Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 71

Văn bản gốc(Tây Tạng)

Trang 9 / 21 (50.000 ký tự/trang)
གོ་སླའོ། །ཨོཾ་བཛྲ་ཏཱིཀྵྞ་ཞེས་པ་ལ་སོགས་པ་གོ་སླའོ། །འཇུག་པའི་སེམས་བསྐྱེད་ཀྱིས་འབྲིང་གི་ཆེན་པོ་རྟོགས་ནས་གསུམ་པའོ། །པ་ཊ་ལ་སྔ་མ་བཞིན་ནོ། །ལེའུ་གསུམ་པའི་འགྲེལ་པའོ།། །།ཨོཾ་ལ་བ་ཎ་ཞེས་
པ་ལ་སོགས་པ་ལ། སྒེག་པའི་ཆ་ལུགས་ཞེས་པ་ནི་སྒྲོལ་མ་དང་ཁྲོ་གཉེར་ཅན་ལ་རོལ་པས་བལྟ་བའོ། །བཞུགས་པ་ཞེས་པ་ནི་པདྨའི་སྐྱིལ་ཀྲུང་གིས་སོ། །ཚ་བའི་སྦྱིན་སྲེག་ཅེས་པ་ནི་དབང་དུ་སྡུད་པའི་ཆོ་ག་ལས་བཤད་པའི་སོར་བཅུ་གཉིས་པའི་ཐབ་ཁུང་སེང་ལྡེང་ངམ་ཁོང་ཁྲིའི་མེ་
མདག་དུ་བ་མེད་པ་ལ་རིན་ལ་མི་རྩེག་པར་ཉོས་པའི་ཐུན་གཅིག་གི་ཚད་ཀྱི་སྦྱིན་སྲེག་བྱའོ། །དེ་ནས་གཡས་པ་དང་གཡོན་པ་གཉིས་སུ་དགང་གཟར་དང་བླུགས་གཟར་བཟུང་ཚྭས་བཀང་ནས་གཟར་བུ་གཉིས་ཁ་སྦྱར་ཏེ་དེ་ལྟ་བུའི་དགང་བླུགས་གསུམ་དབུལ་བར་བྱའོ། །ཚྭ་དང་བཅས་པ་

ཞེས་པ་ནི་རིན་ལ་མི་རྩེག་པར་ཉོས་པའི་ཚྭ་དང་བཅས་པའི་སྤྲ་ཚིལ་གྱིས་བསྒྲུབ་བྱ་ཕོའམ་མོའི་སོར་བཞིའི་ཚད་བྱས་ལ། སེང་ལྡེང་གི་མེ་མདག་ཅེས་པ་ནི་སེང་ལྡེང་གི་མེ་མདག་གམ་ཁོང་ཁྲིའི་མེ་མདག་པ་བ་སངས་ཀྱི་ཉིན་པར་བླངས་པའི་དུར་ཁྲོད་ཀྱི་སོལ་བ་དང་
བཅས་པས་གང་བའི་སྣོད་ལ་ཟངས་ཀྱི་ཐུར་མས་བུད་མེད་ཀྱི་མཚན་མ་ཕུག་པའི་རྐང་མཐིལ་ཕུག་ནས། ཐུར་མ་མ་ཞིག་པར་བྱ་སྟེ་མེ་ལ་བདུག་པར་བྱའོ། །གལ་ཏེ་ཞིག་པར་འགྱུར་ན་དེ་གཉིས་ཐལ་བས་གང་བའི་སྣོད་ཀྱི་སྟེང་དུ་གཞག་སྟེ་དུས་བག་ཙམ་སོང་ནས་ཡང་
གཅིག་ཏུ་བྱའོ། །ཡང་ན་སྔར་བཞིན་ཚྭ་དང་བཅས་པའི་བསྒྲུབ་བྱ་ཕོ་དང་མོ་གང་ཡང་རུང་བའི་ལིངྒ་བསྐུ་བྱུག་བྱས་པའི་འདག་པའི་སྣོད་དུ་བྱས་ནས་གོང་བཞིན་དུ་བདུག་པར་བྱའོ། །གཞན་གོ་སླའོ། །ཨོཾ་ལ་བ་ཎ་ཞེས་པ་ལ་སོགས་པ་ལ། ཚྭ་དང་སྐེ་ཚེ་མཉམ་པོར་བྱས་པ་ཞེས་པ་ནི་
འགྲོན་བུ་རྡོག་པོ་ཉི་ཤུ་རྩ་གཅིག་གམ། བརྒྱད་ཅུ་རྩ་བཞིའམ། ཁལ་ཉི་ཤུ་རྩ་གཅིག་གི་རིན་མ་རྩེག་པར་སྐེ་ཚེ་ཉོས་ནས་ཐུམ་པོ་བྱས་ཏེ་དུར་ཁྲོད་ཀྱི་ཐབ་ཀྱི་སྟེང་དུ་ལིངྒ་དང་བཅས་པ་སྙིང་གར་བཅུག་ནས་ཐུན་གསུམ་དུ་མ་དང་བདེའམ། བཟའ་བདེའམ། ཉིན་མོ་བདེའམ། ཕྱི་ནས་
ཞག་བདུན་བར་དུ་བྲི་བར་བྱའོ། །དེ་རྗེས་ཁུགས་ན་རིན་ལ་མི་རྩེག་པར་ཉོ་བའི་ཚྭ་དང་མཉམ་པར་བྱས་ནས་གྱོ་མོག་ཆེ་ཤོས་ཀྱི་ཐབ་ཁུང་དུ་སྦྱིན་སྲེག་བྱའོ་ཞེས་འབྲེལ་ལོ། །ཨོཾ་ཀུ་རུ་ཀུ་ལླེ་ཞེས་པ་ལ་སོགས་པ་ལ། །སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནས་པ་ཞེས་པ་ནི་ཀུ་རུ་ཀུ་ལླེའི་
ཏིང་ངེ་འཛིན་ལ་གནས་པས་སོ། །ཡུངས་ཀར་དཀར་པོ་ཞེས་པ་ནི་འབུམ་ཕྲག་བདུན་སྦྱིན་སྲེག་བྱའོ། །སངས་རྒྱས་ཀྱིས་བཅོམ་ལྡན་འདས་མའི་བཟླས་པའི་ཚིག་འབུམ་ཕྲག་བདུན་གསུངས་ཀྱང་བསྙེན་པ་བྱེ་བ་བྱས་ན་ཞག་ཉི་ཤུ་རྩ་གཅིག་གིས་ལས་སྦྱོར་གྱི་སྒྲུབ་པ་པོའི་མངོན་པར་འདོད་པ་
བསྒྲུབ་པོ། །དེ་ནས་གཞན་ཡང་ལས་ལ་སྦྱར་ན་གོང་བཞིན་དུ་སྒྲུབ་པ་བྱས་པའི་སྐེ་ཚེ་དང་ཚྭ་ཆ་མཉམ་པོར་བྱས་ནས་གོང་བཞིན་དུ་སོལ་བས་གང་བའི་སྣོད་དུ་གྲོང་ཁྱེར་དཀྲུག་པའི་ཕྱིར་ནུབ་ཏུ་ཁ་བལྟས་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ་དབང་དུ་བསྡུ་བའི་ཕྱིར་ཐུན་གསུམ་དུ་སྦྱིན་སྲེག་བྱའོ། །ཇི་ལྟར་བླ་

མའི་རིམ་པ་དང་རིམ་པ་ལས་ལྷག་མ་འདིའི་ལས་སྦྱོར་ཡོད་པ་རྣམས་ཇི་བཞིན་དུ་གཟུངས་སྔགས་ཀྱི་རྒྱལ་པོ་འདི་ལ་ཡང་ཡོད་དོ། །ཏ་ཉི་ཀུ་རུལླཱ། གྷུ་རུ་གྷུ་རཱ་སི། ཨགྣི་ནི་ཀུ་ཊ་ཛ་ཎི། ཏ་ཀ་ཏ་ཀ་མི། དེ་ཁ་ཀུ་རུ་ཀུལླཱ། མོ་ཧ་རི་བྷི་བནྟི། ཚ་ཐ་པ་ཏེ་ར། ཨ་པ་ར་དྷོ་ཧི་ནི་བྷ་ཛ་བཱི། ཧི་ར་ཎི་ནམ་
ཀ་ར་སི། ཏིནྣི་རྩུ་ལུ་རཀྟ་པི་ཡཾ། ཨ་མུ་ཀ་ཀ་ར་མ་བ་ཤཾ། སྔགས་ཀྱི་རྒྱལ་པོ་འདི་ལ་གང་གི་མིང་བཏགས་ནས་ཆུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ་འཐུངས་ན་དེ་ཇི་སྲིད་འཚོའི་བར་དུ་དབང་དུ་འགྱུར་རོ། །ཨོཾ་ཨ་མ་ལེ་ཞེས་པ་ལ་སོགས་པ་ནི་རྩིག་པ་འདོད་ཡོན་གྱི་སྣམ་བུ་ཟུར་བཞི་བྱས་ནས་དེའི་
ནང་དུ་གཡས་སྐོར་གྱིས་རྩྭ་ཀུ་ཤ་རྣམས་དགྲམ་མོ། །འགྲུབ་པར་འགྱུར་ཞེས་པ་ནི་སྐྱེས་བུའི་འདོད་པའི་དོན་བྱེད་པའི་མཆོག་དང་། གཞན་དོན་ལ་ཆགས་པས་བཀླགས་པ་ཙམ་གྱིས་སྔགས་འགྲུབ་པར་མི་འགྱུར་རོ་ཞེས་མི་མོས་པས་སྤྲོ་བར་མི་བྱའོ། །གསུང་རབ་ཁོ་ན་བཞིན་དུ་དད་པ་དང་
བརྩོན་འགྲུས་ཀྱི་སྒོ་ནས་ཇི་ལྟར་གསུངས་པའི་ལས་སྦྱོར་དང་བཟླས་པ་ལ་སོགས་པ་ཤིན་ཏུ་འབད་པར་བྱ་སྟེ་བརྩོན་འགྲུས་དང་ལྡན་པ་ལ་རེ་བ་ངེས་པར་འགྲུབ་ཅེས་པའི་དོན་ཏོ། །དེ་བཞིན་གཤེགས་པའི་གསུང་རབ་ལ་ནམ་ཡང་འགྱུར་བ་མེད་དོ། །མང་དུ་སྨོས་པས་ཅི་ཞིག་བྱ་སྟེ། བདེ་བར་
གཤེགས་པ་ལས་གཞན་པའི་བདེན་པ་སྨྲ་བ་དང་ཁམས་གསུམ་ལ་ཡང་དག་པར་སྤྱོད་པ་མི་སྲིད་དོ། །བཞི་པ་ཞེས་པ་ནི་རབ་ཀྱི་ཆེན་པོ་རྟོགས་ནས་སོ། །རྫོགས་པ་ཞེས་པ་ནི་དེ་བཞིན་གཤེགས་པའི་མདུན་དུ་བདག་གིས་མ་ལུས་པར་ཐོབ་པའི་དོན་ཏོ། །ལེའུ་བཞི་པའི་བཤད་པའོ།། །།
བསོད་ནམས་འདི་ཡིས་ཟག་མེད་ཕུང་པོ་ཐོབ་གྱུར་ནས། །འགྲོ་རྣམས་སྲིད་གསུམ་ལས་རྒྱལ་སངས་རྒྱས་མྱུར་ཐོབ་ཅིང་། །གཞན་ཡང་དགེ་བའི་ཚོགས་ཀྱི་ཉེས་པ་ཀུན་སྤངས་ཏེ། །ཡེ་ཤེས་བློ་ཅན་རྒྱལ་སྲས་ཡོན་ཏན་ལྡན་པར་ཤོག །དཔའ་པོ་གཅིག་ཏུ་སྒྲུབ་པའི་འགྲེལ་པ་གཙུག་
ལག་ཁང་ཛ་གད་ད་ལཱི་ལན་གྱི་སུ་བྷཱ་ཀ་ར་ཞེས་བྱ་བས་མཛད་པ་རྫོགས་སྷོ།། །།པཎྜི་ཏ་དཱ་ན་ཤཱི་ལས་རང་འགྱུར་དུ་མཛད་པ་ལ་བོད་ཀྱི་བནྡེ་རྣམས་ཀྱིས་ལེགས་པར་ཞུས་སོ། །དགེ་བའི་འབྱུང་གནས་ཞེས་བྱ་བ་བླ་མ་ཤཱཀྱ་ཤྲཱིའི་བླ་མ་ཡིན་གསུངས།། ༄༅། །རྒྱ་གར་སྐད་དུ།

ཨཱརྱ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་བི་དྷི་རྣཱ་མ་དྷཱ་ར་ཎི་ཊཱི་ཀཱ། བོད་སྐད་དུ། འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་
འཚལ་ལོ། །གང་ཞིག་ཉོན་མོངས་སྐྱོན་གྱིས་མ་གོས་རིན་ཆེན་ལྟར་གསལ་རི་རབ་ལྟ་བུར་བརྗིད། །འགྲོ་ལ་རིམ་པར་སྟོན་ཕྱིར་སྤྲུལ་པ་རང་བྱུང་སྟོང་གསུམ་སྲེག་པར་མཛད་པ་ཉིད། །གདོད་ནས་མི་རྟོག་ཆོས་ཉིད་ངང་ལས་སྙིང་རྗེའི་སྟོབས་ཀྱིས་ཞེ་སྡང་ཆེན་པོར་གསལ། །སངས་རྒྱས་ཀུན་གྱི་
གསང་བའི་མཛོད་གྱུར་རྡོ་རྗེ་འཛིན་པ་དེ་ལ་ཕྱག་བཙལ་ནས། །ཕྱི་དང་ནང་གི་སྡུག་བསྔལ་ཞི་མཛད་རྒྱུད་རྒྱལ་གསང་བ་ཟབ་མོའི་དོན། །བླ་མ་བརྒྱུད་པའི་སྟོབས་ལས་རང་བྱུང་བདུད་རྩིའི་འོད་ཟེར་ངེས་པར་རབ་རྙེད་ནས། །གང་མིང་ཐོག་མར་ལག་ན་རྡོ་རྗེའི་གཟུངས་ཞེས་ཀུན་ལ་གྲགས་པར་
གྱུར་པ་ཡི། །འགྲེལ་འདི་བདག་ཉིད་རྙེད་སོགས་ཕྱིར་མིན་འགྲོ་ལ་ཕན་ཕྱིར་གསལ་བར་བཤད་པར་བྱ། །དེ་ལ་དང་པོ་མཚན་གྱི་དོན་བསྟན་པའི་ཕྱིར། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་ཞེས་བྱ་བ་སྨོས་སོ། །དེ་ནི་ཐུགས་རྗེའི་ཆོ་འཕྲུལ་སྤྲུལ་པའི་སྐུ་གནོད་སྦྱིན་གྱི་
གཟུགས་བརྙན་ཀླུའི་སྙིང་པོ་ཕྱག་ན་རྡོ་རྗེའི་ངོ་བོ་སྟེ་མཐུ་སྟོབས་ཀྱི་བདག་ཉིད་ཅན་ནོ། །དེ་ལ་གནོད་སྦྱིན་ཞེས་བྱ་བ་ནི་རི་རབ་ཀྱི་ཐ་མ་ལྕགས་རིས་ཡོངས་སུ་བསྐོར་བའི་རྩེ་ན་གནོད་སྦྱིན་གོས་སྔོན་ཅན་དག་གནས་པ་དེ་དང་རྟགས་མཐུན་པར་བསྟན་པའོ། །སྡེ་དཔོན་ཆེན་པོ་ནི་དེ་ལྟ་བུའི་རིགས་
གནོད་སྦྱིན་རྣམས་ལས་དོན་ཡེ་ཤེས་ཆེན་པོས་འཕགས་པ་སྟེ་གཞན་འདུལ་བའོ། །ལག་ན་རྡོ་རྗེ་ཞེས་བྱ་བ་ནི་མཁྱེན་པ་ལྔའི་ཡེ་ཤེས་ཀྱི་རྡོ་རྗེ་སྟེ་ཉོན་མོངས་པ་ལྔ་འཇོམས་པའོ། །གོས་སྔོན་པོ་ཅན་ཞེས་བྱ་བ་ནི་ལུས་ཀྱི་རྒྱན་ཡིན་ཏེ། དེས་འགྲོ་བ་རྣམས་མོས་པ་བསྐྱེད་པའམ། རྔམ་ཞིང་
འཁོར་འདུལ་བའི་སོ་སོའི་རྟགས་བསྟན་པའོ། །སངས་རྒྱས་གང་གཱའི་ཀླུང་བྱེ་བ་ཕྲག་འབུམ་གྱི་བྱེ་མ་སྙེད་ཀྱིས་རྗེས་སུ་གནང་བ་ཞེས་པ་ནི་སྤྲུལ་པའི་སྐུ་དང་མཚུངས་པ་ལས་དེ་དག་ཐམས་ཅད་ཀྱིས་གསང་བའི་བདག་པོར་དབང་བསྐུར་ཞིང་བསྟན་པ་གཏད་པའམ། དེ་དག་གི་སྤྲུལ་

པ་ཉིད་ཡིན་པའི་ཕྱིར་གནང་བའོ། །མཆེ་བ་ནི་ཡེ་ཤེས་དང་ཉོན་མོངས་པ་ལས་སྐྱེས་པའོ། །གཙིགས་པ་ཞེས་པ་ནི་དེ་ལྟ་བུ་དང་མཐུན་པའི་སྟེ། དུག་ཅན་རྣམ་པར་འདུལ་བས་གདུག་པ་འདུལ་བའོ། །འཚམ་པ་ཞེས་པ་ནི་ཉོན་མོངས་པའི་མཆེ་བ་ཅན་དང་འཚམ་པར་སྟོན་པའོ། །མིག་
མེ་མདག་གི་ཕུང་པོ་འདྲ་བ་ཞེས་པ་ནི་སྤྱན་གྱི་གཟིགས་སྟངས་ཏེ། སྤྱན་རྩ་དམར་ཞིང་ཁྲོས་པའི་ལྟ་སྟངས་ཀྱིས་ལྟ་བའི་དུག་ཅན་འདུལ་བར་བྱེད་པའོ། །དབུགས་མེ་ལྕེ་ལྟར་འབར་བ་ཞེས་པ་ནི་དབུགས་ཚ་ཞིང་རྩུབ་པས་ཁ་རླངས་ཀྱི་དུག་ཅན་འདུལ་བར་བྱེད་པའོ། །འཇིགས་པའི་
ང་རོ་ཅན་ཞེས་པ་ནི་ཧ་ཧ་དང་ཧཱུཾ་ཧཱུཾ་དང་ཕཊ་ཕཊ་ཀྱི་སྒྲས་གདུག་པའི་ཚོགས་ཀྱི་ང་རྒྱལ་འཇོམས་ཤིང་སྐྲག་པར་བྱེད་པའོ། །དེ་དག་ནི་དཔལ་གནོད་སྦྱིན་གྱི་རྒྱལ་པོའི་སྐུ་དྲག་པོའི་རང་བཞིན་བསྟན་པ་སྟེ། དེ་ལྟར་བསྒོམ་པའོ། །ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ་ཞེས་པ་ནི་ནོར་
རྒྱས་ཀྱི་བུ་མཐུས་བཀུག་སྟེ། དུག་དང་ང་རྒྱལ་ཕྲོགས་ནས་རྒྱན་དུ་བྱས་པའོ། །ཀླུ་ནག་པོ་སེ་རལ་ཁར་ཐོགས་པ་ཞེས་པ་ནི་ཚངས་པ་ཉིད་ལ་ཡོད་པའི་རྟགས་སུ་གྱུར་པ་དེ་དང་མཐུན་པར་མ་དྲོས་པ་ནག་པོའི་མཐུ་ཕྲོགས་ཏེ། རྒྱན་དུ་བྱས་པས་གྲིབ་མའི་དུག་ཅན་འདུལ་བར་བྱེད་པའོ། །ཀླུ་
དགའ་བོ་དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ་ཞེས་པ་ནི་ངག་གི་དུག་ཅན་གྱི་དུག་ཕྲོགས་ཏེ་དབང་དུ་བསྡུས་ནས་ཐལ་མོ་སྦྱར་ཏེ་ངག་སྙན་པར་བསྟོད་ཅིང་སྙན་གྱི་རྒྱན་དུ་བྱས་པའོ། །སྦྲུལ་གདུག་པ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ་ཞེས་པ་ནི་སྟོབས་ཀྱི་རྒྱུ་བཀུག་སྟེ། དུག་དང་ཕྲལ་
ནས་མཐོང་བའི་དུག་ཅན་དབང་དུ་བསྡུས་ཏེ། དེ་བཞིན་གཤེགས་པའི་རང་བཞིན་གྱི་རྒྱན་དང་མཐུན་པར་བྱས་པའོ། །སྦྲུལ་གདུག་པ་འབར་བ་ཟ་ཞེས་པ་ནི་འཇོག་པོ་བཀུག་སྟེ་དུག་དང་བཅས་ཏེ་གསོལ་བས་དྲན་པའི་དུག་ཅན་འདུལ་བར་བྱེད་པ་སྟེ། དེ་དག་གི་གདུལ་བྱ་ལ་དེ་ལྟར་སྟོན་ཅིང་
ཀླུ་རིགས་བཞི་དབང་དུ་བསྡུ་བ་དང་། ནོར་དང་དངོས་གྲུབ་རིམ་པས་བསྒྲུབ་པའོ། །བཞིན་རྒྱས་པ་ཞེས་པ་ནི་སྒྲ་གཅན་འཛིན་ལ་སོགས་པའི་ང་རྒྱལ་ཕྲོགས་ཏེ་འདུལ་བར་བྱེད་པའོ། །སྨིན་མ་དཔྲལ་བར་བསྡུས་པ་ཞེས་བྱ་བ་ནི་ཤིན་ཏུ་ཁྲོས་པའི་ཆ་བྱད་ཀྱིས་སྤྱིར་གནོད་སྦྱིན་དང་། སྲིན་

པོ་དང་། ཁྱད་པར་དུ་ཀླུ་ཁྲོ་བོ་དག་འདུལ་བར་མཛད་པའོ། །ཡ་སོས་མ་མཆུ་མནན་པ་ཞེས་པ་ནི་ཞལ་གྱི་བྱེ་བྲག་སྟེ། རྔམ་པར་བསྟན་པའོ། །གཤིན་རྗེའི་ཆ་བྱད་ཅན་ཞེས་པ་ལ། གཤིན་རྗེའི་ཆ་བྱད་ནི་གནག་པ་དང་། མཚོན་ཆ་སྣ་ཚོགས་འཛིན་པ་དང་། མིའི་
རྒྱུ་མའི་ཕྲེང་བ་དོ་ཤལ་དུ་འཕྱང་བ། མ་ཧེ་ལ་ཞོན་པ། འཆི་བདག་མོས་འགུལ་ནས་འཁྱུད་པ་སྟེ། དེ་དང་འདྲ་བར་བསྟན་པའོ། །ལྕེ་གློག་ལྟར་འགྱུ་བ་ཞེས་པ་ནི་ཧ་ཧ་ཞེས་སྒྲོགས་ཤིང་ལྕེ་ཡང་དང་ཡང་དུ་འགྱུར་བ་སྟེ། དེས་ནི་གློག་དང་ཐོག་ལ་སོགས་པའི་འཇིགས་པ་རྣམ་པར་
འཇིག་པར་བྱེད་པའོ། །གསུས་པོ་ཆེ་སྦྲུལ་ཟ་བ་ཞེས་པ་ནི་ལོག་འདྲེན་གླང་པོ་ཆེའི་གདོང་པ་ཅན་གྱི་ང་རྒྱལ་འཇོམས་པའོ། །སྦྲུལ་ཟ་བ་ཞེས་པ་ནི་ནམ་མཁའ་ལྡིང་གི་དྲེགས་པ་འཇོམས་པའོ། །ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ་ཞེས་པ་ནི་ཁྱབ་འཇུག་ལ་སོགས་པ་
དྲེགས་པ་ཅན་ཐམས་ཅད་སྐྲག་ཅིང་དངང་པར་བྱེད་པའོ། །ཀླུའི་རྒྱལ་པོ་འདབ་བཟངས་སྐ་རགས་སུ་བཅིངས་པ་ཞེས་པ་ནི་གང་གི་ཚེ་འདབ་བཟངས་ལ་འཁྱིལ་པ་བདུན་ཡོད་པ་དེ་ལ་ནམ་མཁའ་ལྡིང་གིས་དྲངས་པའི་ཚེ་འཁྱིལ་པ་ཕྱེད་དང་གཉིས་ཀྱིས་རི་རབ་ཀྱི་རྩེར་སླེབ་ལ་འཁྱིལ་པ་ཕྱེད་
དང་དྲུག་རྒྱ་མཚོར་ལུས་པ་དེ་མཐུས་བཀུག་སྟེ་སྐ་རགས་སུ་བཅིངས་པས་འཁྲེས་ཅིག་ལས་མ་བྱུང་བ་སྟེ། སྐུ་བོངས་ཀྱི་ཚད་དེ་དང་ལྡན་པའོ། །ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ་ནི་དྲག་པོའི་ང་རོ་སྟེ། གདུག་པ་ཅན་རྣམས་སྐྲག་པར་བྱེད་ཅིང་ཟིལ་གྱིས་མནན་པར་བྱེད་པའོ། །རྒྱ་
མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པས་ཞབས་ཀྱི་པུས་མོར་ཕྱིན་པ་ཞེས་པ་ནི་ས་འོག་ས་བླ་ས་སྟེངས་ཁྱབ་པར་བྱེད་པའི་རྒྱུ་བསྟན་པ་སྟེ། དེའི་ཚད་ཀྱི་སྐུ་བསྟན་པ་ནི་འབུམ་ཕྲག་གཉིས་སུ་ཤེས་པར་བྱའོ། །དེ་བས་ན་དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ་ཞེས་སྨོས་ཏེ།
ལྟ་བ་ལོག་པ་ཐམས་ཅད་འཇོམས་པའི་རྟགས་སུ་བརྒྱ་བྱིན་ཕྲག་པ་གཡས་པའི་སྟེང་དུ་གཞག་པ་དང་། དེ་ལྟ་བུའི་སྐུ་དེ་ཐུགས་རྗེ་ཆེན་པོས་ཀུན་དུ་ཁྱབ་པའི་རྟགས་སུ་ཕྲག་པ་གཡོན་པ་ལ་ཉི་མ་གཞག་པའོ། །ཀླུ་ཐམས་ཅད་རླག་པར་བྱེད་པ་ཞེས་པ་ནི་ཀླུ་རིགས་བཞིའི་དུག་ཕྲོགས་ཏེ།

སྟོབས་རྣམ་པར་འཇོམས་ཤིང་མ་རུངས་པ་སེལ་བར་བྱེད་པའོ། །གད་རྒྱངས་ཆེན་པོ་སྒྲོགས་པས་ཀུན་དུ་འཁྲུག་པར་བྱེད་པ་ཞེས་པ་ནི་གད་རྒྱངས་ནི་ཧ་ཧ་སྟེ། དེའི་ང་རོ་དྲག་པོས་བགེགས་དང་ལོག་འདྲེན་ཐམས་ཅད་ཀྱི་སྙིང་ཀུན་ནས་འཁྲུག་པར་བྱས་ཏེ་སྤ་བཀོང་བའོ། །གཤིན་རྗེའི་གཟུགས་ཅན་
ཞེས་པ་ནི་ཡ་མ་ཞེས་བྱ་བ་སྐྲག་པར་བྱེད་པའོ། །ཁམས་གསུམ་པ་འཇིགས་པར་བྱེད་པ་ཞེས་བྱ་བ་ནི་དེ་ལྟ་བུའི་སྐུ་དེ་སྙིང་རྗེའི་རང་བཞིན་ཅན་ཡིན་ཡང་གདུག་པ་འདུལ་བའི་ཐབས་སུ་དེ་ལྟར་བསྟན་པས་ཁམས་གསུམ་པ་དེ་ལྟ་བུ་ལ་འཇིགས་པས་སྐྱབས་སུ་འདོང་བར་འགྱུར་བའོ། །ཀླུ་ཐམས་ཅད་
འཆིང་བར་བྱེད་པ་ལ་ཕྱག་འཚལ་ལོ་ཞེས་པ་ནི་ཀླུ་རིགས་བཞི་ལ་སོགས་པའི་དུག་ཕྲོགས་ཏེ་སྟོབས་འཇོམས་ཤིང་མ་རུངས་པ་རླག་པར་བྱེད་པའོ། །དེ་ལྟ་བུའི་སྐུ་དེ་ལ་ཀུན་ནས་འདུད་ཅིང་མཆོད་པ་ནི་དེ་སྐད་སྨོས་པ་ཡིན་ནོ། །དེ་ལྟར་མཚན་ཉིད་བསྟན་ནས་གསང་བའི་གསང་སྔགས་
བསྟན་པའི་ཕྱིར། དེ་ནས་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའི་རིག་སྔགས་འདི་གསུངས་སོ་ཞེས་སྨོས་པ་ལ། དེ་ནས་ཞེས་པ་ནི་དོན་དང་རྟགས་བསྟན་ནས་ཞེས་པའོ། །སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་
པ་ཞེས་པ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་པ་དང་། གསུང་བར་འགྱུར་བའི་རིག་སྔགས་འདི་ཉིད་མཆོག་ཡིན་པས་ནི་སྒྲུབ་པ་པོ་རྣམས་ཀྱིས་འདི་བརྗོད་པར་བྱའོ་ཞེས་པའོ། །རིག་སྔགས་འདི་གསུངས་སོ་
ཞེས་པ་ནི་གོང་གི་ཐུན་མོང་མ་ཡིན་པའི་སྐུ་དེ་དམིགས་ལ། གང་གིས་བཟླས་བརྗོད་བྱེད་ཀྱང་གསལ་བ་དང་ལྡན་པས། རིག་སྔགས་ཀྱི་སྦྱོར་བ་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། རིག་སྔགས་དེ་དག་ཀྱང་གང་ཞེ་ན། ཏདྱ་ཐཱ་ཞེས་པ་ནས་རཱ་ཛྙཱ་པ་ཡ་ཏི་སྭཱཧཱ་ཞེས་པའི་
བར་དུའོ། །དེ་དག་གསལ་བར་བྱེད་པ་ནི་ཏདྱ་ཐཱ་ནི་བཤད་པའི་ལྟས་ཏེ་འདི་ལྟ་སྟེ་ཞེས་པའོ། །བྷོ་བྷོ་ཞེས་པ་ནི་བོད་པའོ། །ཝཱན་ཞེས་པ་ནི་བཅོམ་ལྡན་འདས་སོ། །ནཱ་ག་ཞེས་པ་ནི་ཀླུའོ། །ཨ་དྷི་ཞེས་པ་ནི་ལྷག་པར་རོ། །པ་ཏ་ཡེ་ཞེས་པ་ནི་བརྒྱད་ཀྱི་བདག་པོའོ། །ཨི་ད་ན་ཞེས་

པ་ནི་རྒྱན་ནོ། །གང་གི་རྒྱན་ཡིན་ཞེ་ན། ནང་གི་རྒྱན་ཡིན་ཞེས་པ་བཤད་པའི་ཕྱིར། ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ་ཞེས་པ་ནི་གོས་སྔོན་པོ་ཅན་གྱི་སྐུའོ། །གང་གི་ཕྱིར་སྐུ་མ་རྟོགས་པར་སྔགས་འབྱུང་མི་སྲིད་པས་སྔགས་དང་སྐུ་གཉིས་སུ་མེད་པའོ། །བཛྲ་པཱ་ཎི་ཧྲྀ་ད་ཡ་ཞེས་
པ་ནི་ཕྱག་ན་རྡོ་རྗེའི་སྙིང་པོ་སྟེ། གང་གིས་བརྗོད་པས་བསྒྲུབ་བྱ་མངོན་དུ་བྱེད་པའོ། །ཡཿས་མཱ་ཏི་ཀྲཱ་མཱ་ཏི་ཞེས་པ་ནི་སྒྲུབ་པ་པོའི་བཀའ་འདོར་ཞིང་འདའ་བར་བྱེད་ན་ཞེས་པའོ། །ཨུཏྶཱ་ད་ན་ཞེས་པ་ནི་ཡུལ་གཞན་དུ་སྐྲོད་པར་བྱེད་པའོ། །བྷ་བི་ཥྱ་ནི་ཤིན་ཏུ་གདུག་པ་ཅན་ཞེས་པའོ། །སྙིང་པོ་
དེ་དག་གང་ཞེ་ན་ཏདྱ་ཐཱ་ཞེས་སྨོས་ཏེ། འདི་ལྟ་སྟེ་ཞེས་པའོ། །བུདྡྷ་བུདྡྷ་བི་བུདྡྷ་ཞེས་པ་ནི་ཕྱག་ན་རྡོ་རྗེ་ལ་བོས་པའོ། །མ་ཧཱི་པྲཱཔྟ་ཞེས་པ་ནི་མ་འགོར་ཅིག་ཅེས་པའོ། །ཧ་ར་ཧ་ར་ཞེས་པ་ནི་གདུག་པ་ཅན་གྱི་སྟོབས་ཕྲོགས་ཤིག་པའོ། །གདུག་པ་ཅན་དེ་གང་ཞེ་ན། ནཱ་གཱ་ནཱཾ་ཞེས་སྨོས་ཏེ། ཀླུ་
རྣམས་ཀྱི་ཞེས་ཚིག་གི་འབྲེལ་པའོ། །པྲ་ཧ་ར་པྲ་ཧ་ར་ཞེས་པ་ནི་འོད་ཟེར་ལས་བྱུང་བའི་ཁྲོ་བོ་རྣམས་ཀྱིས་རྒྱོབ་ཅིག་པའོ། །གང་ལ་བརྡེག་ཅེ་ན། ནཱ་གཱ་ནཱཾ་ཞེས་སྨོས་ཏེ། ཀླུ་ལ་སོགས་པའི་སྟོབས་འཇོམས་པའོ། །ཙྪིནྡ་ཙྪིནྡ་ཞེས་པ་ནི་ཆོད་ཅིག་པའོ། །གང་གཅོད་ཅེ་ན། ནཱ་ག་ཧྲྀ་ད་ཡཱ་ནི་
ཞེས་སྨོས་ཏེ། ཀླུའི་སྙིང་རྣམས་སོ། །བྷིནྡ་བྷིནྡ་ཞེས་པ་ནི་ཆོམས་ཤིག་པའོ། །གང་གཞོམ་ཞེ་ན། ནཱ་ག་ད་མཱ་ནི་ཞེས་སྨོས་ཏེ། ཀླུ་འཁྱིལ་པ་རྣམས་ཆོམས་ཤིག་པའོ། །བི་ཥཱི་རྱནྟུ་ནཱ་ག་ཤ་རཱི་ར་ཎི་ཞེས་པ་ནི་དུག་གིས་མྱོས་པའི་ཀླུའི་ལུས་ཤིན་ཏུ་ཆོམས་ཤིག་པའོ། །བི་སྥོ་ཊ་ཡ་ཞེས་
པ་ནི་གཟི་བརྗིད་ཀྱི་སྟོབས་ཆོམས་ཤིག་པའོ། །གང་གིས་ཞེ་ན། ནཱ་ག་ནཱ་ཡ་ནཱ་ནི་ཞེས་སྨོས་ཏེ། ཀླུའི་མིག་རྣམས་སོ། །སྔགས་ཀྱི་མཐུ་གཞན་ཡང་བསྟན་པའི་ཕྱིར། ཏདྱ་ཐཱ་ཞེས་པ་ནི་འཆད་པར་འགྱུར་བའི་སྔགས་ཀྱིས་སྐུ་ལ་བསྐུལ་བའོ། །གང་གིས་བསྐུལ་ན་ཧཱུཾ་ཕཊ་ཅེས་པས་
ཐུགས་བསྐུལ་བའོ། །ནཱ་ག་བི་དྷ་ར་ཎ་ཡ་ཞེས་པ་ནི་ཀླུ་རྣམས་ཟུངས་ཤིག་པའོ། །ཧཱུཾ་གིས་དབང་དུ་བསྡུས་ནས་ཕཊ་ཀྱིས་དུག་ཉམས་པར་གྱིས་ཤིག་པའོ། །ནཱ་གོཏྶཱ་དཱ་ནཱ་ཡ་ཕཊ་ཅེས་པ་ནི་གལ་ཏེ་ཤིན་ཏུ་གདུག་པའི་དུག་གིས་ཟིན་པ་མི་གཏོང་ན་གདུག་པ་ཅན་རྣམས་སྐྲོད་པ་དང་རེངས་

པར་བྱེད་པའོ། །ནཱི་ལཱཾ་བ་ས་ནཱ་ཡ་ཕཊ་ཅེས་པ་ནི་ལས་དང་མཐུན་པའི་གོས་སྔོན་པོ་ཅན་མངོན་སྤྱོད་གྱིས་ཤིག་པའོ། །ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མ་ཡ་ཕཊ་ཅེས་པ་ནི་གང་གི་ཕྱིར་ཁྱོད་ཀྱི་ཐོགས་པ་མེད་པའི་སྟོབས་དང་མཐུ་གཞན་གྱིས་མི་ཐུབ་པས་གདུག་པའི་སྟོབས་ཉམས་པར་གྱིས་ཤིག་
པའོ། །ཀྲི་ཏཱནྟཱ་ཡ་ཕཊ་ཅེས་པ་ནི་སྲུལ་པོའི་སྟོབས་ཕྲོགས་ཤིག་པའོ། །ཀྲི་ཏཱནྟ་རཱུ་པཱ་ཡ་ཕཊ་ཅེས་པ་ནི་ལུས་སྲུལ་པོའི་སྟོབས་ཕྲོགས་ཤིག་པའོ། །རོ་ཥ་ཎ་ཡ་ཕཊ་ཅེས་པ་ནི་གཏུམ་པོའི་སྟོབས་ཕྲོགས་ཤིག་པའོ། །ཏྲཱ་ས་ན་ཡ་ཕཊ་ཅེས་པ་ནི་ལྷ་མ་ཡིན་གྱི་གདོན་མེད་པར་གྱིས་ཤིག་པའོ། །
ཀུམྦྷཎྜོ་ཏྶཱ་ད་ནཱ་ཡ་ཕཊ་ཅེས་པ་ནི་སྨྱོ་བྱེད་ཀྱིས་བྱས་པའི་སྟོབས་ཕྲོགས་ཤིག་པའོ། །པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་པ་ནི་ཡི་དྭགས་དང་ཤ་ཟའི་ཚོགས་སྐྲོད་པར་བྱེད་པའོ། །ཡཀྵ་ཨ་པསྨཱ་ར་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་པ་ནི་གནོད་སྦྱིན་དང་བརྗེད་བྱེད་ཀྱི་ཚོགས་སྐྲོད་པར་བྱེད་པའོ། །ཧ་ས་ཧ་ས་ཞེས་པ་ནི་
བཞད་པ་ཙམ་གྱིས་སོ། །དྷ་ར་དྷ་ར་ཞེས་པ་ནི་དྲན་པ་ཙམ་གྱིས་སོ། །མཱ་ར་ཡ་མཱ་ར་ཡ་ཞེས་པ་ནི་གདུག་པ་ཅན་རྣམས་གསོད་པར་བྱེད་པའོ། །ནཱ་ཤ་ཡ་ནཱ་ཤ་ཡ་ཞེས་པ་ནི་གདུག་པ་ཅན་རྣམས་རེངས་པར་བྱེད་པའོ། །སརྦ་བིགྷྣཱན་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་པ་ནི་གནོད་སྦྱིན་ལ་སོགས་པའི་
བགེགས་ཐམས་ཅད་དབང་དུ་བསྡུས་ཤིང་སྟོབས་ཕྲོགས་ནས་སྐྲོད་པར་བྱེད་པའོ། །སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་པ་ནི་དགེ་འདུན་གྱི་དགྲ་ཐམས་ཅད་སྟོབས་ཕྲོགས་ཏེ་རླག་པར་བྱེད་པའོ། །ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་སྭཱཧཱ་ཞེས་པ་ནི་དུས་གསུམ་གྱི་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ནི་ཕྱག་ན་རྡོ་རྗེ་གསང་སྔགས་ཀྱི་སྐུ་སྟེ། སྒྲུབ་པ་པོས་ཉེ་བར་བསྡུས་པའོ། །དེ་ལྟར་གསང་སྔགས་ཀྱི་རིམ་པ་བཤད་ནས། ཕྲ་མོའི་ལས་ཀྱི་རིམ་པ་བསྟན་པར་བྱ་བའི་ཕྱིར། དེའི་ཆོ་ག་ལ་གནོད་སྦྱིན་གྱི་གདོན་གྱིས་ཟིན་པ་ལ་ནི་ཆུ་ལ་སྔགས་ཀྱིས་
བཏབ་ནས་གཏོར་ན་བཏང་བར་འགྱུར་རོ་ཞེས་པ་ལ། གནོད་སྦྱིན་གྱིས་ཟིན་པའི་རྟགས་ནི་བཞིན་འཇིགས་པ་དང་། ཁ་ཟས་ལྷག་པར་ཟ་བ་དང་། ཁ་བཙོག་སྨྲ་བ་དང་། གཞན་ལ་བརྡེག་པ་དང་། ང་རོ་མི་སྙན་པ་སྒྲོགས་པ་དང་། ནད་ཀྱི་ཟུག་རྔུ་དྲག་པོའོ། །དེ་ལ་ཐོག་མར་མཎྜལ་བྱས་

ཏེ་འཁོར་ལོ་རྩིབས་བརྒྱད་ཀྱི་ཐིག་བཏབ་ལ། རྩིབས་ལ་གནོད་སྦྱིན་གྱི་ས་བོན་བྲི། རྩིབས་མཆན་དུ་འཁོར་ལོ་ཉིད་ཀྱི་ས་བོན་བྲིའོ། །དེ་ལ་བུ་མོ་ལོ་བརྒྱད་ལོན་པ་ལ་ཙནྡན་དང་། ག་པུར་དང་། གུར་ཀུམ་དང་། ཛཱ་ཏི་དང་། གླ་རྩི་ལྔ་ནི་དྲི་ལྔ་སྟེ། ཆུ་གཙང་མ་དང་
སྦྱར་ལ་བུ་མོ་ཁྲུས་བྱས་ནས་དཀོན་མཆོག་གསུམ་དང་མཎྜལ་གྱི་ལྷ་ལ་ཕྱག་བྱས་ཏེ། བསྙེན་གནས་ཀྱི་སྡོམ་པ་འཛིན་དུ་བཅུག་ལ། རིན་པོ་ཆེའི་སྣོད་ཐོགས་པས་བྱང་ཕྱོགས་ནས་ཉི་མའི་རྩེ་ལ་ཆུ་བླངས་ཏེ། སྣོད་དེ་ཉིད་མཉྫིའི་སྟེང་དུ་གཞག་ཀུ་ཤས་ཁ་བརྒྱན་ལ། དར་སྔོན་པོས་མགུལ་
པ་བཅིངས་ཤིང་མཎྜལ་གྱི་དབུས་སུ་བཀོད་ལ། སྐུད་པ་སྔོན་པོས་མགུལ་པ་ནས་བཏགས་ཏེ། སྒྲུབ་པ་པོའི་གཡོན་གྱི་སྲིན་ལག་ལ་དཀྲིས་ལ། གཡས་པར་ཡུངས་ཀར་བླུགས་ཏེ་རིག་སྔགས་རེ་རེ་རྫོགས་པ་དང་། ཡུངས་ཀར་རེ་རེ་བུམ་པར་བསྟིམ་མོ། །དེ་ལྟར་ཡུངས་ཀར་འབྲུ་རེ་རེ་ལ་ཁྲོ་བོ་རྡོ་རྗེས་མཚོན་པ་
གྲངས་མེད་པས་ཁྱབ་པར་བསམ་མོ། །བདག་ཉིད་གནོད་སྦྱིན་གོས་སྔོན་པོ་ཅན་དུ་བསྒོམས་ལ་ཁར་ཆུ་བླུགས་ཏེ། ནད་པའི་ལུས་ལ་ཁ་ཕྲུས་བཏབ་པ་དང་། ཁྲོ་བོ་རྡོ་རྗེའི་མཚོན་ཆ་ཅན་དག་གིས་གནོད་སྦྱིན་གྱི་གདོན་ཕྲལ་ཏེ་སོང་བར་བསམ་མོ། །དེ་ནས་གདོན་དེངས་པ་དང་བུམ་
པས་ནད་པའམ་རང་ལ་དབང་བསྐུར་བར་བྱའོ། །དེ་ནས་མཎྜལ་བསྡུས་ཏེ་ཡུངས་ཀར་དང་མཎྜལ་གྱི་ས་བསྲེས་པ་ཐོགས་ཏེ། བདག་ཉིད་བདུད་རྩི་འཁྱིལ་པའི་ཏིང་ངེ་འཛིན་དུ་ཞུགས་ལ་ཕྱོགས་མཚམས་བརྒྱད་དུ་གཏོར་ཞིང་མཚམས་བཅད་པ་དེ་ནི་གནོད་སྦྱིན་གྱིས་ཟིན་པའི་
ཆོ་གར་བསྟན་ཏོ། །ཀླུ་བཟློག་པར་འདོད་ན་སྨྱག་ཤད་ཀྱི་ལྕུག་མའམ་བལ་པོ་སེའུའི་ལྕུག་མས་བྱའོ་ཞེས་པ་ནི། ཐོག་མར་ནད་པའི་ནད་བརྟག་པར་བྱ་སྟེ། ཀླུའི་ནད་སྤྱིར་མང་ན་ཡང་། ནད་པ་ཀླུ་ལ་དགའ་བ་དང་། ནུབ་མོ་ན་བ་དང་། ཡན་ལག་ན་བ་དང་། ནད་གནུར་ལྕི་བ་
དང་། སྙིང་མི་དགའ་བ་དང་། འཁྲུལ་ཞིང་དྲན་པ་མི་གསལ་བ་དང་། ཡན་ལག་འཁུམས་པ་དང་། ལུས་ལྕི་མིག་དམར། སྣ་འགག །ལུས་དྲི་མི་ཞིམ་པ་རྣམས་ཀླུའི་ནད་ཡིན་ནོ། །གལ་ཏེ་མཛེ་གསོ་བར་འདོད་ན་ཡང་ཀླུའི་ནད་ཡིན་མིན་རྟོགས་པར་བྱས་ཏེ་གསོའོ། །དེ་སྨྱག་

ཤད་ཀྱི་ལྕུག་མ་དང་། བལ་པོ་སེའུའི་ལྕུག་མ་ཁྱེའུ་ལོ་བརྒྱད་པའི་གནས་ལྔར་འབྲུ་ལྔས་བསྲུངས་ཏེ། ནུབ་ཕྱོགས་ནས་ལྕུག་མ་མཚར་བུའི་ཐེམས་ཀྱིས་གཅད་ལ། ལྕུག་མ་བདུན་བརྔས་པ་དང་། དངུལ་གཞོང་ཆུས་བཀང་བའི་ནང་དུ་ལྕུག་མ་བཅུག་སྟེ་གཞག །འཁར་གཞོང་ཅིག་གི་
ནང་དུ་ཟན་ལ་པདྨ་འདབ་མ་དྲུག་པ་ཅིག་བྱས་ལ། དེའི་སྟེང་དུ་བ་སུ་ཏ་རིགས་དྲུག་དགོད་པ་ནི་གཅིག་ལ་བུ་མོ་དང་ཁྱེའུ་དགོད། གཅིག་ལ་སྦྲུལ་ཁ་དོག་འདྲེས་པ་སྦྲུལ་མགོ་བདུན་པ་དགོད། གཅིག་ལ་ཉ་དང་སྦལ་པ་དང་ལྕོང་མོ་དགོད། གཅིག་ལ་རྩངས་མ་མགོ་དགུ་དགོད། གཅིག་
ལ་བ་གླང་དགོད། གཅིག་ལ་སྦྲུལ་ནོར་བུ་རིན་པོ་ཆེས་བརྒྱན་པ་དགོད། དེའི་མཐའ་མ་ཤིང་གིས་བསྐོར་ལ་གཞག་གོ། །དེ་ནས་སྨྱག་ཤད་དང་བལ་པོ་སེའུའི་ལྕུག་མ་དྲིལ་ཏེ། སྐུད་པས་གསུམ་དུ་བཅིངས་ཏེ། དེ་ལ་རྨ་བྱའི་མདོངས་གསུམ་བཙུགས་ལ་བདག་ཉིད་གོས་སྔོན་
པོ་ཅན་དུ་གསལ་བས་ལྕུག་མ་དང་རྨ་བྱའི་དྲིལ་བ་ལག་ཏུ་ཐོགས་ཏེ། ནད་པ་སྔོན་དུ་བཞག་ལ་ནད་པ་ལ་བྱབ་ཅིང་པདྨ་དང་ཀླུ་ལ་དབབ། དེ་ནས་དུག་དེ་དེས་ཁྱེར་བར་བསམས་ལ། ཀླུ་རྣམས་ཟླ་བའི་གདན་ལ་འདུག་པར་བསམས་པའི་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསྒོམས་
ཏེ། གཟུངས་ཀྱི་ཕྲེང་བའི་མཇུག་ཏུ་ནཱ་ག་སྥ་ར་ཎ་ཕཊ་ཅེས་བརྗོད་པས་ཀླུ་རྣམས་རང་གི་གནས་གང་ཡིན་པར་རླུང་གིས་བསྐྱོད་ནས་སྐད་ཅིག་གིས་ཕྱིན་པར་བསམ་མོ། །དེ་ལྟ་བུ་གཅིག་གིས་ཀྱང་ཕན་པར་ནུས་ན་མང་དུ་བྱས་ན་སྨོས་སུ་མེད་དོ། །དེ་ནི་ཀླུའི་ནད་གསོ་བའི་ཆོ་གའོ། །
ཡི་དྭགས་དང་བརྗེད་བྱེད་རྣམས་ལ་ནི་སྐུད་པས་བྱའོ་ཞེས་པ་ནི། བརྗེད་བྱེད་ཀྱི་རྟགས་ནི་དྲན་པ་ཉམས་པ་དང་། རྐང་ལག་སྤྲུག་པ་དང་། མི་སྨྲ་བ་དང་། ཁ་ཆུ་འཛག་པ་དང་། མེ་དང་ཆུ་དང་གཡང་ལ་མཆོང་བ་དང་། གཉིད་མང་བ་ལ་སོགས་པའོ། །དེ་ལ་སྐུད་པ་དཀར་པོ་ལ་
མདུད་པ་བརྒྱ་བྱས་ཏེ། མདུད་པ་རེ་རེ་ལ་སྔགས་རེ་རེ་བཟླས་ལ། སྐུད་པའི་མཐའ་གཉིས་དབུས་དང་གསུམ་དུ་ཟངས་ཀྱི་ཕུར་པ་སོར་གཉིས་པ་ལ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་པས་མཚན་ཏེ། ནད་པའི་སྐེར་གདགས་སོ། །རིམ་པ་ནི་སྔ་མ་བཞིན་ནོ། །རིམས་ནད་

མེད་པར་བྱ་བ་དང་། གཞོགས་ཕྱེད་ན་བ་དང་། ཡི་ག་འཆུས་པ་ལ་ནི་སྐུད་པ་སྔོན་པོས་བྱའོ་ཞེས་པ་ནི། རས་བལ་གྱི་སྐུད་པ་མེ་ཏོག་སྔོན་པོས་ཁ་བསྒྱུར་ཏེ། སྔགས་ཚིག་རྣམས་ཤོག་བུ་ལ་བྲིས་ཏེ། སྐུད་པ་དང་བཅས་མགུལ་པའམ་གང་ན་བར་བཏགས་ན་
འཚོ་བར་འགྱུར་རོ། །བྱིས་པ་གདོན་གྱིས་ཉེན་པ་དང་། ནད་ཀྱི་འཇིགས་པ་ཐམས་ཅད་ལ་སྐུད་པ་སྔོན་པོས་བྱའོ་ཞེས་པ་ནི། རས་བལ་གྱི་སྐུད་པ་མེ་ཏོག་སྔོན་པོས་ཁ་བསྒྱུར་ཏེ། མདུད་པ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་ཏུ་མདུད་དེ། མདུད་པ་རེ་རེ་ཞིང་སྔགས་
རེ་རེ་རྫོགས་པ་དང་བསྲུང་བྱའི་མགུལ་ལམ་ག་ཤར་བཏགས་ནས་ཏིང་ངེ་འཛིན་གྱིས་གདོན་གྱིས་ཉེན་པའི་ལུས་རྡོ་རྗེའི་དྲ་བར་བསྒོམས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ། །ཆོམ་རྐུན་བཟློག་པར་འདོད་ན་སས་བྱའོ་ཞེས་པ་ནི་རྣལ་འབྱོར་པ་རང་གི་ཆག་གང་བརྐོས་པའི་གཏིང་
ནས་ས་རློན་པ་བླངས་ཏེ། གུ་གུལ་ནག་པོས་བདུགས་ལ་སྔགས་རེ་རེ་ཞིང་ཡུངས་ཀར་རེ་རེ་ས་ལ་བསྣུན་པར་བྱའོ། །དེ་ལྟར་སྔགས་སྟོང་རྩ་བརྒྱད་རྫོགས་པ་དང་། ས་དེ་ཁམ་པའི་གའུ་སྲུབས་མེད་པར་བླུགས་ལ། པར་བུའི་དཀྱིལ་དུ་བུག་པ་སྨྱུག་མ་ཙམ་ཅིག་ཕུག་སྟེ། དེའི་
ནང་དུ་ཡུངས་ཀར་སྟོང་ལ་སྔགས་སྟོང་ཐིམ་པ་དང་། ཤིང་ཁ་དྷི་རའི་སྡོང་པོས་བསྲེགས་ནས་ནང་གི་ས་དང་ཡུངས་ཀར་ཚིག་ཅིང་མདོག་འགྱུར་བར་བྱས་ནས། དེའི་ནང་ནས་ཕྱུང་ལ་སྣོད་ཀྱི་ནང་དུ་བླུགས་ལ་ཇག་རྐུན་བྱུང་བའི་དུས་སུ་གཏོར་ན་ལོག་པར་འགྱུར་རོ། །ཁྱད་པར་དུ་རྐུན་པོ་ལ་
ནོར་རྫས་གང་ཡིན་པ་ལ་སྔགས་ཁྲོས་པའི་ཤུགས་ཀྱིས་བཏབ་ན་རྐུན་པོ་ལྡོག་པར་འགྱུར་རོ། །དུག་ལ་ནི་རྩྭ་ཀུ་ཤས་བྱབ་པར་བྱའོ་ཞེས་པ་ནི། གང་དུག་གིས་ཟིན་པ་དེ་དྲུག་དང་དབྲལ་བར་འདོད་པ་རྩྭ་ཀུ་ཤ་བདག་གིས་བཟུང་སྟེ། མདུན་དུ་སོལ་བ་དང་རྡོ་རྒྱུས་ལ་སྦྲུལ་གྱི་
གཟུགས་ཅིག་བྱས་ལ་ནད་པའི་ལུས་ལས་དུག་དེ་ཀུ་ཤས་བྱབ་སྟེ་ཕྲེང་བའི་སྔགས་ཀྱི་ཞབས་ལ་ཁཾ་ཁཾ་ཞེས་བརྗོད་ཅིང་གཟུགས་དེ་ལ་ཕབ་པས་འགུལ་བར་བསམ་ཤིང་གཟུགས་ཀྱི་སྙིང་གར་ཧྲཱིཿལས་འོད་བྱུང་བས་ནད་དེ་བསྡུས་ནས་དེ་ཉིད་ཧྲཱིཿལ་ཐིམ་པར་བསམ་དེ་ནས་གཟུགས་

དེ་གནས་མཐོན་པོར་ཕྱུང་ལ་རླུང་ལ་བསྐུར་ཏེ། ནམ་མཁའ་ལ་ཁྱེར་བར་བསམ་མོ། །དེ་ནི་དུག་དབྱུང་བའི་ཆོ་ག་སྟེ། ཤིན་ཏུ་རྩེ་གཅིག་དང་ལྡན་པས་བྱའོ། །ནོར་འདོད་ན་ཞག་གཅིག་སྨྱུང་བར་འདུག་སྟེ། པོག་གིས་བདུགས་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བའི་དོན་ཐམས་ཅད་
སྟོན་ཅིང་གསེར་གྱི་དོང་ཚེ་བདུན་སྟོང་སྦྱིན་པར་བྱེད་དོ་ཞེས་པ་ནི། བདག་ཉིད་གོས་སྔོན་པོ་ཅན་དུ་བསྒོམས་ལ་མདུན་དུ་འཕགས་པ་ཛཾ་བྷ་ལ་བསམས་ལ་མཆོད་དོ། །དེ་ཡང་སྨྱུང་བར་གནས་པའི་ནང་པར་ཉི་མའི་རྩེ་ལ་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྔགས་འདིས་དབུལ་ལོ། །ཨོཾ་ཛམྦྷ་ལ་ཛ་
ལེནྡྲཱ་ཡ་སྭཱཧཱ། ཞེས་པའོ། །རྒྱུན་དུ་ཕྲེང་བའི་སྔགས་འདི་ཁོ་ན་བརྗོད་པར་བྱའོ། །དེ་ལྟར་ཞག་བདུན་ཞིང་ཞག་རེ་རེ་སྨྱུང་བར་གནས་ཏེ། ག་པུར་དང་ཛཱ་ཏི་ཕ་ལ་དང་། གླ་རྩི་དང་། གུར་ཀུམ་ལ་སོགས་པ་དྲི་སྣ་ཚོགས་ཀྱིས་གོས་སྔོན་པོ་ཅན་གྱི་གཟུགས་བརྙན་དང་། མཆོད་
རྟེན་ལ་སོགས་པའི་མདུན་དུ་འདུག་པ་དང་། འཕགས་པ་གོས་སྔོན་པོ་ཅན་ཡང་དག་པར་མཆོད་ཅིང་ཡིད་ལ་བྱེད་པས་རྣམ་ཐོས་སྲས་ལ་བདག་དཀོན་མཆོག་གསུམ་ལ་མཆོད་པའི་ནོར་སློང་ངོ་ཞེས་བརྗོད་དེ་ཉལ་བར་བྱའོ། །རྨི་ལམ་ན་གསེར་གྱི་དོང་ཚེ་ཉིད་མཐོང་བའམ།
རྙེད་པའམ། གཞན་གྱིས་བདག་ལ་བྱིན་པའམ། མང་པོ་ལ་ལོངས་སྤྱོད་པ་ནི་གྲུབ་པའི་མཚན་མ་སྟེ། གང་དག་སའི་དཀྱིལ་འཁོར་འདི་ན་ལས་དང་པོ་པའི་བསོད་ནམས་ལས་གྲུབ་པའི་གནོད་སྦྱིན་ཕོ་མོ་རྣམས་ཀྱིས་བདག་ལ་གཏེར་སྟེར་བ་དང་། ས་ལ་གནས་པའི་གཏེར་
དག་སྟོན་པར་འགྱུར་རོ། །རྨི་ལམ་དུ་དོང་ཚེ་བདུན་སྟོང་མཐོང་ན་ཐེ་ཚོམ་མེད་དོ། །སྒོ་ལྕགས་དབྱེ་བར་འདོད་ན་ཡུངས་ཀར་གྱིས་བྱའོ་ཞེས་པ་ནི། བྲམ་ཟེའི་རིགས་ཀྱི་ཐོད་པར་ཡུངས་ཀར་བླུགས་ཏེ་ཕྲེང་བའི་སྔགས་བརྗོད་ཅིང་བསྒྲུབ་པ་ལ་སོགས་པ། སྟོང་ངམ་ཁྲི་ལ་སོགས་
པ་ཐིམ་པ་དང་ཡུངས་ཀར་བྱིན་གྱིས་བརླབས་ལ། སྒོ་ལྕགས་འབྱེད་པའི་དུས་སུ་ཡང་ཕྲེང་བའི་སྔགས་བརྗོད་ཅིང་ལྡེ་ཁུང་དུ་ཡུངས་ཀར་བདུན་ནམ་ཉི་ཤུ་རྩ་གཅིག་བསྐྱུར་བས་ཕྱེད་པར་འགྱུར་རོ། །རྒྱས་བཏབ་པ་དགྲོལ་བར་འདོད་ན་ཐལ་བས་བྱའོ་ཞེས་པ་ནི། བའི་ལྕི་བ་ལ་སོགས་པ་རྣམ་

པ་ལྔ་ས་དང་སྦྱར་ལ་ཞི་བའི་ཧོམ་ཁུང་དུ་བྱས་ཏེ། ཙནྡན་དམར་པོའི་མེ་བཏང་ལ་མེ་ཏོག་སྔོན་པོའི་ནང་དུ་མངར་གསུམ་གྱི་རི་ལུ་བག་ཕྱེར་གཏུམས་ཏེ་བཅུག་ལ། མེ་ཏོག་དང་ཕྲེང་བའི་སྔགས་བཟླས་ཏེ། སྟོང་ངམ་ཁྲི་ཐིམ་པར་བསྲེགས་པའི་ཐལ་བས་གཏོར་རམ་
བསྐུས་ན་གྲོལ་བར་འགྱུར་རོ། །འཇིགས་པ་ཐམས་ཅད་ལས་བསྲུང་བ་ནི་མར་རྙིང་པའམ་ཐལ་བའམ་ཡུངས་ཀར་གྱིས་བྱའོ་ཞེས་པ་ནི་མར་ལོ་དུ་མ་ལོན་པ་གའུའི་ནང་དུ་བཅུག་སྟེ། སྟེང་ན་བུ་ག་བྱས་པ་ལ་ཆུ་བཏང་སྟེ། ཕྲེང་བའི་སྔགས་སྟོང་ངམ་ཁྲི་ཐིམ་པ་དང་ཕྱག་ན་རྡོ་རྗེ་ཡང་དག་
པར་མཆོད་དོ། །གཟུངས་ཀྱི་བུམ་པ་དང་ལྡན་པའི་ཆུས་ལུས་བཀྲུས་ཏེ། གའུའི་མར་གྱིས་བསྐུས་ན་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཡང་ན་གའུའི་བུ་ག་ན་མར་ཡུངས་ཀར་རེ་རེ་ཞིང་ཕྲེང་བའི་སྔགས་རེ་རེ་བརྗོད་ཅིང་། དེ་རེ་རེ་ཡང་ཁྲོ་ཆུང་རེ་རེར་གྱུར་པར་
བསམས་ལ། དེ་སྟོང་ངམ་ཁྲི་ལ་སོགས་པ་ཐེམ་པ་དང་། སྤྱི་བོ་ལ་སོགས་པར་ཕུར་པ་བྱས་ཏེ་བཏགས་ན་ཡང་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཐལ་བ་ལ་ནི་ཞི་བའི་སྦྱིན་སྲེག་བྱས་པའི་ཐལ་བ་སྟེ། མར་རྙིང་པ་དང་ལྷན་ཅིག་ཏུ་གཟུངས་སྔགས་འབུམ་བཟླས་ཏེ་
བྱུག་པའམ། ཡང་ན་ཡུངས་ཀར་དང་ལྡན་པའི་བྱུག་པའམ། གདགས་པ་བྱས་ན་ཡང་ཐར་བར་འགྱུར་རོ། །བདག་བསྲུང་བ་ནི་ཡིད་ཀྱིས་སམ་ཆུས་བྱའོ་ཞེས་པ་ནི། ཏིང་ངེ་འཛིན་གསལ་བ་དང་། བཟླས་པ་རྫོགས་པ་ནི་དམིགས་པ་ཙམ་གྱིས་སོ། །ཡང་ན་ཆུ་ལ་བསྔགས་
ཏེ་སྟེང་འོག་ལ་སོགས་པར་གཏོར་ཞིང་བཏུང་བར་བྱའོ། །གཞན་བསྲུང་བ་ནི་སྐུད་པ་སྔོན་པོས་བྱའོ་ཞེས་པ་ནི་གོང་དུ་བཤད་པ་དང་སྦྱར་བར་བྱའོ། །ལས་དེ་དག་ཐམས་ཅད་ལ་སྔགས་བཟླས་པ་ནི་ལན་གསུམ་མམ། བདུན་ནམ། བཅུ་བཞིའམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་
བརྒྱད་བརྗོད་པར་བྱའོ་ཞེས་པ་ནི་གོང་དུ་བསྙེན་པ་རྫོགས་པའི་རྣལ་འབྱོར་པས་ལས་ལ་སྦྱོར་བའི་དུས་སུ་རིག་པ་བརྗོད་པའི་གྲངས་ཀྱི་ཚད་དོ། །དེ་ལྟར་བྱས་ན་འགྲུབ་པར་འགྱུར་རོ་ཞེས་པ་ནི་གོང་དུ་བསྟན་པའི་ལས་ཚོགས་དེ་དག་ལྟར་རོ། །མཆོད་རྟེན་སྐུ་གདུང་དང་ལྡན་པའི་མདུན་དུ་

མེ་ཏོག་སྔོན་པོས་མཆོད་དོ་ཞེས་པ་ནི་མཆོད་རྟེན་བདེ་བར་གཤེགས་པའི་གདུང་དང་ལྡན་པའི་རྩར་ཕྱག་ན་རྡོ་རྗེ་སྒྲུབ་ཐབས་ལས་འབྱུང་བ་བཞིན་མཆོད་དེ་མེ་ཏོག་སྔོན་པོ་གུར་ཀུམ་གྱི་ཆུར་བཅུག་སྟེ། ཉི་མ་རེ་རེ་ལ་དུས་གསུམ་དུ་ཉི་ཤུ་རྩ་གཅིག་ཏུ་མཆོད་པར་བྱའོ། །སྔགས་སྟོང་
བཟླས་བརྗོད་བྱས་ན་འགྲུབ་པར་འགྱུར་རོ་ཞེས་པ་ནི་ཐ་མའི་ཚད་བསྟན་པ་སྟེ། ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་བརྗོད་པར་བྱའོ། །གཞན་ཡང་ལྡེར་སོ་དང་། རས་རིས་ལ་སོགས་པ་ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་མདུན་དུ་ཇི་སྐད་བཤད་པའི་སྒྲུབ་ཐབས་བཞིན་དུ་ཡང་དག་པར་མཆོད་
དེ་མཉེས་པར་བྱས་ནས་ཕྲེང་བའི་སྔགས་འབུམ་མམ་བྱེ་བ་ལ་སོགས་པའི་སྦྱོར་བ་སྔོན་དུ་སོང་བས་ནི་འགྲུབ་པར་མི་འགྱུར་བ་གང་ཡང་ཡོད་པར་མི་འགྱུར་རོ། །སེམས་ཅན་འདོད་པ་ཐ་དད་རྣམས་ལ་གཟིགས་ནས་ནི། །བདེ་བར་གཤེགས་པས་བྱང་ཆུབ་ལམ་ནི་སྣ་ཚོགས་གསུངས། །
སྙིགས་མའི་དུས་ཀྱི་སེམས་ཅན་བརྩོན་འགྲུས་བློ་ཞན་རྣམས། །འཇུག་བྱའི་དོན་དུ་དེ་ཉིད་སྒྲོན་མ་འདི་བརྩམས་ཏེ། །བླ་མ་ལ་གུས་དད་ལྡན་སྙིང་རྗེ་ཤེས་རབ་ལྡན། །ཐེག་ཆེན་ཐབས་མཁས་ཚད་མེད་སྙིང་རྗེའི་སེམས་བསྐྱེད་པ། །དབང་རྣམས་རྫོགས་ཤིང་རྗེས་སུ་གནང་ཐོབ་
དམ་ཚིག་ཅན། དེ་ལ་དཔའ་བོས་གནང་དབང་བརྒྱུད་དེ་བསྟན་པར་བྱ། བླ་མ་མཉེས་བྱས་བརྩེ་བས་བདུད་རྩིའི་འོད་ཟེར་ཐོབ། །ཇི་སྲིད་མཉེས་བྱས་གཞན་དོན་ལྷག་ལྷས་གནང་བ་བྱིན། །རང་ཉམས་སྟོབས་ཀྱིས་སྒྲུབ་པོ་རྫས་གཟུང་རྒྱུད་དོན་བྲིས། །ངལ་བའི་དགེ་བས་དངོས་གྲུབ་རྣམ་
གཉིས་ཐོབ་པར་ཤོག །འཕགས་པ་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཆོ་ག་ཞེས་བྱ་བའི་གཟུངས་ཀྱི་འགྲེལ་པ་དེ་ཁོ་ན་ཉིད་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ་སློབ་དཔོན་ཀླུ་གྲུབ་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁས་པ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང་བོད་ཀྱི་ལོ་ཙཱ་བ་རྒྱ་བརྩོན་སེང་གེས་
ཤྲཱི་ན་ལེནྡྲའི་སྒོ་འགྲམ་དུ་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ནཱི་ལཱ་མཱ་ར་དྷ་ར་བཛྲ་པཱ་ཎི་དྷཱ་ར་ཎཱི་བི་བྲྀཏྟི་ནཱ་མ། བོད་སྐད་དུ། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཟུངས་ཀྱི་འགྲེལ་པ་ཞེས་བྱ་བ། དཔལ་ཞེ་སྡང་རྡོ་རྗེ་ལ་ཕྱག་འཚལ་ལོ། གདུག་

པ་འཇོམས་པར་བྱེད་པའི་མཆོག །ཕྱག་ན་རྡོ་རྗེ་ལ་བཏུད་ནས། །དེ་ཡི་གཟུངས་ཀྱི་འགྲེལ་པ་འདི། །ལས་ཀྱི་རྡོ་རྗེ་བདག་གིས་བརྩམ། །དེ་ལ་རྗོད་པ་དང་། བརྗོད་པར་བྱ་བ་དང་། འབྲེལ་པ་དང་། དགོས་པ་དང་། དགོས་པའི་དགོས་པ་མོད་ལ་གསུངས་ཏེ། འདིར་
བཤད་པར་བྱ་བ་ཡིན་ཏེ། གང་གི་ཕྱིར་བརྗོད་པ་ལ་སོགས་པ་མ་རྟོགས་པར་ཉན་པ་པོ་རྣམས་ནི་འཇུག་པར་མི་འགྱུར་བས། དེའི་ཕྱིར་གོས་སྔོན་པོ་ཞེས་བྱ་བའི་ལག་ན་རྡོ་རྗེའི་གཟུངས་ཞེས་བྱ་བ་ནི་རྗོད་པར་བྱེད་པའོ། །འཕགས་པ་ལག་ན་རྡོ་རྗེའི་གཟུངས་དང་སྟོབས་དང་མཐུ་ལ་སོགས་
པ་གཟུངས་ཀྱི་སྒོ་ནས་བསྟན་པ་ནི་བརྗོད་པར་བྱ་བའོ། །དེ་དག་གིས་ཕན་ཚུན་འབྲེལ་པ་ཡིན་ཏེ། རྗོད་པ་དང་། བརྗོད་པར་བྱ་བའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ལ་དུག་དང་། འཆིང་བ་དང་འབྱུང་པོ་དང་། མཁའ་འགྲོ་དང་། མཁའ་འགྲོ་མ་རྣམས་ཀྱིས་རྒྱས་བཏབ་དང་།
གནོད་སྦྱིན་དང་། བརྗེད་བྱེད་ལ་སོགས་པའི་འཇིགས་པ་ངེས་པར་བཟློག་པ་ནི་དགོས་པའོ། །དེ་དག་ཀྱང་ཚེ་རིང་བ་དང་ནད་མེད་པ་ལ་སོགས་པ་ཐོབ་ན་འཕགས་པ་ཕྱག་ན་རྡོ་རྗེའི་མཐུ་འདི་ཡིན་ནོ་ཞེས་ངེས་པར་འཛིན་པས་བདེ་བར་གཤེགས་པའི་བསྟན་པ་ལ་ཉེ་བར་འཇུག་ཅིང་། སངས་རྒྱས་
ཀྱི་བྱང་ཆུབ་ཐོབ་པར་འགྱུར་ཞིང་། དགོས་པའི་དགོས་པའོ། །དེ་ཡང་རིགས་པའི་རྗེས་སུ་འབྲང་བ་རྣམས་ལ་བརྟེན་ཏེ་བཤད་པར་བྱའོ། །དད་པའི་རྗེས་སུ་འབྲང་བ་རྣམས་ཀྱིས་གང་གི་ཚེ་འདྲི་བར་གྱུར་ན་འདི་གང་ཟག་གིས་བརྩམས་ཞེས་དེའི་ཚེ་ཆོས་སྟོན་པ་ལ་སོགས་ཕུན་
སུམ་ཚོགས་པ་མདོ་སྡེའི་རྗེས་སུ་འབྲངས་ནས་བཤད་པར་བྱའོ། །དེ་ལ་ཛེ་ཏའི་ཚལ་དུ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་བྱ་བས་གནས་ཕུན་སུམ་ཚོགས་པ་དང་། དེ་བཞིན་དུ་བཅོམ་ལྡན་འདས་ཞེས་བྱ་བས་སྟོན་པ་ཕུན་སུམ་ཚོགས་པ་དང་། དགེ་སློང་གི་དགེ་
འདུན་ཆེན་པོ་ཞེས་བྱ་བས་འཁོར་ཕུན་སུམ་ཚོགས་པ། གཟུངས་གསུངས་པ་ནི་བསྟན་པ་ཕུན་སུམ་ཚོགས་པ་དང་། དུས་གཅིག་ན་ཞེས་པས་དུས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཞེས་བྱ་བས་དྲག་པོ་ཆེན་པོ་འདུལ་བར་

བྱེད་པ་བསྟན་པ་ཡིན་ཏེ། གནོད་སྦྱིན་གྱི་སྡེ་དཔོན་ཞེས་བྱ་བ་ནི་ཞེ་སྡང་གི་རང་བཞིན་ཅན་ནོ། །དེ་རྣམས་ཀྱི་ཞེས་བྱ་བ་ནི་གཙོ་བོ་ཞེ་སྡང་གི་རིགས་ལས་འབྱུང་བའི་སྤྲུལ་པའི་སྐུ་ཞལ་རྣམ་པར་འགྱུར་བ་བསྟན་པ་ནི་གདུག་པ་འདུལ་བ་འཛིན་པ་བསྟན་པ་ཡིན་ནོ། །དེ་བས་ན་ཕྱག་ན་རྡོ་རྗེ་
ཞེས་སྨོས་པ་ནི་རང་གི་རིགས་དང་མཐུན་པའི་རྡོ་རྗེ་མཚན་མ་འཛིན་པའོ། །གོས་སྔོན་པོ་ཅན་ཞེས་བྱ་བས་སྤྲིན་སྔོན་པོ་དང་འདྲ་བའི་ན་བཟའ་བསྣམས་པས་འདི་ནི་སྔོན་མ་མཐོང་བའི་ཀླུ་ཡིན་ཞེས་ཀླུའི་རྒྱལ་པོ་རྣམས་གྲགས་པ་འཇིག་པའི་དོན་ཏོ། །སངས་རྒྱས་གང་གཱའི་ཀླུང་གི་བྱེ་མ་
སྙེད་ཀྱིས་གནང་བ་ཞེས་བྱ་བས་ནི། ཕྱག་ན་རྡོ་རྗེ་ཉིད་ལ་དབང་བསྐུར་བ་ཐོབ་པ་བསྟན་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པ་ན་ཕྱག་ན་རྡོ་རྗེ་ཉིད་ལ་གནང་བ་ཞེས་བྱ་བ་ནི་བསྟན་པ་གཏད་དོ། །མཆེ་བ་གཙིགས་པ་ཞེས་བྱ་བ་ནི་མཆེ་
བའི་དུག་ཅན་ཀླུ་རྣམས་རྣམ་པར་འཇོམས་པའི་དམ་ཚིག་བསྟན་ཏོ། །མིག་མེ་མདག་གི་ཕུང་པོ་འདྲ་བ་ཞེས་བྱ་བས་ཡང་དག་པའི་ཡེ་ཤེས་ཀྱི་མེ་དཔུང་དང་མཚུངས་པའི་སྤྱན་གྱི་ས་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་པའི་ལྟ་བ་སྲེག་པར་བྱེད་པའི་སྒོ་ནས་ལྟ་
བའི་དུག་ཅན་གྱི་ཀླུ་རྣམས་འཇོམས་པའི་དམ་ཚིག་བསྟན་ཏོ། །དབུགས་མེ་ལྕེ་ལྟར་འབར་བ་ཞེས་བྱ་བས་སྲོག་གི་དབུགས་ཀྱི་ཀླུ་དག་བདག་གི་དབང་དུ་བསྡུ་བའི་ཏིང་ངེ་འཛིན་ལ་བརྟེན་ཏེ། མེའི་ཕུང་པོ་དང་འདྲ་བའི་འོད་ཟེར་རྣམས་ཀྱིས་དབང་དུ་བསྡུ་ཞིང་བཅིངས་ཏེ། རྩོལ་
བའི་རླུང་རྣམས་ཀྱིས་ཀྱང་གདུག་པའི་སེམས་ཅན་ཐམས་ཅད་འགུགས་པར་མཛད་ཅེས་བྱ་བའི་དོན་ཏོ། །འཇིགས་པའི་ང་རོ་ཅན་ཞེས་བྱ་བ་ནི་རོ་ལངས་སྐྲག་པར་བྱེད་པའི་དམ་ཚིག་གིས་ཀླུ་རྣམས་ཀྱི་འབྲུག་སྒྲའི་རྗེས་སུ་བྱེད་པའི་དགོངས་པས་འཇིགས་པ་སྐྱེད་པར་མཛད་
ཅེས་པའི་དོན་ཏོ། །ལག་པ་དང་རྐང་པ་ཀླུ་ནོར་རྒྱས་ཀྱི་བུས་བརྒྱན་པ་ཞེས་བྱ་བས་ནོར་རྒྱས་ཀྱི་བུ་སྔགས་ཀྱིས་བཀུག་ནས་དུག་ཕྲོགས་ནས་ཕྱག་དང་ཞབས་ཀྱི་རྒྱན་ཉིད་དུ་མཛད་ཅེས་བྱ་བའི་དོན་ཏོ། །ཀླུ་ནག་པོ་སེ་རལ་ཁར་ཐོགས་པ་ཞེས་བྱ་བ་ལ། གྲིབ་མ་འགོམས་པ་ཙམ་གྱིས་

དུག་འཕྲོ་བར་བྱེད་པ་གང་ཡིན་པ་དེ་དག་སྦྲུལ་ནག་པོ་སྟེ་གྲིབ་མ་དུག་ཅན་ནོ། །དེ་སེ་རལ་ཁ་ཞེས་བྱ་བ་ནི་ཚངས་པ་ཉིད་ལ་གནས་པའི་རྟགས་སུ་གྱུར་པ་ཚངས་སྐུད་ཐོགས་ཤིང་བརྒྱན་པས་གྲིབ་མའི་དུག་ཅན་གྱི་ཀླུ་རྣམས་འདུལ་བར་བྱེད་པར་བསྟན་ཏོ། །ཀླུ་དགའ་བོ་
དང་ཉེ་དགའ་བོ་འབར་བས་རྣ་ཆ་བྱས་པ་ཞེས་བྱ་བ་ལ། དུག་གི་ཁ་ཕྲུ་འབར་བ་རྣམས་ཀྱིས་སེམས་ཅན་ལ་གནོད་པ་བྱེད་པ་དགའ་བོ་དང་ཉེ་དགའ་བོའི་དབང་དུ་འདུས། སངས་རྒྱས་ལ་དད་ཅིང་ཞི་བར་གྱུར་པ་ཚིག་སྙན་པས་ཕྱག་ན་རྡོ་རྗེ་ལ་བསྟོད་ཅིང་ཐལ་མོ་སྦྱར་ཏེ་སྙན་པར་གྱུར་པས་
དེའི་ཕྱིར་འཕགས་པ་ཕྱག་ན་རྡོ་རྗེའི་སྙན་གྱི་རྒྱན་ཉིད་དུ་མཛད་ཅེས་དགོངས་པའོ། །སྦྲུལ་གདུག་པ་འབར་བ་རིན་པོ་ཆེའི་ཅོད་པན་ཐོགས་པ་ཞེས་བྱ་བ་ནི་རང་འབྱུང་དེ་བཞིན་གཤེགས་པའི་རིན་པོ་ཆེའི་དབུ་རྒྱན་ལ་བཅིངས་པའི་གདུག་པས་རབ་ཏུ་འབར་བའི་སྦྲུལ་གྱི་གདེངས་ཀའི་ཕྲེང་
བས་ཉེ་བར་མཛེས་པའི་དབུ་རྒྱན་ཐོགས་པར་བསྟན་ཏོ། །སྦྲུལ་གདུག་པ་འབར་བ་ཟ་བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གཉིས་སུ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་གཟུང་བ་དང་འཛིན་པ་ཉིད་དྲན་པའི་དུག་ཅན་གྱི་སྦྲུལ་ཟ་བར་བྱེད་པ་ལྟར་གདུལ་བྱ་རྣམས་
ཀྱིས་མཐོང་ཞེས་དགོངས་པའོ། །བཞིན་རྒྱས་པ་ཞེས་བྱ་བས་ནི་ཤིན་ཏུ་རྒྱས་པའི་ཞལ་གྱི་དཀྱིལ་འཁོར་ཡང་དག་པར་བསྟན་པས་སྒྲ་གཅན་འཛིན་ལ་སོགས་པ་ལྷ་མ་ཡིན་གྱི་རྒྱལ་པོ་རྣམས་ཀྱང་འདུལ་བར་མཛད་ཅེས་བྱ་བར་དགོངས་སོ། །སྨིན་མ་དང་དཔྲལ་བ་བསྡུས་པ་
ཞེས་བྱ་བས་ནི་སྨིན་མའི་ལྕང་ལོ་འདེགས་པས་དཔྲལ་བ་བསྡུས་པ་ཉིད་ཀྱིས་མ་རུངས་པའི་ང་རོ་དང་ལྡན་ཞིང་། གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་དང་མཁའ་འགྲོ་མ་ཐམས་ཅད་བསྡིགས་པར་མཛད་ཅེས་བསྟན་ཏོ། །དེ་བས་ན་ཡ་སོས་མ་མཆུ་མནན་པ་ཞེས་
བྱ་བ་སྨོས་ཏེ། སེམས་ཅན་ཐམས་ཅད་ལ་ཐོགས་པ་མེད་པ་ནས་དགྲ་རུ་གྱུར་པའི་ཕུང་པོའི་བདུད་ལ་སོགས་པ་ཚར་གཅོད་པར་དམ་བཅས་པ་ལ་དྲན་པའི་བརྡའི་མཚན་ཉིད་ཀྱི་ཁྲོ་བོའི་བཞིན་གྱི་ཕྱག་རྒྱའི་མཚན་ཉིད་བསྟན་ཏོ། །གཤིན་རྗེའི་ཆ་བྱད་ཅན་ཞེས་བྱ་བ་ནི་སྐུ་

མདོག་གནག་པ། དབྱུག་པ་དང་། བེ་ཅོན་དང་། ལྕགས་ཀྱུ་དང་ཞགས་པ་འཛིན་པ། མི་ཡི་རྒྱུ་མའི་ཕྲེང་བ་དོ་ཤལ་དུ་འཕྱང་ཞིང་མ་ཧེ་ལ་ཞོན་པ། ལྷ་མོ་ནག་མོས་མགུལ་བར་འཁྱུད་པ་སྐད་ཅིག་གིས་ཀྱང་སྣང་བར་གྱུར་ཏོ། །ལྕེ་གློག་ལྟར་འགྱུ་བ་ཞེས་བྱ་བ་ལ་གློག་ནི་ཀླུའི་
ལྕེའོ། །དེ་བས་ཀྱང་ལྷག་པར་རྣོ་ཞིང་འབར་བའི་ཕྲེང་བས་དཀྲིགས་པ། དེ་བསྐྱོད་པ་ཞེས་བྱ་བ་ནི་ཡང་དང་ཡང་དུ་བསྐུལ་བས་འཇིགས་པར་བྱེད་པའི་ལྕེ་འབར་བས་གློག་ཅེས་བྱ་བས་ཀླུའི་ལྕེ་འཇོམས་པས་སེམས་ཅན་ཐམས་ཅད་ལ་ཐོག་ལ་སོགས་པའི་འཇིགས་པ་མེད་
པར་བྱེད་དོ། །གསུས་པོ་ཆེ་སྦྲུལ་ཟ་བ་ཞེས་བྱ་བ་ལ། འཕགས་པ་ཕྱག་ན་རྡོ་རྗེའི་སྐུའི་ཆེ་བ་བསྟན་པར་བྱ་བའི་ཕྱིར་དེ་ལ་གསུས་པོ་ཆེ་ཞེས་བྱ་བས་ལོག་འདྲེན་གླང་པོ་ཆེའི་མགོ་ཅན་གསུས་པོ་ཆེས་འདུལ་བར་མཛད་ཅེས་བསྟན་ཏོ། །སྦྲུལ་ཟ་བ་ཞེས་བྱ་བས་ནམ་མཁའ་ལྡིང་
གི་རྟོག་པ་རབ་ཏུ་འཇོམས་པ་བསྟན་ཏོ། །ལག་པ་བརྡབས་པའི་སྒྲས་འཇིགས་པར་བྱེད་པ་ཞེས་བྱ་བ་ལ། ཤིན་ཏུ་ཐུགས་རྗེའི་ཁྲོ་བོས་དཀྲུགས་པའི་དབང་གིས་ཕྱག་བརྡབས་པ་ལས་བྱུང་བའི་སྒྲའི་འཇིགས་པས་ཁྱབ་འཇུག་དང་། མ་ཧཱ་དེ་བ་དང་། ཚངས་པ་ལ་
སོགས་པ་བཅོམ་ལྡན་འདས་གོས་སྔོན་པོ་ཅན་ཕྱག་ན་རྡོ་རྗེ་ལ་སྐྱབས་སུ་སོང་ངོ་ཞེས་བྱ་བའི་དོན་ཏོ། །ཀླུའི་རྒྱལ་པོ་འདབ་བཟངས་སྐེ་རགས་སུ་བཅིངས་པ་ཞེས་བྱ་བ་ལ། སྔོན་གང་གི་ཚེ་ས་འོག་གི་རིམ་པ་བདུན་ལ་བྲིས་པའི་འདབ་བཟངས་ནམ་མཁའ་ལྡིང་གིས་འདྲེན་པ་ན་
འཁྱིལ་པ་བདུན་ལས་འཁྱིལ་པ་ཕྱེད་དང་གཉིས་རི་རབ་ཀྱི་རྩེ་མོར་སླེབས་པ་འཁྱིལ་པ་ཕྱེད་དང་དྲུག་སའི་འོག་ཏུ་ལུས་པས་དེའི་ཚེ་ཀླུ་དེ་ནམ་མཁའ་ལྡིང་གིས་ཟ་བར་མ་ནུས་སོ། །དེ་ལྟ་བུར་གྱུར་པའི་འདབ་བཟངས་ཀྱང་འཕགས་པ་ཕྱག་ན་རྡོ་རྗེས་ཐོགས་པ་མེད་པར་རྫུ་འཕྲུལ་
གྱི་སྟོབས་ཀྱིས་སྐ་རགས་སུ་བཅིངས་པ་ན་ཁྲིས་གཅིག་ལས་མ་བྱུང་ཞེས་སྐུ་བོང་གི་ཚད་བསྟན་ཏོ། །ཨ་ལ་ལ་ཞེས་སྒྲོགས་པར་བྱེད་པ་ཞེས་བྱ་བ་ལ། ཨ་ལ་ལའི་སྒྲ་ནི་རོ་ལངས་སྐྲག་པར་བྱེད་པའི་དམ་ཚིག་གོ། །ཀྱེ་རོ་ལངས་དང་མཁའ་འགྲོ་མ་དྲག་མོ་རྣམས་བདག་བཞེངས་བར་

གྱུར་ནས་ཁྱེད་ཅག་གིས་ཅི་ཞིག་ནུས་ཞེས་སྒྲོགས་ཤིང་འཇིགས་པ་སྐྱེད་པར་བྱེད་ཅེས་བྱ་བའི་དོན་ཏོ། །རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་རྐང་པའི་པུས་མོར་ཕྱིན་པ་ཞེས་བྱ་བ་འདིས་ས་དང་ས་འོག་དང་ས་བླ་ཁྱབ་པར་བྱེད་པའི་སྐུ་བསྟན་པའོ།
དེ་བཞིན་དུ་ཡང་དཔག་ཚད་སྟོང་ཕྲག་བརྒྱད་ཅུས་པུས་མོ་རིང་བའི་ཚད་ཀྱིས་སྐུ་སྟོད་ཀྱི་ཚད་དཔག་ཚད་འབུམ་ཕྲག་གཉིས་སུ་ཤེས་པར་བྱའོ། །དེ་བས་ན་དབང་པོ་དང་ཉི་མ་ཕྲག་པ་ལ་ཁུར་བ་ཞེས་བྱ་བ་སྨོས་ཏེ། རི་རབ་ཀྱི་རྩེ་མོ་ལས་ཀྱང་སྐུ་བོང་སྟེང་དུ་འཕགས་པས་བརྒྱ་བྱིན་
ལ་སོགས་པའི་ལྷ་རྣམས་ཀྱིས་ཕྱག་འཚལ་ཞིང་མཆོད་དོ། །ཀླུ་ཐམས་ཅད་འཇོམས་པར་བྱེད་པ་ཞེས་བྱ་བ་ལ་ཀླུ་རྣམས་ཀྱི་མགྲིན་པ་ན་གནས་པའི་གདུག་པ་སྔགས་ཀྱིས་འཕྲོག་པར་མཛད་ནས། དེ་རྣམས་ཀྱི་སེམས་ཀྱི་གདུག་པ་རྣམ་པར་འཇོམས་ཤིང་གསོད་པར་མཛད་
ཅེས་དགོངས་སོ། །གད་རྒྱངས་ཆེན་པོ་དགོད་པས་འཁྲུག་པར་བྱེད་པ་ཞེས་བྱ་བ་ལ། ཧ་ཧ་དགོད་པའི་དམ་ཚིག་ལ་གནས་པའི་ཕྱིའི་མཁའ་འགྲོ་རྣམས་ཀྱི་སྙིང་ཀུན་དཀྲུགས་ནས་འདུལ་བར་མཛད་ཅེས་དགོངས་སོ། །གཤིན་རྗེའི་གཟུགས་ཅན་ཁམས་གསུམ་པ་འཇིགས་པར་
བྱེད་པ་ཞེས་བྱ་བ་ལ། འཕགས་པ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་སྙིང་རྗེ་ཆེན་པོའི་རང་བཞིན་ཅན་ཡིན་ཡང་ཁམས་གསུམ་པའི་སེམས་ཅན་རྣམས་ཀྱིས་གཤིན་རྗེའི་གཟུགས་སུ་མཐོང་ནས་ཤིན་ཏུ་འཇིགས་པའི་དོན་གྱིས་སྐྱབས་སུ་སོང་ཞེས་བྱ་བའི་དོན་ཏོ། །དེ་བས་ན་དེ་
རྣམས་ཀྱི་ཇི་ལྟར་འདུད་པ་བྱེད་དོ། །ཀླུ་རྣམས་འཆི་བར་བྱེད་པ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། འཆི་བར་བྱེད་པ་ནི་འདུལ་བར་བྱེད་པའི་དོན་ཏོ། །དེ་བས་ན་ལྷ་དང་མི་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་མཆོད་པ་དང་། བསྟོད་པ་སྔོན་དུ་འགྲོ་བས་ཕྱག་བྱེད་
པར་འགྱུར་རོ། །དེ་ལྟར་འཕགས་པ་ཕྱག་ན་རྡོ་རྗེའི་གཟུགས་དང་སྟོབས་དང་ཆེ་བའི་བདག་ཉིད་བསྟན་པའོ། །ད་ནི་སླར་ཡང་ཞེས་བྱ་བ་ནི་ཕྱག་ན་རྡོ་རྗེའི་རིག་སྔགས་ཀྱི་བསྔགས་པ་སྟོན་པར་བྱེད་དེ། སངས་རྒྱས་བཅོམ་ལྡན་འདས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་

པའི་རིག་སྔགས་འདི་བརྗོད་པར་བྱའོ་ཞེས་བྱ་བ་ལ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པ་དང་། གསུང་བ་དང་། གསུང་བར་འགྱུར་བའི་རིག་སྔགས་འདི་ཉིད་མཆོག་ཡིན་པས། ཀྱེ་སྐྱེས་བུ་སྒྲུབ་པ་པོ་རྣམས་ཁྱེད་ཅག་གིས་ཀྱང་འདི་
བརྗོད་པར་བྱ་བ་ཡིན་ཞེས་སོ། །སྡུད་པ་པོའི་གདམས་ངག་གི་རིག་སྔགས་དེ་གང་ཞེ་ན། ཏདྱ་ཐཱ་ཞེས་སྨོས་ཏེ། འཆད་པར་འགྱུར་བའི་སྔགས་སྟོན་པར་བྱེད་དོ། །བྷོ་བྷོ་བཱན་ནཱ་ག་ཨ་དྷི་པ་ཏ་ཡེ་ཞེས་བྱ་བ་ལ། ནཱ་ག་ནི་ཀླུའོ། །ཨ་དྷི་པ་ཏ་ཡེ་ཞེས་བྱ་བ་ནི་ལྷག་པར་བདག་པོ་སྟེ་ཀླུ་
རྒྱལ་བརྒྱད་དོ། །བྷོ་བྷོ་ཞེས་བྱ་བ་ནི་ཀྱེ་ཀྱེ་སྟེ་དེ་རྣམས་ལ་བོད་པ་སྟེ། ཨི་དན་ཞེས་བྱ་བ་ནི་འདི་སྟེ་འབོད་པར་འགྱུར་རོ། །དེ་གང་ཞེ་ན། ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ་ཞེས་བྱ་བ་སྨོས་ཏེ། གོས་སྔོན་པོ་ཅན་གྱི་སྐུའོ། །གང་གི་ཕྱིར་སྐུ་མ་རྟོགས་པར་སྔགས་འབྱུང་བ་མི་སྲིད་པར་སྔགས་དང་
སྐུ་གཉིས་སུ་མེད་པར་བསྟན་པའོ། །བཛྲ་པཱ་ཎི་ཧྲྀ་ད་ཡཾ་ཞེས་བྱ་བ་ལས། ཕྱག་ན་རྡོ་རྗེའི་སྙིང་པོ་སྟེ་གོས་སྔོན་པོ་ཅན་གྱི་ཁོ་ནའོ། །སྙིང་པོ་ཞེས་བྱ་བ་ནི་གདུག་པ་འདུལ་བའི་ཕྱིར་ངག་གི་བརྗོད་པ་གསུངས་པ། བསྒྲུབ་བྱ་མངོན་དུ་བྱེད་ནུས་པ་རྒྱུ་དེའི་ཕྱིར་ཡཿས་མཱ་ཏི་ཀྲཱ་མ་ཏི་ཞེས་བྱ་བ་
སྨོས་པ་ལ་སྒྲུབ་པ་པོ་གང་གིས་འདོར་ཞིང་འདའ་བར་བྱེད་ན་འདུག་པའི་སེམས་ཅན་དེ་ཨུཏྶཱ་ད་ནཾ་བྷ་བི་ཤྱ་ནི་ཞེས་བྱ་བ་ནི་ཡུལ་ནས་གཞན་གྱིས་བསྐྲད་པར་འགྱུར་རོ། །སྙིང་པོ་དེ་གང་ཞེ་ན། ཏདྱ་ཐཱ་ཞེས་བྱ་བ་སྨོས་ཏེ་འདི་ལྟ་སྟེ་ཞེས་བྱ་བས་སྙིང་པོ་མངོན་པར་བྱེད་དེ་བུདྡྷ་བུདྡྷ་བི་བུདྡྷ་ཞེས་བྱ་བ་
ཕྱག་ན་རྡོ་རྗེ་ལ་བོད་པའོ། །མ་ཧཱི་པྲཔྟ་ཞེས་བྱ་བ་ནི་མ་འགོར་ཅིག་ཅེས་བྱ་བའི་དོན་ཏོ། །གདུག་པ་འཇོམས་པ་ལ་མྱུར་དུ་རེམ་ཞིག་ཅེས་བྱ་བ་ཚིག་ལྷག་མ་དང་སྦྱར་རོ། །ཧ་ར་ཧ་ར་ཞེས་བྱ་བ་ནི་གདུག་པ་རྣམས་ཀྱི་སྟོབས་ལ་སོགས་པ་ཕྲོགས་ཤིག་ཕྲོགས་ཤིག་ཅེས་བྱ་བའི་དོན་ཏོ། །གདུག་
པ་དེ་གང་ཞེ་ན། ནཱ་གཱ་ནཱཾ་ཞེས་བྱ་བ་སྨོས་ཏེ་ཀླུ་རྣམས་ཀྱི་ཚིག་གིས་ཚིག་འབྲེལ་པའོ། །པྲ་ཧ་ར་པྲ་ཧ་ར་ཞེས་བྱ་བ་ནི་འོད་ཟེར་ལས་བྱུང་བ་ཁྲོ་བོ་རྣམས་ཀྱིས་རྒྱོབ་ཤིག་རྒྱོབ་ཤིག་པའོ། །གང་ལ་བརྡེག་ཅེ་ན། ནཱ་གཱ་ནཱཾ་ཞེས་བྱ་བ་སྨོས་ཏེ་ཀླུ་རྣམས་ཀྱི་སྟོབས་དང་། བརྩོན་འགྲུས་ལ་སོགས་

པ་བརླག་པར་གྱིས་ཤིག་ཅེས་བྱ་བར་དགོངས་སོ། །ཙྪིནྡ་ཙྪིནྡ་ཞེས་བྱ་བ་ནི་རལ་གྲིས་ཆོད་ཅིག་ཆོད་ཅིག་པའོ། །གཅད་པར་བྱ་བ་གང་ཞེ་ན། ནཱ་ག་ཧྲྀ་ད་ཡཱ་ནི་ཞེས་བྱ་བ་སྨོས་ཏེ། ཀླུའི་སྙིང་རྣམས་སོ། །བྷིནྡ་བྷིནྡ་ཞེས་བྱ་བ་ནི་ཆོམས་ཤིག་ཆོམས་ཤིག་པའོ། །
གང་གཞོམ་ཞེ་ན། ནཱ་ག་ད་མ་ནི་ཞེས་བྱ་བ་ནི་ཀླུ་དང་ཀླུ་མོ་བཅིངས་པའི་ཚོགས་ཀྱིས་འཁྱིལ་པ་རྣམས་ཤིག་ཅིག་ཤིག་ཅིག་པའོ། །ནཱ་ག་ད་མ་ནི་ཞེས་བྱ་བ་ལ། ཀླུའི་ཁྱིམ་རྣམས་འཇོམས་པའོ། །བི་སི་མ་ད་ནཱ་ག་ཤ་རཱི་རཾ་ཞེས་བྱ་བ་ནི་དུག་གིས་མྱོས་པའི་ཀླུའི་ལུས་པོ་དེ་བཞིན་
དུ་ཆོམས་ཤིག་པའོ། །གཞན་ཡང་བི་སྥོ་ཊ་ཡ་ཞེས་བྱ་བ་ནི་གཟི་བརྗིད་ཀྱིས་འཇོམས་པར་མཛོད་ཅིག་ཅེས་བསྐུལ་བའི་ཚིག་གོ། །འཇོམས་པར་བྱ་བ་དེ་གང་ཞེ་ན། ནཱ་ག་ནཱ་ཡ་ནཱ་ནི་ཞེས་བྱ་བ་སྨོས་ཏེ་ཀླུའི་མིག་རྣམས་སོ། །སྔགས་ཀྱི་མཐུ་གཞན་ཡང་བསྟན་པའི་ཕྱིར། ཏདྱ་ཐཱ་
ཞེས་བྱ་བ་སྨོས་ཏེ། འཆད་པར་འགྱུར་བའི་སྔགས་ཀྱི་སྐུ་ཕྱག་ན་རྡོ་རྗེ་ལ་བསྐུལ་བ་བསྟན་ཏེ། ཧཱུཾ་ཕཊ་ཅེས་སྨོས་ཏེ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་ཐུགས་བསྐུལ་བའོ། །དེ་ཡང་གང་ཞེ་ན། ནཱ་ག་བི་དཱ་ར་ནཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་སྨོས་ཏེ། ཀྱེ་ཀླུ་རྣམས་འཇོམས་པར་བྱེད་པ། ཀླུ་
རྣམས་རླག་པར་བྱེད་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཚིག་སྦྱར་རོ། །ཧཱུཾ་གི་སྒྲ་ནི་ཐུགས་བསྐུལ་བའོ། །ཕཊ་ཅེས་བྱ་བས་གདུག་པ་ཉམས་པར་གྱིས་ཞེས་བྱ་བའི་དོན་ཏོ། །ནཱ་གོཏྶཱད་ནཱ་ཡ་ཕཊ་ཅེས་བྱ་བ་ནི་ཤིན་ཏུ་གདུག་པ་ཉིད་ཀྱི་ཕྱིར། གལ་ཏེ་དུག་གིས་ཟིན་པ་མི་གཏོང་ན་དེའི་ཚེ་
བསྐྲད་པར་མཛད་ནས་ཡི་གེ་ཕཊ་ཀྱིས་རེངས་པར་མཛོད་ཅིག་ཅེས་བསྐུལ་བའོ། །ནཱི་ལཱམྦ་ས་ན་ཡ་ཕཊ་ཅེས་བྱ་བས་ནི་མངོན་སྤྱོད་ཀྱི་ལས་དང་རྗེས་སུ་མཐུན་པའི་གོས་སྔོན་པོ་གནས་པ་ཁྱོད་ཡིན་པས། དེ་དང་རྗེས་སུ་མཐུན་པའི་ལས་མཛོད་ཅིག་པའོ་ཞེས་བསྐུལ་བའོ། །ལས་དེ་
ཇི་ལྟ་བུ་ཞེ་ན། ཕཊ་ཅེས་བྱ་བ་སྨོས་པ་ལ་དུམ་བུ་དུམ་བུར་གྱིས་ཤིག་པའོ། །ཨ་པྲ་ཏི་ཧ་ཏ་བ་ལ་པ་རཱ་ཀྲ་མ་ཡ་ཕཊ་ཅེས་བྱ་བ་ནི་གང་གི་ཕྱིར་ཁྱོད་ཀྱི་སྟོབས་དང་མཐུ་ལ་གཞན་གྱིས་མི་ཐུབ་པས་དེའི་ཕྱིར་ཕཊ་ཅེས་བྱ་བ་ནི་ཁྱོད་ཀྱིས་དགྲ་ཉམས་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཀྲྀཏཱནྟ་

ཡ་ཕཊ་ཅེས་བྱ་བ་ལ། བགེགས་མཐར་བྱེད་པའི་གཟུགས་ཅན་ཕྱག་ན་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ནས། ཕཊ་ཀྱི་སྔགས་ཀྱིས་བགེགས་གདུག་པ་ཉམས་པར་གྱིས་ཤིག་ཅེས་བསྐུལ་བའོ། །ཀྲྀ་ཏཱནྟ་རཱུ་པཱ་ཡ་ཕཊ་ཅེས་པ་ནི་གཤིན་རྗེའི་གཟུགས་ཅན་ཁྱོད་ལ་ཕྱག་འཚལ་ལོ། །ཕཊ་ཅེས་
བྱ་བ་ནི་མངོན་སྤྱོད་ལས་ལ་སྦྱོར་བའོ། །རོ་ཥ་ཎཱ་ཡ་ཕཊ་ཅེས་བྱ་བ་ལ། ཁྲོ་བོའི་ཆ་ལུགས་ཅན་ཡིན་གྱི་ཁྲོ་བོའི་རང་བཞིན་མ་ཡིན་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་དགོངས་པའོ། །ཏྲཱ་ས་ནཱ་ཡ་ཕཊ་ཅེས་བྱ་བ་ལ། མཐོང་བ་ཙམ་གྱིས་གདུག་པ་སྐྲག་པར་བྱེད་པ་ཁྱོད་ལ་ཡིན་ཞེས་བསྟན་
པའོ། །ཕྱག་ཐམས་ཅད་དུ་དབྱེ་བའི་ཚིག་བཞི་པ་ཤེས་པར་བྱའོ། །ན་མཿསྭསྟི་སྭ་ཧཱ་སཱ་དྷ་ཨ་ལམྦ་ཥཊ་ཡོ་གེ་ཙ་ཏྭེ་རྠི་ཞེས་སྒྲའི་མདོ་ལས་འབྱུང་བས་སོ། །ཀུསྨ་ཎྜོཏྶཱ་ད་ནཱ་ཡ་ཕཊ་ཅེས་བྱ་བ་ནི་ཀུསྨཎྜ་ནི་ཡི་དགས་ཀྱི་ཁྱད་པར་ཏེ། དམུ་ཆུ་དང་དྲིའུ་སྐྱེད་པར་བྱེད་པའོ། །དེ་རྣམས་
སྐྲག་པར་བྱེད་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་བྱ་བའི་དོན་ཏོ། །ཕཊ་ཅེས་བྱ་བ་ནི། དེས་བྱས་པའི་སྐྱོན་ཕྲོལ་ཅིག་པའོ། །པྲེ་ཏ་པི་ཤཱ་ཙ་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་བྱ་བ་ནི་རྫུ་འཕྲུལ་དང་མཐུ་ཡོད་པའི་ཡི་དགས་གང་ཡིན་པ་དང་། དེ་བཞིན་དུ་ཤ་ཟ་ནི་མིའི་ཤ་ལ་དགའ་བའོ། །དེ་རྣམས་
ཉམས་པར་བྱེད་ཅིང་རྫུ་འཕྲུལ་དང་སྟོབས་དང་བརྩོན་འགྲུས་འཇོམས་པར་བྱེད་པ་ཕྱག་ན་རྡོ་རྗེ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཚིག་ལྷག་མ་སྦྱར་བའོ། །ཕཊ་ཅེས་བྱ་བ་ནི་སྔ་མ་བཞིན་ནོ། །ཡཀྵ་ཨ་པསྨཱ་ར་བི་ནཱ་ཤ་ཀཱ་རཱ་ཡ་ཕཊ་ཞེས་བྱ་བ་ལ་འདྲེས་བྱས་པའི་སྐྱོན་གྱི་རྟགས་ནི་མི་གཙང་
བ་ཟ་བ་དང་། ཁ་ཟས་ལྷག་པར་ཟ་བ་དང་། ཁ་བཙོག་སྨྲ་བ་དང་། ཐལ་ལྕག་དང་དབྱུག་པ་དང་། རྐང་པ་གཞན་ལ་བརྡེགས་པ་དང་། ང་རོ་འཇིགས་པ་སྒྲོགས་པ་དང་། དེ་ལ་སོགས་པའི་མཚན་ཉིད་ཀྱི་འགྱུར་བ་རྣམས་ཀྱིས་གནོད་སྦྱིན་གྱི་རྟགས་སུ་ཤེས་པར་བྱའོ། །དེ་
བཞིན་དུ་ཡང་བརྗེད་བྱེད་ཀྱི་རྟགས་སུ་དྲན་པ་ཉམས་པ་དང་། རྐང་ལག་སྤྲུག་པ་དང་། མི་སྨྲ་བ་དང་། ཁ་ཆུ་འཛག་པ་དང་། མེ་དང་ཆུ་དང་གཡང་ལ་མཆོང་བ་དང་། གཉིད་མང་བ་ལ་སོགས་པའི་མཚན་ཉིད་ཤེས་པར་བྱའོ། །སྐྱོན་དེ་རྣམས་དྲན་པ་ཙམ་གྱིས་འཇོམས་པར་བྱེད་པ་

ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཚིག་ལྷག་མ་དང་སྦྱར་རོ། །ཕཊ་ཅེས་བྱ་བ་ནི་ཐར་བར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །ཧ་ས་ཧ་ས་ཞེས་བྱ་བ་ནི་བཞད་པ་ཙམ་གྱིས་སོ། །དྷ་ར་དྷ་ར་ཞེས་བྱ་བ་ནི་དྲན་པ་ཙམ་གྱིས་སོ། །མཱ་ར་ཡ་མཱ་ར་ཡ་ཞེས་བྱ་བ་ནི་གདུག་པའི་སེམས་
ཅན་གྱི་བསམ་པ་གདུག་པ་མེད་པར་གྱིས་ཤིག་ཅེས་དགོངས་པའོ། །ནཱ་ཤ་ཡ་ནཱ་ཤ་ཡ་ཞེས་བྱ་བ་ནི་ལྟས་ངན་ལ་སོགས་པའི་འཇིགས་པ་བཟློག་པར་གྱིས་ཤིག་ཅེས་དགོངས་པའོ། །སརྦ་བི་གྷྣཱན་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ་ཅེས་བྱ་བ་ནི་ཆོས་དང་ནོར་འདོད་པའི་བར་ཆད་བྱེད་པའི་
བགེགས་སོ། །ཁྱོད་ཀྱི་གཟུགས་སྔགས་བཀླགས་པ་ཙམ་གྱིས་དེ་རྣམས་འཇོམས་པར་བྱེད་པ་ཁྱོད་ལ་ཕྱག་འཚལ་ལོ་ཞེས་སྔ་མ་བཞིན་ནོ། །ཕཊ་ཅེས་བྱ་བ་ནི་སྔ་མ་བཞིན་དུ་བསྐུལ་བའོ། །སརྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཕཊ་ཅེས་བྱ་བ་ལ། ཕ་རོལ་པོ་མུ་སྟེགས་དང་སོ་སོའི་སྐྱེ་བོ་
དང་། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་ནི་བགེགས་ཀྱི་ཚོགས་སོ། །དེ་རྣམས་ཀྱིས་བྱས་པའི་འཁྲུལ་འཁོར་དང་། ངན་སྔགས་ཀྱི་སྦྱོར་བ་ཐམས་ཅད་ཁྱོད་ཀྱི་གཟུངས་སྔགས་བརྗོད་པ་ཙམ་གྱིས་རྣམ་པར་འཇིག་པར་འགྱུར་བ་དེ་བས་ཁྱོད་ལ་ཕྱག་འཚལ་ལོ་ཞེས་ཚིག་
ལྷག་མ་དང་སྦྱར་རོ། །ཕཊ་ཅེས་སྔ་མ་བཞིན་བསྐུལ་ལོ། །ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། ཞེས་བྱ་བ་ནི་སྒྲུབ་པ་པོས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ། བདེ་བར་གཤེགས་པའི་བཀའ་བསྒོ་བར་བྱའོ་ཞེས་དགོངས་སོ། །སྭཱཧཱ་ཞེས་པ་ནི་གསང་སྔགས་ཀྱི་སྐུ་
དེ་ཉེ་བར་སྡུད་པ་བསྟན་ཏོ། །གཟུངས་སྔགས་ཀྱི་སྦྱོར་བའི་ནུས་པ་ནི་གོ་སླ་བས་མ་བཤད་དོ། །གོས་སྔོན་ཕྱག་ན་རྡོ་རྗེ་ཡི། །གཟུངས་ཀྱི་འགྲེལ་པ་འདི་བརྩམས་པས། །དགེ་བ་ཅུང་ཟད་གང་ཐོབ་པ། །དེ་ཡིས་འགྲོ་ཀུན་ནད་མེད་ཤོག། །།དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་
གྱི་གཟུངས་ཀྱི་འགྲེལ་པ། རིག་པའི་གནས་ཐམས་ཅད་ལ་མཁས་པའི་པཎྜི་ཏ་ཆེན་པོ་ཀརྨ་བཛྲས་མཛད་པ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཤྲཱི་བྷཱུ་ཏ་ཌ་མ་ར་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། དཔལ་འབྱུང་པོ་འདུལ་བྱེད་ཀྱི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ། དཔལ་

འབྱུང་པོ་འདུལ་བྱེད་ལ་ཕྱག་འཚལ་ལོ། །ཆོ་གའི་དབྱེ་བའི་རང་བཞིན་དྲི་མེད་གྲུབ་པ་སྟེར་བ་མི་རྣམས་བསྒྲལ་བའི་དོན་དུ་སྟོང་ཉིད་དོན་རྟོགས་བློ་བཟང་སྐྱོང་བ་བདག་གིས་བཤད། འདི་ལྟར་སྔོན་དུ་བསྙེན་པ་བྱས་པས་སམ། རྟག་ཏུ་བཟླས་པའམ། ལོའི་ནང་དུའམ། ཟླ་བ་གཅིག་གི་ནང་དུ་
བསྙེན་པ་བྱས་པས་དཀྱིལ་འཁོར་བྲི་བར་བྱའོ། །དེ་ཡང་ཇི་ལྟར་འཆད་པའི་རིམ་པས་སོ། །དེ་ཡང་མིའི་རུས་པ་བཏགས་པས་བགེགས་བསལ་བའི་སྦྱིན་སྲེག་བྱ་སྟེ། སློབ་མའི་དོན་དུ་ཞི་བའི་སྦྱིན་སྲེག་བྱ་བ། ཉེས་པ་འཇོམས་པའི་སྔགས་བརྗོད་ལ། ཕྱོགས་བཅུའི་བགེགས་
ལ་ཕུར་པས་བཏབ་སྟེ། གནས་སྲུང་བར་བྱས་ལ། པུས་མོའི་བར་དུ་བརྐོས་ལ། ཡང་ན་བརླའམ་རྐེད་པའི་བར་དུ་བརྐོས་པ་ནི། མཆོག་དང་བར་དང་ཐ་མའི་གྲུབ་པ་སྟེར་རོ། །སྐྲ་ལ་སོགས་པའི་ཉེས་པ་ཐམས་ཅད་བསལ་ལ། དྲི་བཟང་པོའི་ཆུས་གཏོར་ཏེ་དག་པར་བྱའོ། །ཉེས་
པ་འཇོམས་པར་བྱེད་པའི་སྔགས་བརྗོད་ཅིང་། ཡང་ན་ས་གཞན་གྱིས་དགང་བར་བྱའོ། །རིན་པོ་ཆེ་ལྔ་དང་། སྨན་ལྔ་དང་། འབྲུ་ལྔ་ཡང་གཞུག་ཅིང་མཉམ་པར་བྱས་ལ། དྲི་ཞིམ་པོའི་ཆུས་བྱུག་གོ། །དེ་ལྟར་ས་ལ་བརྟག་པ་ལ་ནི། ཞ་ལ་དང་བཅས་པའི་གཙུག་ལག་ཁང་རྙིང་
པ་མཆོག་ཡིན་ལ། བྱེ་མ་དང་ཡུངས་ཀར་དང་ཆུ་དང་བཅས་པ་ལ་ལན་བདུན་བསྔགས་ཏེ་དཀྱིལ་འཁོར་གྱི་ས་གཞི་ལ་གཏོར་བར་བྱའོ། །རིན་པོ་ཆེ་དང་། བའི་རྣམ་པ་ལྔ་དང་། སྔོན་གྱི་སྨན་རྣམས་ཀྱིས་ཀྱང་བྱུག་པར་བྱ་སྟེ། ས་དག་པར་བྱ་བའི་ཆོ་གའོ། །དེ་ནས་ཡི་གེ་བཾ་ཡོངས་སུ་
རྫོགས་པ་ལས། གཏེར་གྱི་བུམ་པ་ཐོགས་པའི་སའི་ལྷ་མོ་དེ་ཡང་སྐུ་ཕྱེད་ཐོན་པ་ལ་བསྟོད་ཅིང་མཆོད་པ་བྱ་སྟེ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །དཔང་དུ་གྱུར་པའི་ལྷ་མོ་ཁྱོད། །ས་དང་ཕ་རོལ་ཕྱིན་པ་དང་། སྤྱོད་པའི་ཚུལ་གྱི་ཁྱད་པར་གྱི། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །
ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ཚེ་ཁྱོད་ནི་དབང་དུ་གྱུར། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ལ་དཀྱིལ་འཁོར་བྲི། །འདིར་ནི་མི་བསྐྱོད་པའི་ཕྱག་རྒྱས་བསྟོད་པ་བྱས་ལ། མེ་ཏོག་ལ་སོགས་ལྔས་མཆོད་དེ། མཆོད་ཡོན་ལ་སོགས་པ་ཡང་བྱིན་ལ། དེའི་

རྗེས་སུ་ལྷ་མོ་ཡང་དཀྱིལ་འཁོར་ལ་ཐིམ་པར་བསམ་ཞིང་། དེ་ནས་མེ་ཏོག་ལ་སོགས་པ་དང་ལྡན་པའི་དཀྱིལ་འཁོར་ལ་ལག་པ་རེག་ལ། ཧཱུཾ་ཉི་ཤུ་རྩ་གཅིག་བརྗོད་པས་བསྲུང་བར་འགྱུར་རོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་སློབ་དཔོན་འདུག་ལ།
བདག་ཉིད་དགའ་བ་བསྐྱེད་པར་བྱ་སྟེ། དེང་དུ་བདག་ཚེ་འབྲས་བུ་ཡོང་། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །བྱང་ཆུབ་སེམས་དང་བདག་ལྡན་ནོ། །བྱང་ཆུབ་སེམས་དཔའི་ཡེ་ཤེས་དང་། །བདག་ཀྱང་ད་ནི་ལྡན་པར་འགྱུར། །དེ་རིང་རྡོ་རྗེའི་རིགས་སུ་སྐྱེས། །དེ་རིང་བདག་ནི་གཅེས་
པའི་མཆོག །མཆོད་སྦྱིན་མཆོག་གི་འབྲས་བུ་བདག །ལུས་ཀྱི་མཆོག་ཏུ་བདག་གྱུར་ཏོ། །དེ་ནས་རང་གི་ལག་ཏུ་སྤོས་ཐོགས་ཏེ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་དགོངས་པར་བསམས་ཏེ།
ཕྱོགས་བཅུའི་རྒྱལ་བ་མ་ལུས་པ། །དེང་དུ་བདག་ལ་དགོངས་སུ་གསོལ། །ཆེ་གེ་ཞེས་བྱའི་རྡོར་འཛིན་བདག །དཀྱིལ་འཁོར་ཆེན་པོ་བྲི་བར་འཚལ། །སངས་རྒྱས་ཐམས་ཅད་འདིར་བྱོན་ཅིག །རྗེས་སུ་བརྩེ་བར་ཉེར་དགོངས་ཏེ། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །དེ་
སྐད་ཅེས་བརྗོད་ལ་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། འོད་ཟེར་འཕྲོས་ཅིང་བསྡུས་པ་ལས་བདག་ཉིད་རྡོ་རྗེ་འཛིན་པའི་སྐུར་བལྟ་བར་བྱའོ། །དེ་ནས་ཁྲོ་བོའི་རྒྱལ་པོའི་སྔགས་བརྗོད་ཅིང་། ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱའོ། །དེ་ནས་ལས་ཀྱི་རྡོ་རྗེ་སློབ་དཔོན་ཤར་ཕྱོགས་སུ་འདུག་
ལ། ལྷོ་ཕྱོགས་ཀྱིས་དང་པོར་བྱས་པའི་ལན་གསུམ་བསྐོར་ཏེ། མཆོད་པ་རྣམ་པ་ལྔས་མཆོད་ལ། དབང་ཕྱུག་ཆེན་པོའི་གཟུགས་ཀྱིས་ཤར་ཕྱོགས་ནས་དཀྱིལ་འཁོར་ཞུ་བར་བྱའོ། །ཕྱོགས་གཞན་ནས་ཀྱང་དེ་བཞིན་ནོ། །དེ་ནས་སློབ་མ་བྱང་ཆུབ་སེམས་དཔས་བརྗོད་པར་བྱ།
འཇིག་རྟེན་གསུམ་གྱིས་ཕྱག་བྱས་པ། །ཆོས་ཀྱི་རྒྱལ་པོ་ཆེན་པོ་ཁྱེད། །འབྱུང་པོ་ཀུན་དང་ཀླུ་རྣམས་དང་། །གནོད་སྦྱིན་རིག་པ་འཛིན་རྣམས་འཇིགས། །བགེགས་རྣམས་ཐམས་ཅད་འཇོམས་མཛད་པ། །སྡུག་བསྔལ་ཉོན་མོངས་ཐམས་ཅད་འཇོམས། །གཟའ་རྣམས་ཀུན་

དང་རོ་ལོངས་དང་། །ཡི་དགས་དང་ནི་བདུད་རྣམས་འཇོམས། །གྲུབ་པ་ཐམས་ཅད་སྟེར་མཛད་པའི། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། །དེ་ནས་ལས་ཀྱི་རྡོ་རྗེ་སློབ་དཔོན་ལངས་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་གང་བར་བསམས་ལ།
ཕྱག་བྱས་ལ། བདག་ནི་ལེགས་མཛད་རྡོ་རྗེ་ཆེ། །བདག་ནི་རྡོ་རྗེ་སྟོབས་པོ་ཆེ། བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ན་རྡོ་རྗེ་བརྟན་པར་གནས། །བདག་ནི་དམ་ཚིག་རྡོ་རྗེ་སྟེ། །བྱིན་གྱིས་བརླབས་པ་མི་གཏོང་ངོ་། །དེ་ནས་རྡོ་རྗེ་སློབ་དཔོན་ཚིག་གསུམ་གྱིས་རྙེད་པ་དང་ལྡན་
པས། རང་ཉིད་ཀྱི་ཕྱག་རྒྱ་རྡོ་རྗེ་དང་དྲིལ་བུ་བཟུང་ལ། རྡོ་རྗེ་དྲིལ་བུ་གཟུང་བར་བྱ། །དཀྱིལ་འཁོར་ལས་རྣམས་ཐམས་ཅད་ལ། །འདི་ཉིད་བཟུང་ནས་བྱ་བ་ཡིན། །བཅོམ་ལྡན་འདས་ཀྱི་ཕྱག་རྒྱའོ། །ཨོཾ་བཛྲ་ཨུ་ཏིཥྛ། དཀྱིལ་འཁོར་ནམ་མཁའ་ལ་བལྟས་ལ། །རང་ཉིད་
ལངས་ལ་ཁྲོ་བོའི་ལྟ་བས། ཡི་གེ་ཧི་ལས་སྐྱེས་པའི་མིག་གཉིས་ལྟ་བས་བགེགས་ཐམས་ཅད་བསྲེགས་ཏེ། དེ་ནས་ཁྲོ་བོའི་ཕྱག་རྒྱ་བཅས་ལ། ཕྱོགས་ཐམས་ཅད་དུ་བལྟ་ཞིང་འགྲོ་བར་བྱའོ། །རང་ཉིད་ལྷའི་ང་རྒྱལ་དང་ལྡན་པས། སྔགས་བརྗོད་པར་བྱ་སྟེ། ཡི་གེ་ཨ་
ཡོངས་སུ་གྱུར་པ་ལས། སྣ་ཚོགས་རྡོ་རྗེས་བྱིན་གྱིས་བརླབས་པའི་འོད་ཟེར་གྱིས་ས་གཞི་ཐམས་ཅད་ཁེངས་པར་བསམ་ཞིང་རྡོ་རྗེའི་འགྲོས་ཀྱིས་བཅག་པར་བྱའོ། །ཤར་ལ་སོགས་པའི་བགེགས་རྣམས་དང་། ཕྱོགས་ཀྱི་ཡང་ཕུར་བུས་བཏབ་ལ། །རྡོ་རྗེའི་ར་བ་དང་གུར་
བསམས་ཏེ། །དཔལ་རྡོ་རྗེ་སེམས་དཔའ་དང་སྦྱོར་བས། ཀོ་སྐོས་ཨོལ་མདུད་པ་མནན་ལ། །གཡོན་ང་རྒྱལ་དུ་བལྟ་བས་དཔལ། །ཕྱོགས་བརྒྱད་འཁོར་ལོར་གནས་པ་དང་། །སྟེང་དང་འོག་ཀྱང་བྱིན་གྱིས་བརླབ། །བྷཱུར་བྷཱུ་བ་པ་ཙཾ་བནྡྷ་ཡ་ཏ། །སྔགས་ཀྱི་རྒྱལ་པོ་ཧཱུཾ་བརྗོད་
པས། །ཉེས་པ་ཀུན་གྱིས་ཚུགས་མ་ཡིན། །དེ་ནས་ཨོཾ་བཛྲ་མཎྜལ་ཧཱུཾ་ཛ། འདི་ཡིས་རྡོ་རྗེ་ཁུ་ཚུར་གཉིས་བརྐྱང་ལ། གསང་བའི་དཀྱིལ་འཁོར་དགུག་པར་བྱ་སྟེ། ཞལ་བཞི་པ། རྡོ་རྗེ་དབྱིངས་ཀྱི་རང་བཞིན་གྱི་གསལ་བའི་དཀྱིལ་འཁོར་དགུག་པར་བྱའོ། །ཨོཾ་བཛྲ་བཛྲེ་ཨ་

དྷི་ཏིཥྛ་སིདྡྷི་ཧཱུཾ། དེ་ནས་རྡོ་རྗེ་བསྐོར་བའི་ཕྱག་རྒྱ་བྱས་ཏེ་བརྟན་པར་བྱའོ། །དེ་ནས་སེང་ལྡེང་གི་ཕུར་པ་ལ་བཟླས་པ་བྱས་ཏེ། ཀུན་དགའ་བ་དང་། རྣམ་པར་རྒྱལ་བ་དང་། སྤྲིན་གྱི་དབང་ཕྱུག་དང་། གསུས་པོ་ཆེ་དང་། རྣམ་པར་རྒྱལ་བ་དང་། ཇི་ལྟ་བའི་རིམ་པས། འཇིག་རྟེན་གསུམ་ལས་རྒྱལ་བ་དང་།
གཤིན་རྗེ་གཤེད་དང་། སྟོབས་པོ་ཆེ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་དང་། དེ་དག་ཀྱང་སྐུ་སྨད་ཕུར་པའི་དཔལ་དང་ལྡན་པ། ཙནྡན་དམར་པོའི་རང་བཞིན་དང་། སྐུད་པ་དམར་པོ་དཀྲིས་ཏེ། མེ་ཏོག་དམར་པོས་བརྒྱན་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་ཟུར་དང་། ཕྱོགས་རྣམས་སུ་
ལག་པ་གཡོན་པས་བཟུང་སྟེ། གཡས་པ་རྡོ་རྗེ་དང་བཅས་པས་བརྟན་པར་བྱའོ། །ལོག་འདྲེན་གྱི་མཚམས་ལ་སོགས་པ་རུ། སྔགས་འདིས་ཕུར་བུ་བརྡེག་པར་བྱའོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བནྡྷ་བནྡྷ་ཧཱུཾ་ཕཊ། འདིར་དེ་ནས་རྡོ་རྗེ་རྣལ་འབྱོར་གྱི་ཁུ་ཚུར་གྱིས་
གོ་བགོ་སྟེ། བཅིང་བར་བྱས་པས། དཀྱིལ་འཁོར་གྱི་སྒོར་ཉེས་པ་ཐམས་ཅད་འཇོམས་པར་བྱེད་པའི་སྔགས་བརྗོད་ལ། བུམ་པ་ལྷག་པར་གནས་པར་བྱ་སྟེ། དྲི་བཟང་པོ་དང་བཅས་པའི་ཆུ་བླུགས་ཏེ། ལྷ་ཐམས་ཅད་ཀྱི་མིང་དང་བཅས་པ་ནམ་མཁའ་ལ་གནས་པ། སྙིང་
པོའི་འོད་ཟེར་གྱིས་བཀུག་སྟེ། ཡང་དག་པར་མཆོད་ནས། གཏོར་མ་ཡང་ཕུལ་ལ། བུམ་པར་གཞུག་པར་བྱའོ། །བུམ་པ་ཡང་ནག་པོ་སྤངས་པ་མགྲིན་པ་རིང་བ། མཆུ་འཕྱང་བ། ལྟོ་བ་རྒྱས་པ། མེ་ཏོག་གི་ཕྲེང་བ་དང་བཅས་པའི་རས་ཟུང་གིས་མགུལ་པ་དཀྲིས།
འབྲས་བུ་དང་བཅས་པའི་ཤིང་གིས་བརྒྱན་པ། དཀྱིལ་འཁོར་གྱི་གཙོ་བོ་དང་། རིགས་ཀྱི་ལྷའི་མཚན་མ་དང་བཅས་པ། རིན་པོ་ཆེ་བདུན་ནམ་རྫ་ལས་བྱས་པའི་རྣམ་པར་རྒྱལ་བའི་བུམ་པའོ། །དེ་ཡང་ནང་དུ་བྱུ་རུ་དང་། གསེར་དང་དུང་དང་མུ་ཏིག་དང་། པདྨ་རཱ་གའི་རིན་
པོ་ཆེ་རྣམས་ཀྱིས་ནང་དུ་བཅུག་ལ་གཞན་ཡང་སྨན་བྲྀ་ཧ་ཏི་དང་། ཀཎྜ་ཀ་རི་དང་། མ་ཧཱ་དཎྜོ་དང་། ཨུཏྤ་ལ་དང་། ཨ་པ་རཱ་ཛི་ཏ་དཀར་པོ་དང་། འབྲས་མཁར་མ་དང་། གྲོ་དང་། སྲན་མ་དང་། ཏིལ་དང་། འབྲུ་རྣམས་ཀྱིས་ཀྱང་ངོ་། །ནང་བརྒྱན་ལ། བཅོམ་ལྡན་འདས་ཀྱི་

སྔགས་བརྒྱ་རྩ་བརྒྱད་བཟླས་ལ། མཆོད་ཡོན་དང་། ཞབས་བསིལ་དང་བཅས་མཆོད་ཅིང་བསྟོད་དེ། ཡི་གེ་ཧཱུཾ་བརྗོད་པ་ལས། བཅོམ་ལྡན་འདས་ཡོངས་སུ་རྫོགས་པའི་སྐུར་བལྟས་ལ་རབ་ཏུ་མཆོད་དེ། བགེགས་རྣམས་འཇོམས་པར་བྱེད་པའི་སྔགས་བརྗོད་ཅིང་། ཕྲེང་
བའམ་མ་བརྒྱུས་པའི་མེ་ཏོག་གམ། སྤོས་ཀྱིས་ཀྱང་མཆོད་ལ། དེ་ནས་ཡི་གེ་བཞི་པའི་སྔགས་ཀྱིས་ཡང་དག་པར་བསྲུངས་ལ། ལས་ཐམས་ཅད་བྱ་སྟེ། དེ་ནས་དཀྱིལ་འཁོར་གྱི་བྱ་བ་ལ་འཇུག་པར་བྱ་སྟེ། ཐུན་གསུམ་དུ་ཡང་དག་པར་མཆོད་ཅིང་། དེ་ནས་བཅོམ་ལྡན་
འདས་ཀྱི་དྲུང་དུ་བུམ་པ་གཞག་པར་བྱ་སྟེ། འདི་ནི་བུམ་པ་རབ་ཏུ་གནས་པར་བྱ་བའི་ཆོ་གའོ། །དེ་ནས་བརྒྱ་བྱིན་ལ་སོགས་པ་ཤར་ལ་སོགས་པའི་ཕྱོགས་ནས་རང་རང་གི་སྔགས་དང་ཕྱག་རྒྱས་སྤྱན་དྲངས་ལ། མཆོད་ཡོན་ལ་སོགས་པ་ཕུལ་ཏེ། མེ་ཏོག་དང་བདུག་པ་ལ་
སོགས་པས་ཡང་དག་པར་མཆོད་དེ། ཨོཾ་ས་ར་ས་ར་གཙྪ་གཙྪ། དེ་ལ་སོགས་པས་གཤེགས་སུ་གསོལ་ཏེ། སྟེང་ནས་ཀྱང་ཟླ་བ་དང་། ཉི་མ་དང་། ཚངས་པ་དང་། མིག་གྱེན་དུ་བལྟས་ཏེ་གཤེགས། འོག་ཏུ་ཡང་ཨ་སུ་རེ་བྷྱ་སྭཱ་ཧཱ། ནཱ་གེ་བྷྱཿསྭཱ་ཧཱ། སོ་སོར་ཡང་
རྡོ་རྗེའི་སོར་མོ་གྱེན་དུ་ཕྱེ་ནས། རྡོ་རྗེ་འབར་བའི་ཕྱག་རྒྱས་གཏོར་མ་བྱིན་ལ། དེ་ནས་ཡང་། གཞན་གཏོར་མ་དམར་པོ། །མེ་ཏོག་དང་བདུག་སྤོས་ལ་སོགས་པས་བརྒྱན་པའི་གཏོར་མ་བྱིན་ཞིང་ལྷ་རྣམས་སྤྱན་དྲང་བར་བྱའོ། །དེ་ནས་རས་དཀར་པོས་བུམ་པ་རྣམས་
གཡོགས་ཏེ། ལྷ་རྣམས་ཁ་སྦྱོར་དང་ལྡན་པ་འབྱུང་པོ་དང་བཅས་པ་ལ། ཡེ་ཏ་ཡ་ཏེ་མ་ཧཱ་བྷཱུ་ཏོ་རོ་ཏྲ་སྠཱ་ན་པྲ་མུཉྩ་ཏུ་སྭཱ་ཧཱ། དེ་ནས་སྔགས་དེ་ཉིད་ཀྱིས་ལྷ་བཤོས་ལ་སོགས་པ་དབུལ་ཏེ། སོ་སོར་འབྱུང་པོ་ཆེན་པོ་རྣམས། རང་རང་གནས་སུ་ཅི་བདེར་གཤེགས་པར་བྱའོ། །
དུར་ཁྲོད་ཆེན་པོ་ལྷ་ཡི་གནས་རྣམས་དང་། །ཤིང་གཅིག་དང་ནི་ཆུ་བོའི་གནས་རྣམས་དང་། ལམ་གྱི་བཞི་མདོ་ལིངྒ་གཅིག་པ་དང་། །ལྷའི་གནས་རྣམས་སུ་མྱུར་དུ་གཤེགས་བྱས་ལ། །དམ་ཚིག་གནས་ལ་རབ་ཏུ་གནས་པར་མཛོད། །ཇི་ལྟར་ཁྱེད་ནི་མི་འགྲོ་ན། །ཁྱེད་ཀྱི་

མགོ་ནི་རྡོ་རྗེས་འགེམས། །ཡུད་ཙམ་གྱིས་ནི་ཉམས་པར་འགྱུར། །དམྱལ་བ་ཆེན་པོར་འཇུག་པར་བྱེད། །ཇི་ལྟ་ཇི་ལྟར་ཅི་བདེ་བར། །རང་གི་གནས་སུ་བདེ་བར་སོང་། །ཡང་མཆོད་ཡོན་ལ་སོགས་པ་བྱིན་ལ། མཆོད་དེ་ཅི་བདེ་བར་གཤེགས་པར་བྱའོ། །དེ་ནས་
དུར་ཁྲོད་དང་། ལྷའི་གནས་དང་། རིའི་རྩེ་མོ་དང་། ལམ་གྱི་བཞི་མདོ་དང་། དེ་དག་ཏུ་མྱུར་དུ་འགྲོ་བར་འགྱུར་ཏེ། གཏོར་མ་བྱིན་པས་སོ། །དམ་ཚིག་ལ་རབ་ཏུ་བརྟན་པར་དམ་ཚིག་རྣམས་རབ་ཏུ་སྐྱོང་ཞིང་། ཁྲོ་བོ་ཆེན་པོའི་བཀའ་སྩལ་ཇི་ལྟར་མནོས་པས། རང་རང་
གི་ལས་རྣམས་བྱེད་པར་འགྱུར་ཏེ། རུ་ཏྲ་སྠཱ་ན་པྲ་མུཉྩན་ཏུ་སྭཱ་ཧཱ། དེ་ནས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱི་ཨཱདྱ་ནུཏྤནྣ་ཏྭཱཏ། འདི་ནི་དབྱངས་ཆེན་པོའི་འབྱུང་པོ་ཐམས་ཅད་ལ་གཏོར་མ་སྦྱིན་པར་བྱའོ། །མཆོད་ཡོན་ལ་སོགས་པ་སྦྱིན་པ་འདི་ནི་གཏོར་མའི་ཆོ་གའོ། །ཞི་
བའི་རང་བཞིན་ནམ། རྒྱས་པ་ལ་ཉེས་པ་རྣམས་འཇོམས་པར་བྱ་བའི་ཕྱིར། རྣམ་པར་གྲོལ་གདོང་གིས། སྔགས་བརྒྱ་ཕྲག་བརྒྱད་བཟླས་ལ། འཁོར་ལོའི་ལྷ་རྣམས་མཆོད་དེ། མཆོད་ཡོན་ཡང་ཕུལ་ལ། སློབ་མ་ལྷག་པར་གནས་པར་བྱ་སྟེ། དེ་ནས་སློབ་དཔོན་གྱིས་
སློབ་མའི་མགོ་ལ་མེ་ཏོག་བཞག་སྟེ། སློབ་མས་ལག་པར་མེ་ཏོག་ཐོགས་ཏེ། འདི་སྐད་ཅེས་བརྗོད་པར་བྱའོ། །བདག་གིས་སྟོན་པ་དགའ་ཆེན་པོ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །བྱང་ཆུབ་སེམས་མགོན་བརྟན་པ་པོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བདག་ལ་
བྱང་ཆུབ་སེམས་ཀྱང་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །དེ་ནས་དཀྱིལ་འཁོར་གྱི་ཤར་སྒོར་སློབ་མ་བཞག་ལ། སྙིང་གར་ཨ་ལས་ཟླ་བའི་དཀྱིལ་
འཁོར། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་ཌཾ་ལས་བསྐྱེད་པའི་རྡོ་རྗེ་བསམས་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་བཟུང་ལ། སློབ་མའི་སྙིང་གར་དེ་རེག་ཅིང་། སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ། །བཛྲ་སིདྷྱ་ཡ་ཐ་སུ་ཁཾ། ས་འདིར་སློབ་དཔོན་གྱིས་སྡིག་པ་བཤགས་པ་བྱ་བའི་དོན་དུ། ཕྱག་

འཚལ་བདེ་གཤེགས་ཐམས་ཅད་ལ། །ཇི་ལྟར་ཐམས་ཅད་མཁྱེན་པ་པོ། །འཁོར་བ་ཀུན་གྱི་སྐྱབས་མཛོད་ཅིག །བདག་ནི་ཉེ་བར་སྐྱབས་སུ་མཆི། །གཙོ་བོ་ཀུན་དུ་བསྒོམ་པར་བགྱི། །སྡུག་བསྔལ་གསུམ་ལས་གྲོལ་བའི་ཕྱིར། །འཇིག་རྟེན་སྡུག་བསྔལ་བདག་གིས་མཐོང་། །
ཐམས་ཅད་བྱེད་པར་གནས་པ་ཡི། །སྡུག་བསྔལ་གསུམ་གྱིས་ཐམས་ཅད་གདུང་། །བདག་ནི་ཁྱེད་ལ་དབུལ་བར་བགྱི། །བདག་ནི་ཁྱེད་ཀྱིས་བཞེས་སུ་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཕྱིན་ཆད་སྡིག་པ་བདག་མི་བགྱིད། །བསོད་ནམས་ཀུན་ལ་རྗེས་ཡི་རངས། །
བྱས་དང་བྱེད་བཅུག་དགེ་བ་ལ། །བདག་ནི་དེ་བཞིན་མངོན་པར་དགའ། །ཆོས་གསུང་མཛད་པའི་སངས་རྒྱས་རྣམས། །མྱ་ངན་མི་འདའ་བཞུགས་སུ་གསོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །མཆོག་ཏུ་རྩོལ་བ་ཆེན་པོ་ཡིས། །བདག་ནི་སངས་རྒྱས་འགྱུར་པར་ཤོག །
སངས་རྒྱས་དབང་ཕྱུག་གནས་པ་ཡིས། །འཁོར་བ་ཐམས་ཅད་བསྒྲལ་དོན་དུ། །འཁོར་བའི་རྒྱ་མཚོ་མཐར་ཕྱིན་ཏེ། །སངས་རྒྱས་རྒྱུ་ལ་བཀོད་པའི་ཕྱིར། །ཇི་ལྟར་བཟོད་པའི་སྟོབས་རྣམས་ཀྱིས། །སྨོན་ལམ་ཆེན་པོ་གདབ་པར་བགྱི། །དེ་ལྟར་གྱུར་པའི་སྟོབས་ཀྱིས་སུ། །འདི་
ལྟར་རིགས་དང་རིགས་སྐྱེས་ཀྱང་། །ཐབས་ཀྱིས་འགྲོ་བ་བསྒྲལ་བར་བགྱི། །ཐམས་ཅད་མཉམ་པའི་གོ་འཕང་བ། །དྲི་མེད་སྟོང་པའི་ཡོན་ཏན་ཅན། །རིགས་ལས་བྱས་པའི་བསོད་ནམས་ཀྱིས། །བྱས་དང་བྱེད་དུ་བཅུག་པ་ཡི། །བདག་གི་བསོད་ནམས་ཅི་མཆིས་པས། །
གྲུབ་ཅིང་བདེ་བའི་གནས་ཕྱིན་ཤོག །དེ་ནས་རིན་ཆེན་དཔལ་མོས་ལག་པ་ན་དྲི་ཐོགས་པ། དཔལ་མོས་མེ་ཏོག་དང་། ཐིག་ལེ་མཆོག་མས་བདུག་སྤོས་དང་། རི་བོང་འཛིན་མས་མར་མེ་ཐོགས་པ་རྣམས་ཀྱིས་མཆོད་ལ། ཨོཾ་བཛྲ་ཧཱ་སྱེ་ཧཱུཾ། ཞེས་པའི་སྔགས་ཀྱིས། ཨུ་
དུམྺཱ་ར་དང་། བྱང་ཆུབ་ཀྱི་ཤིང་ལས་བྱས་པའི་སོ་ཤིང་། དྲི་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། སོ་འབྲུད་པའི་ཚུལ་གྱིས་བཟུང་ལ། །དོར་བར་བྱའོ། །རྡོ་རྗེ་ཆོས་ཀྱིས་བཟླས་པའི་དྲི་བཟང་པོའི་མཆོད་ཡོན་གྱིས་ཆུས་ཁ་བཤལ་བྱིན་ལ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པ་ནིཤྩ་

སྱ་སརྦ་བི་ཀལྤཱན་ཨ་པ་ན་ཡ་ཧཱུཾ། རྡོ་རྗེ་རྣོན་པོ་ཆེན་པོ་འདི། །ཡོངས་སུ་རྫོགས་ཤིང་མ་ཉམས་པ། །གཅིག་ནི་མགོ་བོ་གཞན་ནི་བསྟན། །ཨོཾ་བཛྲ་རཀྵ་ཧཱུཾ། བཟླས་པ་སྦྱིན་པར་བྱ་སྟེ། སྔས་དང་སྟན་དུ་བྱིན་ལ། རྡོ་རྗེའི་གོ་བསྐོན་ཏེ། སྐུད་པ་སུམ་སྒྲིལ་
རང་གི་སློབ་མའི་དཔུང་པ་གཡོན་པ་ལ་བཅིང་བར་བྱའོ། །དེ་ཡང་ཡི་གེ་དྲུག་པའི་སྔགས་དང་ཕྱག་རྒྱས་སོ། །སྲུང་བ་བྱས་ལ། སློབ་མ་ལ་ཆོས་བཤད་པར་བྱ་སྟེ། དེ་རིང་ཁྱོད་ནི་དགའ་བ་ཡིན། །རྙེད་པ་ཆེན་པོ་ཁྱེད་ཀྱིས་རྙེད། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་
རྒྱས་སྲས་པོ་དམ་པ་ཁྱོད། །སངས་རྒྱས་ཀུན་གྱིས་རྗེས་སུ་བཟུང་། །བདག་ཉིད་ཆེན་པོ་རྒྱལ་བའི་སྲས། །ཁྱོད་ནི་ཐེག་པ་ཆེན་པོ་ལ། །དགའ་བའི་རིགས་ཅན་ཐོབ་པར་འགྱུར། །འདི་ནི་ལམ་གྱི་མཆོག་ཡིན་ཏེ། །དཔལ་དང་ལྡན་པའི་ཐེག་པ་ཆེ། །ལམ་འདི་ལ་ནི་ཁྱོད་ཕྱིན་ན། །དེ་
བཞིན་གཤེགས་པར་ཁྱོད་འགྱུར་རོ། །རང་བྱུང་སྐལ་བ་ཆེ་དང་ལྡན། །འཇིག་རྟེན་ཀུན་གྱིས་མཆོད་པར་འགྱུར། །ཡོད་དང་མེད་པའི་དེ་ཉིད་སྤངས། །ནམ་མཁའ་ལྟར་དུ་དྲི་མ་མེད། །ཟབ་མོ་རྟོག་གེའི་ཡུལ་ལས་འདས། །རྟོག་དཔྱོད་ཡུལ་ལས་འདས་པ་པོ། །ཐམས་ཅད་ལྔ་རུ་
གནས་པས་ཏེ། །ལྔ་པ་ཀུན་ཀྱང་དེ་བཞིན་ནོ། །ལས་དང་སྤྱོད་པར་གནས་པ་ཀུན། །གཉིས་མེད་བདེན་པའི་དཔལ་དང་ལྡན། །འདི་ནི་ཐེག་པ་ཆེན་པོའི་མཆོག །འདི་འདྲ་ཁྱོད་ཀྱིས་ཐོབ་པར་འགྱུར། །དེ་སྐད་ཅེས་སློབ་མ་ལ་བརྗོད་པར་བྱས་ལ་སློབ་མ་རྣམས་བསྟན་པར་བྱ་
སྟེ། རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱིས་ཁྱེད་ཀྱིས་ནང་པར་གྲོལ་བའི་གྲོང་ཁྱེར་ཆེན་པོ་མཐོང་བར་འགྱུར་རོ། །བདུག་པ་ལ་སོགས་པ་ཅི་འབྱོར་པའི་མཆོད་པ་རྣམས་ཤོམས་ཤིག །བཅོམ་ལྡན་འདས་འཁོར་དང་བཅས་པ། བཅོམ་ལྡན་འདས་ཆེ་གེ་མོ་རིག་པ་འཛིན་པའི་རྒྱལ་
པོ་འཁོར་དང་བཅས་པ་ལ་ཕྱག་འཚལ་ཏེ། དཀྱིལ་འཁོར་སྙིང་རྗེ་ཆེན་པོ་བདག །ནང་པར་བདག་ནི་འདྲི་བར་འདོད། །སློབ་མ་རྗེས་སུ་གཟུང་ཕྱིར་དང་། །ཁྱེད་རྣམས་ཀྱིས་ཀྱང་མཆོད་པའི་ཕྱིར། །འདི་ལྟར་བདག་ནི་གུས་པ་ལ། །བཅོམ་ལྡན་འདས་ཀྱིས་བཀའ་དྲིན་མཛོད། །བདག་

མིང་འདི་ཞེས་བགྱི་བ་ལ། །ཆེ་གེ་དཀྱིལ་འཁོར་ཅེས་པའི་མཆོག །ནང་པར་སངས་རྒྱས་དཀྱིལ་འཁོར་བྲི། །ཇི་ལྟར་འབྱོར་པའི་སྟོབས་ཀྱིས་སོ། །རྗེས་སུ་བཟུང