Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 71

Văn bản gốc(Tây Tạng)

Trang 10 / 21 (50.000 ký tự/trang)
་བའི་ཐབས་ཀྱིས་ནི། །བདག་གི་སློབ་མ་གང་ཡིན་ལ། །དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ། །དེ་སྐད་ཅེས་
ལན་གསུམ་བརྗོད་དོ། །དེ་ནས་དཀྱིལ་འཁོར་ལེགས་པར་མཆོད་ལ། མཆོད་ཡོན་ལ་སོགས་པ་ཡང་ཕུལ་ཏེ། ལས་ཀྱི་རྡོ་རྗེས་སློབ་མ་དཀྱིལ་འཁོར་གྱི་གནས་སུ་ཉལ་ལ་འདུག་པར་བྱའོ། །གཞན་ཉི་མ་ལ་ལྷའི་རྣལ་འབྱོར་བྱས་ལ། །དཀྱིལ་འཁོར་ནམ་མཁའ་ལ་བལྟས་
ཏེ། དཀར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྔོན་པོ་དང་། དྲི་བཟང་པོས་བྱུགས་ལ། དོན་གྲུབ་བཏགས་པས་ཀྱང་བྱུགས་ཏེ། དེ་ལྟར་སྐུད་པ་ལྔ་རྣམས་སོ་སོར་བཞག་སྟེ། ཨོཾ་ཏྲཱཾ་ཧྲཱིཿཨཿཧཱུཾ། རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་སུ་བསམས་
ལ། དེ་དག་ཀྱང་རང་རང་གི་གནས་སུ་བྱིན་གྱིས་བརླབ་ཅིང་ས་བོན་ལས་འོད་ཟེར་འཕྲོས་པ་དང་། རང་གི་སྙིང་ག་ལས་ཀྱང་འོད་ཟེར་འཕྲོས་ཏེ། དེ་བཞིན་གཤེགས་པ་ལྔའི་བདག་ཉིད་དུ་བྱིན་གྱིས་བརླབ་པར་བྱའོ། །ཨོཾ་དཱིཔྟ་དྲྀཥྚི་ཨཾ་ཀུ་ཤ་ཛ། འདི་ནི་མིག་ལྷག་པར་གནས་པའོ། །
མིག་ཕྱོགས་ཐམས་ཅད་དུ་བལྟ་བར་བྱའོ། །གཟི་མ་བརྟགས་ཏེ་མིག་རབ་ཏུ་བགྲད་པས། སྲད་བུ་ནམ་མཁའ་ལ་བརྐྱང་བ་ལ་བལྟ་བར་བྱའོ། །ཆོས་རྣམས་ཐམས་ཅད་རྗེས་སུ་གཅིག་པ་ལ། །སྤྲོ་ཞིང་བསྡུས་པས་རྗེས་སུ་བརྟན་པར་བྱས། །ཆོས་རྣམས་ཐམས་ཅད་དེ་ཉིད་གཅིག་པ་ཡིན། །
ཧཱུཾ་ཞེས་བརྗོད་ལ་གཅིག་ཏུ་བསྒྲིལ་ལོ། །དེ་ནས་གསེར་ལ་སོགས་པའི་སྣོད་དུ་བཞག་ཅིང་མཆོད་ལ། རྡོ་རྗེ་བསྡམས་པའི་ཕྱག་རྒྱ་བཅས་ལ། །སྔགས་འདི་བརྗོད་པར་བྱའོ། །ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ། འདི་ནི་ལན་བརྒྱ་རྩ་བརྒྱད་དུ་བརྗོད་ལ། །དེ་ནས་དཀྱིལ་འཁོར་གྱིས་
གཞི་ལ། ནམ་མཁའ་ལ་གནས་པ་རྣམས་རབ་ཏུ་བརྟན་པ་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། མིག་གཉིས་སུ་ཡི་གེ་ཛཿཡོངས་སུ་གྱུར་པ་ལས། ཟླ་བ་དང་ཉི་མའི་དཀྱིལ་འཁོར་དུ་བལྟས་ལ། བྱང་ཕྱོགས་ཀྱི་སྒྲུབ་པ་པོ་བདུད་རྩི་འཁྱིལ་པའི་གཟུགས་ཀྱིས།

གཡོན་པའི་ཁུ་ཚུར་གྱིས་སྐུད་པ་ལྟེ་བར་བཟུང་སྟེ། ཨོཾཿཛཿཛཿཛཿ དེ་སྐད་ཅེས་བརྗོད་པས། བྱང་ཕྱོགས་ཀྱི་སྒྲུབ་པ་པོས་ཀྱང་། ཡང་། ཨོཾཿཛཿཛཿཛཿཞེས་བརྗོད་ཅིང་སློབ་དཔོན་གྱི་ལག་ཏུ་གཏད་དོ། །དེ་ལྟར་སློབ་དཔོན་དང་སློབ་མ་གདོང་ཕྱོགས་པས། ནུབ་དང་ལྷོ་
ཡང་སློབ་དཔོན་གྱི་གནས་ཡིན། ཤར་དང་བྱང་ན་སློབ་དཔོན་གྱི་གནས་སོ། །དེ་སྐད་ཅེས་ནམ་མཁའ་ལ་ཐིག་བཏབ་ལ། སེམས་ཀྱིས་ཕྱོགས་དང་མཚམས་ཐམས་ཅད་ཀྱི་ཕྱོགས་མཉམ་པར་བགོས་ཏེ། དེ་ཉིད་ཀྱི་རིམ་པས་ས་གཞི་ལ་ཚངས་པའི་ཐིག་ལ་སོགས་པ་གདབ་སྟེ།
ཐིག་སྐུད་སྦོམས་སུ་དཀྱིལ་འཁོར་གྱི་སྒོའི་ཉི་ཤུ་ཆ། དཀྱིལ་འཁོར་ཉིས་འགྱུར་གྱི་ཚད་དོ། །དེ་ཡང་རྡོ་རྗེ་ཁུ་ཚུར་གྱིས་སྐུད་པ་ཤར་ཕྱོགས་སུ་བཟུང་ལ། ནུབ་ཏུའང་དེ་བཞིན་ནོ། །གནོད་སྦྱིན་དང་། ཡི་དགས་དང་། ལྷ་དང་། ཀླུ་དང་། དབང་ཕྱུག་དང་བདེན་བྲལ་གྱི་ཕྱོགས་སུ་གདོང་བལྟ་
ཞིང་། མེ་དང་རླུང་དང་ནི་སློབ་དཔོན་གྱི་གནས་ཡིན་ལ། ཤར་དང་ནུབ་དང་བྱང་དང་ཕྱོགས་བཞིར་མཉམ་པར་ཐིག་བཏབ་ལ། དེ་ཡང་ཆ་བརྒྱད་དུ་མཉམ་པར་བྱ་སྟེ། དེ་ཡང་སྐུད་པའི་སྒྲས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཤིང་དགོངས་པར་བསམ་མོ། །དེ་ཡང་སློབ་དཔོན་
སློབ་མའི་གཡས་སུ་བསྐོར་ཞིང་འགྲོ་བར་བྱ་སྟེ། མེ་དང་རླུང་ནི་རྟག་ཏུ་སློབ་དཔོན་གྱི་གནས་ཡིན། སྲིན་པོ་དང་དབང་ལྡན་རྣམས་སུ་ཡང་ཟུར་གྱི་ཐིག་རྣམས་གདབ་བོ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །ཆ་རྣམས་བཅུ་དྲུག་དང་ལྡན་ཞིང་། །རྡོ་རྗེ་ར་བས་ཀུན་ནས་
བསྐོར། །དེ་ལྟར་དུ་ནི་བཤད་པ་ཡིན། །ཕྱི་རོལ་གྱི་དཀྱིལ་འཁོར་ལ་གནས་བཞི་སྟེ། སྙིང་པོའི་ལྟེ་བ་དང་རེའུ་མིག་བརྒྱད་དང་ལྡན་པ། ཕྱི་རོལ་ནས་རྡོ་རྗེ་ར་བས་ཀུན་ནས་བསྐོར་བ། །གཉིས་གཉིས་དང་ལྡན་པའི་ཆ་གསུམ་དང་། །ཐམས་ཅད་ཀྱི་དབུས་སུ་བརྒྱད་ཆའི་སྒོ་ཚད་དང་།
སྒོའི་ཕྱེད་ཀྱིས་སྒོ་ཁྱུད་དང་། འགྲམ་དང་། ལོགས་ཀྱང་ངོ་། །འགྲམ་པའི་ཕྱེད་ཀྱི་རྡུལ་ཚོན་གྱི་ས་དང་། དེ་ནས་འགྲམ་པའི་ཚད་ཀྱིས། མཆོད་པའི་སྣམ་བུའི་ཚད་ཀྱིས་དྲ་བ་དང་དྲ་བ་ཕྱེད་པའི་སའོ། །རྡོ་རྗེའི་ཀ་བ་བརྒྱད་ཀྱིས་ནི་རྡུལ་ཚོན་གྱིས་ཡིན་ལ། སྒོའི་སུམ་འགྱུར་

གྱིས་རྟ་བབས་སོ། །ཕྱོགས་ཀྱི་གནས་དང་སྙིང་པོའི་གནས་དེ་བཞིན་དུ་ཤེས་པར་བྱའོ། །འཁོར་ལོ་དང་། ཟུར་ལ་རྒྱལ་མཚན་དང་། དྲིལ་བུ་དང་། རྔ་ཡབ་དང་། དཔག་བསམ་གྱི་ཤིང་དང་། དེ་ནས་དཀྱིལ་འཁོར་ལྟེ་བར་ཕུར་པ་བཏབ་ལ། ཕྱི་རོལ་ནས་ཀུན་ནས་བསྐོར་བར་བྱ་སྟེ།
རྡོ་རྗེའི་ཕྲེང་བ་དང་། དེ་བཞིན་རི་མོ་གཉིས་ཀྱིས་བསྐོར། གསུམ་ཡང་བསྐོར་ལ། ཁ་དོག་ལྔ་པའི་གཞི་ཡང་། རིང་པོ་བཞི་པའི་ཡང་། འཁོར་ལོ་གྲུ་བཞི་མཉམ་པ་ལ་བསྐོར་བ་བྱ། རི་མོ་བཅུ་བདུན། ཆ་བཅུ་དྲུག་དང་ལྡན་པ། གནས་བརྒྱད་ཟླུམ་པོར་བསྐོར་ཏེ། རྡོ་རྗེ་ཕྲེང་
བས་ཀུན་ནས་བསྐོར་བ། ཐམས་ཅད་ཀྱང་སྔོན་དུ་བཤད་པའི་མདོག་དང་ལྡན་པའོ། །དེ་ནས་ཡི་གེ་ཧི་ལས། མིག་གཡས་པ་དང་། གཡོན་པ་གཉིས་ཟླ་བ་དང་ཉི་མའི་དཀྱིལ་འཁོར་དུ་བྱས་ལ། དཀྱིལ་འཁོར་ལ་བལྟས་ལ། ཡེ་ཤེས་ཀྱི་ཐིག་གཤེགས་སུ་གསོལ་ཏེ། དེ་
ནས་བཾ་ལཾ་རཾ་ཧཾ་ཛཾ་གི་ས་བོན་ལས། རིམ་པ་བཞིན་ཡོངས་སུ་རྫོགས་པར་བྱས་ལ། སྐུད་པའི་ཁ་དོག་བཞིན་དུ་དཀར་པོ་ལ་སོགས་པ་རྣམས་ཀྱང་བྱིན་གྱིས་བརླབ་པར་བྱ་སྟེ། རིན་པོ་ཆེ་ལྔ་འམ། ལྕགས་ལྔ་འམ། བ་བླ་ལ་སོགས་པའི་ཁམས་གཞན་ནམ། འབྲས་མཁར་
བ་ལ་སོགས་པའི་འབྲུ་རྣམས་ཀྱིས་ཀྱང་རུང་སྟེ། ཡང་ན་སོ་ཕག་ལ་སོགས་པའི་ས་རྣམས་ཀྱིས་ཀྱང་བྱའོ། །ཨོཾ་ཏྲཾཿཧྲཱིཾཿཨཱཿཧཱུཾ། ས་བོན་འདི་དག་ཡོངས་སུ་རྫོགས་པ་ལས། རང་རང་གི་ཁ་དོག་གི་རིགས་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ་ཧཱུཾ། དེ་
བཞིན་དུ་རྡུལ་ཚོན་རྣམས་ལ། ས་བོན་གྱི་འོད་ཟེར་ལས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ་བསྟིམས་ལ། ཡི་གེ་ཧྲཱིཿལས་གཟི་བརྗིད་དང་ལྡན་ཞིང་། རྡོ་རྗེ་ཁྲོ་བོ་ཉི་མའི་ལྟ་བས་བལྟས་ལ། ཨོཾ་བརྗོད་དོ། །ཡི་གེ་ཨ་བརྗོད་ཅིང་སྔགས་དང་ཕྱག་རྒྱ་བཅས་ཏེ།
རྡུལ་ཚོན་རྣམས་རབ་ཏུ་འབར་བར་བསམ་མོ། །རྡོ་རྗེ་ཁུ་ཚུར་བཅས་ལ། སྙིང་གའི་ཧཱུཾ་ལས་འོད་ཟེར་དྲི་མ་མེད་པ་འཕྲོས་ཏེ་འབར་བར་བསམ་ཞིང་། སཱུརྱ་ཛྭ་ལ་མཎྜལ་ཧཱུཾ་ཕཊ། དེ་ནས་དཀྱིལ་འཁོར་གྱི་ལྟེ་བ་ལ་བཏབ་པའི་ཕུར་པ་ཡི་གེ་ཧཱུཾ་བརྗོད་ཅིང་། རང་གི་རྡོ་རྗེ་དང་བཅས་

པའི་ལག་པར་བཟུང་ངོ་། །ཕུར་པའི་ཁུང་བུ་ཡང་རྡུལ་ཚོན་ལྔས་དགང་ངོ་། །རྡོ་རྗེ་དང་དྲིལ་བུ་བཟུང་ལ། རྡོ་རྗེའི་གླུ་བླང་ཞིང་། དགའ་བ་དང་ལྡན་པས་བྲི་བར་བྱའོ། །འདི་ནི་ཆོས་དབྱིངས་དག་པ་སྟེ། །སེམས་ཅན་ཁམས་ནི་གྲོལ་བར་བྱེད། །བདག་ནི་རྡོ་རྗེ་
འཛིན་པའི་རྒྱལ། །རྡུལ་ཚོན་ས་གཞིར་བཀོད་པར་བྱ། །དེ་ནས་རྡོ་རྗེ་ཁུ་ཚུར་གྱིས་ལོག་འདྲེན་གྱི་ཕྱོགས་ནས། ཇི་ལྟར་བདེ་བར་རྡུལ་ཚོན་དགོད་པར་བྱའོ། །དེ་ཡང་མཉམ་པར་སྲབ་མཐུག་མེད་པར་གཡས་སུ་བསྐོར་ཞིང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་
དང་། སྔོན་པོ་རྣམས་རིམ་པས་སྦྱིན་པར་བྱའོ། །གནས་གཉིས་པ་ལ། དཀར་པོ་དང་། དམར་པོ་དང་། ནག་པོ་དང་། ཁ་དོག་གསུམ་སྦྱིན་པར་བྱའོ། །ནང་གི་གནས་གཉིས་ལ། ནག་པོ་འབའ་ཞིག་གིས་བྲི་བར་བྱའོ། །དེ་དག་ཀྱང་སྦོམ་ཕྲ་སྒོའི་ཚད་ཙམ་གྱི་རི་མོ་བཅད་ཅིང་ནས་
ཀྱི་ཚད་ཙམ་དུ་སྦོམ་པར་བྱའོ། །དེ་ཡང་ཤར་ཕྱོགས་དཀར་པོ། །གཤིན་རྗེ་སེར་པོ། །ཆུ་ལྷའི་ཕྱོགས་དམར་པོ། །ལུས་ངན་པོའི་ཕྱོགས་ལྗང་གུ། དབུས་ནག་པོ། །དཀྱིལ་འཁོར་བྲི་བའི་དུས་སུ། བགེགས་ཀྱི་མཚན་མ་དང་ལྡན་ན། བགེགས་འཇོམས་པར་བྱེད་པའི་
སྔགས་དང་ཕྱག་རྒྱ་བཅས་ལ། བྱང་ཆུབ་ཀྱི་སེམས་དང་ལྡན་པས་བགེགས་བསྐྲད་པར་བྱའོ། །དེའི་དུས་སུ། ཡི་གེ་ཧཾ་ལས་གླང་པོ་ཆེའི་གདན་དེའི་སྟེང་དུ་ཡི་གེ་ཨོཾ་ལས་པདྨ་དང་ཉི་མའི་གདན། དེའི་དབུས་སུ་བཅོམ་ལྡན་འདས་རང་གི་བཞུགས་སྟངས་དང་ཁ་དོག་གིས་
གནས་པ་ལ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་པས། ཡི་གེ་ཧཱུཾ་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་བཅས་ལ་བསྟིམ་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅས་ལ། དབང་ཕྱུག་ཆེན་པོ་རང་གི་ཁ་དོག་དང་གདན་དང་བཞུགས་ཐབས་མངོན་རྟོགས་སྒྲུབ་ཐབས་ལས་བཤད་པ་བཞིན་
དུ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་ལ། བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་སུ་གཞག་པར་བྱའོ། །འཁོར་ལོ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བསྟིམ་ཞིང་ཡི་གེ་ཧཱུཾ་གིས་གཤེགས་སུ་གསོལ་ལོ། །ཇི་ལྟར་གཤེགས་སུ་གསོལ་བའི་ཚེ། །ལག་པ་རྡོ་རྗེ་དང་ལྡན་

པས་ཐིག་རྣམས་སྟེང་དུ་བཏེག་སྟེ། གཤེགས་སུ་གསོལ་ལོ། །དེ་ནས་སྔོན་དུ་བཤད་པའི་བུམ་པ་དྲི་བཟང་པོའི་ཆུས་བཀང་བ་མེ་ཏོག་གིས་བརྒྱན་ཏེ། བརྒྱད་དབང་ལྔ་ལ་སོགས་པ་དཀྱིལ་འཁོར་གྱི་ཕྱོགས་དང་མཚམས་དགོད་པར་བྱའོ། །དེ་ནས་རྡོ་རྗེ་སློབ་དཔོན་ཁྲོ་བོའི་
ཏིང་ངེ་འཛིན་དང་ལྡན་པས། གོས་སྔོན་པོ་བགོས་ཏེ་མེ་ཏོག་སྔོན་པོའི་ཕྲེང་བས་བཅིངས་ལ། དྲིལ་བུ་དཀྲོལ་ཞིང་བསྐོར་བ་ལན་གསུམ་བྱ་སྟེ། མེ་ཏོག་སྔོན་པོས་མཆོད་ལ། དཀྱིལ་འཁོར་གྱི་གནས་སུ་སོང་ལ་གར་བྱ་ཞིང་། མེ་ཏོག་གི་ཕྲེང་བ་བླངས་ལ། གར་བྱ་ཞིང་
མཆོད་ཡོན་ཕུལ་ལ། སྔགས་འདི་བརྗོད་པར་བྱའོ། །བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། རང་ཉིད་ཁྲོ་བོ་ཆེན་པོའི་ང་རྒྱལ་གྱིས་ཤར་སྒོ་ནས་སོང་སྟེ། ནུབ་ཀྱི་སྒོར་གནས་ལ། ལྷོ་དང་བྱང་གི་ཡང་སྒོར་ཕྱིན་ཏེ། དེ་ནས་རོལ་པའི་གར་གྱིས། ཤར་གྱི་སྒོར་བུམ་པའི་
ཕྱི་རོལ་ཏུ་ཕྱིན་ལ། མེ་ཏོག་གི་གཅལ་བཀྲམ་སྟེ། སྔོན་དུ་བཟླས་པ་ལ། ཨོཾ་ཏིཥྛ་སི་དྡྷི་ཧཱུཾ། སྔགས་འདི་བརྗོད་ཅིང་དམ་ཚིག་གི་ཕྱག་རྒྱ་བཅའོ། །མེ་ཏོག་གི་ཕྲེང་བ་བླངས་ལ། ཡི་གེ་བཞི་པའི་སྔགས་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་ལ་ལན་
གསུམ་བསྐོར་ཏེ། བསྐོར་བ་གསུམ་བྱས་ལ་དཀྱིལ་འཁོར་གྱི་བདག་པོའི་མདུན་དུ་གཞག་པར་བྱའོ། །ཡང་བུམ་པ་གཉིས་པ་བླངས་ལ། བརྒྱ་ཕྲག་བརྒྱད་བཟླས་པར་བྱའོ། །བུམ་པ་གཉིས་པའི་ཆུས་བདག་ཉིད་དང་སློབ་མའི་མགོ་ལ་གཏོར་བར་བྱའོ། །ཁྲོ་བོ་ཆེན་
པོའི་སྔགས་དང་ཕྱག་རྒྱ་བཅིང་ཞིང་བསྟིམས་ལ། དབང་ཕྱུག་ཆེན་པོའི་མཚན་མ་ཅན་གྱི་བུམ་པ་ལ་སོགས་པ་བླངས་ཏེ། རང་རང་གི་སྔགས་ཀྱིས་བརྒྱ་ཕྲག་བརྒྱད་བཟླས་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་རང་རང་གི་གནས་སུ་གཞག་པར་བྱའོ། །ཆུ་ཡིས་གང་པོས། དེ་
ནས་རྣམ་པར་རྒྱལ་བའི་བུམ་པ་དང་། གཞན་ལ་འབྱོར་ན། དབང་ཕྱུག་ཆེན་པོ་དང་། བརྒྱ་བྱིན་དང་། ཉི་མ་དང་། མེ་ལྷ་རྣམས་ལ་བུམ་པ་གཅིག་གོ། །པདྨའི་དཔལ་མོ་དང་། རིན་ཆེན་དཔལ་མོ་དང་། རིན་ཆེན་དཔལ་མོ་ཆེན་མོ་དང་། དེའི་རིམ་པས་དབང་བསྐུར་

བར་འགྱུར་རོ། །བུམ་པ་བཅུ་ལས་ཉུང་བ་ནི་མ་ཡིན་ལ། བུམ་པ་བཅུ་རྣམ་པར་གང་བས་དབང་བསྐུར་བར་འགྱུར་རོ། །དེ་ལྟར་དཀྱིལ་འཁོར་དེ་མངོན་སུམ་དུ་གནས་པ་ལ་མཆོད་ཅིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་པྲ་ཎ་མེ་ན་བཛྲ་བནྡ་ནཱཾ་ཀ་རོ་མཱི་
ཏི་པྲ་ཎ་མ། སྔོན་དུ་བཤད་པའི་སྐྱབས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་བྱ་ཞིང་སྡོམ་པ་ཡང་གཟུང་བར་བྱའོ། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་མ་ལུས་བསྒྲལ་བའི་ཕྱིར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །
ཚུལ་ཁྲིམས་སྡོམ་པ་རྣམ་པ་གསུམ། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་ཀྱང་ནི་བརྟན་པར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །མཆོག་ཏུ་གུས་པས་གཟུང་བར་
བགྱི། །སྡོམ་པ་སངས་རྒྱས་རྣལ་འབྱོར་ཅན། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །བདག་གིས་དེ་ཉིད་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་དག་ལ། །སྦྱིན་པ་རྣམ་བཞི་སོ་སོར་སྦྱིན། །ཉིན་རེ་བཞིན་ལའང་དུས་དྲུག་ཏུ། །རིན་ཆེན་ཆེན་པོའི་རིགས་མཆོག་སྦྱོར། །ཏིང་
འཛིན་རབ་ཏུ་དགའ་བ་ཡིས། །ཆོས་རྣམས་ཐམས་ཅད་གཟུང་བར་བགྱི། །ཕྱི་ནང་གསང་བའི་ཐེག་པ་གསུམ། །པདྨ་ཆེན་པོའི་རིགས་དག་པ། །བྱང་ཆུབ་ཆེན་པོའི་རིགས་བྱུང་བ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །དེ་ཉིད་བདག་གིས་གཟུང་བར་བགྱི། །མཆོད་པའི་
ལས་རྣམས་ཅི་འབྱོར་པ། །ལས་ཀྱི་རིགས་ནི་ཆེན་པོ་ལ། །མཆོག་ཏུ་བསྐྱེད་པར་བགྱི་བ་ནི། །བྱང་ཆུབ་སེམས་ནི་རྗེས་བསྒྲལ་བ། །སྡོམ་པ་གཟུང་བར་བགྱི་བ་ནི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་གྲོལ་བར་བགྱི། །
དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་འགོད། །དེ་ནས་ཉེས་པ་འཇོམས་པར་བྱེད་པའི་སྔགས་བརྗོད་ཅིང་། གོ་ཆ་བགོས་ཏེ། ཧཱུཾ་བཟླས་ཤིང་གོས་སྔོན་པོ་གོན་ཏེ། ཕྲག་པ་ཕུད་དེ་གཙུག་ཏོར་དང་ལྡན་པས། མེ་ཏོག་གི་ཕྲེང་བའི་དོ་ཤལ་

ལ། དྲི་བཟང་པོས་བྱུགས་ཤིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། སྒོ་སྲུང་གི་སྔགས་བཟླས་ཤིང་། །གོས་སྔོན་པོས་སྟོད་བཅིངས་ལ། ཕྱི་རོལ་དུ་གནས་པ་ལ་བུམ་པའི་ཆུས་གདབ་པར་བྱའོ། །ཁྲོ་བོའི་ཕྱག་རྒྱ་བཅིངས་ལ། སློབ་མ་ལ་གོ་ཆ་བསྐོན་ཅིང་སྲུང་བ་བྱས་ལ།
སློབ་དཔོན་གྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །དེ་མ་ཐག་ཏུ་དངོས་གྲུབ་ཐོབ། །ཁྲོ་བའི་རྒྱལ་པོ་གྲུབ་པའི་བདག །དམ་ཚིག་ལྷ་རྣམས་བརྟན་པར་བྱེད། །དེ་ནས་ཁྲོ་བོའི་ཕྱག་རྒྱ་བཅིངས་ལ། བཛྲ་ཀྲོ་དྷ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་སྐད་ཅེས་བརྗོད་
ལ། ནང་དུ་གཞུག་ཅིང་བརྗོད་པར་བྱ་བ་ནི། རྡོ་རྗེ་ཁྲོ་བོ་རང་གིས་དབབ་པ་བྱ་སྟེ། ཏིཥྛ་བཛྲ། དེ་ལ་སོགས་པའི་སྔགས་ཀྱིས་རྣམ་པར་གྲོལ་བའི་ཕྱག་རྒྱ་བསྟན་པར་བྱ་སྟེ། ཕྲེང་བ་བཞག་ཅིང་གདོང་པ་དཀྲོལ་ལ། དེ་ནས་ཆུའི་དབང་དམ་ཚིག་གསུམ་སྦྱིན་ཞིང་། བཅོམ་ལྡན་
འདས་ཐམས་ཅད་སློབ་དཔོན་གྱི་གཟུགས་ཀྱི་གནས་པར། སྔོན་དུ་བརྗོད་པའི་རིམ་པས་བསམ་པར་བྱའོ། །དེ་ནས་དམ་ཚིག་གསུམ་གྱི་དོན་དུ་དབང་རྫས་སྦྱིན་ཞིང་། ཚིགས་སུ་བཅད་པ་ལྔས་བསྟོད་ལ། ཡི་གེ་བཞི་པའི་སྔགས་བརྗོད་ཅིང་ཕྱག་རྒྱ་བཅས་ཏེ། ལུང་བསྟན་
པ་བཟུང་ཞིང་ཡང་རྡོ་རྗེའི་མཆོག་སྦྱིན་པར་བྱེད་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་ཁྱོད། ཆེ་གེ་མོ་ཞེས་བྱ་བའི་མིང་གིས། དཀྱིལ་འཁོར་བསྒོས་ན་རིམ་པ་འདིས། བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་དང་སྔགས་བཟླས་པས། ཨའི་དབང་ཕྱུག་དེའི་གནས་སུ་ཁྲོ་བོའི་རྡོ་རྗེ་རང་གིས་གཟུང་
ཞིང་། ཁྲོ་བོའི་ང་རྒྱལ་བྱས་ལ། དེ་ནས་རྡོ་རྗེ་ཆེན་པོ་གཟུང་ངོ་། །ཁྲོ་བོའི་བདག་པོ་ཆེན་པོའི་ང་རྒྱལ་དུ་གནས་པས། དེ་ནས་སྔོན་ཁྲོ་བོའི་དབང་པོ་འགུགས་པའི་ཕྱག་རྒྱ་བཤད་པ། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ལ་རབ་ཏུ་བསྟོད་ཅིང་། སྔོན་གྱི་ཉེས་པ་འཇོམས་
པར་བྱེད་པའི་སྔགས་བཟླས་ཏེ། ཕྱོགས་བཅིང་བ་དང་། རྩིག་པ་དང་། ར་བ་དང་གུར་བསམས་ལ། མཆོད་ཡོན་དང་ཞབས་བསིལ་དབུལ་ཞིང་། དམ་ཚིག་ལ་གནས་པས། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། དེ་སྐད་ཅེས་སྒྲུབ་པ་པོས་བརྗོད་ལ། དེ་ལྷ་ཆེན་པོ་ལ་སོགས་

པ་རྣམས་རང་རང་གི་དམ་ཚིག་ལ་གནས་པའི་ལྷའི་དཀྱིལ་འཁོར་བསྒོམ་པར་བྱའོ། །སྒྲུབ་ཐབས་དང་ཕྱག་རྒྱ་དང་དབང་ཡོངས་སུ་རྫོགས་པར་བྱས་ལ། ཉེས་པ་འཇོམས་པར་བྱེད་པའི་སྔགས་བརྗོད་ཅིང་། བདུག་པ་ལ་སོགས་པས་ཡང་དག་པར་མཆོད་
ཅིང་། མཆོད་ཡོན་ཡང་སྦྱིན་ལ། གོས་ལ་སོགས་པས་ཡང་དག་པར་མཆོད་ལ། དཔག་ཏུ་མེད་པའི་པི་ཝང་དང་། རྒྱལ་མཚན་མང་པོས་མཆོད་ཅིང་། ཨོཾ་དང་ཧཱུཾ་བརྗོད་ཅིང་། སྤྲོས་ཅིང་བསྡུས་པས། དེ་ནས་མེ་ཏོག་དང་སྤོས་དང་བདུག་པ་དང་མར་མེ་དང་།
ཞལ་ཟས་རྣམས་ཀྱིས་མཆོད་པར་བྱ་སྟེ། ཨོཾ་བཛྲ་གནྡྷེ་ཧཱུཾ། དྲིའི་ཕྱག་རྒྱ་བཅས་ལ། ཇི་ལྟར་འབྱོར་པའི་དྲིས་མཆོད་པར་བྱའོ། །དེ་བཞིན་དུ། ཨོཾ་བཛྲ་པུཥྤེ་ཧཱུཾ། མེ་ཏོག་གི་ཕྱག་རྒྱའོ། །ཨོཾ་བཛྲ་དྷཱུ་པེ་ཧཱུཾ། འདི་ནི་བདུག་སྤོས་ཀྱི་ཕྱག་རྒྱས་སོ། །ཨོཾ་བཛྲ་ཨཱ་ལོ་ཀེ་ཧཱུཾ།
མར་མེའི་ཕྱག་རྒྱས་སོ། །དེ་དག་གིས་དཔག་ཏུ་མེད་པའི་མཆོད་པའི་སྤྲིན་རྣམས་སྤྲོས་ཤིང་། བཟའ་བ་དང་། བཅའ་བ་དང་། ལོངས་སྤྱོད་པ་དང་། བལྡག་པ་དང་། གཞིབ་བ་དང་། བཏུང་བ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཱཾ་ཨཱདྱ་
ནུཏྤན་ན་ཏྭཱ་ཏ། འདིས་རྡོ་རྗེ་དྲི་དང་། རལ་གྲིའི་ཕྱག་རྒྱས་དབུལ་བར་བྱའོ། །རྡོ་རྗེ་ཁུ་ཚུར་གྱིས་སོར་མོ་རྣམས་བསྒུལ་ཞིང་རོལ་མོའི་ཕྱག་རྒྱས་ཡི་གེ་ཧཱུཾ་བརྗོད་ཅིང་དབུལ་བར་བྱའོ། །རོལ་མོ་དང་། གར་དང་། རྒྱན་དང་། ལག་གདུབ་དང་། སོར་གདུབ་དང་། རྣ་རྒྱན་དང་ཅོད་
པན་ལ་སོགས་པ། ཨོཾ་བརྗོད་ཅིང་དབུལ་བར་བྱའོ། །གླང་པོ་ཆེ་དང་། བ་གླང་དང་། དེ་བཞིན་རྟ་བབས་དང་། གོས་བཟང་པོ་དང་། དྲིལ་བུ་དང་། རྔ་ཡབ་དབུལ་བར་བྱའོ། །ཨོཾ་སརྦ་བིད་པཱུ་ར་པཱུ་ར་ཨཱ་བརྟ་ཨཱ་བརྟ་ཧོ། །དེ་ནས་རྡོ་རྗེ་སོར་མོ་རྣམས་སྤྱི་བོར་བཞག་ལ། སྔོན་
གྱི་ཨོཾ་བརྗོད་ཅིང་དབུལ་བར་བྱའོ། །བྱང་ཕྱོགས་སུ་ལས་ཀྱི་རྡོ་རྗེ་སློབ་དཔོན་གནས་ནས། དེ་ནས་ཁ་བཤལ་ལ། དཀྱིལ་འཁོར་གྱི་སྔོན་དུ་འདུག་སྟེ། ཡི་གེ་བཞི་པའི་སྔགས་སྟོང་ཕྲག་གཅིག་བཟླས་ཤིང་། དེ་བཞིན་དུ་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱིས་ཀྱང་བཟླས་པར་

བྱའོ། །དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་གདོང་ཕྱོགས་ནས། ལས་ཐམས་ཅད་པའི་ཐབ་ཏུ་དཀྱིལ་འཁོར་གྱི་ལྷའི་རྣལ་འབྱོར་དང་ལྡན་པས། མེ་ཏོག་དང་མར་མེ་རྣམས་ཡི་གེ་བཞི་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱ་སྟེ། དབང་ཕྱུག་ཆེན་པོས་གཙོ་བྱས་པའི་
དཀྱིལ་འཁོར་གྱི་ལྷ་ཐམས་ཅད་ལ་སྔགས་བདུན་བདུན་གྱིས་དབུལ་ལོ། །དེ་ནས་མེའི་ཐབ་ཏུ། རྡོ་རྗེ་འཛིན་པ་ཆེན་པོས་མེ་ཏོག་དང་། སྤོས་ལ་སོགས་པ་དཀྱིལ་འཁོར་གྱི་ལྷ་ལ་དབུལ་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །
བདག་ནི་སྡོམ་པ་ཀུན་དང་ལྡན། །དམ་ཚིག་མགོན་པོས་རྗེས་སུ་གཟུང་། །ཕྱོགས་རྣམས་ཀུན་ན་བཞུགས་པ་རྣམས། །བདག་མིང་འདི་ཞེས་བགྱི་བ་ལ། །དཔང་པོར་གནས་པར་མཛད་དུ་གསོལ། །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །སངས་རྒྱས་གར་མཛད་སྡོམ་
པ་ལ། །འཁོར་ལོ་རབ་ཏུ་བསྐོར་བར་མཛོད། །རྣམ་པར་གྲོལ་བའི་གྲོང་ཁྱེར་དུ། །མགོན་པོ་བདག་ནི་འཇུག་པར་འཚལ། །སློབ་དཔོན་ཆེན་པོ་ཁྱེད་ཀྱིས་ནི། །གསང་བ་ཆེན་པོའི་དཀྱིལ་འཁོར་དུ། །བདག་ནི་སྐལ་བར་ལྡན་པར་མཛོད། །དབང་བསྐུར་ཆེན་པོ་སྩལ་དུ་
གསོལ། །སློབ་དཔོན་བདག་ལ་སྦྱིན་པར་མཛོད། །མཚན་རྣམས་ཀུན་དང་ལྡན་པ་པོ། །བདག་ནི་རྗེས་སུ་གཟུང་དུ་གསོལ། །སངས་རྒྱས་སྐུ་བདག་ཡིད་དགའ་བ། །གཏེར་མཛོད་སློབ་དཔོན་ཆེན་པོ་ཁྱོད། །དབང་བསྐུར་ཆེན་པོ་སྩལ་དུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་
ཕྱིར། །བདག་ཀྱང་སློབ་དཔོན་འགྱུར་བར་མཛོད། །དེ་སྐད་དུ་སློབ་དཔོན་ལ་མཎྜལ་ཕུལ་ཏེ་ཞུ་བར་བྱའོ། །བདག་ནི་སློབ་དཔོན་འདི་ཞེས་པས། །བྱང་ཆུབ་སེམས་ཀྱིས་གཟུང་བར་བྱ། །གསང་བའི་དཀྱིལ་འཁོར་འདོད་པ་ལ། །དཀྱིལ་འཁོར་འདིར་ནི་བསྟན་པར་བྱ། །
དེ་ནས་སློབ་དཔོན་གྱིས་དྲི་བར་བྱ། སྐྱེས་བུ་ཆེན་པོ་ཁྱོད་འདོད་པ། །གསང་བའི་རིགས་ནི་དག་པས་ཏེ། །དག་པ་བཞད་མཛད་ཟབ་མོ་གཟུང་། དེ་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །སློབ་མ་བདག་ནི་འདོད་དོ་ཞེས་བརྗོད་ལ། །དེ་ནས་སློབ་དཔོན་དམ་ཚིག་དང་སྡོམ་པ་

དང་ལྡན་པས། ཇི་ལྟར་བཀའ་སྩལ་པ་བཞིན་དུ་བདག་གིས་བགྱིས་ཏེ། དེ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། འགྲོ་བ་དང་བསྟན་པ་ཐམས་ཅད་དུ། །ཡང་དབང་བསྐུར་བར་འདོད་ཀྱིས་སྡོམ་པ་མི་བཟུང་ངོ་ཞེ་ན། དེ་ལ་དཀྱིལ་འཁོར་ཀྱང་བསྟན་
པར་མི་བྱ་ཞིང་དབབ་པར་མི་བྱའོ། །འགའ་ཞིག་སྡོམ་པ་དང་དམ་ཚིག་གཟུང་བར་འདོད་པ་ལ་ནི། སློབ་དཔོན་གྱིས་རྗེས་སུ་བཟུང་ཞིང་། །དབང་སྦྱིན་པར་བྱའོ། །དེ་ནས་ཉེས་པ་འཇོམས་པར་བྱེད་པའི་སྔགས་བརྗོད་དེ། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏ་པཱ་ད་ཡཱ་མི། སྔགས་
འདི་བརྗོད་ལ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱའོ། །སློབ་མའི་སྙིང་གར་རྡོ་རྗེ་རབ་ཏུ་གནས་པ་བྱས་ལ། ཨོཾ་སུ་ར་ཏ་ས་མ་ཡ་སྟྭཾ་ཧོ། །བཛྲ་སིདྡྷྱ་ཡ་ཐཱ་སུ་ཁཾ། དེ་རིང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་པར་འགྱུར་ཏེ། དེ་རིང་ཁྱོད་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་མཐོང་བར་འགྱུར་གྱིས། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། གུས་པ་དང་བྲལ་བ་རྣམས་ལ་ཡང་མ་ཡིན་ནོ། །དེ་ནས་སློབ་མས་ཡོན་ཕུལ་ལ། ཁྲོ་བོའི་རྒྱལ་པོས་
བྱིན་གྱིས་བརླབ་པར་བྱའོ། །དེའི་རྗེས་སུ་བརྟེན་པར་གནས་པ་ལ། བུམ་པའི་ནང་ནས་ཆུ་བླངས་པས་གཏོར་ཞིང་མགོ་ཐོག་ཏུ་བཞག་པས་བསྲུང་སྟེ། ཁྲོ་བོའི་རྒྱལ་པོའི་ཕྱག་རྒྱས་གོ་ཆ་བསྐོན་ལ། མེ་ཏོག་སྔོན་པོའི་ཐོད་བཅིང་ཞིང་། དཀྱིལ་འཁོར་བསྟན་པར་བྱའོ། །
ཨོཾ་བཛྲ་དྷ་རེ། དེ་ལས་གསང་བའི་སྔགས་ཀྱིས་དགུག་པར་བྱ་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །མ་ཧཱ་སུ་ར་ཏ་སུ་དྲྀ་ཌྷ་དུ་ཏོ་སྭཱཧཱ། བཛྲ་ས་ཏྭཱ་ཨདྱ་སི་དྷྱ་མཱཾ། ཡང་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །དེ་རིང་རྡོ་རྗེའི་ཡེ་ཤེས་
ཐོབ། །ཡེ་ཤེས་དེ་ཡིས་དེ་རིང་ཁྱོད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །དངོས་གྲུབ་ཀྱང་ནི་ཐོབ་འགྱུར་ན། །གྲུབ་པ་གཞན་ལྟ་སྨོས་ཅི་དགོས། །དཀྱིལ་འཁོར་དམ་པ་ཁྱེད་ཀྱིས་མཐོང་། །མ་མཐོང་བ་ལ་སྨྲ་མི་བྱ། །གལ་ཏེ་ཁྱོད་ཀྱིས་འདི་སྨྲས་ན། །

དམ་ཚིག་རྣམ་པར་འགྱུར་བ་ཡིན། །དབབ་པའི་ཕྱག་རྒྱ་བཅས་ལ། དེ་སྐད་ཅེས་སློབ་མའི་མགོ་ཐོག་ཏུ་རྡོ་རྗེ་བཞག་ལ་སྨྲ་བར་བྱའོ། །འདི་ནི་དམ་ཚིག་རྡོ་རྗེ་སྟེ། །ཁྱོད་ཀྱིས་གལ་ཏེ་འདི་སྨྲས་ན། །ངེས་པར་མགོ་བོ་འགས་པར་འགྱུར། །དེ་ནས་དམ་ཚིག་གི་ཆུ་སྦྱིན་པར་བྱས་
ཏེ། སྙིང་པོའི་སྔགས་བཟླས་སོ། །སློབ་མས་འཐུང་བའི་དུས་སུ་འདི་སྐད་བརྗོད་པར་བྱ་སྟེ། དེ་རིང་རྡོ་རྗེ་སེམས་དཔའ་ནི། །ཁྱོད་ཀྱི་སྙིང་ལ་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་ཏིཥྛ་སིདྡྷི་ཧཱུཾ། འདི་ནི་ཁྱོད་ཀྱི་དམྱལ་
བའི་ཆུ། །དམ་ཚིག་འདས་ན་རླག་པར་བྱེད། དམ་ཚིག་བསྲུངས་ན་གྲུབ་པར་གྱུར། །རྡོ་རྗེ་བདུད་རྩིའི་ཆུ་འཐུང་ཅིག །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྤྱི་བོར་བཞག་ལ། གུས་པ་དང་ལྡན་པ་དང་མི་ལྡན་པའི་བསམ་པ་བརྟགས་ལ། སློབ་མ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དེ་རིང་
ཕན་ཆེད་ཁྱོད་ཀྱི་རྡོ་རྗེ་འཛིན་པ་ང་ཡིན་ཏེ། ངས་ཇི་སྐད་ཅེས་པ་དེ་ཁྱོད་ཀྱིས་བྱ་དགོས་སོ། །དེ་ལྟ་མ་ཡིན་ན་ཁྱོད་ཡིད་མི་བདེ་བ་ཆེན་པོ་དང་བཅས་ནས་ཚེའི་དུས་བྱས་ཏེ། དམྱལ་བར་འཇུག་པར་གྱུར་ཏ་རེ། དེ་ནས་རང་གི་སྙིང་གར་ཡི་གེ་ཨ་ལས་འོད་ཟེར་དམར་པོ་འཕྲོས་
པས། སྒོ་དབྱེ་བའི་ཕྱག་རྒྱ་བཅས་ཏེ་སློབ་མའི་སྙིང་གའི་རྡོ་རྗེ་ལ་ཞུགས་ནས། ལུས་ཐམས་ཅད་ཁེངས་པར་བསམ་ཞིང་། དེ་ནས་འདི་སྐད་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཀྱིས་བྱིན་གྱི་རླབས་ཀྱིས། རྡོ་རྗེ་ཁྲོ་བོ་བདག་ལ་དབབ་པར་མཛད་
དུ་གསོལ། །དེ་ནས་དབབ་པའི་ཕྱག་རྒྱ་སྙིང་གར་བཅས་ལ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། །འདི་ལྟར་དམ་ཚིག་རྡོ་རྗེ་འདི། །རྡོ་རྗེ་སེམས་དཔའ་དྲན་པར་བྱ། །ངེས་པར་ཁྱོད་ལ་འབབ་པར་འགྱུར། །རྡོ་རྗེ་ཡེ་ཤེས་རྗེས་སུ་སྒྲོལ། །ཨོཾ་པྲ་བེ་ཤ་བཛྲ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུཾ་ཨ། ཇི་
ལྟར་ནམ་མཁའ་ལས་ཁྲོ་བོའི་དབང་པོས་འབེབས་པར་བསམ་ཞིང་སྔགས་དེ་བརྗོད་པར་བྱའོ། །དེས་ཀྱང་འབབ་པར་མ་གྱུར་ན། །དེ་ནས་ཁྲོ་བོ་དབབ་པའི་ཕྱག་རྒྱ་བཅས་ལ། སློབ་དཔོན་གཡོན་བརྐྱང་པས་གནས་ལ། རྡོ་རྗེ་འཛིན་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་བལྟས་ལ།

སློབ་མའི་སྤྱི་བོར་གནས་པར་བསམས་ལ། འོད་ཟེར་གྱིས་ལུས་གང་བར་བསམ་ཞིང་། རླུང་གིས་རབ་ཏུ་གཡོས་པ་ལ་དམིགས་པ་གཏད་དེ། ཧཱུཾ་གིས་བྱིན་གྱིས་བརླབ་པར་བྱའོ། །རྡོ་རྗེ་སློབ་དཔོན་རང་ཉིད་མི་བསྐྱོད་པའི་གཟུགས་སུ་གནས་པས། ཧཱུཾ་ཏྲཱཾཿ
ཧྲཱིཿཨཿ། ས་བོན་འདི་རྣམས་འོད་ཟེར་འཕྲོས་པ། སློབ་མའི་ཁར་འཇུག་པར་བསམ་པར་བྱའོ། །ཨོཾ་པྲ་བེ་ཤ་ཀྲོ་དྷ་ཧཱུཾ་ཧཱུཾ་ཧཱུཾ་ཨཿཛྭ་ལཱ་མ་ལ་ཀུ་ལ་བ་ཁ་ན་བཛྲ་ཨ། དེས་ཀྱང་མི་འབབ་ན། སློབ་མ་སྡིག་པ་མང་པོ་བྱས་པས། སྡིག་པ་འདྲལ་བའི་ཕྱག་རྒྱ་བཅས་ལ། །སྡིག་པ་
གཞོམ་པར་བྱས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་སྐུ་མདོག་དམར་པོ། །འོད་ཟེར་དམར་པོ་ཀུན་ནས་འབར་བའི་ཕྲེང་བས་བསྐོར་བ་བསམ་པར་བྱས་ལ། ཧཱུཾ་ཨཱཿསྔགས་འདི་མང་དུ་བཟླས་པར་བྱའོ། །དེས་ཀྱང་འབབ་པར་མ་གྱུར་ཀྱང་། །དབང་བསྐུར་བ་ནི་སྦྱིན་
པར་བྱའོ། །དེའི་ཚེ་འབབ་པར་འགྱུར་ན་མངོན་པར་ཤེས་པ་ལྔ་དང་ལྡན་པར་འགྱུར་རོ། །དེའི་བབས་པར་གྱུར་ན། ལྕེ་ལ་རྡོ་རྗེ་བསམས་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདས་པ་དང་། མ་འོངས་པ་དང་། དེ་ལྟར་བྱུང་བ་ཐམས་ཅད་སྨྲོས་ཤིག་ཅེས་བརྗོད་པས་སྨྲ་བར་
འགྱུར་རོ། །དེ་ནས་སྙིང་གར་རྣམ་པར་གྲོལ་བའི་ཕྱག་རྒྱ་བཅས་ལ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ འདིས་ཡེ་ཤེས་བརྟན་པར་བྱས་ལ། དེ་ནས་ཡི་གེ་ཏྲཱཾ་གིས་བྱིན་གྱིས་བརླབས་ལ། དཀྱིལ་འཁོར་བསྟན་
པར་བྱ་སྟེ། པྲ་ཏཱིཙྪ་བཛྲ་ཧོ། །དེ་ནས་སློབ་མའི་མགོ་བོ་ལ་མེ་ཏོག་ཕྲེང་བ་བཅིངས་ཤིང་། སེམས་ཅན་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ཉིད་ཡང་དག་གཟུང་བར་བྱ། །དེ་ནས་གདོང་གཡོགས་བཀྲོལ་ཞིང་། དི་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན།
རྡོ་རྗེའི་མིག་ནི་བླ་ན་མེད། །ཕྱེ་བས་མཆོག་ཏུ་གྱུར་པ་ཡིན། ཧེ་བཛྲ་པ་ཤྱ། དེ་ནས་ཡི་གེ་ཨཾ་དང་ཧཱུཾ་གིས་མིག་གཉིས་བྱིན་གྱིས་བརླབས་ལ། པདྨ་ཝ་ཏིའི་ཏིང་ངེ་འཛིན་གྱིས་དཀྱིལ་འཁོར་གྱི་འཁོར་ལོ་བསྟན་པར་བྱ་སྟེ། དེ་ནས་གསུང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ཀྱིས་སྙིང་

པོའི་དཀྱིལ་འཁོར་གྲུ་བཞི་བ་སྒོ་རྩིག་པ་ཁ་དོག་ལྔ་དང་ལྡན་པ། ལྟེ་བ་ལ་པདྨ་འདབ་མ་བརྒྱད་པ་འོད་ཟེར་གྱི་ཕྲེང་བས་ཀུན་ནས་བསྐོར་བ། རྩ་བའི་དཀྱིལ་འཁོར་གྱི་ལྟེ་བ་ལ་གླང་པོ་ཆེའི་རྒྱལ་པོའི་སྟེང་དུ་འབྱུང་པོ་གཞན་གྱིས་མི་ཐུབ་པའི་སྟེང་ན་ཉེས་པ་ཐམས་ཅད་འཇོམས་
པར་བྱེད་པའི་ཁྲོ་བོའི་རྒྱལ་པོ་ལ་སོགས་པའི་དཀྱིལ་འཁོར་གྱི་ལྷ་བལྟས་ལ། དེ་ནས་སློབ་དཔོན་གྱི་དབང་བསྐུར་བའི་དོན་དུ་སློབ་མ་ལ་བཀྲ་ཤིས་ལ་སོགས་པ་གསུངས་ཏེ། བཀྲ་ཤིས་ལ་སོགས་པ་ཡང་རྡོ་རྗེ་འཛིན་པས་བྱ་སྟེ། །དམ་ཚིག་གི་ཕྱག་རྒྱ་དང་། སྔགས་ཀྱིས་གནས་དྲུག་ཏུ་ཕྱིན་
གྱིས་བརླབས་པར་བྱས་ཏེ། རོལ་པའི་འདུག་སྟངས་ཀྱིས་གནས་པ་ལ། གཞན་གྱིས་མི་ཐུབ་པའི་འབྱུང་པོ་གཞན་རྣམས་ཀྱིས་ཀྱང་ཡི་གེ་ཧཱུཾ་གི་སྒྲ་སྒྲོགས་ཤིང་། གདུགས་དང་རྒྱལ་མཚན་དཀར་པོ་དང་། གླིང་བུ་དང་། ཨོཾ་བཟླས་ཤིང་ཁ་དོག་སྣ་ཚོགས་པའི་རྒྱན་དང་། རྔ་ཡབ་
དང་། དེ་དག་ལ་སོགས་པ་དཔག་ཏུ་མེད་པའི་ཚོགས་པ་དང་། མེ་ཏོག་ལ་སོགས་པས་ཀྱང་མཆོད་དེ། དུང་དང་རྔ་རིངས་དང་། རྔ་ཟླུམ་དང་། རྔ་ཆུང་དང་། དེ་དག་ལ་སོགས་པའི་རོལ་མོ་དཔག་ཏུ་མེད་པ་དང་། གར་དང་། གླུ་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་
བརྗོད་ཅིང་། བསྟོད་པའི་ཚོགས་ཀྱིས་ཀྱང་བསྟོད་ལ། སྒོ་སྐྱོང་གི་འགྲམ་ནས་བུམ་པ་བླངས་ལ། བཅོམ་ལྡན་འདས་ཀྱིས་བུམ་པས་སྤྱི་བོར་དབང་བསྐུར་ཞིང་། ཆུས་ཀྱང་གཏོར་ལ་དབང་བསྐུར་བར་བྱའོ། །ཨོཾ་བྷཱུཿ ཤྲཱི་སིདྷ་དྷཱ་ཛ་ཤཾ་དྷ་ནི་ནི་ཧྲཱིཿ བཛྲ་ཨ་བྷི་
ཥིཉྩ། དེ་ནས་འགྲོ་བ་ལ། ཧཱུཾ་བཛྲ་ཕཊ། བཛྲ་ཨ་བྷི་ཥིཉྩ་ཨ། བཅོམ་ལྡན་འདས་ཀྱིས་རྣམ་པར་རྒྱལ་བའི་ཆུས་ཀྱང་དབང་བསྐུར་བར་བྱའོ། །ཧཱུཾ་བཛྲ་ཨ་དྷི་པ་ཏི་སྟཾ་ཨ་བྷི་ཥིཉྩ་མི་དྲྀ་ཌྷོ་མེ་བྷ་བ་ཛཿཧཱུཾ་བཾ་ཧོཿཧཱུཾ་ཕཊ། འདིར་ཇི་ལྟར་དབང་བསྐུར་བས་ཆུས་དབང་བསྐུར་བར་འགྱུར་རོ། །
བུམ་པའི་དབང་བསྐུར་བ་འདི་ནི། དེ་ནས་རིན་པོ་ཆེ་ལ་སོགས་པའི་རྒྱན་གྱིས་བརྒྱན་ལ། ཕྱག་རྒྱ་དང་། ཅོད་པན་དང་། དར་དཔྱངས་དང་། རྡོ་རྗེ་དང་། ཡི་གེས་དབང་བསྐུར་བ་རྣམས་རྡོ་རྗེ་བདག་པོའི་དབང་བསྐུར་བ་རྣམས་དྲིལ་བུ་ལ་སོགས་པ་རྣམས་མཆོད་པར་བྱ་སྟེ། སློབ་

མས་ཀྱང་སྟོབས་ཀྱིས་ཅི་འབྱོར་པའི་ཡོན་འབུལ་བ་དང་ཕྱག་བྱས་ལ་དབང་གི་དོན་དུ་མེ་ཏོག་དབུལ་ཞིང་། དེ་ནས་གྲུབ་པའི་རྡོ་རྗེའི་བཀའ་དྲིན་སྦྱིན་པར་བྱ་སྟེ། ཁྲོ་བོའི་གཟུགས་ཀྱིས་གསང་བའི་གནས་སུ་བསྟན་ཅིང་། དེ་ནས་དྲག་པོའི་ཉེས་པ་འཇོམས་
པར་བྱེད་པའི་ཤེས་རབ་དང་ཐབས་ཀྱིས། རྡོ་རྗེ་དབྱིངས་ཀྱི་དེ་ཉིད་ལས། །རྡོ་རྗེའི་རིགས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཐམས་ཅད་གྲུབ་པ་ལ་དགོད་པའི་ཕྱིར། ཐབས་དང་ཤེས་རབ་ལས་རྫོགས་པའི་ཁྲོ་བོ་ཆེན་པོའི་གཟུགས་སུ་གྱུར་ཏེ། དེ་ནས་གསེར་གྱི་བདག་
ཉིད་ཀྱི་ཐུར་མ་ལ་བཟླས་པར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །དེ་བཞིན་བུ་ཁྱོད་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། ཨོཾ་བཛྲ་ནེ་ཏྲ་ཨ་པ་ཧཱ་ར་པ་ཊ་ལཾ་ཧྲཱི། སློབ་མའི་མིག་སྨན་ཐུར་མ་དང་བཅས་པས་བསལ་
བར་བྱའོ། །དེ་ནས་མེ་ལོང་བསྟན་ལ། ཨ་བཛྲ་སཏྭ། ཞེས་བྱ་བའི་སྔགས་བརྗོད་ཅིང་། མེ་ལོང་ནང་གི་གཟུགས་བརྙན་འདི། །རྡོ་རྗེ་སེམས་དཔའི་རང་བཞིན་ཏེ། །བྱང་ཆུབ་སེམས་འདི་དྲི་མ་མེད། །ཁྱོད་ཀྱིས་སྙིང་ལ་བརྟན་པར་གནས། །སངས་རྒྱས་ཀུན་གྱི་རང་བཞིན་
ཅན། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་དྲི་མ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་དུ་འབྱུང་། །ཆོས་རྣམས་དེ་ལྟར་ཤེས་པར་གྱིས། །རང་བཞིན་དྲི་མས་མ་གོས་པ། །སེམས་ཅན་དོན་ནི་ཁྱོད་ཀྱིས་གྱིས། །ཞེས་བརྗོད་
ལ། དེ་ནས་ཨ་ལས་སྐྱེས་པའི་དྲིལ་བུ་ཆོས་ཀྱི་སྒྲ་དང་ལྡན་པར་དཀྲོལ་ལ། །དེ་ནས། རང་བཞིན་དག་པའི་ངོ་བོ་ཉིད། །ཡོད་དང་མེད་པའི་ངོ་བོ་སྤངས། །རང་བཞིན་དག་པའི་སེམས་དཔའ་ཆེ། །རང་བཞིན་མཆོག་གི་སྤྱོད་པ་ཅན། །དེ་ནས་ཧོ་ཞེས་བརྗོད་ལ་དྲིལ་བུ་
སྦྱིན་པར་བྱའོ། །དེའི་རྗེས་སུ་མདའ་དང་གཞུ་བྱིན་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པ། ཕྱོགས་བཞིར་འབིགས་པའི་ཚུལ་དུ་བྱའོ། །སྟེང་དང་འོག་ཏུའང་དེ་བཞིན་ནོ། །དེ་ནས་རྡོ་རྗེ་དང་། ཆོས་ཀྱི་འཁོར་ལོ་རྐང་པའི་འོག་ཏུ་བྱིན་

ལ། རཾ་ཡཾ་ཁཾ་རལ་གྲི་ཡང་ལག་པར་བྱིན་ལ། འདི་སྐད་ཅེས་བརྗོད་པར་བྱའོ། །དེ་རིང་བྱང་ཆུབ་སེམས་བསྐྱེད་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱོས། །ཆོས་ཀྱི་དུང་ནི་རྗེས་སུ་བུས། །དོན་ལ་འཇིགས་པར་མི་བྱ་ཞིང་། །སེམས་ནི་རྟོག་པ་མེད་པར་བྱོས། །འཇིག་
རྟེན་ཐམས་ཅད་བསལ་བའི་ཕྱིར། །སྔགས་ཀྱི་སྤྱོད་པ་རྗེས་སུ་སྤྱོད། །དེ་ལྟར་བྱས་ན་དེ་དག་ཀྱང་། །སངས་རྒྱས་ཀྱིས་བཀའ་སྩལ་པ་དང་ལྡན་པས་སོ། །དེ་ནས་རྡོ་རྗེ་འཛིན་པས་སྲུང་བ་བྱ། །འདིར་ནི་ཁོ་ན་ཉིད་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་ཧཱུཾ་གི་ཡི་གེ་འཇིག་
རྟེན་དབང་ཕྱུག་དང་། ནམ་མཁའི་སྙིང་པོའི་ང་རྒྱལ་དུ་རིམ་པར་བྱ་སྟེ། སྐད་ལྔས་བརྗོད་པར་རྗེས་སུ་བྱིན་ལ། སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སེམས་ཅན་ཐམས་ཅད་ཀུན་ལ་ཡང་། །ཇི་ལྟར་རྣམ་པར་རྗེས་སུ་དག །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་ནས་འདི་
ལྟར་ཁྲོ་བོ་ཡི། །ནོར་བུ་དང་འཁོར་ལོ་འདིར་ཚིགས་སུ་བཅད་པ་བཞིས་བརྗོད་པར་བྱ་ཞིང་། དེ་ནས་སྙིང་པོའི་སྔགས་བརྗོད་ལ་བྱིན་ཞིང་། སྒྲུབ་ཐབས་དང་། ཆོ་ག་ཕྱག་རྒྱ་བཞིའི་ཡེ་ཤེས་སློབ་མ་ལ་བསླབ་ཤིང་། རྡོ་རྗེ་ལག་པར་སྦྱིན་ཞིང་། ཕྱག་རྒྱ་བཅས་ལ་སློབ་
མ་ལུང་བསྟན་པར་བྱ་སྟེ། འདི་ལྟར་ཁྱོད་ལ་ལུང་བསྟན་པ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །ངན་སོང་ལས་ནི་སྒྲོལ་བར་བྱོས། །གྲུབ་པའི་གནས་ལ་ཐམས་ཅད་འཁོད། །ཧེ་བཛྲ་ནཱ་མ་ཏ་ཐཱ་ག་ཏ་སིདྡྷ་ས་མ་ཡ་བྷཱུར་བྷཱུ་སྭཿ དེ་བཞིན་གཤེགས་པའི་གཟུགས་
སུ་བལྟས་ལ། ལག་པ་གཡོན་པས་སྣམ་སྦྱར་རྣ་མཆོག་ལྟར་བྱས་ལ། གཡས་པ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་བྱས་ཏེ། དེ་བཞིན་གཤེགས་པ་རིགས་ཀྱི་དམ་ཚིག་ལ་གནས་པས། བལྟ་བ་བསྟན་པ་མཆོག་ཏུ་བཞད་མཛད་དཀྱིལ་འཁོར་འདིར། །སྡིག་པ་ཐམས་ཅད་
གྲོལ་ཞིང་དྲི་མ་མེད་པ་ཁྱོད་ནི་བསྒོམ་པ་ཀུན་ལ་བསྟན་པར་མཛོད། །ཁྱོད་ལ་འཆི་མེད་བདེ་ཆེན་ཐེག་པའི་མཆོག །འཇིག་མེད་རྩོད་བྲལ་དགའ་བའི་གྲོང་ཁྱེར་འདི། །སྡུག་བསྔལ་ཀུན་ལས་ངེས་པར་གྲོལ། །རང་བཞིན་གྲུབ་པ་དམ་པ་ནི། །ཁྱོད་ཀྱིས་ངེས་པར་བསྲུང་བར་བྱོས། །

དམ་ཚིག་ལྡན་ན་གྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་དམ་ཚིག་ནི། །ཡེ་ཤེས་བདེན་པའི་དོན་ལ་གནས། །བྱང་ཆུབ་སེམས་ནི་དེ་རིང་བསྐྱེད། །དེ་རིང་རྡོ་རྗེའི་དམ་ཚིག་ནི། །ཇི་ལྟར་བསྐྱེད་པ་དེ་མ་ཐག །འདི་ལྟར་ཐམས་ཅད་སངས་རྒྱས་འགྱུར། ཆོས་
ལ་བསྐོར་ཞིང་བཟོད་པ་ཡི། །བཟོད་པ་དང་ནི་མི་ལྡན་ན། །མི་ཤེས་རྨོངས་པའི་རང་བཞིན་འགྱུར། །བརྟགས་ཤིང་དཔྱད་པར་མི་འགྱུར་རོ། །བདག་དང་བྲལ་བར་མ་གྱུར་བར། །ནམ་དུའང་བདེ་བ་མི་རྙེད་དེ། །འཛིན་པའི་བདེ་བ་བདེ་བ་མིན། །ཡང་དག་ཡིད་དུ་འོང་བ་ལ། །རྡོ་རྗེ་
དྲིལ་བུའི་ཕྱག་རྒྱ་ཡང་། །ནམ་དུ་ཡང་ནི་མི་བཏང་ངོ་། །སློབ་དཔོན་མིང་གིས་རྗེས་བཟུང་བ། །སངས་རྒྱས་ཀུན་དང་མཉམ་པ་ཡིན། །ཇི་ལྟར་རྡོ་རྗེ་སློབ་དཔོན་ནི། །སངས་རྒྱས་ཐམས་ཅད་དམ་ཚིག་བླ། །སངས་རྒྱས་ཀུན་གྱི་ཐུགས་དང་ནི། །སློབ་དཔོན་ལ་ཁྲོས་འགལ་བར་འགྱུར། །
རིམས་དང་དེ་བཞིན་དུག་དང་ནི། །རིམས་དང་མཁའ་འགྲོ་མ་རྣམས་ཀྱིས། །འཇིགས་པ་ཉེ་བར་སྐྱེ་བ་ཡིན། །དུག་དང་ལོག་པར་འདྲེན་པ་དང་། །རྟ་ཡི་འཇིགས་པ་ཉེ་བར་བསྐྱེད། །ཤི་ནས་དམྱལ་བར་སྦྱར་བར་འགྱུར། །དེ་ནས་རྩོལ་བ་ཆེན་པོ་ཡིས། །རྡོ་རྗེ་སློབ་དཔོན་བླ་མ་ཆེ། །
མཆོག་ཏུ་ཆེས་པས་མཉེས་པར་བྱ། །ནམ་དུའང་ཁྲོ་བར་མི་བྱ་སྟེ། །ཇི་ལྟར་འབྱོར་པའི་སྟོབས་ཀྱིས་སུ། །བླ་མ་མཉེས་ཤིང་མཆོད་པར་བྱ། །ཇི་ལྟར་རྒས་པ་ལ་སོགས་པས། །ཉེས་པ་གང་ཡང་མི་འབྱུང་བར། །དེ་ལྟར་བླ་མ་མཉེས་པར་བྱ། །རྟག་ཏུ་དམ་ཚིག་སློབ་དཔོན་ལ། །
གུས་པས་ལུས་ཀྱི་བསྙེན་བཀུར་བྱ། །ཇི་ལྟར་བུ་དང་ཆུང་མ་དང་། །མ་ལུས་ཕུལ་ནས་མཉེས་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །བསྐལ་པ་བྱེ་བས་རྙེད་དཀའ་བའི། །སངས་རྒྱས་སྟེར་བའི་བླ་མ་ལ། །གུས་པས་བསྙེན་བཀུར་བསྒྲུབ་པར་བྱ། །བླ་མ་མཆོག་ལ་ཕུལ་
བ་ནི། །སངས་རྒྱས་ཀུན་ལ་ཕུལ་དང་མཉམ། །དེ་ལྟའི་བསོད་ནམས་སྡོམ་པ་ནི། །སྡོམ་པ་བསོད་ནམས་ཀུན་གྱི་མཆོག །རྟག་ཏུ་དམ་ཚིག་ལ་གནས་ཤིང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཕུལ་ཞིང་། །སངས་རྒྱས་ཀུན་དང་མཉམ་པ་ཡི། །

འབྲས་བུ་ཚེ་འདིར་སྟེར་བར་འགྱུར། །ཇི་ལྟར་བསྟན་པའི་དམ་ཚིག་ནི། །རྟག་ཏུ་ལྷ་དང་དམ་ཚིག་བསྟན། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །ཚེ་འདིའི་འབྲས་བུ་ཁྱོད་ཀྱིས་ཐོབ། །སངས་རྒྱས་ཀུན་གྱི་རྡོ་རྗེའི་བདག །འཇིག་རྟེན་གསུམ་གྱི་རྒྱལ་པོ་སྟེ། །རྒྱལ་པོ་ཆེན་པོར་
འགྱུར་བ་ཡིན། །དེ་རིང་བདུད་རྣམས་ཀུན་ལས་རྒྱལ། །མཆོག་གི་གྲོང་ཁྱེར་ཆེན་པོར་ཞུགས། །སངས་རྒྱས་མཆོག་ཏུ་ཁྱེད་གྱུར་ཏོ། །དེ་ནས་སློབ་མས་བསྐོར་བ་བྱ་སྟེ། །སློབ་མའི་ལག་པ་གཡས་པའི་མཐེ་བོ་སློབ་དཔོན་གྱིས་བཟུང་ལ། གཡོན་པར་ཆུ་བླུགས་ཏེ། མར་
གྱི་སྦྱིན་སྲེག་སྦྱིན་ཞིང་། སྦྲང་རྩི་དང་། དི་ཏིང་གི་མར་དང་། ཞོ་དང་། ཏིལ་དང་། ཐམས་ཅད་བསྲེས་པའི་སྦྱིན་སྲེག་དབུལ་ཞིང་། བསྐོར་བ་ཡང་བྱས་ལ། ཕྱག་བཙལ་ཞིང་། ཤར་སྒོར་ཕྱིན་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་གི་སློབ་མ་འདི་རུ་ནི། །རྒྱུད་
རྣམས་ཀྱིས་ནི་འཛིན་པ་པོ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ལྷ་ལ་དམ་ཚིག་ལྡན་པ་ནི། །དེ་ལ་འདི་སྐད་བརྗོད་པ་འདི། །སེམས་ཅན་རྗེས་སུ་གཟུང་བའི་ཕྱིར། །རྩོལ་བས་དཀྱིལ་འཁོར་ཆེན་པོ་འདི། །འབད་པ་དང་བཅས་བྲིས་པ་འདི། །སྒྲུབ་པ་པོ་
རྣམས་གྲུབ་དོན་དུ། །དེ་ནས་ཕྱི་རོལ་དུ་གཏོར་མ་བྱིན་ལ། །མཆོད་ཡོན་དང་ཞབས་བསིལ་ཡང་ཕུལ་ཏེ། ཇི་ལྟར་འབྱོར་པའི་སྟོབས་ཀྱིས་མཆོད་པ་རྒྱ་ཆེན་པོ་ཕུལ་ལ། །ཇི་ལྟར་འབྱོར་པའི་བཟའ་རྒྱུ་ལ་ལོངས་སྤྱད་དེ། །ཕུད་ནས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་ལ།
བཅོམ་ལྡན་འདས་ལ་མཆོད་ཡོན་ཡང་ཕུལ་ལ། སྒྲུབ་ཐབས་ལས་བྱུང་བ་ལྟར་བསྒོམས་ལ། དཀྱིལ་འཁོར་ལ་བསྐོར་བ་ཡང་བྱས་ལ་ཕྱག་འཚལ་ལོ། །ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ་བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་ཌྀ་ཌྷོ་མེ་བྷ་བ་སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་
མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ །འདི་ལན་གསུམ་བརྗོད་ལ། ཨོཾ་ཧཱུཾ་ཀཱ་ར་ཇི་ལྟར་འདོད་ན་འདི་ཡང་བདེན་པར་བྱའོ། །ཡི་གེ་ཧཱུཾ་བརྗོད་ཅིང་གཤེགས་

སུ་གསོལ་ཏེ། རྡུལ་ཚོན་དྲི་མ་མེད་པ་ཆུ་བོའི་གཞུང་དུ་དོར་བར་བྱ་ཞིང་། ཡི་གེ་ཧཱུཾ་བརྗོད་ཅིང་ཕུར་པ་ཡང་བསྡུ་བར་བྱ་ཞིང་འོ་མ་དང་དྲི་བཟང་པོ་དང་ལྡན་པའི་ཆུས་བཀྲུ་བར་བྱའོ། །ཕུར་པའི་ཁུང་བུ་ཡང་དྲི་བཟང་པོ་དང་འོ་མས་བཀང་ལ། །སློབ་མ་དང་ས་སྐྱོང་བའི་དོན་
དུ་ཞི་བའི་སྦྱིན་སྲེག་བྱའོ། །ལྷ་མཉེས་པར་བྱ་བའི་དོན་དུ་སྦྱིན་སྲེག་གི་ཐབ་ཟླུམ་པོ་ཁྲུ་གང་བ། ཐུར་དུ་ཡང་སོར་ཉི་ཤུ་བརྐོས་ཏེ། ལྟེ་བ་ལ་སོར་མོ་བརྒྱད་ལ་རྡོ་རྗེ་རྩེ་མོ་ལྔ་པས་མཚན་པ། ཐབ་ཀྱི་ཕྱི་རོལ་དུ་སོར་མོ་བཞི་དོར་བའི་དེ་དང་མཉམ་པའི་ཁ་ཁྱེར་སོར་བཞི་པ་ལས་བཞིན་དུ་བྱུགས་ཏེ། མེ་ཏོག་སིལ་མ་དང་ཕྲེང་བས་ཀྱང་
གཏོར་ལ། དགང་བླུགས་གསེར་རམ་ཟངས་ལས་ཀྱང་རུང་སྟེ། གཞན་ནིམ་པའི་ཤིང་ངམ། མཆོད་སྦྱིན་གྱི་ཤིང་ལས་ཀྱང་རུང་སྟེ། དབྱུག་པ་སོར་བཅུ་པ་དེའི་སྔོན་དུ། གྲུ་བཞི་པ་དམའ་བ་སོར་གཉིས་པ་རྡོ་རྗེ་རྩེ་ལྔ་པས་མཚན་པ། བཅུད་འཛག་པའི་ལམ་མཐེའུ་ཆུང་གི་ཚད་
ཙམ། རྡོ་རྗེ་རྩེ་མོ་གསུམ་པ་སོར་བཞིའི་ཚད་ཙམ་མོ། །བླུགས་གཟར་པདྨའི་འདབ་མ་དང་ལྡན་པ་རྒྱར་སོར་གཉིས་པ། ཞབས་སུ་སོར་མོ་གཅིག་པ། རྡོ་རྗེ་རྩེ་མོ་གསུམ་པས་མཚན་པ། ཐབས་ཀྱི་རང་བཞིན་རྡོ་རྗེ་ཁུ་ཚུར་གྱིས་མཚན་པའི་ཡུ་བ་དང་བཅས་པ་དབྱུག་པའི་རྩེ་མོར་སོར་དྲུག་པའི་རྡོ་རྗེའམ་རིན་པོ་ཆེ་
ཁྲུ་གང་གིས་དགང་གཟར་དང་བླུགས་གཟར་གྱི་ཚད་དོ། །དེ་ཡང་ཤིང་པ་ལཱ་ཤའམ། སེང་ལྡེང་ངམ། ཤིང་ཨརྒ་འམ། ཤིང་ནྱ་གྲོ་དྷ་འམ། ཤིང་བྷི་ཀ་ཏ་འམ། ཤིང་ཨ་མྲ་འམ། ཤིང་ས་མི་འམ། ཤིང་གོད་སྲུང་ངམ། ཤིང་ཨ་པ་མརྒ་འམ། བྱང་ཆུབ་ཀྱི་ཤིང་ངམ། ཤིང་ཨུ་དུམ་
ཝཱ་ར་བ་འམ། དེ་དག་སོ་སོར་བྱས་ལ། གསར་པ་དང་། འདབ་མ་དང་ལྡན་པ་སྔོན་བླངས་ལ། སོར་བཅུ་གཉིས་པ། རྩེ་མོ་གཉིས་ལ་དྲི་ཞིམ་པོའི་ཆུས་བསངས་ལ། ལས་ཐམས་ཅད་པའི་དོན་དུའོ། །ཇི་ལྟར་ཞི་བ་དང་རྒྱས་པའི་དོན་དུ་དབུལ་བར་བྱའོ། །ཇི་ལྟར་རང་གི་
འབྱོར་པའི་ལོངས་སྤྱོད་ཐམས་ཅད་ཀྱང་དབུལ་ཞིང་། སྭཱཧཱའི་སྔགས་ཀྱི་མཐའ་དང་བཅས་པས། རྟག་ཏུ་མར་དང་། གུ་གུལ་དང་འབྲས་མཁར་མ་དང་བཅས་པ་སྔགས་ཀྱིས་དབུལ་བར་བྱའོ། །དྲི་དང་མེ་ཏོག་ལ་སོགས་པ་ཅི་འབྱོར་པ་ཇི་ལྟར་སྔགས་བཟླས་པ་བཞིན་དུ།

མཆོད་སྦྱིན་གྱི་ཤིང་ལ་སོགས་པ་འབུས་མ་ཟོས་ཅིང་དྲི་མ་མེད་ཅིང་གཙང་བས་སོ། །ཇི་ལྟར་བུད་ཤིང་མ་འབྱོར་ན་ནགས་ཀྱི་དགོན་པའི་ལྕི་བ་ལ་བྱའོ། །བ་གླང་གི་ལྕི་བ་མ་གཏོགས་པ་ཐམས་ཅད་ནི་རྒྱས་པའི་ལས་ལ་རུང་ངོ་། །རོ་ཚ་བ་དང་། ཚེར་མ་ཅན་དང་། དྲི་མི་ཞིམ་པ་དང་། དུར་ཁྲོད་
དུ་སྐྱེས་པའི་ནིམ་པའི་ཤིང་དང་། བོང་བུ་དང་རྔ་མོའི་རྟུག་པ་དང་། དེ་དག་གི་བུད་ཤིང་ནི་གསད་པ་དང་། བསྐྲད་པ་ལའོ། །ནིམ་པ་དང་། ཨ་བྷཱའི་མེ་ཏོག་དང་གཞན་མེ་ཏོག་ནི་ལས་ཐམས་ཅད་པའི་དོན་དུའོ། །དེ་ནས་ཁྲུས་བྱས་ལ་ལས་དང་མཐུན་པའི་རྒྱན་གྱིས་བརྒྱན་ཏེ། ལས་དང་
མཐུན་པའི་ལྷའི་ང་རྒྱལ་བྱས་ལ། པདྨ་ལ་སོགས་པའི་འདུག་སྟངས་ཀྱིས་འདུག་སྟེ། སྔོན་དུ་བརྗོད་པའི་སྔགས་སྭཱཧཱ་ལ་སོགས་པའི་མཐའ་དང་ལྡན་པས་ཞི་བ་ལ་སོགས་པ་ལ་བརྗོད་དོ། །ཉེས་པ་འཇོམས་པར་བྱེད་པའི་སྔགས་བརྗོད་ཅིང་ལས་གང་ཡང་རུང་བའི་སྔགས་བཟླས་
པར་བྱ་སྟེ། མཆོད་ཡོན་གྱི་སྔགས་གཡོན་དུ་གཞག་པར་བྱའོ། །སྦྱིན་སྲེག་གི་རྫས་ཐམས་ཅད་སྔགས་བདུན་གྱིས་བྱིན་གྱིས་བརླབས་ཏེ་གཡས་སུ་གཞག་པར་བྱའོ། །དྲག་པོའི་ལས་ལ་གོ་བཟློག་པས་སོ། །དེ་ཡང་འོ་མ་ཅན་གྱི་ཤིང་ལ་རྩུབ་མ་བཏོན་པས་སྤང་བར་བྱ་སྟེ། ཞི་
བའི་དོན་དུའོ། །གཞན་ཡང་བྲམ་ཟེའི་ཁྱིམ་ནས་བླངས་པའི་མེ་ལས་ཀྱང་རུང་ངོ་། །གཞན་དགེ་འདུན་ལས་ཀྱང་རུང་ངོ་། །རྒྱལ་པོ་དང་། །རྗེའུ་རིགས་དང་། ནགས་ཀྱི་མེའམ། དགེ་འདུན་གྱི་མེས་ནི་རྒྱས་པའོ། །དུར་ཁྲོད་ཀྱི་མིའི་རུས་པ་འམ། རོ་བསྲེགས་པའི་མེ་འམ། གདོལ་པའི་ཁྱིམ་གྱི་མེས་ནི་དྲག་
པོའི་ལས་ལའོ། །སྨད་འཚོང་མའི་ཁྱིམ་ནས་བླངས་པའི་མེས་ནི་དགུག་པའོ། །གར་མཁན་དང་། སློང་མོ་བའི་མེས་ནི་དེ་བཞིན་དགུག་པའོ། །དེ་ནས་ཉེས་པ་འཇོམས་པར་བྱེད་པའི་སྔགས་ལན་གསུམ་བརྗོད་དེ། ཀུ་ཤའི་ཆུས་ལན་གསུམ་བསངས་ལ། ཤིང་སྐམ་
པོས་མེ་སྦར་བར་བྱའོ། །རླུང་གཡབ་ཀྱིས་གཡོབ་པར་བྱའི་ཁའི་དབུགས་ཀྱིས་ནི་མ་ཡིན་ནོ། །ཨོཾ་ཛྭ་ལ་ཛྭ་ལ་ཧཱུཾ་ཧཱུཾ་ལན་བདུན་བཟླས་ཏེ། མར་དབུལ་བར་བྱའོ། །ཨོཾ་བཛྲ་སཏྭ་ཨཱཿཞེས་བརྗོད་ལ། ཀུ་ཤ་ཕྱོགས་ཐམས་ཅད་དུ་དགྲམ་པར་བྱའོ། །རྩ་བ་གཙང་བ་དྲི་མ་མེད་

པ། མ་གྲུགས་པ། མ་གས་པ། རློན་པ། རིང་ཐུང་སྙོམས་པ། ཐམས་ཅད་རྩེ་མོ་ཤར་དུ་བསྟན་ལ་དགྲམ་པར་བྱའོ། །ཐབ་ཀྱི་མཐའ་ཡོངས་སུ་རྫོགས་པར་བཀང་ལ། དེ་ནས་ཐབ་ཀྱི་དབུས་སུ་མེའི་ལྷ་ཡོངས་སུ་རྫོགས་པར་བསྒོམས་ལ། རྡོ་རྗེ་འཛིན་པས་
སྔགས་དང་ཕྱག་རྒྱ་བཅས་ལ། བགེགས་བསྐྲད་ཅིང་གོ་བསྐོན་ཞིང་ཕྱོགས་བཅིང་བར་བྱའོ། །ཡེ་ཤེས་པ་སྤྱན་དྲང་ཞིང་དགུག་པ་དང་། གཞུག་པ་དང་བཅིང་བ་དང་། དབང་དུ་བྱས་ལ། མཆོད་ཡོན་དང་། ཞལ་བསིལ་དང་། ཞབས་བསིལ་ཕུལ་ལ། མེའི་ལྷ་དམ་ཚིག་
ལ་གནས་པར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ། ས་མ་ཡ་སྟྭཾ། ཞེས་བརྗོད་ལ། ཨོཾ་ཨགྣ་ཡེ་སྭཱཧཱ། ལན་གསུམ་བརྗོད་པར་བྱའོ། །སྔོན་གྱི་དམ་ཚིག་གི་ཕྱག་རྒྱ་བྱས་ལ། གོ་ཆ་བགོ་ཞིང་གོ་ཆའི་ཕྱག་རྒྱ་བྱའོ། །བདག་གིས་ཇི་ལྟར་འདོད་པའི་ལས་རྣམས་མཛོད་ཅིག་ཅེས་
བརྗོད་ལ། ལས་དང་རྗེས་སུ་མཐུན་པའི་གཟུགས་སུ་བསྒོམ་པར་བྱའོ། །ཨུ་མ་ལ་སོགས་པའི་ལྷ་མོ་བཞིས་ཡང་དག་པར་མཆོད་ཅིང་། ཉེས་པ་འཇོམས་པར་བྱེད་པའི་སྔགས་བརྗོད་ཅིང་བསྐོར་བ་གསུམ་བྱ་སྟེ། གཡས་པའི་མཐེ་བོའི་ཁུ་ཚུར་གྱིས་འཇིགས་པར་
བྱས་ཏེ། མེ་ལྷའི་ལྕེ་ལ་ཧཱུཾ་བཀོད་པ་ལ། པུས་མོ་གཉིས་ཀྱི་སྟེང་ནས་དགང་བླུགས་ཀྱིས་མར་གསུམ་སྦྱིན་པར་བྱའོ། །དྲག་པོའི་ལས་ཁང་པར་ཏའི་སྦྱིན་པར་བྱའོ། །མེ་འབར་བའི་མཚན་མ་བརྟགས་ལ། མེ་བསྐོར་ཞིང་དགང་བླུགས་སྦྱིན་པར་
བྱའོ། །ཡང་བགེགས་ཀྱི་མཚན་མ་དང་ལྡན་ན། བསྐྲད་ཅིང་མར་གྱི་དགང་བླུགས་གསུམ་སྦྱིན་ཞིང་། གཞན་ཡང་གཅིག་ནས་བདུན་གྱི་བར་གང་ཡང་རུང་བས་སོ། །དེ་ནས་མར་གྱི་རྗེས་སུ་ཏིལ་དབུལ་ཞིང་། དེ་ནས་འབྲུ་གཞན་རྣམས་ཀྱང་རིམ་གྱིས་དབུལ་བར་བྱའོ། །
དྲག་པོའི་ལས་ལ་ནི་མིའི་རུས་པ་བཏགས་པའི་ཕྱེ་མ་དང་ལྡན་པའི་མར་དབུལ་ཞིང་། ཞོ་ལ་སོགས་པའི་རྫས་རྣམས་ནི་ཞལ་དུའོ། །མཆོད་ཡོན་ནི་ཕྱག་དུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་ཤངས་ལའོ། །ཞབས་བསིལ་ནི་ཞབས་ལའོ། །

མཆོད་ཡོན་དང་མར་མེ་ནི་མདུན་དུའོ། །ཞལ་བསིལ་ནི་ཞལ་དུའོ། །ཡམ་ཤིང་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་རིམ་པས་བྱ་སྟེ། དེ་ནས་སྔགས་དྲུག་དང་། བྷ་ཁ་ཏྲ་བྷོ་ལ་ཏྲ་ཧཱུཾ་ཧོ་ཛ། ཞི་བ་དང་། རྒྱས་པ་དང་། དགུག་པ་དང་། དབང་དུ་བྱ་བ་ལ་དྲི་
དང་མར་མེ་ལ་སོགས་པ། ཞི་བ་ལག་པའི་གཟུགས་ཀྱིས་ཨུ་མ་ལག་པའི་ལྷ་མོ་རྣམས་ཀྱིས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་དེ། ལྕེ་རྡོ་རྗེའི་སྦུ་གུ་ཅན་ཡི་གེ་ཧཱུཾ་གིས་མཚན་པས་ཡང་དག་པར་མཆོད་དེ་བསྲེག་རྫས་ཐམས་ཅད་ཀྱང་སྔགས་གསུམ་
གསུམ་གྱིས་དབུལ་བར་བྱའོ། རྡོ་རྗེ་ཁུ་ཚུར་གྱིས་དགང་བླུགས་བཟུང་ལ། ཆེ་གེ་མོ་ཞི་བའི་དོན་དུ་ཞེས་བྱ་བ་ལ་སོགས་པ་མཐའ་བསྒྱུར་གྱི་སྔགས་དང་ལྡན་པའོ། །དེའང་རྒྱུད་གཞན་གྱི་ཆོ་གའི་རྗེས་སུ་འཇུག་པར་བྱའོ། །དེ་ནས་ཡི་གེ་ཧཱུཾ་བརྗོད་ཅིང་། དེ་ནས་དགང་བླུགས་ལ་སོགས་
པ་ཡང་བྱིན་ལ། མཆོད་ཡོན་དང་ཞབས་བསིལ་ལ་སོགས་པ་ཕུལ་ཏེ། ཡང་དག་པར་བསྟོད་ནས། དེ་ནས་དངོས་གྲུབ་ཀྱི་དོན་དུ་མེ་ལ་གསོལ་བ་གདབ་པར་བྱ་སྟེ། ཡང་མཆོད་ཡོན་དང་ཞབས་བསིལ་ཕུལ་ལ། དེ་ལྟར་ལན་གསུམ་མམ་བཞི་ལག་པས་དབུལ་ཞིང་སྔགས་
བཟླས་པར་བྱའོ། །ཇི་ལྟར་སེམས་ཅན་ཀུན་གྱི་དོན། །སངས་རྒྱས་ཀུན་གྱིས་གསལ་བར་གསུངས། །སྦྱིན་སྲེག་ལ་སོགས་པ་རྣམས་དང་། །སྔགས་ཀྱི་བཟླས་པ་དག་པ་རྣམས། །ཇི་ལྟར་སེམས་ཅན་ཀུན་དོན་ལ། །ཇི་ལྟར་བྲིས་པའི་བསོད་ནམས་ཀྱིས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མྱུར་དུ་
མྱ་ངན་འདས་མཆོག་ཤོག །དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། །།སློབ་དཔོན་ཆེན་པོ་བློ་བཟངས་སྐྱོང་གིས་མཛད་པའོ། །འདིའི་ཤློ་ཀའི་གྲངས་ནི་ཚིགས་སུ་བཅད་པ་བདུན་བརྒྱའོ། །རྒྱ་གར་གྱི་པཎྜི་ཏ་སྒྲ་པཱ་ཎཱི་ནི་ཡོངས་སུ་རྫོགས་པའི་སྙན་དངགས་དང་
ཚིག་གི་སྡེབས་ལ་མཁས་པ་ནོན་ནི་པཎྜི་ཏ་དང་། བོད་ཀྱི་ལོ་ཙཱ་བ་ཨུ་རྒྱན་པ་རིན་ཆེན་དཔལ་གྱིས་རི་བོ་ཆེན་པོ་སྦུ་ཏྲའི་མགུལ་དུ་བསྒྱུར་བའོ།། །།༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཊཱི་ཀཱ། བོད་སྐད་དུ། རྡོ་རྗེས་རྣམ་པར་འཇོམས་པ་ཞེས་བྱ་བའི་

གཟུངས་ཀྱི་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་པ་འཇིག་རྟེན་མགོན། དུག་གསུམ་ནད་སེལ་སྨན་གྱི་མཆོག །འཕགས་པའི་ཚོགས་ལ་ཕྱག་འཚལ་ཏེ། །དེ་ཡི་གཞུང་འགྲེལ་བྱ་བར་འདོད། །དེ་ལ་མདོ་སྡེ་
འདི་འཆད་པར་འདོད་པས། བསྡུས་པའི་དོན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། གླེང་གཞི་ཕུན་སུམ་ཚོགས་པ་དང་། མདོ་བཤད་པའོ། །དེ་ལ་མདོ་ལ་བཞི་སྟེ། ཡོན་ཏན་འབྱུང་བའི་རྒྱུའི་ཏིང་ངེ་འཛིན་གྱི་ཁྱད་པར་དང་། ཡོན་ཏན་གྱི་རང་བཞིན་དངོས་གཞི་དང་། ཡོན་
ཏན་གྱི་ཕན་ཡོན་གྱི་འབྲས་བུ་དང་། སྡུག་བསྔལ་ཞི་བར་བྱེད་པའི་སྒྲུབ་པའི་ཐབས་དང་བཅས་པ་རྣམས་བསྟན་ཏོ། །དེ་ལ་གླེང་གཞི་ཕུན་སུམ་ཚོགས་པ་ནི། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བའི་བར་གྱིས་
བསྟན་ཏོ། །དེ་ཡང་ལྔས་བསྟན་ཏེ། མདོ་སྡེའི་དོན་དང་། སྡུད་པ་པོ་དང་། དུས་དང་། སྟོན་པ་དང་། གནས་དང་ལྔ་སྟེ། འདི་སྐད་བདག་གིས་ཐོས་པ་དང་། དུས་གཅིག་དང་། བཅོམ་ལྡན་འདས་དང་། རྡོ་རྗེ་ལ་བཞུགས་ཏེ་རྣམས་གོ་རིམས་བཞིན་ནོ། །དེ་ལ་མདོ་སྡེའི་
དོན་ཇི་ལྟ་བུ་ཞེ་ན། མིང་གི་ཁྱད་པར་གྱིས་བསྟན་ཏེ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་སྨྲས་སོ། །འདི་ལྟར་རྡོ་རྗེ་ནི་ཕྱི་རོལ་གྱི་འདུས་བྱས་ཀྱི་རྫས་དཔེར་བསྟན་པ་ལྟ་བུ་སྟེ། ཡེ་ཤེས་རང་གི་ངོ་བོ་ལ་གཞན་གྱི་རྟོག་པ་དག་གི་བར་མི་ཆོད་དེ། འདི་ལྟར་འོག་ནས་མི་ཆོད་པ་
ནས་ཐམས་ཅད་དུ་མ་ཕམ་པ་ཞེས་བྱ་བའི་བར་དུ་བདུན་གྱིས་བསྟན་པར་མངོན་ནོ། །རྣམ་པར་འཇོམས་པ་ཞེས་བྱ་བ་ནི། འདུས་བྱས་རྫས་ཀྱི་དངོས་པོ་དེས་བཅད་པར་བྱ་བ་གང་དག་རིན་པོ་ཆེའི་རིགས་གཞན་དག་ལྟ་བུ་སྟེ། གཟུང་བ་དང་འཛིན་པ་ཅན་གྱི་སེམས་ཅན་དག་འདུལ་བ་
སྟེ། འདི་ལྟར་འོག་ནས་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ནས་སེམས་ཅན་ཐམས་ཅད་བསྲུང་བ་ཞེས་བྱ་བའི་བར་དུ་བསྟན་ཏོ། །གཞན་དག་ཁ་ཅིག་ན་རེ་རྡོ་རྗེ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཤིན་ཏུ་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པའི་ཡེ་ཤེས་སུ་རྩེ་གཅིག་ཉིད་དུ་

མཉམ་པར་གཞག་པའོ། །འཇོམས་པ་ནི་འཇིག་ཚོགས་ལ་ལྟ་བའི་བསམ་པ་ཅན་གྱིས་ཕྱི་ནང་གི་བགེགས་ལྡང་བའི་རྒྱུ་ལས་ཀྱི་བག་ལ་ཉལ་བ་དག་འདུལ་བའི་ཕྱིར་རོ་ཞེས་ཟེར་རོ། །གཟུངས་ཞེས་བྱ་བ་ནི་འཛིན་པ་དང་མི་གཏོང་བའི་ཐ་ཚིག་གོ། །དེ་ཡང་གང་གིས་གང་ཞིག་
ལ། རྡོ་རྗེ་ཞེས་བྱ་བ་དང་། རྣམ་པར་འཇོམས་པ་ཞེས་བྱ་བ་གཉིས་ཏེ། གོ་རིམས་བཞིན་ནོ། །ད་ནི་ཡང་དག་པར་སྡུད་པར་བྱེད་པས་གུས་པ་སྐྱེད་པ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་སྨོས་ཏེ། ཉོན་མོངས་པའི་འཆིང་བ་
དག་སྤངས་ཤིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྫོགས་པའི་སངས་རྒྱས་ཞེས་བྱའོ། །གང་དག་གི་ཉོན་མོངས་པ་ཟད་པར་བྱས་ཤིང་། དེ་དག་ཕྱིས་ལྡང་བར་མི་འགྱུར་བའི་ཕྱིར་ན་བྱང་ཆུབ་ཅེས་བྱའོ། །གང་དག་རྟོགས་པར་བྱ་བའི་དོན་ལ་མི་ཞུམ་པར་བྱ་བའི་ཕྱིར་སེམས་དཔའ་
ཞེས་བྱའོ། །གཞན་དག་ན་རེ། དོན་བྱ་བའི་སེམས་ཅན་གྱི་དོན་ལ་མི་སྐྲག་པའི་སེམས་དཔའ་ཞེས་བྱའོ་ཞེས་ཟེར་རོ། །ཐམས་ཅད་ཅེས་པ་ནི་རིགས་སུ་མ་བཅད་པའི་ཐ་ཚིག་གོ། །ད་ནི་གླེང་གཞི་བསྟན་ཏེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་སྨོས་སོ། །དེ་ལ་
འདི་སྐད་ཅེས་བྱ་བ་ནི་གཟུངས་འདི་རྫོགས་པའི་བར་གྱི་ཐ་ཚིག་གོ། །ཚིག་དེ་དག་བརྒྱུད་པ་ལྟ་བུའི་མ་ཡིན་པས་བདག་གིས་ཞེས་བྱའོ། །བདག་ཉིད་སྟོན་པ་མ་ཡིན་པའི་ཕྱིར། ཐོས་པ་ཞེས་བྱའོ། །ཡུལ་ཡངས་པ་ཅན་དང་། རྒྱལ་པོའི་ཁབ་ལྟ་བུ་ན་བཞུགས་པ་མ་ཡིན་ཏེ།
རྡོ་རྗེ་ན་བཞུགས་པའི་དུས་དེ་ན་ཐོས་པས་དུས་གཅིག་ན་ཞེས་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་བཞི་བཅོམ་ཞིང་དྲུག་དང་ལྡན་པའོ། །ཁ་ཅིག་ན་རེ་དྲུག་དང་ལྡན་པས་བཞི་བཅོམ་མོ་ཟེར་རོ། །རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི་གང་གི་ཚེ་མདོ་སྡེ་བཤད་པའི་དུས་ན་ཕྱི་རོལ་གྱི་གདན་
ལ་བཞུགས་ཀྱི། ནང་དུ་ཡང་དག་འཇོག་གིས་བཞུགས་པའོ། །ཁ་ཅིག་ན་རེ་ཕྱི་རོལ་གྱི་གདན་ཡང་མི་མངའ་བ་མ་ཡིན་མོད་ཀྱི། །རྡོ་རྗེ་ལྟ་བུའི་ཡེ་ཤེས་གཙོར་མཛད་པའི་ཐ་ཚིག་གོ་ཞེས་ཟེར་རོ། །འདི་ན་མར་སྤྱི་དོན་གཉིས་པ་སྟེ། དེ་ལ་བཞིས་བསྟན་པའི་དང་པོ་ལ་གཉིས་ཏེ།

བྱིན་གྱིས་བརླབ་པ་དང་། སྙོམས་པར་ཞུགས་པའོ། །དེ་ནས་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེ་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བས་བསྟན་ཏེ། བྱིན་གྱིས་བརླབ་པ་ནི། གང་གི་མཐུས་བྱིན་
གྱིས་བརླབ་པ་དང་། གང་གིས་བརླབ་པ་དང་། གང་ལྟར་བྱིན་གྱིས་བརླབ་པ་དང་། བཞིར་རིམ་པར་སྦྱར་རོ། །བྱིན་གྱིས་བརླབས་ནས་གང་ལ་སྙོམས་པར་ཞུགས་པ་ནི་དངོས་གཞི་དང་། ཡུལ་དང་། ཡུལ་ཅན་གསུམ་དང་། དཔེ་དང་རྣམ་པར་མི་རྟོག་པ་དང་། འབྱུང་འཇུག་
མེད་པ་གསུམ་རིམ་པར་སྦྱར་རོ། །དེ་ལ་མདོ་སྡེ་འདི་ཟབ་པའི་ཕྱིར་ལག་ན་རྡོ་རྗེ་ལྟ་བུ་དུས་གསུམ་གྱི་གསང་བ་ལ་དབང་བྱེད་པས་ཀྱང་བཤད་མི་ནུས་པའི་ཕྱིར་སངས་རྒྱས་ཀྱི་མཐུས་ཞེས་བྱའོ། །ཡེ་ཤེས་ལ་མངའ་བརྙེས་པས་ལག་ན་ཡང་རྡོ་རྗེ་བསྣམས་པའི་ཐ་ཚིག་གོ། །འབྱུང་བ་ཆེན་
པོའི་རྒྱུ་ལས་བྱུང་བའི་ལུས་མ་ཡིན་གྱི། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པར་བསགས་པའི་རྒྱུ་ལས་བྱུང་བའི་ཡེ་ཤེས་ཀྱི་སྐུ་ཅན་དུ་བྱས་པའི་ཕྱིར་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ཞེས་བྱའོ། །དེ་ལ་ལུས་ཐམས་ཅད་ཅེས་བྱ་བ་ནི་ཕྱི་དང་ནང་གི་དངོས་པོ་
མ་ལུས་པར་ཡེ་ཤེས་ཀྱི་ལུས་སུ་བྱིན་གྱིས་བརླབས་པའི་ཐ་ཚིག་གོ། །ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་རྟོགས་པའི་ངོ་བོ་རྡོ་རྗེ་ལྟར་ཐོགས་པ་མེད་པའི་ཡེ་ཤེས་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པའི་ཕྱིར་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བའོ། །ད་ནི་སྤྱི་དོན་གཉིས་པ་
ལ་བཞིས་བསྟན་པའི་མདོ་སྡེ་འདིའི་ཡོན་ཏན་གྱི་རང་བཞིན་དངོས་གཞིས་བསྟན་ཏེ། དེ་ལ་ཡང་གསུམ་སྟེ། ཡོན་ཏན་རྣམས་བྱིན་གྱི་རླབས་ལས་འབྱུང་བ་དང་། གཟུངས་ཀྱི་མཚན་ཉིད་ཀྱི་ཁྱད་པར་གྱི་ཡོན་ཏན་རང་བཞིན་གྱི་དངོས་གཞི་དང་། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་
རྣམས་ཀྱི་ཡོན་ཏན་གྱི་རང་བཞིན་གྱི་དངོས་གཞིའོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་ཞེས་བྱ་བ་ནས་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ་ཞེས་བྱ་བའི་བར་དུ་ནི་དང་པོ་བསྟན་ཏོ། །མི་ཆོད་པ་བྱ་བ་ནས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ་ཞེས་བྱ་བའི་བར་ནི་དོན་གཉིས་པ་བསྟན་ཏོ། །ན་མོ་

རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཞེས་བྱ་བའི་བར་གྱིས་ནི་དོན་གསུམ་པ་བསྟན་ཏོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་ཞེས་
བྱ་བ་ནི། གང་གིས་སྨྲས་པ་དང་། གང་གི་བྱིན་གྱི་རླབས་ཀྱིས་སྨྲས་པ་དང་། གང་ལས་བྱུང་བ་སྨྲས་པ་རྣམས་དང་། གང་སྨྲས་པ་དང་། ལག་ན་རྡོ་རྗེ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་དང་། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་དང་། རྡོ་རྗེ་སྙིང་པོ་རྣམས་གོ་རིམས་
བཞིན་ནོ། །དེ་ལ་ལག་ན་རྡོ་རྗེ་བྱ་བ་དང་། སྨྲས་ཏེ་ཞེས་བྱ་བའི་བར་སྐབས་སྦྱར་རོ། །དྲིས་པ་ལག་ན་རྡོ་རྗེས་གང་སྨྲས་ཤེ་ན། སྨྲས་པ་རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོ་སྨྲས་ཏེ་ཞེས་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཐུགས་ཡེ་ཤེས་ཀྱི་རྡོ་རྗེ་ཁྲོ་བོའོ། །ཅིའི་ཕྱིར་ཞེ་ན། དངོས་
པོ་རྟོག་པ་མེད་པའི་ཕྱིར་རོ། །དེ་ལ་བྱུང་བའི་རྡོ་རྗེ་སྙིང་པོ་ནི་མི་ཆོད་པ་ལ་སོགས་པ་རྣམས་སོ། །དེ་དག་ལག་ན་རྡོ་རྗེས་སྨྲས་སོ་ཞེས་བྱའོ། །གང་ཡེ་ཤེས་དེ་སྙིང་པོ་ཡིན་པའི་ཕྱིར་མི་ཆོད་པའོ། །རྩ་བར་གྱུར་པའི་ཕྱིར་མི་ཤིགས་པའོ། །གཞན་དག་ན་རེ། ཡེ་ཤེས་དེ་ལ་
རྟོག་པའི་དངོས་པོ་མེད་པའི་ཕྱིར་རོ། །མི་ཆོད་པ་མི་ཤིགས་པའོ། །ཟེར་རོ། །ཕྱིན་ཅི་མ་ལོག་པ་དང་ཡང་དག་པའི་ཕྱིར་བདེན་པའོ། །འདུས་བྱས་ལས་བྱུང་བ་མ་ཡིན་པའི་ཕྱིར་སྲ་བའོ། །རྟོག་པའི་རླུང་མེད་པའི་ཕྱིར་བརྟན་པའོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡིན་པའི་ཕྱིར་
ཐམས་ཅད་དུ་ཐོགས་པ་མེད་པའོ། །དེ་ནི་མི་འཇིགས་པ་བཞི་དང་ལྡན་པས་ཐམས་ཅད་དུ་མ་ཕམ་པའོ། །རྡོ་རྗེ་ཞེས་བྱ་བའི་ངེས་པ་བསྟན་ཟིན་ཏོ། །གང་དག་དངོས་པོར་སྨྲ་བ་རྣམས་ཡེ་ཤེས་དེ་ཐོས་ན་གཟུང་འཛིན་ལ་ཆགས་པའི་དབང་དང་། གོམས་པའི་མཐུ་བརྟས་པའི་སེམས་ཅན་
ཐམས་ཅད་སྐྲག་པར་བྱེད་པའོ། །ཡེ་ཤེས་དེའི་བྱིན་རླབས་ཀྱིས་སྲོག་ཆགས་ཀྱི་རིགས་གང་དག་གིས་བདག་ལ་འཚེ་བར་བྱེད་པའི་བསམ་པ་རྣམས་ཕྱིར་ནུར་བར་གྱུར་པའི་ཕྱིར། །སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པའོ། །ཡེ་ཤེས་རྡོ་རྗེ་ལྟ་བུ་དེས་བྲམ་ཟེ་དང་དྲང་སྲོང་དག་གི་རིག་

སྔགས་དང་། དམོད་མོ་གཅོད་པའི་ཕྱིར། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པའོ། །ཡེ་ཤེས་དེ་བདག་གིས་མངོན་དུ་གྱུར་པའི་དུས་ན་རང་གི་ཤེས་པ་ལ་གནས་པའི་ངན་འགྲོའི་རྒྱུ་མེད་པའི་ཕྱིར། ལས་
ཐམས་ཅད་འཇོམས་པར་བྱེད་པའོ། །དྲིས་པ། བྱང་ཆུབ་སེམས་དཔའ་ནི་ཐམས་ཅད་དུ་དོན་སྤྱོད་པ་ཡིན་ན། རང་གི་ངན་འགྲོའི་རྒྱུ་མེད་པར་བྱེད་ཅེས་བཤད་པ་ཅིའི་ཕྱིར་ཞེ་ན། སྨྲས་པ་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱི་བྱིན་གྱི་རླབས་ཀྱིས་གཞན་གྱི་ཡང་ངན་འགྲོའི་རྒྱུ་མེད་པར་བྱེད་པས་
གཞན་གྱི་ལས་ཐམས་ཅད་འཇོམས་པར་བྱེད་པའོ། །ཡེ་ཤེས་དེས་མི་མ་ཡིན་པའི་གདོན་དང་། འབྱུང་པོ་རྣམས་མི་གནས་ཤིང་མེད་པར་བྱ་བ་དང་། བརླག་པར་བྱ་བའི་ཕྱིར། གདོན་ཐམས་ཅད་རླག་པར་བྱེད་པའོ། །གང་ཞིག་གང་གིས་ཟིན་པ་དེ་ཡེ་ཤེས་དེས་ནི་དེ་ལས་ཐར་བར་
བྱེད་པས། གདོན་ཐམས་ཅད་ལས་ཐར་པར་བྱེད་པའོ། །གང་གི་དོན་དུ་གང་ཞིག་དགུག་ན་ཡེ་ཤེས་རྡོ་རྗེ་ལྟ་བུར་བྱེད་པའི་ཕྱིར། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པའོ། །རིག་སྔགས་ཀྱི་ལས་ཐམས་ཅད་ཅི་བྱ་བ་དག་ནི་གཞི་ཡང་ཡེ་ཤེས་རྡོ་རྗེ་ལྟ་བུ་དེ་ཡིན་པའི་ཕྱིར། རིག་སྔགས་
ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པའོ། །སྔར་མ་གྲུབ་པ་རྣམས་ནི་ད་ལྟར་གྲུབ་པར་བྱེད་པ་སྔར་གྲུབ་པ་རྣམས་ནི་ད་ལྟར་དང་མ་འོངས་པ་ན་དོན་འབྲས་བུ་ཆུད་མི་ཟ་བར་བྱེད་པས། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པའོ། །འདོད་པ་གཉིས་རབ་ཏུ་
སྦྱིན་པས་ནི། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པའོ། །ཡེ་ཤེས་དེའི་བྱིན་གྱི་རླབས་ཀྱིས་ཕྱི་ནང་གི་བགེགས་བསལ་བས་གློ་བུར་བའི་རྐྱེན་ཡང་མེད་པའི་ཕྱིར། སེམས་ཅན་ཐམས་ཅད་བསྲུང་བའོ། །ཁ་ཅིག་ན་རེ་ཐེག་པ་ཆེན་པོའི་རིགས་ཅན་དང་བདག་ལ་སྐྱབས་སུ་གསོལ་བ་དག་
སྲུང་ཞེས་ཟེར་ན། ཐམས་ཅད་ཀྱི་སྒྲས་རིགས་སུ་ཆད་པའི་སྐྱོན་དུ་འགྱུར་རོ། །དེ་དག་གིས་རྣམ་པར་འཇོམས་པའི་དོན་བཤད་ཟིན་ཏོ། །དེ་བས་ན་གཟུངས་མདོ་སྡེ་འདིའི་མཚན་རྡོ་རྗེ་རྣམ་པར་འཇོམས་པ་ཞེས་གྲགས་སོ། །ཡེ་ཤེས་རྡོ་རྗེ་ལྟ་བུ་དེས་དོན་མཛད་པའི་སྒོ་ནི་མང་མོད་ཀྱང་

ལས་རྣམ་པ་བཞིའི་སྒོ་ནས་དོན་མཛད་དེ། ཞི་བ་དང་། རྒྱས་པ་དང་། དྲག་པོ་དང་། དབང་དང་བཞིའོ། །ཉོན་མོངས་པ་གསུམ་དང་། ཚེ་དང་ལོངས་སྤྱོད་དང་། གནོད་པར་བྱེད་པ་དག་དང་། མི་འཇིགས་པ་བཞི་དང་། ཞི་བ་དང་རྒྱས་པ་དང་། སེམས་ཅན་ཐམས་ཅད་
རེངས་པར་བྱེད་པ། སེམས་ཅན་ཐམས་ཅད་རྨུགས་པར་བྱེད་པ་བཞི་གོ་རིམས་བཞིན་ནོ། །དྲིས་པ། ཕྱི་རོལ་གྱི་རྟག་པར་སྨྲ་བར་དྲུག་ཅུ་རྩ་བཞི་ལ་སོགས་པ་ལ་ནི་བྱེད་པ་ཡོད་པར་འདོད་ཀྱི། ཆོས་འདི་ལམ་བྱེད་པ་ཞེས་མི་རིགས་སོ་ཞེ་ན། རྟག་པར་སྨྲ་བ་རྣམས་ཀྱི་བྱེད་
པ་ནི། བདག་རྟག་པས་དབང་ཕྱུག་ལ་སོགས་པས་བྱེད་པར་འདོད་པ་ཡིན་ལ། འདིར་ནི་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་ཞེས་འབྱུང་སྟེ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་དང་། རྨུགས་པར་བྱེད་པའི་བར་དག་གསང་སྔགས་ཀྱིས་བྱེད་པའི་ཐ་ཚིག་གོ། །
དྲིས་པ་མི་ཆོད་པ་ནས་རྨུགས་པར་བྱེད་པའི་བར་ལ། གོང་དུ་ནི་རྡོ་རྗེ་སྙིང་པོས་སྨྲས་ཞེས་འབྱུང་ལ། འདིར་ནི་རྨུགས་པར་བྱེད་པའི་གསང་སྔགས་མཐུ་ཞེས་སྨྲས་པས། གོང་མ་དག་འོག་གི་གསང་སྔགས་ཀྱིས་བྱེད་པ་དང་། བྱིན་གྱིས་བརླབས་པ་སྐད་འབྱུང་བ་ཅིའི་ཕྱིར་ཞེ་ན། སྨྲས་པ་
རྡོ་རྗེ་སྙིང་པོ་ཞེས་གོང་དུ་སླད་འདྲེན་པ་ནི། མི་ཆོད་པ་ནས་ཐམས་ཅད་དུ་མ་ཕམ་པའི་བར་ཡིན་ལ། །དེ་དག་གིས་སེམས་ཅན་གྱི་དོན་བྱེད་པའི་ཐབས་ནི། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ནས། རྨུགས་པར་བྱེད་པའི་བར་ནི་གསང་སྔགས་ཀྱི་མཐུས་བྱེད་དོ། །ཁ་ཅིག་ན་རེ་
གང་དུ་རྡོ་རྗེ་ཁྲོ་བོ་ལས་བྱུང་བ། རྡོ་རྗེ་སྙིང་པོས་ཞེས་འབྱུང་བས། རྡོ་རྗེ་ཁྲོ་བོ་ནི་འོག་གི་གསང་སྔགས་རྣམས་ལ་བྱ་བར་འདོད་དོ་ཞེས་ཟེར་རོ། །ད་ནི་གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཡོན་ཏན་གྱི་རང་བཞིན་དངོས་གཞི་ལ་བབས་ཏེ། དེ་ཡང་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་
གསང་སྔགས་དང་། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་གསང་སྔགས་དང་། བརྟན་པར་བྱིན་གྱིས་བརླབས་པའི་གསང་སྔགས་དང་། དབང་བསྐུར་བའི་གསང་སྔགས་དང་། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་སོའི་རྩ་སྔགས་རྣམས་བསྟན་ཏོ། །དེ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ་ནི་

དཀོན་མཆོག་གསུམ་ལ་ཕྱག་འཚལ་བའོ། །ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ་ཞེས་བྱ་བ་ནས་སུ་བཛྲཱ་ཡ་སྭཱཧཱ། ཞེས་བྱ་བའི་བར་དུ་ནི།
རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབ་པའི་གསང་སྔགས་བསྟན་ཏོ། །དེ་ཡང་ཏྲ་ཊ་ཏྲ་ཊ་ཞེས་བྱ་བ་ནས་སཾ་གྷ་ཊ་སཾ་གྷ་ཊ་ཡའི་བར་གྱིས་ནི། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ནས་རྨོངས་པར་བྱེད་པའི་བར་དུ་བྱིན་གྱིས་བརླབ་པ་ཡིན་ནོ། །སརྦ་བིདྱཱ་བཛྲ་བཛྲ་ནས་སུ་བཛྲ་སྭཱཧཱའི་བར་གྱིས་
ནི་མི་ཆོད་པ་ཞེས་བྱ་བ་ནས་ཐམས་ཅད་དུ་མ་ཕམ་པའི་བར་བྱིན་གྱིས་རློབ་པ་ཡིན་པར་བསྟན་ཏོ། །ཧེ་ཕུལླུ། ནི་རུ་ཕུལླུ་ཞེས་བྱ་བ་ནས། པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱཧཱའི་བར་དུ་ནི་ཁྲོ་བོ་རྣམས་ཀྱི་སྐུ་བསྐྱེད་པ་སྟེ། གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་བསྐྱེད་པའི་གསང་སྔགས་
བསྟན་ཏོ། །ཁྲོ་བོ་ཧཱུཾ་ཀཱ་ར་དང་། ཨཱརྱ་ཨཱ་ཙ་ལ་དང་། ཡ་མཱནྟ་ཀ་དང་། ནཱི་ལ་དཎྜ་དང་། ཧ་ཡཱ་གྲཱི་བ་དང་། ཊཀྐི་རཱ་ཛ་དང་། ཨ་མོ་གྷ་པཱ་ཤ་དང་། མ་ཧཱ་བ་ལ་རྣམས། ཏྲཱ་ས་ཡ་ཧྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལ་ཡ་སྭཱཧཱ། ཡན་ཆད་རིམ་བཞིན་དུ་སྦྱར་རོ། །ཧ་ར་ཧ་ར་བཛྲ་དྷཱ་ར་ཡ་སྭཱཧཱ།
ཞེས་པ་ནི་སྒོ་མ་རྣམས་བསྐྱེད་པའི་སྔགས་སོ། །པྲ་ཧ་ར་པྲ་ཧ་ར། བཛྲ་པྲབྷཉྫ་ན་སྭཱཧཱ་ནི། ཨ་མྲྀ་ཏ་ཀུཎྜ་ལི་བསྐྱེད་པའི་སྔགས་སོ། །མ་ཏིསྠི་ར་ཞེས་པ་ནས། ཨ་མུ་ཀཾ་མཱ་ར་ཡ་ཕཊ། བྱ་བའི་བར་དུ་ནི་བརྟན་པར་བྱིན་གྱིས་བརླབ་པའི་གསང་སྔགས་ཏེ། གཟུངས་ཀྱི་དཀྱིལ་འཁོར་
གྱི་ཁྲོ་བོ་རྣམས་ཀྱི་སྐུ་བསྐྱེད་པ་བརྟན་པར་བྱ་བ་དང་། བདག་ཉིད་ལ་བདེན་པའི་བྱིན་རླབས་བྱ་བའོ། །ན་མཿས་མནྟ་བཛྲཱ་ཎཱཾ། ཞེས་པ་ནས་བཛྲཱཾ་ཀུ་ཤ་ཛྭཱ་ལཱ་ཡ་སྭཱ་ཧཱའི་བར་དུ་ནི་དབང་བསྐུར་བའི་གསང་སྔགས་བསྟན་ཏེ། གཟུངས་ཀྱི་བུམ་པས་སྤྱི་བོ་ནས་དབང་བསྐུར་བའི་ཚེ་བཟླས་
པར་བྱ་བ་དང་། དབང་བསྐུར་བའི་ཚིག་ཡིན་ནོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནས་ཨ་མྲྀ་ཏེ་ཧཱུཾ་ཕཊ་ཀྱི་བར་དུ་ནི་གཟུངས་ཀྱི་དཀྱིལ་འཁོར་གྱི་ལྷ་སོ་སོའི་གསང་སྔགས་བསྟན་ཏོ། །དེ་ལ་ཕྱག་འཚལ་བའི་ཚིག་ནི་གོ་སླའོ། །ཨོཾ་ཧ་ར་ཧ་ར་བཛྲ་ནི་གཙོ་བོའི་ལས་ཀྱི་སྔགས་སོ། །མ་ཐ་མ་ཐ་

བཛྲ་ནས་ཙྪིནྡ་ཙྪིནྡའི་བར་དུ་བརྒྱད་ནི་ཁྲོ་བོ་བརྒྱད་རིམ་བཞིན་ནོ། །བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ་ནི་ཨ་མྲྀ་ཏ་ཀུཎྜ་ལིའི་ལས་ཀྱི་སྔགས་སོ། །དེ་མན་ཆད་ཀྱི་སྔགས་ནི་སྒོ་མ་བཞིའི་ལས་ཀྱི་སྔགས་སོ། །སྔགས་འདི་དག་ནི་སང་སྐྲྀ་ཏའི་སྐད་ལ་སོགས་པ་སྒྲ་ཡན་ལག་མང་སྟེ། བྱིན་གྱིས་བརླབས་པ་
ཡིན་པས་བཟླས་པས་བྱིན་རླབས་ཅན་དུ་འགྱུར་བས། བོད་དུ་ཐང་ལོག་མི་འགྱུར་རོ། །ཞེས་མཁས་པ་དག་གིས་འཆད་དོ། །ད་ནི་སྤྱི་དོན་གཉིས་ཀྱིས་བསྟན་པའི་གཉིས་པ་ལ་བཞིས་བསྟན་པའི་གསུམ་པ་ཡོན་ཏན་གྱི་ཕན་ཡོན་གྱི་འབྲས་བུ་འཆད་དོ། །དེ་ལ་ཡང་གཉིས་ཏེ།
སྡུག་བསྔལ་སེལ་བར་བྱེད་པ་དང་། བདེ་བ་སྐྱེད་པར་བྱེད་པའོ། །ཚིག་རྐང་གཉིས་དང་སྦྱར་རོ། །གཟུངས་ཀྱི་དཀྱིལ་འཁོར་འདི་ལྟར་བྱས་ཏེ་བསྒྲུབས་ན། སྔོན་གྱི་ཚེ་རབས་གྲངས་མེད་པ་ནས་བསགས་པའི་སྡིག་པ་དང་། དེ་ལྟར་འཕྲལ་དུ་བྱས་པ་དག་འབྱང་བར་འགྱུར་ལ།
རྒྱུ་སྡིག་པ་བྱས་ན་སྡིག་པའི་འབྲས་བུ་ངན་སོང་ཡོད་པའི་སྡུག་བསྔལ་མ་ལུས་པ་མེད་པའི་ཕྱིར། སྡིག་པ་ཐམས་ཅད་བྱང་བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་བྱའོ། །མདོ་སྡེ་འདི་ནི་དེ་ལྟར་ཡོན་ཏན་དང་གཟི་བརྗིད་དང་ཕན་ཡོན་ཆེ་བས། རྒྱུད་དང་མདོ་
སྡེ་ཀུན་གྱི་སྙིང་པོ་དང་རྩ་བ་ཡིན་པའི་ཕྱིར་ནི། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་བྱ་བའོ། །ཅིའི་ཕྱིར་ན་རྒྱུད་དང་མདོ་སྡེ་མང་པོ་གཞན་དག་ལས་ཀྱང་། །སེམས་ཅན་གྱི་སྒྲིབ་པ་བསལ་བ་དང་། སྡུག་བསྔལ་སྦྱང་བའི་ཐབས་ལས་གཞན་མི་སྟོན་པའི་ཕྱིར་རོ། །དེའི་ཕྱིར་ན་གཟུངས་འདི་ལྟར་བྱས་ན་
སངས་རྒྱས་ཀྱི་ཡོན་ཏན་ཅི་མངའ་བ་དེས་ཐོབ་པའི་ཕྱིར། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། ཞེས་བྱའོ། །ད་ནི་སྤྱི་དོན་གཉིས་ཀྱིས་བསྟན་པའི་གཉིས་པ་ལ་བཞིས་བསྟན་པའི་བཞི་ལ་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་བསྟན་ཏེ། དེ་ལ་ཡང་གསུམ་སྟེ། སྡུག་བསྔལ་གྱི་རྣམ་གྲངས་དང་།
སྡུག་བསྔལ་འབྱུང་བའི་རྟགས་དང་། སྡུག་བསྔལ་འགོག་པའི་ཐབས་སོ། །དེ་ཡང་། སེམས་ཅན་དབང་པོ་ཉམས་པ་དང་། ཞེས་བྱ་བ་ནས། །མྱ་ངན་ངལ་ལས་བྱུང་བ་ཡི། །ཞེས་བྱ་བའི་བར་གྱིས་སྡུག་བསྔལ་གྱི་རྣམ་གྲངས་བསྟན་ཏོ། །རྨི་ལམ་སྡིག་པ་མཐོང་ན་ཡང་གིས་ནི་སྡུག་

བསྔལ་འབྱུང་བའི་རྟགས་སོ། །དེས་ནི་རབ་ཁྲུས་བྱ་བ་ནས་རྫོགས་པའི་བར་དུ་སྡུག་བསྔལ་བཟློག་པའི་ཐབས་བསྟན་ཏོ། །དེ་ལ་ཡང་གསུམ་སྟེ། སྟ་གོན་ལ་གནས་པ་དང་། མདོ་སྡེ་འདི་མཉན་ཞིང་ཉམས་སུ་བླངས་པའི་ཕན་ཡོན་དང་། བུམ་པའི་དཀྱིལ་འཁོར་
རོ། །དེ་ལ་དེས་ནི་རབ་བཀྲུས་གཙང་མ་ཡིན་ནས། གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཞེས་པའི་བར་དུ་ནི་སྟ་གོན་ལ་གནས་པ་བསྟན། ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་བྱ་བ་ནས། སྡིག་པ་ཀུན་ལས་རྣམ་པར་ཐར། །ཞེས་བྱ་བའི་བར་དུ་ནི། མདོ་སྡེ་མཉན་པའི་ཕན་
ཡོན་བསྟན། ནོར་བུ་ཡུངས་ཀར་མན་ཆད་རྫོགས་པའི་བར་གྱིས་བུམ་པའི་དཀྱིལ་འཁོར་བསྟན་ཏོ། །དེ་ལ་བུམ་པ་ལ་ལྔ་སྟེ། ནང་གི་རྒྱུ་དང་། བུམ་པའི་རྒྱུ་དང་། མགུལ་དཀྲིས་ཀྱི་རྒྱུ་དང་། བཟླས་བརྗོད་ཀྱི་གྲངས་དང་། ཁྲུས་བྱ་བའི་ཐབས་དང་། གདམས་ངག་གོ། །དེ་ལ། ནོར་
བུ་ཡུངས་ཀར་དཱུར་བ་དང་། བྱ་བ་ནས་ཆུའི་བྱ་བ་ཡན་ཆད་ཀྱིས་ནང་དག་པའི་རྒྱུ་བསྟན་ཏོ། །གསེར་རམ་ཡང་ན་ནི། དངུལ་གྱི་བུམ་པ་དག་ཀྱང་རུང་། །ཞེས་པས་བུམ་པའི་རྒྱུ་བསྟན་ཏོ། །གཙང་མའི་གོས་ཞེས་པས་མགུལ་དཀྲིས་ཀྱི་རྒྱུ་བསྟན་ནོ། །ལན་གྲངས་ཉི་ཤུ་རྩ་གཅིག་
གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །ཅེས་པས་བཟླས་བརྗོད་ཀྱི་གྲངས་བསྟན་ཏོ། །རྒྱལ་པོ་རྟག་ཏུ་ཁྲུས་ཀྱིས་ཤིག་པ་ནི་ཁྲུས་བྱ་བའི་ཐབས་དང་གདམས་ངག་གོ། །དབང་པོ་ཉམས་ཞེས་པ་ནི་ཡིད་ཀྱི་དབང་པོ་ཉམས་པ་ལ་བྱ། ཁ་ཅིག་ན་རེ་མིག་ལ་སོགས་པའི་དབང་པོ་ཉམས་
པ་ལ་ཡང་བྱ་ཟེར་རོ། །ཚེ་ཟད་ཅེས་པ་ནི་སྔོན་གྱི་རྣམ་པར་སྨིན་པའི་ཚེ་ཟད་པའོ། །འཕྲལ་གྱི་རྐྱེན་གྱིས་བསྒྱུར་བ་ལ་ནི་ཚེ་ཉམས་ཞེས་བྱའོ། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ཞེས་བྱ་བ་ཆོས་ཀྱིས་ཕོངས་པའི་ལས་བྱས་པས་དེའི་ལོངས་སྤྱོད་དང་མི་ལྡན་པ་ལ་བྱའོ། །
ཁ་ཅིག་ན་རེ་སེར་སྣའི་ལས་སྤྱད་པས་ལོངས་སྤྱོད་མི་ལྡན་པ་ལ་བྱ་ཞེས་ཟེར། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །ཞེས་པ་ནི་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དག་གིས་གྲོགས་མི་བྱེད་ཅིང་འདོད་པ་མི་སྦྱིན་པའི་ཐ་ཚིག་གོ། །གཞན་དག་ནི་གོ་སླའོ། །རྨི་ལམ་སྡིག་

པ་མཐོང་ན་ཡང་། ཞེས་པ་ནི་སེམས་ཅན་དག་གི་དབང་པོ་ཉམས་པའི་རྨི་ལམ་སྡིག་པ་མཐོང་ངམ་ཚེ་ཟད་པའི་རྨི་ལམ་ནས། །མྱ་ངན་དལ་ནས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང་། །ཞེས་བྱའོ། །གཞན་ནི་གོ་སླའོ། །གང་དག་ཡིད་དགེ་སེམས་དང་ཞིང་། །ཞེས་པས་
སྡིག་པ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་བྱེད་པ་ནི་ཡིད་དགེ་བའོ། །གང་གཞན་གྱི་དོར་བྱེད་པ་མ་ཡིན་པས་དགེ་བ་སྤྱོད་པ་ནི་སེམས་དང་བའོ། །གཙང་མའི་གོས་ནི་སྲོག་ཆགས་ཀྱི་རྒྱུ་ལས་མ་བྱུང་བ་ལ་བྱའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །ཞེས་པ་ནི་མདོ་སྡེ་འདི་ཡེ་ཤེས་ཀྱི་
ངོ་བོ་ཡིན་པའི་ཕྱིར་ཟབ་མོའོ། །དེ་ནི་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར་གཞན་དག་གིས་བཤད་མི་ནུས་པའི་ཐ་ཚིག་གོ། །དྲིས་པ་དེ་ལྟར་ན་ལག་ན་རྡོ་རྗེས་སྨྲས་སོ་ཞེས་འབྱུང་བ་ཅིའི་ཕྱིར་ཞེ་ན། སྨྲས་པ། དེ་ནས་སངས་རྒྱས་ཀྱི་མཐུ་ཞེས་འབྱུང་བས་འདི་ལ་འགལ་
བ་མེད་དོ། །གཞན་ནི་གོ་སླའོ། །མི་བཟད་པ་ཡི་ནད་རྣམས་ཀྱང་། །ཞེས་བྱ་བ་ནི། །སེམས་ཅན་དབང་པོ་ཉམས་པ་དང་། །བྱ་བ་ནས། རྨི་ལམ་སྡིག་པ་མཐོང་ན་ཡང་། །ཞེས་པའི་བར་དག་ལ་བྱའོ། །གཞན་དག་ནི་གོ་སླ་བས་མ་བཤད་དོ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག། །ཅེས་པ་ལ་
རྒྱལ་པོ་ཞེས་བྱ་བ་ནི་བོས་པའི་ཚིག་ཉིད་དོ། །གཟུངས་ནི་གྲངས་བཞིན་བཟླས་ལ་ཁྲུས་གྱིས་ཤིག་པའི་གདམས་ངག་གོ།། །།སློབ་དཔོན་བོ་དྷི་ས་ཏྭས་མཛད་པའི་འགྲེལ་པ་ཕྱི་མ་རྫོགས་སོ།། །།ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་གཏན་ལ་ཕབ་པའོ།། །།
༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ནཱ་མ་དྷཱ་ར་ཎི་བྱཱ་ཁྱཱན་བཛྲཱ་ལོ་ཀ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་རྣམ་པར་བཤད་པ་རྡོ་རྗེ་སྒྲོན་མ་ཞེས་བྱ་བ། མ་རུངས་པ་ཐམས་ཅད་འདུལ་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་
སྣང་བའི་རྣམ་འཕྲུལ་གྱིས། །བདུད་ཚོགས་རབ་འདུལ་མཛད་ལ་ཕྱག་འཚལ་ནས། །འགྲོ་བའི་ཉོན་མོངས་བགེགས་ཚོགས་ཞི་བའི་ཕྱིར། །རྡོ་རྗེ་རྣམ་འཇོམས་གཟུངས་ནི་ཅི་ནུས་དབྱེ། །འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པ་འདི་དག་གིས་བརྗོད་པར་བྱ་བ་ལ་སོགས་པ་ནི་ཐོག་

མར་སྨྲ་དགོས་སོ་ཞེ་ན། དེ་ནི་རིགས་པ་ཁོ་ན་ཡིན་ཏེ་འདི་ནི་མདོ་ཡིན་པའི་ཕྱིར་རོ། །རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཞེས་བྱ་བ་ནི་མདོ་ཡིན་ལ། འདི་སྐད་ཅེས་བྱ་བ་ལ་སོགས་པ་ནི་འདི་ལ་གདུལ་བྱ་རྣམས་འདུན་པར་བྱ་བའི་ཕྱིར་གཟུངས་སོ། །དེ་
རྣམས་ལ་རྡོ་རྗེ་རྣམ་པར་འཇོམས་པའི་རང་བཞིན་བསྟན་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་མཐུ་ཞེས་བྱ་བ་ནས་བརྩམས་ཏེ། སྙོམས་པར་ཞུགས་སོ་ཞེས་བྱ་བའི་བར་དུ་ནི་བྱིན་གྱིས་བརླབས་པ་དང་། རྗེས་སུ་མཐུན་པའི་ཏིང་ངེ་འཛིན་བསྟན་ཏོ། །དེ་ནས་ལག་ན་རྡོ་རྗེ་ཞེས་བྱ་བ་ནས་
བརྩམས་ཏེ། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་བྱ་བའི་བར་གྱིས་ནི་བྱིན་གྱི་རླབས་ཀྱིས་རྡོ་རྗེ་རྣམ་པར་འཇོམས་པའི་རང་བཞིན་གྱི་དཀྱིལ་འཁོར་སྤྲུལ་པ་བསྟན་ཏོ། །རྡོ་རྗེ་སྙིང་པོས་སྨྲས་ཏེ་ཞེས་བྱ་བ་ནས་བརྩམས་ཏེ། ཐམས་ཅད་དུ་མ་ཕམ་པ་ཞེས་པའི་བར་གྱིས་ནི་དཀྱིལ་འཁོར་གྱི་རང་
བཞིན་བསྟན་ཏོ། །སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། གདོན་ཐམས་ཅད་རླག་པར་བྱེད་པ་ཞེས་བྱ་བའི་བར་གྱིས་མི་མཐུན་པའི་ཕྱོགས་ཚར་གཅད་པ་བསྟན་ཏོ། །གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ཞེས་བྱ་བ་ནས་བརྩམས་ཏེ། སེམས་ཅན་
ཐམས་ཅད་སྲུང་བ་ཞེས་བྱ་བའི་བར་གྱིས་ནི་བསྟན་པ་ལ་ཞུགས་པ་རྣམས་ལ་ཕན་གདགས་པ་བསྟན་ཏོ། །ཞི་བ་ཞེས་བྱ་བ་ནས་བརྩམས་ཏེ། རྨུགས་པར་བྱེད་པ་ཞེས་བྱ་བའི་བར་གྱིས་ནི་ལས་རྣམ་པ་གསུམ་མདོར་བསྡུས་ནས་བསྟན་ཏོ། །གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ཞེས་བྱ་བ་
ནས་བརྩམས་ཏེ། རབ་ཏུ་སྨྲས་སོ་ཞེས་བྱ་བའི་བར་གྱིས་ནི་གསང་སྔགས་འབྱུང་བའི་རྒྱུ་བསྟན་ཏོ། །དེ་དག་གིས་ནི་མཚན་ཉིད་ཀྱིས་བསྡུས་པའི་དོན་བསྟན་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་བྱ་བ་ནས་བརྩམས་ཏེ། སེ་ནཱ་པ་ཏཱ་ཡེ་ཞེས་བྱ་བའི་བར་གྱིས་ནི་གསང་སྔགས་གསུངས་པའི་ཐོག་
མར་དཀོན་མཆོག་གསུམ་དང་། ཕྱག་ན་རྡོ་རྗེ་ལ་ཕྱག་བཙལ་བ་བསྟན་ཏོ། །ཏདྱ་ཐཱ་ཞེས་བྱ་བ་ནས་བརྩམས་ཏེ། སུ་བཛྲཱ་ཡ་སྭཱཧཱ་ཞེས་བྱ་བའི་བར་གྱིས་ནི་བཅོམ་ལྡན་འདས་རྣམ་པར་འཇོམས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་བསྐུལ་བ་བསྟན་ཏོ། །ཧེ་ཕུ་ལླུ་ཞེས་

བྱ་བ་ནས་བརྩམས་ཏེ། མཱ་ར་ཎ་ཞེས་བྱ་བའི་བར་གྱིས་ནི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་བཞི་བསྐུལ་བ་