་དབུལ་པོས་མི་འབྱོར་རོ་སྙམ་པ་ལ་སྐུ་གསུང་ཐུགས་ཀྱི་མཚོན་བྱེད་དུ་རྫས་གསུམ་གསུངས་ཏེ། ཤེལ་དང་རྡོ་རྗེ་མེ་ཏོག་གམ། །ཞེས་བྱ་བ་ནི་གཞན་མི་རྙེད་ན་ཞེས་བྱ་བའི་དོན་ཏོ། །དེ་ནི་ལུས་དང་ངག་དང་ཡིད་ཡོངས་སུ་དག་པའི་རང་བཞིན་སྐུ་གསུམ་ཐོབ་པའོ་ཞེས་མཚོན་པ་སྟེ་སྒོ་
གསུམ་དག་པ་ལས་སྐུ་གསུམ་འབྱུང་བ་ཡང་སེམས་དག་ཅིང་དྲི་མ་མེད་པ་ཤེལ་ལྟ་བུའི་ཆོས་ཀྱི་སྐུ་དང་། རྡོ་རྗེ་ལྟ་བུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་། འགྲོ་བ་ཐམས་ཅད་ལ་ཡིད་དུ་འོང་ཞིང་མཛེས་པའི་མེ་ཏོག་ལྟ་བུ་སྤྲུལ་པའི་སྐུ་སྟེ་དེ་དག་མཚོན་པའི་ཕྱིར་རོ། །གལ་ཏེ་

མཆོག་ཏུ་དབུལ་བས་གསུམ་མི་འབྱོར་རོ་ཞེ་ན་དེའི་ཕྱིར། ཆུ་ཡི་གསེར་རམ་ཡང་ན་ནི། །ཞེས་བྱ་བ་གསུངས་ཏེ། དེ་ཙམ་ལ་བརྟེན་ཞེས་པའོ། །དེ་ལ་གསེར་ནི་བསྲེགས་པ་ལ་སོགས་པས་རང་བཞིན་སེར་པོ་བསྒྱུར་བར་མི་ནུས་པ་བཞིན་དུ་བྱང་ཆུབ་ཀྱི་སྙིང་པོ་ཡང་དེ་དེ་ལྟར་མཚོན་
པའི་བརྡའོ། །རམ་ཡང་ན་ནི་ཞེས་བྱ་བ་དེ་དག་གང་ཡང་མི་རྙེད་པས་བུམ་པ་རིན་པོ་ཆེ་ལས་གྲུབ་ཙམ་ལ་བརྟེན་ཞེས་བྱ་བའི་དོན་ཏོ། །གང་ཞེ་ན། དངུལ་གྱི་བུམ་པ་དག་ཀྱང་རུང་། །ཞེས་གསུངས་སོ། །ཀྱང་ཞེས་བྱ་བ་ནི་ས་ལ་སོགས་པའི་སྣོད་མཚོན་པའོ། །འདིར་རྟོགས་པར་བྱ་བ་ནི་འདི་ཡིན་ཏེ་
དངུལ་གྱི་བུམ་པ་ནི་དཀར་ཞིང་དྲི་མ་མེད་པ་དང་རིན་པོ་ཆེ་ཡིན་ཞིང་མཉེན་པ་ལྟར་བྱང་ཆུབ་ཀྱི་སེམས་འགྲོ་བ་ཀུན་ལ་ཁྱབ་པའི་དོན་གྱི་སྙིང་པོ་དེ་ཁོ་ན་ཉིད་ཀྱང་རྣལ་འབྱོར་པ་གང་གིས་མངོན་དུ་བྱས་ནས་མ་རིག་པའི་མུན་པ་ཞི་བ་དང་ཉོན་མོངས་པའི་དྲི་མ་དག་པ་དང་རིན་པོ་ཆེ་བཞིན་དུ་འདོད་པ་ཐམས་ཅད་
འབྱུང་བ་དང་ལམ་གྱི་དུས་ན་ལུས་དང་སེམས་མཉེན་ཞིང་ལས་སུ་རུང་བ་སྟེ། དེ་ལྟར་དངུལ་དང་བྱང་ཆུབ་ཀྱི་སེམས་ཆོས་མཚུངས་པའོ་ཞེས་གསུངས་པར་རིག་པར་བྱའོ། །གཙང་མའི་གོས་ཀྱིས་ཞེས་བྱ་བ་ཇི་ལྟར་གོས་ཀྱིས་ལྷགས་པ་དང་ངོ་ཚ་ལ་སོགས་པ་ལས་སྐྱོབ་པ་བཞིན་དུ། རྣལ་འབྱོར་པའི་
དམ་ཚིག་དང་སྡོམ་པ་ཡང་འཁོར་བ་དང་ངན་སོང་ལས་སྐྱོབ་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གཙང་མའི་ཞེས་བྱ་བ་ནི་དམ་ཚིག་ལ་སོགས་པའི་སྐྱོན་མེད་དེ་མ་ཉམས་པའོ་ཞེས་རིག་པར་བྱའོ། །བཟླས་པའི་དབང་དུ་མཛད་དེ་ཐུན་རེ་རེ་ལ་གཟུངས་རིང་པོ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དོ། །ཡང་སྙིང་
བཟླས་པར་འདོད་ན་བརྒྱ་རྩ་བརྒྱད་ཡན་ཆད་དོ་ཞེས་བྱ་བའི་དོན་ཏོ། །རྒྱལ་པོ་ནི་སེམས་ཏེ་བག་ཆགས་ཀུན་གྱི་གཞི་ཡིན་ལ་བརྟན་པས་རྒྱལ་པོ་དང་ཆོས་མཚུངས་སོ། །དེ་ཁྲུས་བྱས་པས་སྒྲིབ་པ་ཐམས་ཅད་དང་བྲལ་ནས་མ་བཅོས་པ་གཉུག་མའི་ངང་ལ་གནས་པར་འགྱུར་རོ་ཞེས་དགོངས་པའོ། །བློན་པོ་
ལྟ་བུ་ཉོན་མོངས་པ་ཡིད་དང་འབངས་ལྟ་བུའི་ཚོགས་དྲུག་ཀྱང་རྒྱལ་པོ་ནི་ཞི་བས་ཞི་བར་འགྱུར་རོ། །དེ་ལྟ་བས་ན་གང་ཞིག་འཁོར་བའི་སྡུག་བསྔལ་ལས་ཐར་པར་འདོད་པས་སེམས་ཀྱི་རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་ཅེས་གསུངས་སོ། །རྡོ་རྗེ་སྤུན་དང་དམ་ཚིག་འདི་ལ་མོས། །དེ་ཡི་ངོར་བྱས་

བླ་མ་དམ་པའི་གསུང་། །ཤེས་རབ་མཐུ་ཡིས་བདག་གིས་རྣམ་པར་བཀོད། །དགེ་བ་ཐོབ་དེ་བྱང་ཆུབ་མཆོག་ཏུ་བསྔོ། །ཉེས་པར་གྱུར་ན་རྣམ་འཇོམས་ཉིད་ལ་བཤགས། །རྡོ་རྗེ་རྣམ་འཇོམས་ཀྱི་འགྲེལ་པ་ཇོ་བོ་སྨྲྀ་ཏིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་བསྒྱུར། ཕྱི་དང་
ནང་དང་དེ་ཁོ་ན་ཉིད་ཀྱི་ཁྲུས་གསུམ་ནི་ཐེག་པ་གསུམ་དང་ཇི་བཞིན་དུ་སྦྱར་རོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཨུ་པ་དེ་ཤ། །བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་མན་ངག །བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་
ལ་ཕྱག་འཚལ་ལོ། །འདིར་བླ་མ་དམ་པའི་མན་ངག་གིས་ལས་ཀྱི་ཚོགས་ཅུང་ཟད་དྲན་པ་རྣམས་དགོད་པར་བྱའོ། །དེ་ལ་ལས་ཀྱི་རྣམ་པར་དབྱེ་བ་ནི་མང་མོད་ཀྱང་འདིར་ནི་ཕྲིན་ལས་བཅོ་བརྒྱད་ལས་མ་གསུངས་ལ། དེ་དག་གི་དོན་ཀྱང་མ་གསུངས་པས་དེ་དག་གི་དོན་ཀྱང་བསྡུས་ན་གཉིས་
ཉིད་དེ། ཕན་བཏགས་པས་རྗེས་སུ་གཟུང་བ་དང་ཚར་གཅད་པས་རྗེས་སུ་གཟུང་བའོ། །དེ་དག་ཀྱང་ཞི་བ་ལ་སོགས་ཕྲིན་ལས་བཞིས་འགྲུབ་པར་འགྱུར་ལ་ཕྲིན་ལས་ཀྱང་སྒྲུབ་པ་པོ་ཚད་དང་ལྡན་པས་ཡིན་གྱི་གཞན་དུ་ན་དོན་མེད་པར་འགྱུར་རོ། །ཐོག་མར་སྔགས་པ་སྙིང་རྗེ་ཆེན་པོས་བསྐུལ་
བའི་བསྙེན་པ་ཡོངས་སུ་རྫོགས་པར་བྱས་ལ། དེའི་འོག་ཏུ་ལས་དང་མཐུན་པའི་འཁྲུལ་འཁོར་བྲི་བར་བྱའོ། །དེ་ཡང་ཞི་བའི་འཁྲུལ་འཁོར་ནི་དཀར་པོའི་ཕྱོགས་ཀྱི་ཚེས་གང་ཡང་རུང་བ་ལ་རས་སམ་ཤིང་ཤུན་ལ་སོགས་པ་གཞི་དཀར་པོ་ལས་པདྨ་རྒྱས་པ་ལྟ་བུའི་རྩིབས་བརྒྱད་པའི་འཁོར་ལོ་
གུར་གུམ་ལ་སོགས་པའི་དྲིས་མཆོག་ཏུ་གཙང་སྦྲ་ལ་གནས་པ་བྲིའོ། །དེའི་ལྟེ་བ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཆེ་གེ་མོ་ལ་རཀྵ་རཀྵ་ཞེས་སྤེལ་ལ་བྲིའོ། །རྩིབས་རྣམས་ལ་རིམ་པ་བཞིན་དུ་གནོད་པར་བྱེད་པ་རྣམས་ཏྲ་ཊ་ཡ་ཏྲ་ཊ་ཡ་ཏྲོཊ་ཡ་ཆེ་གེ་མོ་རཀྵ་
རཀྵ་ཞེས་བྲིའོ། །དེའི་མུ་ཁྱུད་ཕྱི་མ་ལ་ཡང་སྙིང་བྲི་བར་བྱ་སྟེ། སྔགས་དེ་ཐམས་ཅད་མགོ་ཕྱིར་བསྟན་པའོ། །དེ་ལྟར་བྲིས་པའི་འཁྲུལ་འཁོར་དེ་ལ་སྔགས་པས་འདི་ལྟར་ལས་ལ་སྦྱར་བར་བྱ་སྟེ། རང་ཉིད་ཡུད་ཙམ་གྱིས་ལྷར་བསམས་ལ་མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་

འཇོམས་པ་བསྐྱེད་ལ་གསོལ་བ་གདབ་པ་ནི། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཁྱོད་ནི་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ་ཡིན་ན་དེ་ཡང་ཆེ་གེ་མོ་འདིའི་གནོད་པ་འདི་དག་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ངག་དང་ཡིད་ཀྱིས་ལན་གསུམ་གསོལ་བ་གདབ་
པར་བྱ་སྟེ། བར་གྱི་ཚིག་སྤྲོས་ལ་ཕྲིན་ལས་གཞན་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་གསོལ་བ་གཏབ་པས་བདག་དང་བསྒྲུབ་བྱ་ལ་བྱིན་གྱིས་བརླབས་ནས་ཇི་ལྟར་འདོད་པ་གྲུབ་པར་བསམས་ཏེ་སླར་བཅོམ་ལྡན་འདས་འཁྲུལ་འཁོར་གྱི་ལྟེ་བ་ལ་བཞུགས་ཏེ་རྒྱུན་མི་འཆད་པར་བྱིན་གྱིས་རློབ་པར་མཛད་
པར་བསམས་ལ་སྤེལ་བ་དང་བཅས་པའི་བཟླས་པ་བྱའོ། །ཟིན་པ་དང་མཆོད་དེ་བསྟོད་པ་ཡང་བྱས་ལ་ཐམས་ཅད་ཞུ་བ་དང་བཅོམ་ལྡན་འདས་ཀྱི་ཐུགས་པདྨ་རྒྱས་པ་ལྟ་བུའི་ཐུགས་ཀར་བསྒྲུབ་བྱ་ཆུད་པས་མཆོག་ཏུ་བདེ་ཞིང་གནས་པར་བསམས་ལ་དེ་བཞིན་ཉིད་ཀྱི་བློས་མེ་ཏོག་ལ་ཡང་སྙིང་པོ་ཅི་
ནུས་པར་བཟླས་ལ་འཁོར་ལོ་ལ་གཏོར་བར་བྱའོ། །དེ་ནི་རབ་ཏུ་གནས་པ་ཞེས་བྱ་སྟེ། འཁོར་ལོ་དྲིལ་ནས་བསྒྲུབ་བྱ་ལ་བཏགས་ཏེ་དེ་ལ་འགོམ་པར་མི་བྱ་བ་ནི་དམ་ཚིག་གོ། །སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་དང་ཞི་བ་དང་སྲུང་བ་སྟེ། ལས་གསུམ་དང་འབྲེལ་པའི་ཞི་བའི་འཁྲུལ་
འཁོར་གྱི་རྣམ་པར་བྱེད་པ་རྫོགས་སོ།། །།ཇི་ལྟར་སྔར་བསྟན་པའི་ཚུལ་གྱིས་བར་གྱི་ཚིག་སྤོས་ལ་འདིར་ཡང་སྦྱར་ཏེ་རྒྱས་པའི་འཁྲུལ་འཁོར་ནི་གཞི་སེར་པོ་ཁ་རིན་པོ་ཆེའི་ཕུང་པོ་ལྟ་བུའི་དབྱིབས་ཅན་བྲིས་ལ་མིང་འདི་ཞེས་བྱ་བའི་ཆེ་གེ་མོ་རབ་ཏུ་གནས་པ་རྒྱས་པར་མཛོད་ཅིག་ཅེས་སྤེལ་
བར་བྲི་ཞིང་མུ་ཁྱུད་ཕྱི་མ་ལ་ནི་ཡང་སྙིང་བྲིའོ། །དེ་ནས་གསོལ་བ་གདབ་པ་སྔར་བཞིན་ནོ། །དེ་ལ་འདིར་ཁྱད་པར་གྱི་མན་ངག་ནི་འདི་ཡིན་ཏེ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་ཞེས་གསུངས་པའི་ཕྱིར་ན་ཡོ་བྱད་དོན་དུ་གཉེར་བར་ནོར་གྱི་བདག་པོ་ལ་བསྐུལ་བར་བྱའོ། །དེ་ཡང་འཁོར་གྱི་སྦྱོར་བ་
སྤངས་ནས་ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལ་སྤོས་ལ་སོགས་པའི་དྲི་ལ་སྩལ་ཏེ་དངོས་སུའམ་བསམས་པས་རྣལ་འབྱོར་པས་ཡུད་ཙམ་གྱིས་རྣམ་པར་འཇོམས་མཛད་དུ་བསམས་ལ་མདུན་གྱི་ནམ་མཁའ་ལ་དེ་བཞིན་གཤེགས་པ་བསམ་ཞིང་དེ་བས་དམའ་བར་ཇི་ལྟར་འདོད་པའི་ནོར་གྱི་ལྷ་

བསམས་ཏེ་བདག་ནི་དབུལ་ཏེ་དེ་བཞིན་གཤེགས་པ་མཆོད་པ་དང་དབུལ་པོ་རྣམས་ལ་ཕན་པའི་ནུས་པ་མེད་པ་ལ་ཇི་ལྟར་བྱ་སྙམ་དུ་འདུན་པ་དྲག་པོ་བྱས་ལ་ཡང་འདི་སྙམ་དུ་དཀོན་མཆོག་མཆོད་པ་ལ་སོགས་པའི་ཡོ་བྱད་ཀྱི་དོན་དུ་ཛམྦྷ་ལ་ཁྱོད་ལ་ནོར་གྱི་དངོས་གྲུབ་སློང་གིས་བདག་ལ་མྱུར་དུ་ལོངས་
སྤྱོད་རྒྱ་ཆེན་པོ་སྩལ་དུ་གསོལ་ཞེས་དངོས་སམ་ཡིད་ཀྱིས་བརྗོད་ལ་དེའི་ངང་ལས་ཡང་སྙིང་བརྒྱ་རྩ་བརྒྱད་བཟླས་པའི་ཆུ་ལག་པ་གཡས་པས་ཛམྦྷ་ལའི་སྤྱི་བོར་བླུགས་པར་བསམས་ཏེ་དེ་ལ་སྦྱིན་ནོ། །དེའི་ཚེ་ཛམྦྷ་ལས་སྔོན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཇི་ལྟར་ཁས་བླངས་བ་དང་ད་ལྟར་ཡང་ཆུ་སྟེར་
བའི་དུས་སུ་བཅོམ་ལྡན་འདས་དཔང་པོའི་ཚུལ་དུ་བཞུགས་པ་དང་བདག་ནི་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་སྐུ་ཡིན་ལ་དེ་ནི་སངས་རྒྱས་ཀུན་གྱི་གསང་བའི་བདག་ཉིད་ཀྱང་ཡིན་ཏེ། ལག་ན་རྡོ་རྗེའོ། །ལག་ན་རྡོ་རྗེ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཡིན་ལ་ཛམྦྷ་ལ་ཡང་གནོད་སྦྱིན་ཡིན་པས་འབངས་སམ་
འཁོར་ཛམྦྷ་ལ་ལ་བཀའ་སྩལ་པ་ནི་མི་སླུ་བས་ན་སྔགས་པའི་འདོད་པ་ཐམས་ཅད་ཛམྦྷ་ལས་རབ་ཏུ་སྦྱིན་པར་འགྱུར་ཏེ་འདི་ནི་ངེས་པའོ། །འཁྲུལ་འཁོར་རྒྱས་པ་འདི་ནི་གནས་དབེན་པར་མཆོད་ཅིང་གཞག་པར་བྱའོ། །འདིས་ནི་རྒྱས་པའི་ལས་དང་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་དང་མ་གྲུབ་
པ་རྣམས་གྲུབ་པར་བྱེད་པ་དང་གྲུབ་པ་རྣམས་ཆུད་མི་ཟ་བ་སྟེ། ཕྲིན་ལས་རྣམ་པ་བཞི་པོ་དེ་ནི་རྒྱས་པའི་འཁྲུལ་འཁོར་གྱི་ལས་སུ་རིག་པར་བྱའོ། །རྫོགས་སོ།། །།དབང་གི་འཁྲུལ་འཁོར་དམར་པོ་ཟླ་གམ་བྲིས་ལ། དབུས་སུ་ཧཱུཾ་ནག་པོ་བྲི་ཞིང་དེའི་གཡས་དང་གཡོན་དུ་ཧྲཱིཿ
དམར་པོ་རེ་རེ་བྲིས་ཏེ་མུ་ཁྱུད་ཟླུམ་པོས་བསྐོར་བ་ལ་ཡང་སྙིང་བྲིས་ལ་སྟེགས་བུ་ལ་གཞག་གོ། །དེ་ནས་སྔགས་པས་གོས་དམར་པོ་བགོས་ལ་ནུབ་ཕྱོགས་སུ་ཁ་བལྟས་ཏེ་དེ་ནས་བརྩམས་ཏེ་ཆེ་གེ་མོ་དབང་དུ་བསྡུའོ་སྙམ་པའི་བློས་དང་པོ་གསོལ་བ་ལ་སོགས་པ་བྱས་དེའི་རྗེས་ལ་རང་གི་ལུས་
འཁྲུལ་འཁོར་གྱི་ལྟེ་བའི་ཧཱུཾ་ལ་ཐིམ་ནས་དེ་ཡོངས་སུ་གྱུར་པས་རྣམ་པར་འཇོམས་མཛད་དུ་རང་ཉིད་བསམ་མོ། །ལས་ཉེ་བར་བསྒྲུབ་པ་ནི་གནས་པ་ཉིད་མྱུར་བས་ན་རང་གི་སྲིན་ལག་གཡས་པ་ལས་ཧྲཱིཿདམར་པོ་ཅིག་བྱུང་ནས་རང་གི་གཡས་ན་འདུག་པར་བསམས་ལ་གཡོན་པ་ལས་ཀྱང་དེ་བཞིན་

ཏེ་ཧྲཱིཿདེ་ལས་འོད་དམར་པོ་འཕྲོ་ཞིང་རང་འདོད་པའི་ལས་བྱས་ཏེ་སླར་ཡང་དེ་ཉིད་ལ་འདུས་པས་སྔགས་ཀྱང་རང་རང་གི་སྤེལ་བས་བཟླའོ། །དེའི་ཚེ་ན་ཡང་སྔར་གྱི་མདུན་གྱི་ནམ་མཁའི་བཅོམ་ལྡན་འདས་ནི་ཇི་སྲིད་འདོད་ཀྱི་བར་དུ་བྱིན་གྱིས་རློབ་ཅིང་བཞུགས་པར་བསམ་མོ། །འདོད་པའི་
དོན་གྲུབ་ནས་ཧྲཱིཿནི་རང་ལ་བསྡུས་ལ་རང་ཡང་ཞུ་ནས་ཇི་ལྟར་འདོད་པའི་ཚུལ་དུ་གནས་པར་བྱའོ། །འདིའི་འཁྲུལ་འཁོར་ནི་ཏིང་ངེ་འཛིན་ཉིད་ཀྱང་རུང་ངོ་། །འདིས་ནི་འབྱུང་པོ་ཐམས་ཅད་འགུགས་པ་དང་གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ལ་སོགས་པ་ཕྲིན་ལས་གཉིས་གཙོར་བྱེད་དོ། །དབང་
གི་ཕྲིན་ལས་ཀྱི་རིམ་པ་རྫོགས་སོ།། །།བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ་གཏུམ་པོ་ལ་ཕྱག་འཚལ་ལོ། །མངོན་སྤྱོད་ལ་གཉིས་ཏེ། མི་དང་མི་མ་ཡིན་པའི་དབྱེ་བས་སོ། །འཁོར་ལོ་བྲིས་ལ་ལྟེ་བའི་གྲུ་གསུམ་ལ་བསྒྲུབ་བྱའི་མིང་དང་མཱ་ར་ཡ་སོད་རཾ་ནན་ཞེས་བྱ་བ་ལ་སོགས་
པའི་སྤེལ་ཚིག་དང་བཅས་པ་བྲིའོ། །ཤར་གྱི་རྩིབས་ལ་སརྦ་ཤ་ཏྲཱུཾ་ནཱཾ་གྷ་ཊ་གྷ་ཊ་ཆེ་གེ་མོ་མཱ་ར་ཡ་རྦད་ཅེས་བྲིའོ། །གཡོན་དུ་བསྐོར་བའི་རྩིབས་ལ་སཾ་གྷ་ཊ་ཡ་ཆེ་གེ་མོ་མཱ་ར་ཡ་རྦད་ཅེས་སོ། །རྩིབས་གཅིག་ལ་ཨ་མུ་ཀཾ་མཱ་ར་ཡ་ཕཊ་ན་མཿས་མནྟ་བཛྲཱ་ཎཱཾ་སརྦ་བ་ལེན་ཨ་པ་ར་ཛ་ཡེ་མ་ཧཱ་བ་ལེ་ཆེ་གེ་མོ་
མཱ་ར་ཡ་རྦད་ཅེས་བྲི་ཞིང་མུ་ཁྱུད་ལ་ཡང་སྔགས་དེ་དག་ཉིད་དོ། །སྔགས་དེ་དག་ནི་མགོ་ནང་དུ་བསྟན་པས་སོ། །དེ་ནས་ཡང་གསོལ་བ་འདེབས་པ་ལ་སོགས་པ་སྔར་བཞིན་བྱ་སྟེ་བཅོམ་ལྡན་འདས་ནི་ཤིན་ཏུ་ཁྲོ་བར་བཞུགས་པ་ལ་གསོལ་བ་གདབ་པོ། །རང་ཉིད་རྣམ་པར་འཇོམས་མཛད་དུ་བསམས་
པའི་ཞལ་ནས་སྔགས་བརྗོད་པས་སྔགས་ཀྱི་ཕྲེང་བ་འཕྲོས་ནས་གང་ལ་བྱ་བའི་ལུས་ལ་ཕོག་པས་དེ་ཡོངས་སུ་ཞུ་ནས་རྣམ་ཤེས་ཡིག་འབྲུ་གཅིག་ཏུ་གྱུར་པ་འཕེལ་བ་ནི་རླུང་གིས་བཏེག་སྟེ། ཡི་གེ་ཡཾ་གི་སྟེང་ན་ཧྲཱིཿསྔོ་ནག་ཏུ་གནས་པ་བཀུག་ནས་འཁོར་ལོའི་ལྟེ་བར་ཆུད་པར་བསམས་ལ་དེ་ཡང་
འདར་ཞིང་འཕར་ལ་མི་བཟོད་བཞིན་དུ་གནས་པར་བསམ་མོ། །འཁོར་ལོའི་རྩིབས་ཀྱི་རྩེ་མོ་ལ་ཡང་གཟུགས་བརྙན་བྲི་བའམ་བསམ་པར་བྱའོ། །རབ་ཏུ་བསྒྲིམ་པར་བྱའི་གཞན་དུ་ན་རང་གི་སྲོག་ཀྱང་གཡོ་བར་འགྱུར་ན་དགྲ་བགེགས་ལྟ་ཅི་སྨོས། ཟིན་པ་དང་ལས་ཀྱི་མཐའ་བསྲེག་

པའམ་མནན་པ་གང་ཡང་རུང་བར་བྱའོ། །འདིར་ཡང་མན་ངག་ནི་འདི་ཡིན་ཏེ་རིག་སྔགས་གཅོད་པ་ཞེས་བྱ་བའི་སྐབས་སུ་སྐུད་པ་སྔོན་པོ་ལ་སུམ་བསྒྲིལ་བྱས་ནས་བརྒྱ་རྩ་བརྒྱད་བཟླས་ཏེ་རྡོ་རྗེ་ལྟ་བུའི་མདུད་པའམ་ལྕགས་སྒྲོག་གམ་ཞགས་པ་ལྟ་བུའི་མདུད་པ་དོར་ཞིང་མདུད་པ་རེ་རེའི་ནང་དུ་ཕ་རོལ་
གྱིས་རྦད་པའི་མི་མ་ཡིན་པ་དང་། དེ་རྦོད་པར་བྱེད་པའི་དངོས་པོ་རྣམས་ཆུད་ཅིང་དེ་རབ་ཏུ་བསྡམས་ནས་སྔགས་བཟླས་པས་དེ་ལྟར་གྱུར་ཏེ་དེ་མགུལ་དུ་གདགས་སོ། །གང་གི་ཚེ་མི་དགོས་པ་དེའི་ཚེ་མདུད་པ་དགྲོལ་བར་བྱའི་གཞན་དུ་ན་བསོད་ནམས་མ་ཡིན་པ་སོག་པར་འགྱུར་རོ། །དེ་བཞིན་དུ་
རིག་སྔགས་ཐམས་ཅད་གནོན་པར་བྱེད་པ་ཞེས་བྱ་བ་དེ་ལ་ཡང་མན་ངག་གི་གནད་འདི་ལྟ་བུ་བརྩམ་པར་བྱའོ། །འཁྲུལ་འཁོར་གཞུང་ལྟར་བྲིས་ལ་འཁྲུལ་འཁོར་གྱི་ལྟེ་བར་བསྒྲུབ་བྱའི་གཟུགས་ལྕེ་ཤིན་ཏུ་ཆེ་བ་བྲིས་ལ་ལྕེ་ལ་རྩིབས་ཀྱི་སྔགས་རྣམས་དང་ཆེ་གེ་མོ་འདི་ཞེས་བྱ་བའི་ངག་རེངས་
པར་གྱིས་ཤིག་ཅེས་སྦྲེལ་ཏེ་བྲིའོ། །དེ་ལ་སྒྲུབ་པ་བྱས་ལ་རི་རབ་ས་ནག་པོ་ལས་བྱས་པའི་སྟེང་དུ་རྣམ་པར་འཇོམས་མཛད་ཀྱི་སྔགས་ཤོག་བུ་ལ་སོགས་པ་ལ་བྲིས་ལ་རྩལ། སྨད་དུ་བུག་པ་གྲུ་གསུམ་བྲུས་ལ་དེའི་ནང་དུ་འཁྲུལ་འཁོར་བྲིས་ལ་དེ་བཅུག་ལ་མནན་པར་བྱའོ། །འདི་ནི་
སྔགས་ཀྱི་ནུས་པའམ་རྦོད་གཏོང་ཉེ་བར་ཞི་བར་བྱེད་པ་སྟེ་མངོན་སྤྱོད་ཀྱི་ཁྱད་པར་རོ། །ཡང་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ལ་འཁྲུལ་འཁོར་སྤངས་ལ་རྟ་ནག་པོའི་རྔ་མ་ལ་བཤང་བའི་སྲིན་བུ་བརྒྱུས་ཏེ། ཕྲེང་བ་བྱས་ནས་གང་ལ་དམིགས་ཏེ་ཁྲོས་པས་སྔགས་བཟླས་ན་གྲོང་
ཁྱེར་ལ་སོགས་པ་འཇིགས་ཤིང་སྐྲག་པར་འགྱུར་ཏེ་སྔགས་ལས་སུ་རུང་ན་ལས་དེ་དག་ལ་ཐེ་ཚོམ་མི་ཟའོ། །མངོན་སྤྱོད་ཀྱི་འཁྲུལ་འཁོར་ནི་སྐྲག་པ་དང་རིག་སྔགས་གཅོད་པ་དང་རིག་སྔགས་གནོན་པ་དང་ལས་འཇོམས་པ་དང་། རིག་སྔགས་ཀྱི་ལས་བྱེད་དུ་འཇུག་པ་དང་རེངས་
པར་བྱེད་པ་སྟེ་ལས་དྲུག་བྱེད་པའོ། །དགྲའི་མངོན་སྤྱོད་ཀྱི་འཁྲུལ་འཁོར་རྣམ་པར་ཕྱེ་བའི་རིམ་པའོ། །རྫོགས་སོ།། །།ད་ནི་བགེགས་ཀྱི་མངོན་སྤྱོད་ཀྱི་འཁྲུལ་འཁོར་བརྩམ་པར་བྱ་སྟེ། རོ་རས་ལ་སོགས་པ་ལ་འཁྲུལ་འཁོར་གྲུ་གསུམ་སུམ་བརྩེགས་སུ་བྱས་ལ་གྲུབ་པ་རྣམས་ལ་

ཨོཾ་བྷིནྡ་ཆེ་གེ་མོ་ཚིནྡ་བྷིནྡ་ཆེ་གེ་མོ་བྷིནྡ་མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་ཆེ་གེ་མོ་མཱ་ར་ཡ་ཕཊ་བྲིའོ། །དབུས་སུ་བགེགས་ཀྱི་གཟུགས་དང་མཱ་ར་ཡ་ཞེས་སྤེལ་ལ་བྲིའོ། །ཡང་གསོལ་བ་གདབ་པ་ལ་སོགས་པ་བྱས་ལ་རང་ཉིད་ཆུའི་ཟླ་བ་ལྟ་བུའི་རྣམ་པར་འཇོམས་མཛད་དུ་སྐུ་ཆེ་བ་ལ་ཡན་
ལག་རགས་པར་བསྒོམ་མོ། །དེ་ནས་རབ་ཏུ་བསྒྲིམས་ནས་སྔགས་རིང་པོ་འབའ་ཞིག་བཟླས་པར་བྱ་སྟེ་སྔགས་ཀྱི་འོད་ཀྱིས་གང་ལ་བྱ་བའི་ལུས་ལ་ཕོག་པས་རབ་ཏུ་གཟིར་ཞིང་མི་བཟོད་པར་བསམ་སྟེ་དཔེར་ན་ལོ་ཐོག་ལ་སེར་བ་བབ་པ་ལྟ་བུར་དམིགས་ཤིང་ཁྲོས་པས་བཟླའོ། །ཟིན་པ་དང་ལས་
ཀྱི་ཞབས་བསྲེག་པ་དང་མནན་པ་གང་འདོད་པ་བྱའོ། །འཁྲུལ་འཁོར་འདི་ནི་ཕལ་ཆེར་བགེགས་ལ་བྱེད་པར་བཤད་ཀྱི་འོན་ཀྱང་རྣལ་འབྱོར་ལས་སུ་རུང་བའི་སྔགས་པས་འཁྲུལ་འཁོར་གཅིག་གིས་ཀྱང་ལས་ཐམས་ཅད་ལ་སྦྱར་བར་ནུས་སོ། །འདིས་གདོན་རླག་པར་བྱེད་པ་དང་། རྨུགས་པར་
བྱེད་པའི་ལས་གཉིས་འགྲུབ་བོ། །དེ་ལྟར་ཕྲིན་ལས་བཅུ་བདུན། གཞན་གྱི་ལས་འཇིག་པ་ནི་སྡིག་པ་སྟེ་དེ་དག་པར་བྱེད་པ་ནི་བུམ་པ་ལ་སོགས་པའི་ཁྲུས་དང་འབྲེལ་པའི་ཕྱིར་འདིར་མ་སྨོས་སོ། །ཐམས་ཅད་ལ་ཡང་སྤེལ་ཚིག་ནི་སོ་སོའི་སྐབས་དང་སྦྱར་རོ། །རྡོ་རྗེ་རྣམ་པར་འཇོམས་པའི་
མན་ངག་པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་དེ་ཉིད་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་རཏྣ་མཱ་ལ་བྲྀཏྟི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་
ཞེས་བྱ་བ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མ་རུངས་འཇོམས་མཛད་མི་ཤིགས་རི་བོ་འཛིན། །ཐུགས་རྗེའི་སྣང་བས་ཉོན་མོངས་འཇོམས་པའི་སྐུ། །རང་གཞན་དོན་རྣམས་མ་ལུས་སྡུད་མཛད་པའི། །དབྱེར་མེད་རང་བཞིན་གསལ་བའི་སྐུ་ལ་འདུད། །བླ་མའི་མན་ངག་
ལ་བརྟེན་ནས། །དམན་པའི་དོན་དུ་རྡོ་རྗེའི་དོན་བཤད་བྱ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་གདན་བྱང་

ཆུབ་སྙིང་པོ་ན་འཁོར་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་ཐབས་ཅིག་ཏུ་བཞུགས་སོ། །བཞུགས་པ་དེའི་ཚེ་བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་དེ་ཉིད་ལ་ཐིམ་ཞིང་སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབ་པ་མཛད་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་དེ་ཉིད་ལས་ཏིང་ངེ་འཛིན་གྱི་རྣམ་པར་
འཕྲུལ་པ་མཛད་པ་ནི་རྣམ་པ་གསུམ་དུ་མཛད་དོ། །འདི་སྐད་དུ་རྡོ་རྗེ་དང་། ཁྲོ་བོ་གཉིས་སུ་ཐོས་སོ། །གང་གིས་ཤེ་ན། ཕྱག་ན་རྡོ་རྗེ་བདག་གིས་ཐོས་ཏེ་དུས་གཅིག་ན་ཐོས་ཞེས་བྱའོ། །ཇི་ལྟར་ཐོས་ཤེ་ན། དེ་ནས་སངས་རྒྱས་ཀྱི་མཐུ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་
རླབས་ཀྱིས་ཞུས་ནས་ཐོས་ཏེ། དེ་ཡང་དེ་གཉིས་ཀྱི་དོན་ཞེས་དྲིས་ནས་སོ། །རྡོ་རྗེ་སྙིང་པོ་ལས་བྱུང་བ། རྡོ་རྗེ་ཁྲོ་བོའི་དོན་སྨྲས་པ་ཞེས་བྱ་བ་ནི་རྡོ་རྗེ་ནི་འཇོམས་བྱ་འཇོམས་པ་ལ་བྱ། ཁྲོ་བོ་ནི་འཇོམས་བྱེད་ལ་བྱའོ། །དེའི་དོན་ནི་ཤེས་རབ་དང་སྙིང་རྗེ་ཞེས་པའོ། །ཤེས་རབ་ཀྱི་དོན་ནི་ཅི་ཞེ་ན།
མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟེན་པ་ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པའོ། །དེའི་ཐབས་ནི་དོན་ཅི་ཞེ་ན། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པའོ། །འོ་ན་ཤེས་རབ་ཀྱི་ཡོན་ཏན་ཅི་ཞེ་ན། རིག་
སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། ལས་ཐམས་ཅད་སྒྲུབ་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིག་པར་བྱེད་པའོ། །ཐབས་ཀྱི་ཡོན་ཏན་ཅི་ཞེ་ན། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་
ཐམས་ཅད་ལས་ཐར་པར་བྱེད་པ། འབྱུང་པོ་ཐམས་ཅད་ཚར་གཅོད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་ཅིང་། གཞན་གྱི་རིག་སྔགས་དང་འབྱུང་པོའི་གདོན་རླག་པར་བྱེད། སྲུང་བར་བྱེད། དེ་ལས་ཐར་བར་བྱེད་དོ། །འོ་ན་ཤེས་རབ་ཀྱི་ལས་ཇི་ལྟ་བུ་ཞིག་བྱེད་ཅེ་ན།
རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པར་བྱེད་པའོ། །ལས་ཐམས་ཅད་པའི་བུམ་པ་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའོ། །དེས་མ་གྲུབ་པ་གྲུབ་པར་འགྲོ་སྟེ། དེས་

བར་ཆད་མེད་པས་གྲུབ་པ་དེ་ཆུད་མི་ཟ་བར་སྒྲུབ་ནུས་ཤིང་། སེམས་ཅན་གཞན་ལ་ནུས་པ་སྐྱེད་པར་བྱེད་པའོ། །འོ་ན་ཐབས་ཀྱི་ལས་ཇི་ལྟ་བུ་ཞེ་ན། སེམས་ཅན་ཐམས་ཅད་སྲུང་བ། ཞི་བ་རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུག་པར་བྱེད་པའི་གསང་
སྔགས་ཀྱི་མཐུ་ཆེན་པོ་འདི་རབ་ཏུ་སྨྲས་སོ། །ཞེས་བྱ་བ་ནི་སྲུང་བ་དང་། ཕྲིན་ལས་བཞིའི་ལས་དང་། ཁྱད་པར་དུ་རེངས་པར་བྱེད་པ་དང་། རྨུགས་པའི་བྱེད་པའི་ལས་སོ། །འོ་ན་ལས་དེ་གང་གིས་རྟོགས་པར་བྱ་ཞེ་ན། གསང་སྔགས་ཀྱི་མཐུ་ཆེན་པོ་འདིས་རྟོགས་པར་སྨྲ་བར་བྱའོ། །
འོ་ན་ཇི་ལྟར་སྨྲ་བར་བྱ་ཞེ་ན། ན་མོ་རཏྣ་ཏྲ་ཡཱ་ཡ་ན་མཤྩཎྜ་བཛྲ་པཱ་ཎ་ཡེ་མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་ཧཱུཾ་ཧཱུཾ་ཞེས་བྱ་བ་སྔོན་དུ་སོང་ནས་སོ། །དེའི་དོན་ནི་རང་སྟན་བདེ་བ་ལ་འདུག་སྟེ། ཚོགས་གཉིས་སྔོན་དུ་སོང་ནས་བདག་ཉིད་རིག་པ་ཧཱུཾ་དུ་བསམས་ཏེ། དེ་ལས་འོག་གི་ཕྱོགས་སུ་རྡོ་རྗེ་རྒྱ་གྲམ། སྟེང་གུར་
ཕྱོགས་མཚམས་རྩིག་པའོ། །དེ་ནས་ཧཱུཾ་དེ་ལས་བྷྲཱུཾ་ཞུ་བ་ལས་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་སྒོ་ཁྱུད་དང་བཅས་པ་ལྟེ་བ་ཉི་མའི་དཀྱིལ་འཁོར་ལ་འཁོར་ལོ་རྩིབས་བཅུ་པའོ། །དེའི་དབུས་ཀྱི་ལྟེ་བའི་ཉི་མ་ལ་ཧཱུཾ་བསམས་ཏེ་འོད་དུ་ཞུ་བ་ལས་རྡོ་རྗེ་དཀར་པོ་གཅིག་ཏུ་གྱུར་ནས་རྡོ་རྗེ་དེའི་ལྟེ་
བ་ལ་ཧཱུཾ་ལས་འོད་འཕྲོས་ནས་སེམས་ཅན་དང་སྣོད་དུ་བཅས་པ་སྦྱངས་ཏེ། རྡོ་རྗེ་ཞུ་བས་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་བསྣམས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྒྱན་རྣམ་པ་དུ་མས་བརྒྱན་པ། དེའི་ཐུགས་ཀར་ཟླ་བའི་སྟེང་ན་ཧཱུཾ་ངོ་། །ཧཱུཾ་དེ་ལས་
མ་བཅུ་ལས་ཉི་མའི་དཀྱིལ་འཁོར་བཅུར་བསྒོམས་ནས། དེའི་སྟེང་དུ་ཧཱུཾ་བཅུ་ཐམ་པ་ལས་ཁྲོ་བོ་བཅུ་རུ་བསྒོམ་པ་ནི་ཤར་དུ་ཁམས་གསུམ་རྣམ་རྒྱལ་སྐུ་མདོག་དཀར་པོ་རྡོ་རྗེ་འཛིན་པའོ། །ལྷོ་ཕྱོགས་སུ་གཤིན་རྗེ་གཤེད་པོ་སྐུ་མདོག་དམར་ནག་ཕྱག་ན་རིན་པོ་ཆེ་བསྣམས་པའོ། །ནུབ་ཕྱོགས་
སུ་རྟ་མགྲིན་རྟ་མགོ་ལྗང་གུ་མདོག་དམར་པོ་ཕྱག་ན་པདྨ་བསྣམས་པའོ། །བྱང་ཕྱོགས་སུ་བདུད་རྩི་འཁྱིལ་པ་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །ཤར་ལྷོ་མཚམས་སུ་དབྱུག་པ་སྔོན་པོ་རྡོ་རྗེ་བེ་ཅོན་ནོ། །ལྷོ་ནུབ་མཚམས་སུ་ཨ་མོ་གྷ་པཱ་ཤ་སྐུ་མདོག་མཐིང་ནག་སྦྲུལ་ཞགས་

བསྣམས་པའོ། །ནུབ་བྱང་མཚམས་སུ་འདོད་པའི་རྒྱལ་པོ་དམར་ནག་ཕྱག་ན་གྲི་གུག་བསྣམས་པའོ། །བྱང་ཤར་མཚམས་སུ་རྡོ་རྗེ་འཁོར་ལོ་སྐུ་མདོག་ལྗང་གུ་ཕྱག་ན་འཁོར་ལོ་འཛིན་པའོ། །སྟེང་གི་ཕྱོགས་སུ་ཧཱུཾ་ཀ་ར་མཐིང་ནག་ཕྱག་ན་རལ་གྲི་བསྣམས་པའོ། །འོག་གི་ཕྱོགས་སུ་སྟོབས་
པོ་ཆེ་ནམ་མཁའི་མདོག་ཅན་རྡོ་རྗེ་རྩེ་གསུམ་པ་འཛིན་པའོ། །དེ་རྣམས་ནི་ཞབས་བརྐྱང་བསྐུམ་དུ་བཞུགས་ཤིང་ཁྲོ་བོའི་ཆས་ཀྱིས་བརྒྱན་པ་ཐུགས་ཀར་ཧཱུཾ་བསམས་ཏེ། སྤྱན་དྲང་བ་ལ་སོགས་པ་བྱའོ། །དེའི་སྔགས་ནི། ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ།
སྥོ་ཊ་ཡ་སྥོ་ཊ་ཡ། །གྷུརྞ་གྷུརྞ། གྷུརྞཱ་པ་ཡ་གྷུརྞཱ་པ་ཡ། ཞེས་པ་ནི་གཙོ་བོ་དང་། ཁམས་གསུམ་རྣམ་རྒྱལ་དང་། གཤིན་རྗེ་གཤེད་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་དང་། ཧཱུཾ་མཛད་དང་། སྟོབས་པོ་ཆེའོ། ཁམས་གསུམ་རྡོ་རྗེ་
རྣམ་རྒྱལ་གྱིས་ཞེ་སྡང་ཞི་བར་གྱིས་ཤིག །རྡོ་རྗེ་བེ་ཅོན་གྱིས་ཞེ་སྡང་རབ་ཏུ་ཞི་བར་གྱིས་ཤིག །བོ་དྷ་ཡ་བོ་དྷ་ཡ་ཞེས་པའོ། །གཤིན་རྗེ་གཤེད་པོས་གཟུང་འཛིན་རབ་ཏུ་ཞི་བར་གྱིས་ཤིག །ཨ་མོ་གྷ་པཱ་ཤས་ཡང་དག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག སཾ་བོ་དྷ་ཡ་སཾ་བོ་དྷ་ཡ།
རྟ་མགྲིན་གྱིས་འདོད་ཆགས་རབ་ཏུ་ཞི་ཞིང་ཞི་བར་གྱུར་ཅིག་ཡེ་ཤེས་ཀྱི་རང་བཞིན་གསལ་བ་དང་། འདོད་པའི་རྒྱལ་པོས་ཡེ་ཤེས་དེ་དང་མི་མཐུན་པ་སོལ་ཅིག །བྷྲ་མ་བྷྲ་མ། བདུད་རྩི་འཁྱིལ་པས་བྱང་ཆུབ་ཀྱི་སེམས་གོང་ནས་གོང་དུ་སྤེལ་བ་དང་། ཁྲོ་བོ་རྡོ་རྗེ་འཁོར་ལོས་ཡང་དག་
པར་སོལ་ཅིག །སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། ཧཱུཾ་ཀ་རས་ཟུང་ཅིག །སྟོབས་པོ་ཆེས་རྗེས་སུ་ཟུང་ཅིག །དེ་ལྟར་རྩ་བའི་གསང་སྔགས་བསྟན་ནས། ད་སྒོ་བ་བསྟན་པ་ནི་རྡོ་རྗེ་རྣོན་པོ་མདོག་མཐིང་ནག་རྡོ་རྗེ་རྩེ་གཅིག་པ་བསྣམས་པའོ། །ལྷོ་ན་རབ་ཏུ་ཁྲོས་པ་མདོག་སེར་པོ་ཕྱག་ན་གྲི་གུག་
བསྣམས་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མདོག་དམར་པོ་ཕྱག་ན་ལྕགས་སྒྲོག་བསྣམས་པའོ། །བྱང་ན་རྡོ་རྗེ་དྲིལ་བུ་མདོག་ལྗང་གུ་དྲིལ་བུ་བསྣམས་པའོ། །དེ་ལྟར་དཀྱིལ་འཁོར་བསྐྱེད་ནས་ནི། །གཙོ་བོའི་ཐུགས་ཀའི་ཧཱུཾ་ལས་ནི། །ཤར་དུ་པདྨའི་གདན་སྟེངས་སུ། །བདག་ཉིད་

ཕྱག་ན་རྡོ་རྗེར་བསྒོམ། །སྤྱན་དྲངས་བསྟིམས་ནས་གསང་སྔགས་བཟླ། །དེ་ནི་སྔོན་དུ་བསྙེན་པའི་དོན་ཏོ། །ད་ནི་ལས་ཀྱི་སོ་སོ་ལ་སྦྱར་བ་ནི། །སྦྱིན་སྲེག་རིམ་པ་བྱ་བ་ནི། །དང་པོ་ཞི་བ་ཤར་དུ་བྱ། །ཁྲུ་གང་ཟླུམ་པོ་འདབ་བཞི་ལ། །རྡོ་རྗེ་དཀར་པོ་སོར་བརྒྱད་དགོད། །
དྲི་ཞིམ་དཀར་པོའི་ཤིང་ལས་བྱའོ། །མཆོད་རྫས་བསྲེག་རྫས་དྲི་ཞིམ་དཀར། །རྫས་རྣམས་ཀྱི་ནི་སྦྱིན་སྲེག་བྱའོ། །ཨོཾ་སརྦ་བི་ཤུདྡྷཿསརྦ་དྷརྨཱཿསྭབྷཱ་བ་ཤུདྡྷོ྅ཧཾ། དེ་ནས་སྟོང་པའི་ཏིང་འཛིན་ལས། །བདག་ཉིད་ཧཱུཾ་དུ་རབ་བསམས་ཏེ། །དེ་ལས་ཐབ་ཁུང་བྷྲཱུཾ་ལས་བསྐྱེད། །པདྨ་འདབ་
བཞི་གེ་སར་ལ། །དབུས་སུ་ཟླ་བའི་དཀྱིལ་འཁོར་བསམ། །དེའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་གཅིག་ཏུ་གྱུར་པར་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའོ། །དེའི་ཐུགས་ཀ་ན་ཟླ་བའི་སྟེང་ན་རཾ་གྱི་མཐའ་མ་ན་
ཕར་ལ་ན་མཤྩཎྜ་བཛྲ་པཱ་ཎ་ཡེ་ཧཱུཾ་གིས་བསྐོར་བར་བསྒོམ། །ཤར་དུ་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ལས་ཁམས་གསུམ་རྣམ་པར་རྒྱལ་བ་མདོག་དཀར་པོ་ཕྱག་ན་རྡོ་རྗེ་བསྣམས་པའོ། །ལྷོར་ཉི་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་དེ་ལས་གཤིན་རྗེ་གཤེད་དམར་ནག་ཕྱག་ན་རིན་པོ་ཆེ་བསྣམས་
པའོ། །ནུབ་ཏུ་རྟ་མགྲིན་དམར་པོ་ཕྱག་ན་པདྨ་བསྣམས་པའོ། །བྱང་དུ་བདུད་རྩི་འཁྱིལ་པ་སྐུ་མདོག་ལྗང་གུ་ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས་པའོ། །ཞབས་བརྐྱང་བསྐུམ་སྟག་དང་སྦྲུལ་གྱིས་བརྒྱན་པ། ཐུགས་ཀ་ན་ཟླ་བའི་ཐོག་ན་རཾ་འོད་འབར་བ་ཅན་ནོ། །མཐའ་མ་ན་བསྐོར་བ་ནི། ཨོཾ་བོ་
དྷ་བོ་དྷ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ཞེས་པའོ། །སྤྱན་དྲང་བ་དང་བསྟིམ་པ་ལ་སོགས་པ་རྫོགས་ནས་ཞི་བར་བྱ་བའི་ཕྱིར་གོང་གི་རྩ་བའི་སྔགས་ལས་སརྦ་བྷཱུ་ཏ་ནི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པས་ཞི་བར་འགྱུར་རོ། །རྒྱས་པ་ལ་ནི་དབྱིབས་གྲུ་བཞི་ཁྲུ་གང་པ་
སེར་པོས་བྱུགས་ལ་ནང་དུ་འཁོར་ལོ་རྩིབས་བཞི་པ་གསེར་དང་འདྲ་བ་ལ་རྡོ་རྗེ་སེར་པོ་དགོད་པར་བྱའོ། །ཙནྡན་ནམ་དྲི་དང་ལྡན་པའི་མེ་ལ་ཏིལ་བསྲེག་པར་བྱའོ། །དེའི་དོན་ནི་སྟོང་པ་ཉིད་ལས་བདག་ཉིད་ཧཱུཾ་དུ་བསམས་ཏེ་དེ་ལས་འཕྲོས་པས་གསེར་གྱི་འཁོར་ལོ་རྩིབས་བཞི་པ་བསམས་ཏེ། །

དེའི་ལྟེ་བ་ལ་ཉི་མའི་ཐོག་ཏུ་ཧཱུཾ་ཞུ་བ་ལས་རྡོ་རྗེ་སེར་པོ་ལས་རྡོ་རྗེ་རྣམ་པར་འཇོམས་པར་བསྐྱེད། གཞན་གོང་དང་འདྲ་བ་ལས་སེར་པོ་རཾ་སེར་པོའོ། །ན་མཤྩཎྜ་བཛྲ་པཱ་ཎ་ཡེ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཏད་ཡ་ཐཱ། སརྦ་སཏྭ་ནི་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ།
དབང་གི་ཟླ་གམ་དམར་པོ་སྟེ་ནང་དུ་པདྨ་དམར་པོ་འདབ་མ་དྲུག་པའི་སྟེང་དུ་རྡོ་རྗེ་དམར་པོ་བྲི་བར་བྱའོ། །སེང་ལྡེང་ལ་སོགས་པ་དམར་པོའི་ཤིང་ལ་ཡུངས་ཀར་དམར་པོ་ལས་དགུག་པའི་ལས་བྱ་ཞིང་སྲེག་གོ། །དེའི་དོན་ནི་སྟོང་པ་ལས་བདག་ཉིད་ཧཱུཾ་དུ་བསམས་ཏེ། པཾ་ལས་པདྨ་དམར་པོའི་
འདབ་མའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དམར་པོ་དེ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དམར་པོ་ཐུགས་ཀར་ཉི་མའི་ཐོག་ཏུ་རཾ་དམར་པོ་གཞན་གོང་དང་མཐུན་པ་ལས་དམར་པོ་ལ་རཾ་དམར་པོའོ། །སྟེང་དུ་ཧཱུཾ་ཀ་ར་མཐིང་ག་རལ་གྲི་འཛིན་པ། འོག་ཏུ་སྟོབས་པོ་ཆེ་ནམ་མཁའི་མདོག་ཅན་རྡོ་རྗེ་
རྩེ་གསུམ་པའོ། །ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། གྷུརྞྞ་གྷུརྞྞ། གྷུརྞྞ་པ་ཡ་གྷུརྞྞ་པ་ཡ། སརྦ་ཤ་ཏྲཱུཾ་ཨ་མོ་གྷ་ཀུ་རུ་ཀུ་ལེ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། བསད་པ་ལ་ནི་འདི་ཡིན་ཏེ། དུར་ཁྲོད་འཇིགས་པའི་གནས་ཕྱིན་ལ། །དུར་ཁྲོད་ས་ལས་
བྱས་པ་ཡི། །གྲུ་བཞི་སྒོ་བཞི་རྒྱ་གྲམ་བྲི། །ལྟེ་བར་གྲུ་གསུམ་ཐོད་པས་བསྐོར། །ཕུར་བུའི་རྫས་ནི་གཏོར་མ་བཞི། །ལྕགས་ཕྱེ་རྡོ་རྗེ་ཡུངས་ཀར་རྣམས། །གོ་རིམས་བཞིན་དུ་བསག་པར་བྱ། །རྫས་རྣམས་བཀྲམ་ནས་བསྒོམ་པ་ནི་དང་པོ་བསོད་ནམས་ཀྱི་བདག་ཉིད་སྡིག་པ་བཤགས་
པ་ལ་སོགས་པ་བྱའོ། །དེའི་རྗེས་ལ་ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་སྟོང་པ་ཉིད་དུ་བསྒོམ་པའོ། །དེ་རྗེས་བྷྲཱུཾ་ལས་གཞལ་ཡས་ཁང་། །གྲུ་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་དང་རིན་ཆེན་ཏེ