Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 71

Văn bản gốc(Tây Tạng)

Trang 8 / 21 (50.000 ký tự/trang)
ས་
བྱུང་བའི་དགའ་བ་རབ་ཏུ་སྐྱེ། །ཞེས་གསུངས་པ་འདིས་ནི་གཉེན་པོ་དང་། །ཕན་ཡོན་གཉི་གའི་གནས་ཀྱི་ཡན་ལག་བསྟན་ཏེ། ཏིང་ངེ་འཛིན་ལ་བརྟེན་པའི་སྟོབས་ཀྱིས་རྟོག་པ་ལ་སོགས་པ་འཇུག་པའི་ཕྱིར་རོ། །བསམ་གཏན་གཉིས་པ་ལ་ཡན་ལག་བཞི་སྟེ། ནང་རབ་ཏུ་
དང་བ་དང་དགའ་བ་དང་བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ། །ནང་རབ་ཏུ་དང་བའི་དབང་དུ་མཛད་ནས། སེམས་ནི་དང་བས་ལྷ་མིའི་བདེ་བ་དང་། །མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསུངས་པ་འདིས་ནི་རྟོག་པ་དང་དཔྱོད་པ་
ཉིད་སྐྱོན་དུ་མཐོང་སྟེ། དེའི་གཉེན་པོར་བསྟན་ཏོ། །དགའ་བ་དང་བདེ་བ་དང་སེམས་རྩེ་གཅིག་པ་ཡན་ལག་ལ་ལྷག་མ་གཉིས་པ་སྔ་མ་བཞིན་ནོ། །བསམ་གཏན་གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་།
སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་བཏང་སྙོམས་ཀྱི་དབང་དུ་མཛད་ནས། བཏང་སྙོམས་ལྡན་ཞེས་གསུངས་ཏེ། སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འཇུག་པ་དང་། སེམས་ལྷུན་གྱིས་གྲུབ་པའོ། །དྲན་པ་དང་། ཤེས་བཞིན་གྱི་དབང་དུ་མཛད་ནས།

དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི། །མར་མེ་བཙུགས་པ་མི་གཡོ་འབར་བ་ལྟར། །རྩེ་གཅིག་སེམས་ཀྱིས་ཟློས་ལ་མངོན་དགའ་བའི། །ལུས་ལ་ཆོས་ཀྱང་དེ་བཞིན་འབར་བར་འགྱུར། །ཞེས་གསུངས་ཏེ། དྲན་པ་ནི་འདྲིས་པའི་དངོས་པོ་མ་བརྗེད་
པའོ། །ཤེས་བཞིན་ནི་གཞན་དུ་མི་གཡེང་བ་སྟེ། འདི་གསུམ་གྱིས་ནི་དགའ་བའི་རྣམ་པར་རྟོག་པ་སྤོང་བས། གཉེན་པོའི་ཡན་ལག་ཏུ་བསྟན་ཏོ། །བདེ་བ་དང་སེམས་རྩེ་གཅིག་པ་ཉིད་ནི། ཡན་ལག་ལྷག་མ་རྣམས་དང་གོ་རིམས་བཞིན་ནོ། །བསམ་གཏན་བཞི་
པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་ནས། སེམས་རྩེ་གཅིག་པ་ཉིད་དོ། །དེ་ལ་བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་ནི། བདེ་
བའི་གཉེན་པོའི་ཡན་ལག་གོ། །སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་དབང་དུ་མཛད་ནས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་དང་སྨད། །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་
གནས་སུ་གྱུར་པ་སྤང་བར་བྱ། །ཞེས་གསུངས་པ་འདིས་ནི། །ཕན་ཡོན་གྱི་ཡན་ལག་བསྟན་ཏོ། །སེམས་རྩེ་གཅིག་པ་ཉིད་ནི། །དེ་གཉི་གའི་གནས་ཀྱི་ཡན་ལག་གོ། །འདི་ཡི་དགོས་པ་ནི། རྣམ་པར་གཡེང་བ་ལས་གླན་པའོ། །ཕན་ཡོན་ནི་ཏིང་ངེ་འཛིན་ཡོངས་སུ་
སྦྱོང་བར་བྱེད་པ་སྟེ། འདིར་ཚིགས་སུ་བཅད་པ། དམིགས་པ་ལ་ནི་སེམས་གཏད་ནས། དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་གྱུར་ནས། །དེ་ལས་སླར་ནི་གླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱ། །དེ་ནས་ཡོན་ཏན་
མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་གདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །བརྣབ་སེམས་ཡིད་མི་བདེ་ལ་སོགས། །ལངས་པ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །

རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ལྷའི་གནས་པ་དང་སྦྱར་བ་བཤད་ཟིན་ཏོ། །བྱང་ཆུབ་སེམས་དཔའི་ལྷག་པའི་བསམ་པ་ནི། །གནས་སྐབས་གང་དུ་ཡང་སེམས་ཅན་རྣམས་ཀྱི་དོན་ལྷུར་ལེན་པ་ལ་གཞོལ་བའི་ཕྱིར། །དེའི་འོག་ཏུ་ཚངས་པའི་
གནས་པ་ཚད་མེད་པ་བཞི་བསྒོམ་དགོས་པར་སྟོན་ཏེ། དེ་ལ་བྱམས་པའི་དབང་དུ་མཛད་ནས། བྱམས་དང་ཞེས་གསུངས་ཏེ། བསམ་གཏན་ལ་བརྟེན་ནས། སེམས་ཅན་རྣམས་ལ་ཕན་པ་དང་། ཕྲད་པར་ཤོག་ཤིག་པར་བསམས་པའི་གནས་པ་ཡང་དག་པར་འབྱོར་པའི་
ཏིང་ངེ་འཛིན་ཏོ། །སྙིང་རྗེའི་དབང་དུ་མཛད་ནས་སྙིང་རྗེ་ཞེས་གསུངས་ཏེ། བསམ་གཏན་ལ་བརྟེན་ནས། སེམས་ཅན་རྣམས་ལ་སྡུག་བསྔལ་དང་བྲལ་བར་ཤོག་ཤིག་པར་བསམས་པའི་གནས་པའི་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་ཏོ། །དགའ་བའི་དབང་དུ་མཛད་ནས།
དགའ་བ་ཞེས་གསུངས་ཏེ། བསམ་གཏན་ལ་བརྟེན་ནས་སེམས་ཅན་རྣམས་ལ་བདེ་བ་དང་མི་འབྲལ་བར་ཤོག་ཤིག་པར་བསམས་པའི་གནས་པ་ཡང་དག་པར་སྦྱོར་བའི་ཏིང་ངེ་འཛིན་ཏོ། །བཏང་སྙོམས་ཀྱི་དབང་དུ་མཛད་ནས། །བཏང་སྙོམས་ལྡན་ཞེས་གསུངས་ཏེ། བསམ་
གཏན་ལ་བརྟེན་ནས་སེམས་ཅན་རྣམས་ལ་ཕན་པར་བསམས་པའི་གནས་པ་ཡང་དག་པར་འབྱོར་པའི་ཏིང་ངེ་འཛིན་སེམས་མཉམ་པ་ཉིད་ལ་དང་། སེམས་རྣལ་དུ་འདུག་པ་དང་། སེམས་ལྷུན་གྱིས་གྲུབ་པའོ། །འདིར་ཚིགས་སུ་བཅད་པ། བྱང་ཆུབ་སེམས་དཔའ་གནོད་
སེམས་དང་། །རྣམ་འཚེ་མི་དགའ་གནོད་སེམས་དང་། །འདོད་པའི་འདོད་ཆགས་དང་ལྡན་པ། །ཉེས་དམིགས་རྣམ་པ་མང་ལ་རེག །ཅེས་བྱ་བ་དང་། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །
དོན་དུ་འཁོར་བའང་ཡོངས་མི་གཏོང་། །ཚངས་པའི་གནས་པ་དང་སྦྱར་བ་བཤད་ཟིན་ཏོ། །དེ་ནས་ཆོས་ཀྱི་དབྱིངས་རྟོགས་པ་ལ་འཇུག་པར་གཞོལ་བའི་ཡུལ་རྣམ་པར་ཐར་པའི་སྒོ་གསུམ་བསྒོམ་དགོས་པར་སྟོན་ཏེ། དེ་ལ་སྟོང་པ་ཉིད་བསྟན་པའི་དབང་དུ་མཛད་ནས། །

གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན། །དེ་ནི་བདག་མིན་བདག་ཀྱང་གཟུགས་མ་ཡིན། །གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ། །གཟུགས་ནི་སྟོང་པའི་ཕུང་བཞིའང་རིག་པར་གྱིས། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་
དང་ཆོས་ལ་བདག་མེད་པ་དག་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་བསྟན་ཏོ། །མཚན་མ་མེད་པའི་དབང་དུ་མཛད་ནས། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་། །སྨན་དང་གླང་ཆེན་བརྟག་པའམ་སྐར་མའི་དཔྱད། །མཚོན་ཆ་བརྟག་པའམ་རྟ་དཔྱད་རང་བཟོ་འམ། །
བསྟན་བཅོས་ངན་པ་སློབ་ཅིང་ཀློག་པ་ཡང་། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་བསྟན་ཏོ། །སྨོན་པ་མེད་པའི་དབང་དུ་མཛད་ནས། ཡུལ་སའི་གཏམ་དང་མི་དབང་བསྟན་པ་དང་། །
དམག་དང་གྱད་དང་ན་ཆུང་གཏམ་དག་དང་། །སྒྲུང་ལྡེབས་དང་ནི་སྔོན་གྱི་ལོ་རྒྱུས་གཏམ། །འདོད་ཆགས་གཏམ་དང་སྨད་འཚོང་གཏམ་མི་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིས་ནི་གང་ཟག་དང་ཆོས་ལ་བདག་ཏུ་འཛིན་པའི་རྟེན་སྤང་བའི་ཕྱིར་བསྟན་ཏོ། །འདིར་
ཚིགས་སུ་བཅད་པ། ཡོངས་སུ་ཤེས་དང་སྤོང་བ་དང་། །མངོན་གསུམ་དུ་ནི་བྱ་བའི་ཕྱིར། །སྟོང་ཉིད་ལ་སོགས་ཏིང་འཛིན་རྣམས། །དོན་རྣམས་གསུམ་དུ་ཡོངས་སུ་བསྒྲགས། །རྣམ་པར་ཐར་པའི་སྒོ་གསུམ་དང་སྦྱར་བ་བཤད་ཟིན་ཏོ། །དེ་བཞིན་དུ་བཟླས་བརྗོད་ཡན་
ལག་དང་བཅས་པ་དང་། སྒྲའི་ཏིང་ངེ་འཛིན་ལ་སོགས་ཏེ། འདིར་མོས་པ་ཡིད་ལ་བྱེད་པ་དང་། དེ་ཁོ་ན་ཉིད་ལ་བྱེད་པ་བསྟན་པ་འདི་དག་གིས་ཀྱང་ཞི་གནས་ཀྱི་རྗེས་སུ་མཐུན་པ་དང་། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པའི་ཕྱིར་ཡིད་ལ་བྱེད་པའི་ཕན་ཡོན་བསྟན་པ་
ཡིན་ནོ། །དགོས་པའི་ཡང་དགོས་པ་ཞེས་བྱ་བ་ནི་ཆོ་གའི་གནས་ལ་མཁས་པ་དང་། ཡིད་ལ་བྱེད་པའི་ཕན་ཡོན་ཐོབ་པས་མཐོང་བའི་ཆོས་ལ་མངོན་པར་མཐོ་བ་དང་། སྲིད་པ་གཞན་དུ་ངེས་པར་ལེགས་པའི་འབྲས་བུ་ཐོབ་པ་ཡིན་ནོ། །དེ་ལྟར་འབྲེལ་པ་ལ་སོགས་པའི་རྒྱུད་ཀྱི་

དོན་བཟང་པོ་འདི་རྣམས་ཁོང་དུ་ཆུད་པའི་སྒོ་ནས་ནི། གང་དག་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་འཆད་པ་ལ་སོགས་པ་ལ་གུས་པ་སྐྱེའོ། །བསྡུས་པའི་དོན་གཞན་ནི་དངོས་སུ་གོ་བར་ཟད་དོ། །འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་ཀྱི་བསྡུས་པའི་དོན་བཀྲོལ་བའི་
བརྗེད་བྱང་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། སིདྡྷཻ་ཀ་བཱི་ར་ཏནྟྲ་ཊཱི་ཀཱ། བོད་སྐད་དུ། དཔའ་བོ་གཅིག་ཏུ་སྒྲུབ་པའི་རྒྱུད་ཀྱི་འགྲེལ་པ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །གང་ཞིག་སྒྲོལ་མའི་ཞབས་པད་སྤྱི་བོས་ལེན་མཛད་ཅིང་། །བདེ་
གཤེགས་ཚུལ་ཁྲིམས་གསུམ་ལྡན་དྲི་མེད་དགེ་འབྱུང་གནས། །བསྟན་པའི་ཁུར་འཛིན་བཟོད་པ་གསུམ་གྱིས་བརྒྱན་པ་པོ། །སྲིད་གསུམ་མཆོད་འོས་བྱམས་པའི་རྩ་ལག་ལ་བཏུད་དེ། །བླ་མའི་མན་ངག་ཇི་བཞིན་རྒྱུད་གཞུང་འདི་དག་གི། །སྙིང་རྗེའི་ག་བུར་ཡལ་ག་རྒྱས་པ་རྒྱ་ཆེ་བ། །
གསལ་ཞིང་གཞལ་མེད་དགའ་བའི་རོལ་པ་པདྨའི་རྩེ། །དཔའ་བོ་གཅིག་སྒྲུབ་རྒྱུད་ཚིག་གསལ་བར་དབྱེ་བར་བྱ། །རྒྱུད་འདིའི་བརྗོད་པར་བྱ་བ་ནི་ཅི་ཞིག །དེ་བཞིན་དུ་དགོས་པ་དང་། དགོས་པའི་དགོས་པ་དང་། འབྲེལ་པ་ནི་གང་ཞིག་སྙམ་ན། ཞི་བ་ལ་སོགས་པའི་རང་བཞིན་
ཅན་གྱི་ལས་ཀྱི་ཚོགས་རྣམས་ནི་རྒྱུད་འདིའི་བརྗོད་པར་བྱ་བ་ཡིན་ལ། དེའི་དོན་རྒྱུད་ཀྱི་གཞུང་གི་ཚོགས་ལེའུ་བཞི་པའི་བདག་ཉིད་ཅན་འདི་ལ་བརྟེན་ནས་རྟོགས་པར་གྱུར་པ་ནི་དགོས་པའོ། །སྒྲུབ་པ་པོའི་མངོན་པར་འདོད་པའི་དོན་རང་དང་གཞན་གྱི་བདེ་ལེགས་ཕུན་སུམ་ཚོགས་
པ་ལ་དབང་འབྱོར་པ་ནི་དགོས་པའི་ཡང་དགོས་པའོ། །འབྲེལ་པ་ནི་ཤུགས་ལས་ཤེས་པར་འགྱུར་རོ། །ཁ་ཅིག་འདི་སྙམ་དུ་འདི་སྐད་བདག་གིས་ཞེས་པ་ལ་སོགས་པ་གླེང་གཞི་ཕུན་སུམ་ཚོགས་པ་སྟོན་པའི་ཚིག་མེད་པས་སྟོན་པའི་གསུང་རབ་ཉིད་དུ་མ་གྲུབ་པོ་སྙམ་དུ་རྟོག་ན་
མ་ཡིན་ཏེ། འདི་སྐད་ཐེས་པ་ཞེས་བྱ་བ་ལ་སོགས་པ་ནི་འཕགས་པ་ཀུན་དགའ་བོ་ལ་སོགས་པ་སྡུད་པ་པོའི་ཚིག་ཡིན་ལ། འདིར་ནི་སྟོན་པ་དང་སྡུད་པ་པོ་ཐ་དད་མེད་པར་དགོངས་ནས་སྡུད་པ་པོའི་ཚིག་མ་གསུངས་པ་ཡིན་ནོ། །ཡང་ན་ཨེ་ཝཾ་ནི་ཐབས་དང་ཤེས་རབ་གཉིས་སུ་མེད་

པར་མཚོན་པ་ཡིན་ལ། རྒྱུད་ཀྱི་བརྗོད་པར་བྱ་བ་ཐམས་ཅད་ཀྱང་ཡེ་ནས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདག་ཉིད་དུ་གནས་པས་ཨེ་ཝཾ་གྱི་སྒྲ་མ་གསུངས་པར་ཟད་དོ། །ཡང་ན་རྒྱུད་འདིར་ནི་ཡོངས་སུ་རྫོགས་པ་མ་ཡིན་པའི་ཕྱིར་གླེང་གཞི་མ་གསུངས་ཏེ།
སྒྱུ་འཕྲུལ་ཆེན་པོ་ལ་སོགས་པ་བཞིན་ནོ། །དེ་ལྟར་གདུལ་བྱ་རྣམས་ཀྱི་ཐེ་ཚོམ་གྱི་རྣམ་པར་རྟོག་པ་བསལ་ནས་རྒྱུད་ཀྱི་གཞུང་ལ་འཇུག་པར་བྱེད་དོ། །གང་ཟག་མོས་པ་དང་སྐལ་བ་ཐ་དད་པའི་དབང་གིས་འཇིག་རྟེན་པའི་འབྲས་བུ་དང་། འཇིག་རྟེན་ལས་འདས་པའི་འབྲས་བུ་ལ་
མོས་པ་གཉིས་ལས། དང་པོའི་དབང་དུ་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟག་པ་དང་རྒྱ་ཆེ་བའི་བསྟན་བཅོས་ལ་འཇུག་མི་ནུས་པའི་སེམས་ཅན་ལ། ཞི་བ་དང་རྒྱས་པ་ལ་སོགས་པའི་ཕྲིན་ལས་ལ་ངེས་པ་དང་བཅས་པ་དེ་དག་ལ། སྙིང་རྗེ་ཆེན་པོའི་
གཞན་དབང་དུ་གྱུར་པ་ཉིད་ཀྱིས་རང་རང་གི་རྒྱུད་དུ་རྟོག་པ་ལ་གནས་པའི་དཔའ་བོ་གཅིག་ཏུ་སྒྲུབ་པ་རྣམས་གཅིག་ཏུ་ཡང་དག་པར་བསྡུས་ཏེ་བསྟན་ཏོ། །གང་ཞིག་དོན་འདི་ལ་ངེས་པར་ཕྱོགས་པ་དེ་དག་འདི་རྣམས་ཀྱི་ཏིང་ངེ་འཛིན་གྱི་རིམ་པས་ས་བཅུ་དང་ཕ་རོལ་ཕྱིན་པ་ལ་
སོགས་པས་རྒྱུད་སྡེ་ཡང་དག་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །འཇམ་པའི་རྡོ་རྗེ་ཞེས་པ་ལ་སོགས་པ་ལ། དཔའ་བོ་གཅིག་པའི་རྒྱུད་ཆེན་པོ་འཛིན་པར་ནུས་པའི་གདུལ་བྱ་ཡང་མི་སྣང་ཡང་། ཅུང་ཟད་ཙམ་འདོད་པའི་གདུལ་བྱ་ལ་ཐུགས་རྗེས་རྗེས་སུ་ཆགས་པ་ནི་འཇམ་
པའི་རྡོ་རྗེ་སྟེ། འཇམ་དཔལ་ལོ། །འཇམ་དཔལ་ནི་སྐུ་གསུང་ཐུགས་མཛེས་པའོ། །རྡོ་རྗེ་ནི་མི་ཤིགས་པ་དང་ཐོགས་པ་མེད་པའི་ཡེ་ཤེས་དང་ལྡན་པ་སྟེ། དེས་རྒྱུད་རབ་ཏུ་གསུངས་ཞེས་འབྲེལ་ཏོ། །གང་གི་དོན་དུ་ཞེ་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྟེ། སེམས་
ཀྱི་ཞེན་པ་ནི་བདག་གིའོ། །དོན་གྱིས་ཞེས་པ་ནི་དགོས་པའོ། །སྦྱིན་པ་ལ་སོགས་པས་རང་གི་རྒྱུད་ལ་བསོད་ནམས་ཀྱི་ཚོགས་སོགས་པས་སེམས་ཅན་གྱི་དོན་ཏོ། །ཡང་ན་སེམས་ནི་གདུལ་བྱ་ལ། །དོན་ནི་ཡོངས་སུ་རྫོགས་པའོ། །དེའི་དོན་དུ་རྒྱུད་དང་སྔགས་དང་རྫས་དང་ཏིང་

ངེ་འཛིན་ལ་སོགས་པས་ཡང་དག་པར་བསྡུས་པའོ། །རྒྱུན་མི་འཆད་པས་ན་རྒྱུད་དེ་བཤད་པར་བྱ་བ་ཞི་བ་ལ་སོགས་པའི་དངོས་གྲུབ་གདུལ་བྱའི་རྒྱུད་ལ་རྗེས་སུ་འབྲེལ་པའོ། །དེ་གང་ཡིན་ན་དཔའ་བོའི་གཙོ་ཞེས་པ་སྟེ། དཔའ་བོ་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བ་གཡུལ་
དུ་རྣམ་པར་འཇོམས་པ་ལ་བརྩོན་འགྲུས་བརྩམ་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་སོ། །དེ་རྣམས་ཀྱི་གཙོ་བོ་ནི་མངའ་བདག་ཅེས་བྱ་བའི་དོན་ཏོ། །ཆོས་སྟོན་པ་ལ་དོན་དང་ཚིག་ལ་མི་འཇིགས་པས་གདུལ་བྱའི་རྒྱུད་བླ་ན་མེད་པའི་ཡོན་ཏན་ཕྱིར་སྨྲ་བ་རྣམས་ཀྱི་མཆོག་
གོ། །ཡང་ན་སྨྲ་བ་རྣམས་ནི་སྟོན་པ་སྟེ། དབང་ཕྱུག་ཆེན་པོ་ལ་སོགས་པའོ། །མཆོག་ནི་འཕགས་པ་སྟེ། རྟོགས་པ་ལས་བྱུང་བའི་རྫུ་འཕྲུལ་གྱིས་རྡོ་རྗེ་འཇིགས་བྱེད་ལ་སོགས་པར་སྤྲུལ་པའི་དུས་སུ་ལྷ་ཆེན་པོ་རྣམས་སྤོབས་པ་མེད་པར་བྱ་བའི་ཕྱིར་རོ། །དེ་བས་ན་དེ་དག་ནི་སྐྱེས་
བུ་ཆེན་པོའི་མིང་གི་ཡོན་ཏན་དག་གིས་ཁྱད་པར་དུ་འཕགས་པའོ། །འགྲོ་བའི་བླ་མ་ཞེས་པ་ལ། འགྲོ་བ་ནི་ཤིན་ཏུ་འོད་གསལ་བར་འགྲོ་བ་དང་། དེ་ལས་འོངས་པ་སྟེ། འགྲོ་བ་སྣ་ཚོགས་སོ། །དེ་དག་གི་བླ་མ་ནི་མངའ་བདག་གོ། །ཡང་ན་འགྲོ་བ་ནི་སྐུ་གསུང་ཐུགས་ཀྱི་དོན་
མ་རྟོགས་པ་རྣམས་ཡིན་ལ་དེ་དུལ་བས་ན་བླ་མའོ། །ཡང་ན་འགྲོ་བ་དྲུག་གི་གཟུགས་སུ་གྱུར་པས་འགྲོ་བ་སྟེ། ཁམས་གསུམ་མོ། །དེ་དག་ལ་དབང་མཛད་པས་བླ་མའོ། །ཇི་ལྟར་ན་རྒྱུད་ཡིན་ཞེ་ན། དཔའ་བོ་གཅིག་གྲུབ་པ་ཞེས་པ་སྟེ། གྲུབ་པ་ནི་ཡོངས་སུ་རྫོགས་པ་ལ་
རབ་ཏུ་གྲགས་པ་སྟེ། ལས་གང་དང་གང་གི་དབང་དུ་བྱས་པའི་རྫས་དང་སྔགས་ལ་སོགས་པའོ། །ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱིས་བདུད་འཇོམས་དཔའ་བོ་རྣམས་སོ། །རབ་མཆོག་ཅེས་བྱ་བ་ནི་ཁྱད་པར་དུ་འཕགས་པ་སྟེ་རྒྱུན་མི་འཆད་པར་གནས་པའི་རྒྱུའོ། །གཟུགས་
ཅན་གྱི་ལྷ་བསྒོམ་པར་སྔགས་པས་སྔགས་དེ་དག་ཅིའི་ཕྱིར་སྒྲུབ་ཅེ་ན། གསུངས་པ། ལྷ་ཉིད་ཅེས་པ་ལ་སོགས་པ་སྟེ། སྔགས་གང་གྲུབ་པའི་ཡོངས་སུ་གསལ་བར་གྱུར་ན་དེའི་ལྷ་དེ་དེ་ལ་འགྲུབ་པར་འགྱུར་ཏེ། འདོད་པའི་དོན་ཡོངས་སུ་རྫོགས་པའི་དོན་ཏོ། །དེ་ཅིའི་ཕྱིར་

ཞེ་ན། རྫོགས་པའི་རིམ་པ་ལ་ལྷ་དང་སྔགས་ཐ་དད་མེད་པ་དང་། བསྐྱེད་རིམ་ལ་རྒྱུ་ལྷ་ལ་འབྲས་བུ་སྔགས་སུ་བསྟན་པས་སོ། །དེ་བས་ན། ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །ཞེས་པ་ཉིད་ནི་མ་ནོར་བའི་དོན་ཏོ། །སྔགས་པ་ནི་སྒྲུབ་པ་པོའོ། །དེ་
ཉིད་ནི་སྔགས་སོ། །བསྒོམས་ན་ནི་ཞེས་པ་ནི་རྣམ་པ་དེ་ལ་ཡང་དང་ཡང་དུ་རྩེ་གཅིག་ཏུ་བྱ་བའི་དང་པོ་ཡིད་ཆེས་པའི་དོན་དུ་འདོད་པའི་དོན་ལ་ཡང་དག་པར་བཟླས་པའི་སྔགས་ཀྱིས་དངོས་གྲུབ་ཆེན་པོ་ལ་མི་སྦྱོར་རོ་ཞེས་གསུངས་པ་ནི་ཕྲ་མོ་ཞེས་པ་ལ་སོགས་པ་སྟེ་གོ་སླའོ། །
ལེགས་པར་བཟླས་པའི་སྔགས་ནི་དོན་དེ་བསྒོམས་པས་འདི་དང་ཕྱི་མར་ལྷག་པར་རྟོགས་པའི་བསྒོམ་པ་འོད་གསལ་བ་ལ་རབ་ཏུ་ཞུགས་པའི་རྗེས་སུ་རིམ་པས་ཆོས་ཐམས་ཅད་རྙེད་པས་ཞེས་གསུངས་པས་སོ། །ས་ལ་སོགས་པ་གོ་སླའོ། །དང་པོ་རབ་ཏུ་འཇུག་པའི་སྒོ་ནས་འདི་
བཤད་པའོ། །དེ་ལྟར་མཁྱེན་ནས་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཨོཾ་ཀཱ་ལུ་ཞེས་པ་ལ་སོགས་པ་ནི་འཆད་པར་འགྱུར་བའི་རེངས་པར་བྱེད་པའི་སྔགས་བཞི་སྟེ། འདི་ལ་ཡང་བསྙེན་པ་དང་ལས་ལ་སྦྱར་བའི་དུས་ཐམས་ཅད་དུ་སྐད་ཅིག་གིས་རྡོ་རྗེ་གདན་གྱི་རྣལ་འབྱོར་བྱའོ། །
དང་པོ་དང་གཉིས་པའི་སྔགས་ཀྱི་མངོན་སྤྱོད་ལ་སོགས་པ་ལ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཉིད་ཀྱིས་བྱའོ། །ལེགས་པར་བཟླས་ན་ཞེས་པ་ནི་འབུམ་བཟླས་པའོ། །དྲན་པ་ཉིད་ཅེས་པ་ཐམས་ཅད་དུ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླས་པས་སོ། །ཐལ་བ་ལ་ཞེས་པ་ནི་རྫ་མཁན་
གྱི་ཐལ་བས་སོ། །མངོན་པར་བཟླས་ན་ཞེས་པ་ནི་ལག་པ་གཡས་པའི་མཐིལ་དུ་ཐལ་བ་བཞག་ནས་ལག་པ་གཡོན་པའི་སྲིན་ལག་གིས་བརྒྱ་རྩ་བརྒྱད་བཟླས་པས་སོ། །གང་དུ་འདོད་པ་དེར་འགྲོའོ། །ཞེས་པ་ནི་གོ་སླའོ། །ཨོཾ་ག་རུ་ཞེས་པ་ལ་སོགས་པ་ནི་ཐོད་ལོ་ཀོར་དང་རྔ་ལྕག་
ལ་ལན་ཉི་ཤུ་རྩ་གཅིག་མངོན་པར་བཟླས་ནས་རྔ་བརྡུང་བར་བྱའོ། ཨོཾ་ཧེ་ཧེ་ཞེས་པ་ལ་སོགས་པ་ལ། སྔོན་དུ་བསྙེན་པའི་ཆོ་ག་ནི་སངས་རྒྱས་བཅོམ་ལྡན་འདས་ཡང་དག་པར་མཆོད་དེ། བླ་མ་ལ་གསོལ་བ་བཏབ་ནས་ཉི་མ་རེ་རེ་བཞིན་ལུས་ཐམས་ཅད་བཀྲུ་བ་དང་ཟས་དཀར་

གསུམ་ཟ་བ་རྒྱུན་མ་ཆད་པས་འབུམ་ཕྲག་གཅིག་ཏུ་བཟླས་པར་བྱའོ། །ཐལ་བ་དང་ཞེས་པ་ནི་གཟའ་ཉི་མའི་ཚེས་གྲངས་ལ་བྲམ་ཟེ་ཤི་བའི་ཐབ་ཀྱི་ཐལ་བའམ་ཡང་ན་དགེ་སློང་གི་ཐབ་ཀྱི་ཐལ་བ་དང་། བ་དམར་སྐྱའི་ལྕི་བ་ཐང་ལ་མ་ལྷུང་བའི་ཐལ་བའོ། །ཡུངས་ཀར་ལ་ཞེས་
པ་ནི་བྲམ་ཟེའི་ཐོད་ཕོར་དུ་ཀུན་རྫོབ་ཀྱི་བདུད་རྩི་བྱུགས་ཏེ། སྐར་མ་རྒྱལ་གྱི་ཉིན་པར་ཡུངས་ཀར་བསྐྲུན་པའི་འབྲས་བུའོ། །ཡང་ན་ཡུངས་ཀར་ཉིད་ལ་བརྒྱ་རྩ་བརྒྱད་བཟླས་པས་སོ། །ཞིང་ལས་ཞེས་པ་ནི་ཞིང་གི་ཕྱོགས་གཅིག་ཏུ་སྒོ་གཅིག་གཞག་སྟེ། གཞན་དུ་ན་བྱི་བ་ལ་སོགས་
པ་འཆིང་བར་འགྱུར་རོ། །དུར་ཁྲོད་ཀྱི་རས་ནི་རོ་རས་སོ། །དུར་ཁྲོད་ཀྱི་བུམ་པ་ནི་འོ་མས་རབ་ཏུ་བཀང་བའི་བུམ་པ་དུར་ཁྲོད་དུ་བསྐྱལ་བའོ། །སྦས་པ་ནི་རླུང་བཟུང་ནས་ཞེས་བྱ་བས་ཏེ་མན་ངག་གོ། །ཡུང་བ་ཞེས་པ་ནི་འདིར་རེངས་པའི་རས་ལ་བྲི་བ་སྟེ། ཡུང་བ་དང་བ་བླ་དང་ཨ་རུ་
རའི་ཆུ་བསྲེས་པས་སོ། །རྒོལ་བ་ནི་བཀུར་སྟི་ལ་སོགས་པ་ལ་ཕྲག་དོག་པའོ། །རྩོད་སྦྱོང་བ་ནི་ནོར་གྱི་དོན་དུ་ཕན་ཚུན་རྩོད་པའོ། །ཁམ་ཕོར་ནི་ཞབས་ནག་པོ་ར་རི་མེད་པ་ལ་སྔགས་ལན་བདུན་བཟླས་པའི་ཐོད་ལོ་ཀོར་གྱིས་སྔགས་གཡས་སྐོར་དུ་བྲི་བར་བྱའོ། །ཁ་སྦྱོར་དུ་བྱས་ཏེ་
ཞེས་པ་ནི་སྟེང་དུ་གནས་པའི་ཁམ་ཕོར་ལ་སྣ་ཚོགས་རྡོ་རྗེ་སེར་པོ་བྲིའོ། །དེའི་ཕྱི་རོལ་དུ་སྐུད་པ་སེར་པོས་དཀྲི་བར་བྱའོ་ཞེས་པ་ནི་མན་ངག་གོ། །རྐང་པའི་མཐིལ་དུ་སྔགས་ཀྱི་རྒྱལ་པོ་འདི་བཅུག་སྟེ་ཞེས་པ་ནི་རྐང་པ་གཉིས་ཀྱི་བར་དུའོ། །བླ་གོས་ནི་གོས་ཀྱི་ཕྱོགས་
གཅིག་ལ་མི་མཐུན་པ་ཐམས་ཅད་རབ་ཏུ་ཞུགས་པར་བསྒོམས་ཏེ་རང་གི་གནས་ཀྱི་མཚམས་འདབ་རླུང་བཟུང་སྟེ་ནུས་ཚད་ཀྱི་སྔགས་བཟླས་ནས་མདུད་པ་བྱ་སྟེ། འདྲུལ་གྱི་རྒྱབ་ན་གནས་པའི་སྒྲུབ་པའི་གྲོགས་ཕྱི་མས་ཀྱང་སྔགས་དང་འདུན་པའི་གྲོགས་བྱས་ནས་ཆོ་ག་འདིས་
མདུན་དུ་འགྲོ་བར་བྱའོ། །འཇིགས་པ་ལས་ཐར་ནས་མདུད་པ་དགྲོལ་བར་བྱའོ། །ཆུའི་ཕ་རོལ་དུ་ཕྱིན་ནས་བོང་བ་བཅུག་པ་དེ་གདོན་པར་བྱའོ། །གཉིས་དང་ལྡན་པར་བྲི་སྟེ་ཞེས་པ་ནི་སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་སའི་དཀྱིལ་འཁོར་གཉིས་ཕྱོགས་དང་མཚམས་སུ་རྡོ་རྗེ་རྒྱ་

གྲམ་གྱི་རྣམ་པར་བརྒྱན་པ། ཕ་རོལ་གྱི་མཚམས་སམ་རི་ཁྲོད་ལ་སྦ་བར་བྱའོ། །སྔགས་ཨོཾ་གཉིས་ཀྱི་ཁ་སྦྱོར་ཞེས་པ་ནི་ལྷོར་སྔགས་མགོ་གཉིས་ཕན་ཚུན་ཕྲད་པར་བྱས་པ་ཨོཾ་གཉིས་ཀྱི་དབུས་སུ་བྲི་བར་བྱའོ། །ཐ་གཉིས་ཀྱིས་ཡོངས་སུ་བསྐོར་ཞེས་པ་
ལ་ཐ་གཉིས་ནི་ཚེག་དྲག་སྟེ་དེ་དག་གི་ཕྱི་རོལ་དུ་བྲིའོ། །སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པ་ནི་དབང་ཆེན་གྱི་དཀྱིལ་འཁོར་གྱི་ཁྱད་པར་རོ། །ཆུ་གཉིས་པ་བདུན་ཞེས་པ་ནི་བུམ་པ་སར་པའི་ཆུས་སོ། །ཐལ་བས་ཞེས་པ་ནི་རྨ་བྱ་ཆེན་མོའི་རྣལ་འབྱོར་གྱིས་སོ། །ནས་ཆན་ནི་བལ་སྲན་དང་
འབྲས་འདྲེས་པ་བཙོས་པའི་ཟན་ནོ། །གཏོར་མ་ཆེན་པོ་གཏང་བར་བྱ། །ཞེས་པ་ནི་གཏོར་མ་གཏོང་བའི་དུས་སུ་ཁྱུང་གི་དང་། རྡོ་རྗེའི་དང་། དཔལ་བེའུའི་ཕྱག་རྒྱ་གསུམ་བཅིང་བར་བྱའོ། །དེ་ལ་ཁྱུང་གི་ཕྱག་རྒྱ་ནི་ལག་པ་གཉིས་ཐལ་མོ་བརྐྱང་བ་རྒྱབ་སྤྲད་དེ་མཐེའུ་ཆུང་
གཉིས་ལུ་གུ་རྒྱུད་དུ་མདུད་ནས་མིང་མེད་ཀྱི་སེན་མོ་གཉིས་མཐེ་བོང་གིས་མནན་པའོ། །དེ་གཉིས་ལ་སྡིགས་མཛུབ་གཉིས་ལུ་གུ་རྒྱུད་དུ་བཅིངས་པ་དང་། གུང་མོ་དང་མིང་མེད་ཀྱི་སེན་མོའི་སྟེང་དུ་མཐེ་བོང་གཞག་པ་ནི་རྡོ་རྗེའི་ཕྱག་རྒྱའོ། །ལག་པ་གཉིས་ཐལ་མོ་སྦྱར་ནས་མིང་
མེད་ནང་དུ་བསྐུམས་པའི་སེན་མོ་ལ་ཉེ་བའི་ཚིགས་ཀྱི་རྒྱབ་མཐེ་བོང་གཉིས་ཀྱིས་མནན་ཏེ། མཐེའུ་གཉིས་རྩེ་སྤྲད་ཅིང་གུང་མོ་གཉིས་ཀྱང་བརྐྱང་རྩེ་སྤྲད་དེ་མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་རྒྱབ་ཏུ་ལྕགས་ཀྱུའི་ཚུལ་དུ་གཞག་པ་ནི་དཔལ་གྱི་བེའུའི་ཕྱག་རྒྱའོ། །ཡང་ལག་པ་གཉིས་གན་རྐྱལ་
དུ་བྱས་ནས་གཡོན་དང་གཡས་པ་ཉི་མ་དང་། ཟླ་བ་དང་ཉི་མ་ལ་ཨཱ་ལི་དང་ཀཱ་ལིས་མཚན་པ་བསྒོམས་ལ། །ཡང་ལག་པ་གཉིས་ཁ་སྦུབ་པར་བྱ་སྟེ། ཨོཾ་བརྗོད་པས་གཡོན་པ་བསྟན། ཨཱཿབརྗོད་པས་གཡས་པ་བསྟན། ཧཱུཾ་བརྗོད་པས་གཉིས་ཀ་མཉམ་པར་སྦུབ་ལ་གཏོར་མ་ལ་
བསྟན། དེའི་རྗེས་སུ་ལག་པ་གཉིས་མཉམ་པོར་ཁ་སྦྱར་ནས་རྡོ་རྗེ་རྩེ་གཅིག་གི་ཕྱག་རྒྱ་གཏོར་སྣོད་ལ་རེག་པའོ། །ཡམ་ཤིང་ལྔ་ཞེས་པ་ནི། ཨ་འབྲས་དང་། བྱང་ཆུབ་ཀྱི་ཤིང་དང་། བྲ་ཀ་ཌི་དང་། བ་ཌ་དང་། བ་ལ་ཤིང་རྣམས་སོ། །འབྲུ་ལྔ་ཞེས་པ་ནི། འབྲས་སོ་བ་དང་།

ནས་དང་། ཏིལ་དང་། བལ་སྲན་དང་། གྲོ་རྣམས་སོ། །གསེག་མ་ཞེས་པ་ནི་རྡོ་དང་དངུལ་ལ་སོགས་པའི་ཉེ་བར་མཚོན་པའོ། །རྡོ་ལེབ་ལ་ཞེས་པ་ནི་རྡོ་ལེབ་བཞི་ལ་སྔགས་བྲིས་ནས་ཁང་པའི་ཟུར་བཞི་ལ་གཞག་པར་བྱའོ། །དུར་ཁྲོད་ཀྱི་རོ་བསྲེགས་པའི་ཤིང་གི་བྱུར་བུ་ཞེས་པ་ནི་
གཟའ་ཉི་མའི་ཚེས་གྲངས་ལ་བྲམ་ཟེའི་དགེ་སློང་གི་རོ་བསྲེགས་པའི་ཤིང་ངོ་། །དེ་སྒོའི་སྟེང་ཁོ་ན་ལ་གཞག་པར་བྱའོ། །སྐྱེད་ཀྱིས་འཚོ་བ་ཞེས་པ་ནི་རི་དགས་ལ་སོགས་པའོ། །ཨོཾ་ཧི་ནི་ཞེས་པ་ནི་བསྙེན་པ་འབུམ་བཟླས་པའི་རྗེས་ལ། མ་བསྒྲུབས་སུ་ཟིན་ཀྱང་ཞེས་པ་ནི་ལས་སྦྱོར་གྱི་
དུས་སུ་ཁྱད་པར་གྱི་ཆོ་ག་མ་བྱས་ཀྱང་གྲུབ་པར་འགྱུར་རོ། །ལན་ཚྭ་ཞེས་པ་ནི་ལན་ཚྭ་དང་སྐེ་ཚེ་རིན་ལ་མི་རྩེག་པར་ཉོ་བའོ། །དཔུང་གི་ཚོགས་རྣམས་ཀྱང་བྱེར་བར་ནི་བསྐྲད་པའོ། །སྦུན་པའི་སྦྱིན་སྲེག་ཅེས་པ་ནི་ཤ་མི་དང་སེང་ལྡེང་གི་ཡམ་ཤིང་དཀྱུས་སོར་བཅུ་གཉིས་ལ་སོགས་
སྦོམས་སུ་མཛུབ་མོ་དང་མཉམ་པའི་ཤིང་བུ་ཤུན་པ་དང་བཅས་སྤར་བ་གང་སྦྱིན་སྲེག་བྱའོ། །རེངས་པའི་སྔགས་བཞི་པོ་འདི་དག་ལ་སྔགས་གཅིག་གིས་ཀྱང་སྔགས་གཞན་གསུམ་གྱི་རབ་སྦྱོར་བྱེད་པར་ངེས་སོ། །ཞི་བ་དང་རྒྱས་པ་དང་དབང་དུ་བྱ་བ་དང་དྲག་པོའི་ལས་རྣམས་ལ་རིམ་
པ་བཞིན་དུ་འཇག་མ་ཤ་ར་དང་། མེ་ཏོག་ཨ་མྲ་ན་དང་། མྱ་ངན་མེད་པའི་ཤིང་དང་བྱ་རོག་གི་སྒྲོ་རྣམས་ཀྱི་སྨྱུ་གུས་བྱའོ། །ཨམྤ་སིམྤ་ཞེས་པ་ལ་སོགས་པ་ལ། དུ་པ་པུ་ཞེས་པའི་གོང་དུ་བདག་གི་དོན་གྲུབ་པར་གྱིས་ཤིག་ཅེས་གདགས་པར་བྱའོ། །རྟག་ཏུ་བཟླས་པ་ཞེས་པ་ནི་ཉི་མ་རེ་
རེ་ཞིང་རྒྱུན་མ་ཆད་པར་བཟླས་པའོ། །རྡོ་རྗེའི་ཆུ་ཞེས་པ་ནི་རྡོ་རྗེའི་ལག་པ་གཡས་པར་བླུགས་ནས་གཡོན་པའི་སྲིན་ལག་གིས་རེག་སྟེ། ལན་བདུན་བཟླས་ནས་རླུང་བཟུང་སྟེ། །དཔྲལ་བར་ཐིག་ལེ་བྱའོ། སིམྤ་ཞེས་པ་ནི་སིམྤའི་ཆུང་ཤོས་སོར་གསུམ་གྱི་ཚད་ཀྱོག་པོ་མ་ཡིན་
པའོ། །མངོན་སྤྱོད་ལ་སོགས་པ་ཐམས་ཅད་ལ་ཐུན་གསུམ་སྟེ། མཚན་མོའི་ཐུན་གསུམ་མོ། །གཡོན་ངོས་སུ་རྫ་སོ་བཏང་བའི་ཐལ་བ་དང་། གཡས་ངོས་སུ་ཤིང་ཨ་འབྲས་དང་། སྲིན་ཤིང་སི་བ་དང་། རས་བལ་གྱི་ལོ་མ་དང་། དེ་དག་གི་ལོ་མ་ཐ་དད་དུ་བཞག་ནས་མདུན་དུ་སྨྱུག་

མ་ལ་བྱས་པའི་སྣོད་དུ་ལག་པ་གཡོན་པས་བོར་ནས་རྐང་པ་གཡོན་པས་བསྒྲུབ་བྱ་དེའི་ལིངྒ་བྲིས་ནས་རྐང་པ་གཡོན་པས་མཉེ་ཞིང་སྔགས་བཟླས་པར་བྱེད་པའི་རྣལ་འབྱོར་པས་ཞིབ་མ་ལ་བྲིས་པའི་ལིངྒའི་སྙིང་གར་རྐང་པ་གཡོན་པའི་མཐེ་བོང་གིས་མནན་ཅིང་།
ལིངྒའི་མགོ་ལ་ཨ་འབྲས་ཀྱི་ལོ་མ་དང་། སྙིང་གར་སིམྤའི་ལོ་མ་རྐང་པ་ལ་རས་བལ་གྱི་ལོ་མ་བཞག་ནས་སྔགས་བཟླས་པའི་རྗེས་ལ་རྐང་པས་ཤིན་ཏུ་མཉེ་བར་བྱའོ། །དེ་བཞིན་དུ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་བྲི་བ་དང་ཕྱི་བར་བྱ་བའི་རྗེས་ལ་ཡི་གེ་ལ་སོགས་པ་ངལ་སོ་ནས་ཐལ་
བ་དེ་དག་ཐམས་ཅད་ངོས་ནས་རྐང་པས་ཤིན་ཏུ་དྲག་པོར་མཉེ་བར་བྱའོ། །ནམ་ཕྱེད་ཀྱི་ཐུན་ལ་ཡང་ལན་ཉི་ཤུ་རྩ་གཅིག་བཟླས་པ་བྱས་པའི་ཐལ་བ་དང་ཐུན་མོང་པོ་ལ་བསྲེས་ནས་མཉེ་བར་བྱའོ། །དེ་བཞིན་དུ་ཐོ་རངས་ཀྱི་ཐུན་ལའང་དེ་ལྟར་བྱའོ། །གཞན་ཡང་ཐུན་གཉིས་ཀྱིས་
ཞིབ་མའི་ཕྱོགས་གཅིག་ལ་བཞག་སྟེ་ལངས་ཏེ་མི་གཙང་བའི་གནས་སུ་དོར་བར་བྱའོ་ཞེས་པ་ནི་མན་ངག་གོ། །ཡང་དེ་ཁོ་ནའི་ལས་སྦྱོར་གཞན་ནི་སྐད་ཅིག་མས་རྨ་བྱ་ཆེན་མོའི་ལས་སྦྱོར་གྱིས་ཞིབ་མ་ལ་སོགས་པ་ལ་དོན་དང་སྦྱར་བ་སྔགས་བཟླས་ཤིང་ལག་པ་གཡོན་པ་གན་
རྐྱལ་དུ་བྱས་ནས་ཨ་འབྲས་ཀྱི་ལོ་མ་དང་། སིམྤའི་ལོ་མ་དང་། རས་བལ་གྱི་ལོ་མ་གསུམ་གཅིག་ཏུ་དྲིལ་ནས་སྐུད་པ་སེར་པོས་དཀྲིས་ཏེ་གོང་བུར་བཞག་སྟེ། དེ་ལྟ་བུ་ལན་བརྒྱ་རྩ་བརྒྱད་ཀྱི་བར་དུ་བྱའོ། །དབང་དུ་བྱ་བ་ལ་སོགས་པ་ལ་སྐུད་པ་དམར་པོ་ལ་སོགས་པས་བྱའོ། །
འདི་ནི་ཞག་བདུན་གྱི་བར་དུ་ཉིན་མོ་ཐུན་གསུམ་དང་མཚན་མོ་ཐུན་གསུམ་བྱའོ། །དེ་ནས་སྔར་གྱི་དྲིལ་བ་དེ་སྐྱེ་བོས་དབེན་པའི་གནས་སུ་ཤིང་ལ་སོགས་པའི་འོག་ཏུ་ཉི་མ་རེ་རེ་གཞག་པར་བྱའོ། །དེ་ནས་གཞན་རྫས་འབགས་པ་ཅན་གྱི་ནང་དུ་ཆུ་དང་བཅས་པའི་སྐྱུར་པོ་བླུགས་
ནས། རིམ་པ་ཇི་ལྟ་བར་བཤད་པའི་ལོ་མ་རྣམས་སྣོད་དེ་གང་བར་མ་གྱུར་གྱི་བར་དུ་སྦྱིན་སྲེག་བྱས་ནས་སྣོད་དེ་ཉི་མ་རེ་རེ་ཞིང་མིས་དབེན་པའི་སར་གཞག་སྟེ། ཕྱག་གི་ཤིང་བུ་དོན་མ་གྲུབ་ཀྱི་བར་དུ་ཐུན་གསུམ་གསུམ་དུ་བསྐུལ་བར་བྱའོ། །དེ་ནས་གཞན་ཡང་རྫས་འབགས་པ་

ལ་ཇི་ལྟར་བཤད་པའི་རིམ་པས་སྔར་བཤད་པའི་ལོ་མ་རྣམས། ཚྭ་དང་བསྲེས་པའི་སྔགས་བསྐུལ་ཚིག་དང་བཅས་པ་བཟླས་ཤིང་དོན་མ་གྲུབ་ཀྱི་བར་དུ་སྦྱིན་སྲེག་བྱའོ། །སྣོད་དེ་ཉི་མ་རེ་རེ་ཞིང་ཅུང་ཟད་ཅུང་ཟད་ཡོན་སོ་སོར་གཞག་པར་བྱ་སྟེ། དེས་ནི་བསྒྲུབ་བྱ་ནད་ཀྱིས་
ཟིན་པར་འགྱུར་རོ། །སྣོད་དེ་ཁ་སྦུབ་པར་གྱུར་ན་བསྒྲུབ་བྱ་དེ་ངེས་པར་འཆི་བར་འགྱུར་རོ། །སྣོད་དེ་བཀྲུས་ན་ནི་བསྒྲུབ་བྱ་དེ་ངེས་པར་སོས་པར་འགྱུར་རོ། །སེམས་ཅན་རྣམས་ནི་སངས་རྒྱས་ཀྱི་རང་བཞིན་ཡིན་པས་སངས་རྒྱས་གསད་པར་འགྱུར་བའི་ཉེས་པས་ལས་སྦྱོར་དེ་གཉིས་ཀྱིས་
གནོད་པ་ཙམ་བྱའི་གསད་པ་ནི་མི་བྱའོ། །དེ་ནས་གཞན་ཡང་ཆུ་ཤིང་གི་འབྲས་བུ་དང་བཅས་པའི་ལོ་མ་ལ་ཚེར་མས་བསྒྲུབ་བྱ་བྲིས། དེའི་སྙིང་གར་དོན་དང་བཅས་པའི་སྔགས་བྲིས་ནས་བཟླས་ཤིང་ལོ་མ་དྲིལ་ཏེ་བཅིངས་ནས་སྦྲུམ་མ་ཡིན་པ་ལ་ཞག་བདུན་གྱི་བར་དུ་ཟར་
གཞུག་གོ། །གལ་ཏེ་མི་ཟ་ན་དེའི་ཚེ་ཚྭ་དང་བཅས་པ་ཟར་གཞུག་གོ། །དེས་ཀྱང་ཟ་བར་མ་གྱུར་ན་དེའི་ཚེ་དངོས་གྲུབ་མི་འབྱུང་བར་རིག་པར་བྱའོ། །དེ་ནས་གཞན་ཡང་དབྱེ་བར་འདོད་ན། ལག་པ་གཡོན་པའི་མཐིལ་དུ་སྔར་བཤད་པའི་ལོ་མ་གསུམ་པོ་གཞག་ནས་དཔུང་པ་
གཡོན་པའི་འོག་ཏུ་ཉེ་བའི་ལག་པ་གཡས་པས་ལན་བརྒྱ་རྩ་བརྒྱད་དྲིལ་ཏེ་ས་ལ་བསྐྱུར་ཏེ་སྒྲུབ་པ་པོ་མ་མཐོང་བར་ལངས་ཏེ་འགྲོ་བར་བྱའོ། །དེ་བཞིན་དུ་ཉིན་ཞག་གསུམ་གསུམ་གྱི་བར་དུ་བྱའོ། །དེ་ནས་གཞན་ཡང་ཞིབ་མའི་སྣོད་སར་པའི་ནང་དུ་རྫ་བསྲེགས་པའི་ཐལ་
བས་མཎྜལ་བྱས་ནས་ལག་པ་གཡས་པའི་ལོ་མ་གསུམ་པོ་རི་མོ་ཇི་ལྟ་བར་གཡོན་པའི་སེན་མོས་བཅད་ནས་བྱབ་པའི་སྔགས་བརྗོད་ཅིང་ཐལ་བའི་མཎྜལ་གྱི་སྟེང་དུ་དོར་བར་བྱའོ། །དེ་ནས་མཎྜལ་དེ་བཤིག་ནས་དྲི་ཞིམ་པོ་ལ་རལ་གཅིག་མ་དང་། མྱ་ངན་མེད་པའི་ལྷ་མོ་དང་།
དུག་སེལ་མ་དང་། རྨ་བྱ་ཆེན་མོས་ཡོངས་སུ་བསྐོར་བའི་འཇིགས་པ་མེད་པའི་སྒྲོལ་མའི་མཎྜལ་བྱས་ནས་སྔགས་ཇི་ཙམ་དུ་ནུས་པར་བཟླས་པ་བྱས་ནས་ཞག་བདུན་དུ་ཉིན་རེ་ཞིང་ཐུན་གསུམ་གསུམ་དུ་བྱ་སྟེ། ཐུན་རེ་ལ་བརྒྱ་རྩ་བརྒྱད་བཟླས་ནས་ཐལ་བ་དེས་རྩོད་སྦྱོང་ལ་སོགས་པ་ཐམས་

ཅད་ཞི་བར་འགྱུར་རོ། །ཨ་འབྲས་ཀྱི་ལོ་མ་སྲང་གཅིག །ཤིང་སིམྤའི་ལོ་མ་སྲང་གཅིག །རས་བལ་གྱི་ལོ་མ་སྲང་གཅིག །ཚྭ་ཞོ་གཉིས། སྐེ་ཚེ་ཞོ་གཉིས། དུད་པ་ཞོ་གཉིས་དེ་དག་ཞིབ་མར་བླུགས་ཏེ། མཚན་ཕྱེད་ན་སྒྲུབ་པ་པོ་གཅེར་བུར་བྱས་ཏེ། སྐྲ་
གྲོལ་བར་བྱས་ནས་བྱང་དུ་མངོན་པར་ཕྱོགས་ཏེ། ཞི་བའི་སེམས་དང་ལྡན་པས་སྔགས་བཟླས་ཤིང་མཉེ་བར་བྱའོ། །ཡང་ལོ་མ་དེ་དག་སྲང་ལ་བཅལ་ཏེ་ཆ་བསྙམས་ཏེ། འདག་པ་བྱས་ནས་ཁང་དྲིའི་རུས་པའི་ཚད་ཙམ་གྱི་རི་ལུ་བྱ་སྟེ། ཀུ་ཤའི་སྐུད་པ་ལ་རྒྱུས་ནས་ཐོགས་ཏེ། གོས་
གཙང་མ་གྱོན། ཁ་ནུབ་ཏུ་བལྟས་ནས་བཙོན་དགྲོལ་བ་ལ་སོགས་པའི་བཟླས་པ་བྱའོ། །ཕྲིན་ལས་ཐམས་ཅད་ལ་ཕྲེང་བ་འདི་དང་ལྡན་པས་ཕྲིན་ལས་བྱའོ། །དེ་ནས་ཡང་ཤིང་སིམྤའི་ལོ་མ་དང་དབང་དུ་བྱ་བའི་རྫས་ལ་སྔགས་བཟླས་ཤིང་སྦྱིན་སྲེག་བྱའོ། །དེའི་རྗེས་ལ་དཀྱིལ་
འཁོར་ལ་ཐབ་ཁུང་བྱ་སྟེ་མཚན་མོའི་དུས་སུ་སེང་ལྡེང་ངམ་ཁང་དྲིའི་མེ་ལ་མདོག་གཅིག་པའི་ཀ་ར་བདུན་གྱིས་ཐུན་གསུམ་དུ་སྦྱིན་སྲེག་བྱའོ། །གཞན་ཡང་ཞིབ་མ་མཁྲེགས་པོ་མདུན་དུ་བཞག་ནས་སྐྲོད་པའི་ལས་བྱ་བ་འདོད་པའི་བསམ་པས་སྔགས་སྤེལ་ཚིག་དང་བཅས་པར་བཟླས་
ཤིང་། ཞིབ་མ་ལ་རིམ་པ་ཇི་ལྟ་བར་ལོ་མ་གསུམ་གཞག་སྟེ་བསྐམས་པ་ལ་ལག་པ་གཉིས་ཀྱིས་མཉེས་ཏེ། རང་གི་གཡོན་ངོས་སུ་ལོ་མའི་ཕྱེ་མ་དེ་དག་ལ་བཀབ་སྟེ། ཟད་པ་དང་མ་མཐོང་བར་སྤངས་ཏེ་འགྲོ་བར་བྱའོ། །གཞན་ཡང་སྔར་བཤད་པའི་ལོ་མ་རྣམས་ལ་རེ་རེ་ཞིང་བརྒྱ་
རྩ་བརྒྱད་དུ་བཟླས་ནས་ཚེར་མས་རེངས་པར་བྱེད་པའི་སྔགས་སྤེལ་ཚིག་དང་བཅས་པ་བྲིས་ཏེ། ཁམ་ཕོར་གཙང་མའི་ནང་དུ་གཞུག་ལ་ཁ་སྦྱར་བ་ལ་རྡོ་རྗེ་རྒྱ་གྲམ་བྲིས་ལ་སྐུད་པ་སེར་པོས་དཀྲིས་ནས་སྐུད་པ་སར་པ་བཏགས་ཏེ་ཁྲོན་པར་དཔྱངས་པ་དང་། ཇི་ལྟར་ཆུར་ནུབ་པ་དེ་ལྟར་
སྐུད་པ་གཏང་བར་བྱའོ། དེ་ནས་གཞན་ཡང་གནས་པར་འདོད་པས་སྔར་བཤད་པའི་ལོ་མ་གསུམ་པོ་ལ་བརྒྱ་རྩ་བརྒྱད་བཟླས་ཤིང་། ལོ་མ་རེ་རེ་ལ་ཡང་ཁ་ལ་ཕུར་བུའི་འདེབས་པའི་སྔགས་སྤེལ་ཚིག་དང་བཅས་པ་ལན་བདུན་བཟླས་པའི་ཚེར་མས་ཕུག་སྟེ་དབེན་པའི་གནས་སུ་གཞག་

གོ། །དེ་ནས་གཞན་ཡང་རང་ཉིད་མགྲིན་པ་ནུབ་ཙམ་གྱི་ཆུར་ཞུགས་ཏེ། རྐང་པ་གཡས་པ་ཨ་འབྲས་ཀྱི་ཡལ་ག་དང་། གཡས་པས་སིམྤའི་ཡལ་ག་མནན་ཏེ། རས་བལ་གྱི་མེ་ཏོག་གིས་ཞག་བདུན་གྱི་བར་དུ་ཐུན་རེ་རེ་བཞིན་དུ་ཆུའི་ནང་དུ་དོར་བར་བྱའོ། །དེས་དགྲ་ལ་
སོགས་པ་རེངས་པར་འགྱུར་རོ། །དེ་ནས་གཞན་ཡང་བཤད་མ་ཐག་པའི་མེ་ཏོག་གསུམ་པོ་དེའི་ཁ་སྨྲས་ཀྱི་ས་ལ་མངོན་པར་ཆས་པའི་ཐག་མི་རིང་ཙམ་དུ་གནས་ཏེ་སྔགས་བརྒྱ་རྩ་བརྒྱད་དུ་བཟླས་ཤིང་མཉེ་བར་བྱའོ། །དེས་ནི་ཁ་སྨྲས་ལས་རྒྱལ་བར་འགྱུར་རོ། །དེ་ནས་གཞན་ཡང་བའི་
ལྕི་བ་ལས་ཀོང་བུ་གསུམ་བྱས་ནས་དེ་ལ་ཨ་འབྲས་དང་ཤིམྦི་དང་རས་བལ་གྱི་ལོ་མ་ཆག་པ་རྙིངས་པ་མ་ཡིན་པ་རིམ་པ་ཇི་ལྟ་བར་བཅུག་སྟེ། ལག་པ་གཡོན་པས་ཕྲེང་བ་བཟུང་ནས་སྔགས་བཟླས་ཤིང་སྐུད་པ་ཕྲེང་བ་ལ་ཉེ་བར་མཆོད་པ་བྱས་ནས་གཙང་བའི་ཕྱོགས་སུ་འདུག་སྟེ། ཁ་ལྷོར་
བལྟས་ནས་མཚན་མོ་ཐུན་དང་པོའི་རྗེས་ལ་དོན་དང་སྦྱར་བའི་སྔགས་ཇི་ཙམ་ནུས་པ་ཞག་བདུན་དུ་བཟླས་པ་བྱའོ། །དེ་ནས་གཞན་ཡང་སྒྱེད་པོ་གསུམ་གྱི་སྟེང་དུ་ཁོག་མ་སར་པར་འབྲས་སཱ་ལུའི་ལིངྒ་གསུམ་བྱས་ནས་དབང་དུ་བྱ་བའི་བསམ་པས་སྔགས་སྤེལ་ཚིག་དང་བཅས་པ་ཟློས་ཤིང་འོག་
ཏུ་མེ་བཏང་ལོ་མ་དེ་དག་ཐམས་ཅད་བསྲེག་པར་བྱའོ། །གཞན་ཡང་རྒྱས་པའི་ཐབ་ཁུང་ངམ་གྱོ་མོ་སར་པར་སྲིན་ཉི་ཆུང་ཤོས་ལ་སྔགས་བཟླས་ཤིང་བྱང་བུ་མངོན་དུ་ཕྱོགས་པས་སྔགས་འབུམ་ཕྲག་གཅིག་བཟླས་ཤིང་སྦྱིན་སྲེག་བྱས་ན་དཔལ་ཆེན་པོར་འགྱུར་རོ། །ཨེ་ཤོད་ཐི་རྡོ་རྗེ་ཞེས་པ་ལ་
སོགས་པ་ལ། ཨེ་ཤ་ཞེས་ཌོ་སྟེ་ཤོ་ཏ་པུརྞ་རྣ་བའོ། །ཨུདྠི་ཏ་ཞེས་པ་དན་པ་ལའོ། །ཛྭ་ལ་ཞེས་པ་ནི་ཨརྒ་དཀར་པོའོ། །ཛི་ཧོ་ཞེས་པ་ནི་སྣུ་ཧིའོ། །འདི་དག་ཆ་མཉམ་པོར་བསྲེས་ཏེ་འདག་པར་བྱས་ནས་སྲང་ལ་གཞལ་བའི་རི་ལུ་བྱ་སྟེ། གཞོན་ནུ་མས་བཀལ་པའི་སྐུད་
པའི་ཕྲེང་བས་སྭཱ་ཧཱའི་གོང་དུ་ཞི་བ་ལ་སོགས་པ་གང་འདོད་སྦྱར་བའི་སྔགས་བཟླས་པར་བྱའོ། །སྦུན་པའི་ཞེས་པ་བར་ཤུན་སྤར་བ་གང་དང་ཨུ་དུམྺཱ་རའི་ཤིང་སོར་བཅུ་གཉིས་ཀྱི་ཚད་ཤིང་བུ་དང་བཅས་པའི་ཡམ་ཤིང་དང་། ཁ་ནུབ་ཏུ་བལྟས་ཏེ། རེངས་པའི་ཐབ་སེར་པོའི་ནང་དུ་

སྦྱིན་སྲེག་བྱའོ། །ཆུ་ཞེས་པ་ནི་འབབ་ཆུའོ། །ཁྱིམ་ཞེས་པ་ནི་གང་གི་ཁྱིམ་སྲུང་བར་བྱེད་པར་མིང་སྔོན་དུ་འགྲོ་བས་སྙིམ་པ་བདུན་གཏོར་ཏེ་ཕྱོགས་ཆེ་གེ་མོ་སྲུང་བར་བསམ་པར་བྱའོ། །མེས་ཚིག་པའི་མེ་ཁ་ལས་ཐར་བར་བྱེད་དོ་ཞེས་པ་ནི་ཚིག་པའི་ས་ལ་ལན་ཉི་ཤུ་
རྩ་གཅིག་བཟླས་ནས་རང་གི་ལག་གམ་རྩ་དཱུར་བས་བྱབ་པ་བྱས་ཤིང་ཕུ་གསུམ་བྱས་ནས་མེ་གདོན་པར་བྱའོ། །དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་ནི་གསེར་དང་དངུལ་དང་རྫ་གསར་པའི་ཁོག་མ་ལ་སོགས་པའི་སྣོད་གཙང་མའི་ཆུས་ཡོངས་སུ་གང་བའི་དབུས་སུ་ཞི་བ་ལ་སོགས་པའི་དོན་དུ་ཐོད་
པའི་སྣོད་དུ་མེ་ཏོག་དཀར་པོ་ལ་སོགས་པ་ལ་ཐུན་གསུམ་དུ་སྔགས་བརྒྱ་རྩ་བརྒྱད་བཟླས་ཤིང་། རྨ་བྱ་ཆེན་མོའི་རྣལ་འབྱོར་དང་ལྡན་པས་དོན་མ་གྲུབ་ཀྱི་བར་དུ་པདྨའི་ཕྱག་རྒྱས་སྦྱིན་སྲེག་བྱའོ། །ཨོཾ་པདྨེ་ཞེས་པ་ལ་སོགས་པ་ནི། ཨོཾ་པཉྩ་ནི་ལ་སྭཱཧཱ་ཞེས་པའི་མཐའ་ཅན་འདི་
ནས་སྔགས་བརྒྱད་མི་འཇིགས་པའི་སྒྲོལ་མའི་རྣལ་འབྱོར་གྱི་བཟླས་པ་དང་ལས་ལ་སྦྱར་བར་བྱའོ། །སྔགས་དང་པོ་ལ་ཕུ་གསུམ་གྱི་ཡི་གེ་སྦྱར་བར་བྱའོ། །མིག་ཅེས་པ་ནི་ཚེས་གྲངས་གང་ལ་མིག་ནད་ལངས་པ་ལ་དེ་ཁོ་ན་ལ་རེངས་པར་བྱ་སྟེ། སྔགས་འདི་བཟླས་ཤིང་མཐེ་བོང་
དང་སྲིན་ལག་གི་ཐལ་བ་ཁྱེར་ནས་ཁ་སྟེང་དུ་བལྟ་སྟེ་མིག་ཀུན་དུ་ཡོངས་སུ་བསྐོར་བར་བྱའོ། །བྱབ་པ་ཞེས་པ་ལག་པས་བྱབ་པའོ། །རྩིག་པ་ལ་ཞེས་པ་ནི་ཐོད་ལོ་ཀོར་ལ་ལན་བརྒྱ་རྩ་བརྒྱད་རྩིག་པ་ལ་བྲིས་པའི་སྔགས་དེ་མིག་ནད་ཅན་གྱིས་རྟག་ཏུ་བལྟ་བར་བྱའོ། །ཨོཾ་མོ་ཙ་ནི་
ཞེས་པ་ལ་སོགས་པ་ལ། མི་འཇིགས་པའི་སྒྲོལ་མ་འདིས་མངོན་པར་བསྔགས་ཞེས་པ་ནི་ལན་བརྒྱ་རྩ་བརྒྱད་དོ། །བཅིངས་པ་ལ་མངོན་དུ་ཕྱོགས་པ་ཞེས་པ་ནི་གང་ན་བཙོན་བུ་བཅིངས་པ་ཡོད་པའི་ཕྱོགས་དེ་ལ་བལྟ་ཞིང་དེ་ལ་དམིགས་པས་བཟླས་པ་བྱས་ན་གྲོལ་པར་འགྱུར་བར་བལྟ་བ་དང་།
གྲོང་དེ་ལ་གནས་ནས་ཆུ་གཏོར་བའོ། །རྟག་ཏུ་ཞེས་པ་ནི་གོང་བཞིན་དུའོ། །ཨོཾ་ཧ་རི་ཞེས་པ་ལ་སོགས་པ་ལ། སའི་སྟེང་དུ་ཞེས་པ་ནི་དྲི་ཞིམ་པོ་ལ་སོགས་པས་བྱུག་པ་བྱའོ། །ཡང་དང་ཡང་དུ་ཞེས་པ་ནི་སྔགས་ཀྱི་ཕྲེང་བ་གཉིས་རིམ་པ་དང་རིམ་པ་ལས་བཟློག་པ་བྲིས་ཏེ་རིམ་པ་དང་རིམ་པ་མ་

ཡིན་པ་ཕྱི་བའི་ཐལ་བ་གཏོར་ཏེ་བསྲུབ་པར་བྱའོ། །ཡང་ན་པདྨ་ཕྱེད་པ་བྲི་ཞེས་པ་གོང་བཞིན་དུ་འབྲེལ་ལོ། །ཨོཾ་ཏ་ར་ཎི་ཞེས་པ་ལ་སོགས་པ་ནི་ཆེ་གེ་མོའི་ཛི་བཾ་ཞེས་པ་ནི་ལྷ་སྦྱིན་ལ་སོགས་པ་ཉེ་བར་མཚོན་པའོ། །ཨོཾ་ཏ་ར་ཞེས་པ་ཡང་གོང་བཞིན་ནོ། །ཨོཾ་རཎྜ་ཞེས་པ་ལ་སོགས་པ་
ལ། ཕོ་ཉར་འོང་བས་ཞེས་པ་ནི་ཕོ་ཉར་འབྱུང་བ་ལ་ཆུ་ཁྱོར་བ་རེ་རེ་ལ་ལན་བདུན་བདུན་བཟླས་ནས་འཐུང་དུ་བཅུག་པའོ་ཞེས་འབྲེལ་ཏོ། །ཡང་ན་བུམ་པའི་ཆུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཕོ་ཉར་འབྱུང་བ་ལ་ཇི་ཙམ་འདོད་པ་འཐུང་དུ་གཞུག་ཅེས་པ་ནི་མན་ངག་གོ། །ཨོཾ་ཨ་མ་ར་
ཎི་ཞེས་པ་ལ་སོགས་པ་ལ། ལེགས་པར་བཟླས་པ་ནི་སྔོན་དུ་བསྙེན་པ་འབུམ་མོ། །མངོན་པར་བསྔགས་ཞེས་པ་ལས་སྦྱོར་བ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནའོ། །སྔགས་མདུད་ཅེས་པ་ནི་གཞོན་ནུ་མས་བཀལ་པའི་སྐུད་པ་དེ་ཐལ་མོའི་བར་དུ་བཅུག་ནས་སྟོང་པ་ཉིད་ལས་བྱུང་
བ་དམིགས་ཏེ་སྔགས་བརྒྱ་རྩ་བརྒྱད་བཟླས་སོ། །དེ་ནས་མདུད་པ་རང་ལ་སྔགས་ལན་བདུན་བཟླས་པའི་མདུད་པ་བྱས་ནས་ནད་པའི་སྐེ་ལ་གདགས་པར་བྱའོ། །རྟག་ཏུ་ཞེས་པ་གོང་བཞིན་ནོ། །མར་དང་ཏིལ་ཞེས་པ་ནི་ཉི་མ་རེ་རེ་བཞིན་དུ་ནད་ཞི་བ་ལ་བྱི་ལའི་རྐང་རྗེས་ཚད་ཙམ་གྱི་ཏིལ་གྱི་
བརྒྱ་རྩ་བརྒྱད་དང་། དེ་བཞིན་དུ་བ་དམར་མོའི་མར་ལ་ཡང་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱའོ། །དགོས་པ་ཆེན་པོ་ལ་སྦྱིན་སྲེག་སྟོང་ངོ་། །ཤིན་ཏུ་ཆེ་བ་ལ་ཁྲི་ཚོའོ། །ལན་བརྒྱ་སྒྲུབ་པ་ཞེས་པ་རྒྱུན་མ་ཆད་པར་སྔགས་བཟླས་ཤིང་སྣོད་ལ་མར་གཞག་ལ་བསྐུས་ཏེ་གཡས་སྐོར་གྱིས་ཆུ་དེ་དེར་
བར་བྱའོ། །དེ་ལྟར་ལན་བརྒྱའི་བར་དུ་བྱའོ། །གདུག་པའི་སྨན་ལ་ཞེས་པ་ནི། འབྲས་མཁར་མ་ཅན་གྱི་འདག་པ་ཆ་ལྔ་མཉམ་པོར་བྱས་ནས་རི་ལུ་བྱའོ། །རྗེས་ལ་ཆ་ལྔ་པོའི་ཕྱེད་མེ་ལ་གདུང་བར་བྱས་པ་དང་ཕྱེད་དེ་ལྟར་བཞག་ནས་ཡང་གཅིག་ཏུ་བྱས་ནས་གཡས་ངོས་ཀྱི་སྣོད་དུ་
གཞག་གོ། །གཡོན་དུ་ནི་ཚྭ་དང་སྐེ་ཚེའོ། །དེ་ནས་སྐྲངས་རློས་དང་ཐོར་པ་ལ་སོགས་པ་བྱུང་བའི་ནད་པ་བྱང་དུ་ཁ་བསྟན་ལ། སློབ་དཔོན་ལྷོར་ཁ་བལྟས་ནས་ལག་པ་གཉིས་ཀྱིས་འདག་པ་དེས་ནད་པ་ལ་བྱབ་པར་བྱའོ། །དེ་ནས་ཚྭ་དང་སྐེ་ཚེས་ཀྱང་བྱབ་པར་བྱའོ། །དེའི་རྗེས་ལ་ཆུས་

གཡས་སྐོར་དང་གཡོན་སྐོར་བྱའོ། །དེ་ནས་དེ་དག་ཐམས་ཅད་ཁྲོན་པ་སྐམ་པོའམ་ལམ་རྒྱ་གྲམ་དུ་གཏོར་བར་བྱའོ། །བེ་དོ་ལ་སོགས་པ་ནི་ཤིང་ཏོག་གི་ཉེ་བར་མཚོན་པའོ། །གཟའ་ཉི་མའི་ཚེས་གྲངས་ལ་ནད་པ་བྱང་དུ་མགོ་བསྟན་ལ་གན་རྐྱལ་དུ་གཞག་སྟེ། དེའི་
གསུས་པའི་སྐྲན་གྱི་ཐོག་ཏུ་བེ་དོ་ལ་སོགས་པའི་ཤིང་ཏོག་གཞག་སྟེ། ཉི་མ་གསུམ་དུ་ལན་ཉི་ཤུ་རྩ་རེ་རེ་བཟླས་པའི་མཚོན་གྱིས་སྔགས་བཟླས་ཤིང་། སྟེང་འོག་ཏུ་གཤགས་ལ་ཚལ་པ་བཞི་བྱའོ། །གཤགས་པ་དེ་དག་ལས་ལོགས་སུ་ཐལ་བ་ཉེ་བའི་རྩིག་ལོགས་ལ་གཞག་
སྟེ། དེ་དག་བསྐམས་པ་དང་སྐྲན་ཡང་སྐམ་པར་འགྱུར་རོ། །དེ་ནས་ཡང་སྔགས་འདི་བཟླས་ཤིང་བྱང་ཤར་དུ་མགོ་བསྟན་པའི་སྐྲན་ནད་ཀྱི་སྟེང་དུ་ཏཱ་ལའི་ལོ་མ་གཞག་སྟེ། བེའི་ཤིང་ཐོག་གི་ཡུ་བ་ཚིག་པའི་སོལ་བའམ་དེའི་ཤིང་ཚིག་པའི་སོལ་བས་སྔགས་མགོ་ཞབས་བཟློག་
ལ་བྲིའོ། །ནི་རྒུན་ཐི་ཞེས་པ་ལ་སོགས་པ་ནི་སྨན་གསུམ་པོ་དེ་ཆ་མཉམ་པོར་བྱས་ལ་སྔགས་འདི་ཟློས་ཤིང་བདུག་པར་བྱའོ། །དེ་ལ་ནི་རྒུན་ཐི་ནི་སིན་དུ་བར་ལའོ། །ནིམ་པའི་རྩ་བ་ནི་གྲགས་པར་ཟད་དོ། །རྨ་བྱའི་མཇུག་སྒྲོ་ནི་ཤིང་ཁི་བི་ཚའོ། །ཁ་ཅིག་མཱ་ཡཱུ་ར་ཤིང་ཁ་ཡང་
ཟེར་རོ། །ལས་ཀྱི་སྦྱོར་བ་གཞན་ཡང་བྲམ་ཟེའི་སྲིན་པོ་ལ་སོགས་པ་དགྲ་གང་ཡང་རུང་བའི་སྐྲ་བཟུང་ནས་རང་སྐྲ་གྲོལ་བ་གཅེར་བུ་ཁྲོ་བ་ཅན་དུ་བྱས་ནས་ཐེམ་པ་ལ་གནས་ནས་མཚན་མོའི་ཐུན་གསུམ་དུ་མིང་དང་སྤེལ་བའི་སྔགས་བརྗོད་ཅིང་མཉེ་བར་བྱའོ། །ནུབ་གསུམ་གྱིས་འཆི་
བར་གདོན་མི་ཟའོ། །ཁྲུས་བྱས་ན་ཞེས་བསྙེན་གནས་ཡན་ལག་བརྒྱད་ལ་གནས་པའི་བུད་མེད་དོ། །རྗེས་སུ་དྲན་པ་ཞེས་པ་ནི་རྒྱུན་མ་ཆད་པར་བཟླས་ཞེས་པའི་ཐ་ཚིག་གོ། །གཞན་ཡང་ཐོ་རངས་ནམ་ལངས་པའི་དུས་སུ་མལ་ལས་མ་གཡོས་པར་སྔགས་ལན་བརྒྱ་རྩ་བརྒྱད་
བཟླས་པའི་ཆུ་ཁྱོར་བ་བདུན་ནས་ཇི་སྲིད་དུ་ཆུ་སྲང་བརྒྱད་ཀྱི་བར་དུ་འཐུངས་ན་དེ་སྲིད་དུ་ནད་བྱང་བར་འགྱུར་རོ། །བྱབ་པ་ཞེས་པ་ནི་ཉི་ཤུ་རྩ་གཅིག་བཟླས་པའི་ལག་པས་སམ་རྩྭ་ཀུ་ཤས་སོ། །ཨོཾ་པ་ད་ཞེས་པ་ལ་སོགས་པ་ལ། ལེགས་བསྒྲུབས་ན་ཞེས་པ་ནི་ཡི་གེའི་གྲངས་ཀྱི་

བསྙེན་པ་འབུམ་བྱས་ལ་དེའི་བཅུའི་ཆ་སྦྱིན་སྲེག་བྱས་ན་དངོས་གྲུབ་ཀྱི་རྟགས་མཐོང་བའོ། །ཆུ་འཐུངས་ན་ཞེས་པ་ནི་ལན་བརྒྱ་རྩ་བརྒྱད་བཟླས་པའི་ཆུས་སོ། །མར་ལ་བཏགས་པའི་ཞེས་པ་ནི་ཐུན་གསུམ་དུ་བརྒྱ་ཕྲག་བརྒྱད་ཀྱིས་ལྷག་པ་སྟེ་དེའི་ཁྱད་པར་རོ། །ཨོཾ་པི་ཤཱ་ཙི་ཞེས་
པ་ལ་སོགས་པ་ནི་རི་ཁྲོད་ལོ་མའི་སྐུ་བསྒོམས་ནས་སྭཱ་ཧཱའི་འོག་ཏུ་ནད་པའི་མིང་སྦྱར་ཏེ་སྔགས་བཟླས་ཕྱི་དྲོའི་དུས་སུ་ཁ་ཤར་དུ་བལྟ་སྟེ་ཞི་བའི་ཐབ་ཁུང་དུ་མེ་ཏོག་དཀར་པོ་དང་ཞོའི་ཟན་དང་། འབྲས་མ་ཆག་པ་དང་། རྩྭ་དཱུར་བ་དང་། ཙནྡན་དཀར་པོ་རྣམས་ཀྱིས་སྦྱིན་སྲེག་བྱའོ། །
དེ་བཞིན་དུ་བརྒྱ་ཕྲག་བརྒྱད་བཟླས་པ་དང་། དེ་བཞིན་དུ་བུམ་པ་གསར་པས་བླངས་པའི་ཆུ་ལ་བརྒྱ་རྩ་བརྒྱད་བཟླས་པའི་ཆུས་ཁྲུས་བྱ་བ་དང་། དེ་བཞིན་དུ་སྔགས་འདིས་གོང་བཞིན་དུ་མདུད་པ་བྱ་བ་དང་། དེ་བཞིན་དུ་ལག་པ་གཡས་པའི་ཁྱོར་བས་ཆུ་བླུགས་ཏེ། གཡོན་པའི་སྲིན་
ལག་གིས་རེག་ནས་སྔགས་བརྒྱ་རྩ་བརྒྱད་བཟླས་པའི་ཆུ་ཁྱོར་བ་གསུམ་གསུམ་ཞག་བདུན་གྱི་བར་དུ་འཐུང་བ་དང་། དེ་བཞིན་དུ་བྱབ་པ་ཞེས་པ་གོང་བཞིན་དུ་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་པའི་ལག་པའམ་ཀུ་ཤས་བྱབ་པ་སྟེ། ལས་ཀྱི་ཚོགས་ཐམས་ཅད་ལ་སྦྱར་བར་བྱའོ། །
དེ་བཞིན་དུ་རྟག་ཏུ་ཞེས་པ་ཐུན་གསུམ་དུ་བརྒྱ་ཕྲག་བརྒྱད་བཟླས་པའམ། དེ་གསུམ་མི་ནུས་ན་ཐུན་གཅིག་ལའོ། །དེ་བཞིན་དུ་རབ་ཏུ་སྦྱོར་བ་གཞན་མན་ངག་གིས་ཀྱང་ཤེས་པར་བྱ་སྟེ། ཛ་ཡནྟི་དཀར་པོའི་ཡལ་ག་བདུན་བདུན་གཅིག་ཏུ་བསྡོམས་ཏེ་ལན་བདུན་བདུན་སྔགས་བཟླས་
ནས་ཕོན་བདུན་བྱ་སྟེ། འབྲུམ་བུ་གཅད་པའི་ཕྱིར་འབྲུམ་བུས་བཏབ་པའི་ནད་པ་ཤར་ཕྱོགས་སུ་མངོན་པར་བལྟས་ནས། བདག་ཉིད་ནད་པའི་མདུན་དུ་ལངས་ནས་ཐུན་གསུམ་དུ་བྱབ་པ་བྱས་པས་ནད་ལས་གྲོལ་བར་འགྱུར་རོ། །མན་ངག་གི་རབ་ཏུ་སྦྱོར་བ་གཞན་ཡང་། ཤར་དུ་
མངོན་པར་ཕྱོགས་པར་འཕགས་པ་སྤྱན་རས་གཟིགས་དང་རྡོ་རྗེ་གདན་པའི་མདུན་དུ་མཎྜལ་དང་མཆོད་པ་བྱ་སྟེ། ཞི་བ་དང་བྱམས་པའི་སེམས་དང་ལྡན་པས་ཞི་བའི་ཐབ་ཁུང་དུ་གཡུལ་དུ་ཤི་བའི་སྐྲ་དང་རུས་པ་བསྲེག་པར་བྱའོ། །མན་ངག་གཞན་ཡང་གཏམ་གྱི་སྦྱོར་བ་ནི་གླེང་གཞི་ལས་གླཱ་

གཱ་ཞེས་བྱ་བའི་མ་དང་། གངས་ཞེས་བྱ་བའི་བུ་གླས་འཚོ་བ་ཞིག་ཡོད་དེ། དེ་ཉིན་པར་ལས་བྱས་ནས། དགོངས་མོ་བརྡོས་ཏེ་ཟས་ཟའོ། །ནམ་ཞིག་གི་ཚེ་རྨི་ལམ་དུ་ཁུ་བ་འཛགས་པ་གོས་ཧྲུལ་ལ་ལྷུང་སྟེ་དེ་སྐམ་པའི་ཕྱིར་ཚང་བང་གི་སྟེང་དུ་གཞག་གོ། །དེའི་
ཚེ་དེའི་མས་འབྲས་ཟན་གྱི་ཁུ་བ་ཞིག་བཏུང་བའི་ཕྱེད་འོག་ཏུ་བཞག་པ་དང་། དེའི་ནང་དུ་གོས་ཧྲུལ་ལྷུང་བར་གྱུར་ཏོ། །དེ་ནས་མ་དེས་ཁུ་བ་དང་འདྲེས་པའི་འབྲས་ཀྱི་ཆུ་དེ་འཐུངས་པ་དང་སྦྲུམ་མར་གྱུར་ཏེ། དུས་ལ་བབ་པ་དང་བུ་གཅིག་བཙས་སོ། །དེ་ནས་མས་སྡིག་པའི་ནད་བདག་
ལ་ཅི་ཡིས་བསྐྱེད་ཅེས་སྨྲས་ནས་གྲོང་གི་ཕྱི་རོལ་དུ་བོར་རོ། །དེ་ནས་བུ་དེས་སྡིག་པའི་ནད་ཅེས་བྱ་བ་འབྲུམ་ནད་དུ་གྱུར་ཏོ་ཞེས་གྲག་སྟེ་གཏམ་རྒྱུད་དེ་དྲན་དུ་གཞུག་ཅིང་བདག་གིས་ཀྱང་གཏམ་རྒྱུད་འདི་ཟློས་ཤིང་སྔགས་འདི་བཟླས་ཏེ། སྔགས་ཀྱི་ཡི་གེ་རེ་རེའི་བར་དུ་མ་སྨད་
གཉིས་ཀྱི་མིང་བཅུག་ནས་བྲིས་པའི་ཤོག་བུ་ཡང་ནད་པས་གྲང་ནད་བྱུང་དོགས་པས་རྟག་ཏུ་བལྟ་བར་བྱའོ། །ཨོཾ་ཨྱརྱ་ཞེས་པ་ལ་སོགས་པ་ལ་ཏྲི་ཏི་ཡ་ཞེས་པ་ནི་ཚེས་གཞན་མཚོན་པའི་བརྡའོ། །ནད་ལངས་པའི་ཉི་མ་ལ་བྱབས་ནས་ཕུ་གསུམ་བྱའོ། །དེ་མ་ཡིན་ན་མི་འགྲུབ་
བོ། །ཚེས་གང་ལ་ཞེས་པ་ལ་སོགས་པ་ནི་འདིའི་ལས་སྦྱོར་གཞན་ཡིན་ཏེ། ཐ་ཆེན་པོ་གསུམ་གྱི་ནང་དུ་ཕྲེང་བ་ཕྱེད་དང་གསུམ་གྱི་སྔགས་གསུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལས་སྦྱོར་གྱིས་བྲི་བར་བྱའོ། །ཨོཾ་ཤྩ་ཞེས་པ་ལ་སོགས་པ་སྲུང་བ་བྱེད་དོ་ཞེས་པ་ནི། རྟག་ཏུ་བཟླས་པས་
སོ་ཞེས་པ་ནི་ཚིག་གི་ལྷག་མའོ། །བལ་སྲན་ཞེས་པ་ལ་སོགས་པ་ལ། སོགས་ཀྱི་སྒྲས་བལ་སྲན་ཆུང་ཤོས་དང་ཀུ་ལངྠ་དང་ཡུངས་ཀར་དང་ཡུངས་ནག་དང་སྐེ་ཚེ་རྣམས་བསྡུའོ། །འདི་དག་ཀྱང་སྲིན་ལ་སོགས་པས་མ་ཁྱེར་བ་དང་མ་ཟོས་པ་དང་མ་ཚིག་པ་ལ་ལན་ཉི་ཤུ་རྩ་གཅིག་
བསྔགས་ཏེ། ནད་པའི་སྤྱི་བོར་བཅོམ་ལྡན་འདས་སྐུ་མདོག་དཀར་པོ་བདུད་རྩིའི་རང་བཞིན་གྱི་འོད་ཟེར་གྱི་རྒྱུན་འབབ་པར་བསྒོམས་པས་སྔགས་བཟླས་ཤིང་ཐུན་གྱིས་བརྡེག་གོ། །རྡོ་རྒྱུས་ཞེས་པ་ནི་ཤར་དུ་མངོན་པར་ཕྱོགས་པའི་བཅོམ་ལྡན་འདས་བསྒོམས་ནས་བརྒྱ་རྩ་བརྒྱད་བཟླས་

པའི་རྡོ་རྒྱུས་ཀྱིས་རྫ་སོ་མ་བཏང་བའི་ཁམ་ཕོར་གཉིས་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ཏེ། བུ་ཆེ་གེ་མོ་བསྲུང་བར་གྱིས་ཤིག་ཅེས་པ་དང་སྤེལ་བའི་སྔགས་བྲིས་ཏེ་ཁ་སྦྱར་ནས་ལན་ཉི་ཤུ་རྩ་གཅིག་བཟླས་པའི་ཉ་རྒྱས་དྲིལ་ཏེ་གང་ན་བུ་ཡོད་པ་དེའི་ཁང་པའི་སྒོའི་ནང་ངོས་སུ་གདགས་
པར་བྱའོ། །སྤྲ་ཚིལ་ཞེས་པ་ནི་སྤྲ་ཚིལ་ལ་སྔགས་ལན་གཅིག་བཟླས་ནས་ཡང་སྔགས་བཟླས་ཤིང་དགྲ་བོའི་གཟུགས་བྱས་ན་ཞེས་འབྲེལ་ཏོ། །བརྐོས་ན་ཞེས་པ་ནི་དེ་ཁོ་ན་བཞིན་དུ་ཕུར་བའི་ལས་ཚོགས་རྣམས་ལ་ཡང་དགྲའི་སྒོའི་འོག་ཏུ་བརྐོའོ་ཞེས་པ་ནི་ཚིག་གི་ལྷག་མའོ། །
མངོན་པར་བསྔགས་པ་ཞེས་པ་ནི་ཁྲོ་བོ་གཏུམ་པོ་ཆེན་པོའི་རྣལ་འབྱོར་གྱིས་མར་ངོའི་ཚེས་བརྒྱད་དང་བཅུ་བཞི་ལ་དུར་ཁྲོད་ཀྱི་ཐལ་བ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་གཏོར་བར་བྱའོ་ཞེས་པ་ནི་མན་ངག་གོ། །མངོན་པར་བསྔགས་ཞེས་པ་ནི་ཤར་དུ་མངོན་པར་ཕྱོགས་པས་ཉི་མ་ནུབ་
པའི་དུས་སུ་བཅོམ་ལྡན་འདས་ཡང་དག་པར་མཆོད་དེ་རལ་གྲི་བཀྲུས་ནས་སྔགས་འདི་བཟླས་ཤིང་ཐལ་བ་ལ་ལན་བདུན་སྔགས་བཟླས་ནས་གཏོར་ཏེ་སྔགས་འདིས་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ནས་སྒོའི་ཐད་ཀར་གཞག་གོ། །རང་རྒྱལ་བར་གསོལ་བ་བཏབ་ནས་སྔ་དྲོ་
གཡུལ་དུ་གཞུག་པར་བྱའོ། །སྙིང་རྗེའི་སེམས་བསྐྱེད་དེ་བདག་རྒྱལ་བར་གྱུར་པ་དང་། གཞན་ལ་མི་གནོད་པ་སེམས་ལ་བྱེད་ཅིང་གཡུལ་ངོར་འཇུག་པའི་དུས་སུ་དྲི་ཆུ་ལ་ལན་བདུན་བཟླས་ནས་རལ་གྲི་མྱུར་དུ་བཀྲུས་ཏེ་བཅོམ་ལྡན་འདས་ཀྱི་གཟུགས་བསྒོམས་ནས་གོང་བཞིན་མངོན་
པར་བསྔགས་པར་བྱའོ། །དེ་ནས་གཞན་ཡང་སྔར་བཤད་པ་ལྟར་རལ་གྲི་བཀྲུས་ཏེ་ལན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པའི་རྒྱ་སྐྱེགས་ཀྱི་ཁུ་བས་རལ་གྲི་ལ་ཧཱུཾ་ཕཊ་ཀྱི་གོང་དུ་རྒྱལ་བར་གྱུར་ཅིག་ཅེས་སྦྱར་བ་སྔོན་དུ་འགྲོ་བས་སྔགས་བྲིའོ། །དེ་ནས་གཞན་ཡང་གོང་བཞིན་དུ་
རྫའི་ཐལ་བ་རལ་གྲི་ལ་གཏོར་ནས་རྒྱ་སྐྱེགས་ཉིད་ཀྱིས་སྔགས་བྲིའོ། །བྱ་བ་གང་ལ་ཞེས་པ་ནི་ཁོང་པའི་མདུན་གྱི་གླ་ཡེར་མཐོ་སར་བའི་ལྕི་བ་གཙང་མས་བྱུག་པ་བྱས་ནས་རང་ཉིད་ཤར་དུ་མངོན་པར་ཕྱོགས་པར་བྱས་པའི་མདུན་དུ་བཅོམ་ལྡན་འདས་བསྒོམ་ཞིང་། དེའི་མདུན་

དུ་ཞོ་རྫ་ཕོར་གང་དང་། འོ་མ་ཕོར་གང་དང་། མེ་ཏོག་དཀར་པོ་དྲི་ཞིམ་པོའི་ཆུ་རྫ་ཕོར་གང་དང་། ཉེར་སྤྱོད་ལྔའི་མཆོད་པ་དང་བཅས་ནས་དོན་བསམས་ནས་འདོད་པའི་དོན་ལ་གསོལ་བ་བཏབ་ནས། མཚན་མོའི་ཐུན་གཅིག་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་
དབུལ་བར་བྱའོ། །གལ་ཏེ་བསོད་ནམས་ཅན་ཡིན་ན་དེའི་ཚེ་དགེ་བ་དང་མི་དགེ་བ་མངོན་སུམ་དུ་སྟོན་པར་འགྱུར་རོ། །ཡང་ན་རྨི་ལམ་དུ་བཅོམ་ལྡན་འདས་ཀྱིས་སྟོན་ཏོ། །དོན་ཐམས་ཅད་ལ་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་བྱའོ། །དེ་ནས་གཞན་ཡང་རྩོད་པ་བྱུང་བའམ།
གྲོང་གཞན་དུ་འགྲོ་བའམ། དོན་གཞན་བྱུང་བ་ལ་གོང་བཞིན་དུ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐམས་ཅད་བྱས་ནས་འབྲས་སཱ་ལུའི་མཁར་མ་ཟན་དང་འོ་མ་དང་ཉ་ཤ་བཙོས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གཏོར་མ་དབུལ་ལོ། །དེ་ནས་གཞན་ཡང་ཞོ་ལ་སོགས་པ་འདྲེས་
པའི་ཟན་གྱིས་བཀང་བའི་རྫ་ཕོར་གཉིས་ལག་པ་གཉིས་ཀྱིས་གཟུང་སྟེ། མཚན་མོ་མི་ཐམས་ཅད་ཉལ་བའི་དུས་སུ་རང་ཉིད་གཅིག་པུ་ཕྱི་རོལ་དུ་བྱུང་སྟེ་བཅོམ་ལྡན་འདས་ལ་གཏོར་མ་ཕུལ་ནས་བདག་གི་དོན་ལ་གསོལ་བ་བཏབ་སྟེ་བག་ཙམ་ཕྱིན་པ་ན། གལ་ཏེ་དེ་ལ་དགེ་
བའི་སྨྲ་བ་ཐོས་ན་དགེ་བའི་འབྲས་བུ་འགྲུབ་ལ། མི་དགེ་བའི་སྨྲ་བ་ཐོས་ན་མི་དགེ་བའི་འབྲས་བུ་འབྱུང་ངོ་། །དེ་ནས་གཞན་ཡང་བདག་གིས་བཅོམ་ལྡན་འདས་ཀྱི་བསྐྱེད་པའི་རིམ་པའམ། རྫོགས་པའི་རིམ་པ་བསྒོམ་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་གཟུགས་ཇི་ལྟ་བུ་ཞེ་ན།
ས་ལ་བཙུགས་པ་ཞེས་ལ་སོགས་པ་ལ། ཐགས་མཁྲེགས་ནི་མཁྲེགས་པའོ། །ཐགས་བཟངས་ནི་བར་མེད་པའོ། །སྟོང་པ་ཉིད་ནི་དེའི་མཚན་ཉིད་དང་བྲལ་བ་སྟེ། དངོས་པོ་དེ་དག་གི་ཐུགས་སུ་སྦ་བའི་མཚན་ཉིད་གཟུགས་དང་རྗེས་སུ་མྱོང་བའི་མཚན་ཉིད་ཚོར་བ་ཞེས་པ་ལ་
སོགས་པའོ། །ཡ་སོས་མ་མཆུ་མནན་པ་དང་། པུས་མོ་ས་ལ་བཙུགས་པ་དང་། ང་རྒྱལ་ཐམས་ཅད་ཟིལ་གྱིས་མནན་པའི་ཕྱིར་སྟེང་འོག་ཏུ་མིག་གི་འབྲས་བུ་བལྟ་བ་དང་། དམ་ཚིག་སེམས་དཔའ་བཞིན་དུ་བསྒོམ་པར་བྱ་ཞེས་པ་ནི་རང་གི་སྙིང་གར་རོ་ཞེས་པའི་དོན་ཏོ། །

དེ་ནས་གཞན་ཡང་སེམས་དཔའི་སྐྱིལ་ཀྲུང་གིས་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་དེའི་རྗེས་ལ་མལ་ན་འདུག་པ་ཙམ་གྱིས་ཀྱང་ཐམས་ཅད་བསྲུང་བར་འགྱུར་རོ། །དེ་ནས་གཞན་ཡང་ནི་ལས་བརྒྱ་རྩ་བརྒྱད་བཟླས་པའི་ལོ་མ་སྐམ་པོ་ལ་ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཆེ་གེ་མོའི་རིམས་
འཇིག་པར་གྱིས་ཤིག་ཧཱུཾ་ཕཊ་ཅེས་པའི་སྔགས་འདི་སྣག་ཚས་བྲིས་ནས་ཤོག་བུ་ཟུར་བཞི་ནས་དྲིལ་ཏེ་སྐུད་པ་དམར་པོས་ཕྱོགས་བཞིར་བཅིངས་ནས། དེ་ནས་མི་གཡོ་བའི་ང་རྒྱལ་གྱིས་ཤར་དུ་མངོན་པར་ཕྱོགས་ནས་བཅོམ་ལྡན་འདས་ཀྱི་གཟུགས་སུ་མངོན་པར་བསྒོམས་ནས་
པུས་མོ་བཙུགས་པས་རིམས་ནད་ཅན་མནན་ཏེ། གཟི་བརྗིད་ཆེན་པོས་སྐྲ་ལ་སོགས་པ་ལ་བཏགས་ན་རིམས་འཇིག་པར་འགྱུར་རོ། །རིམས་སོད་པའི་རྗེས་ལ་ཤོག་བུ་དེ་ཆུ་གཙང་མ་ལ་བསྐྱུར་རོ། །དེ་ནས་ཡང་ཐུན་ཕྱེད་ལུས་པའི་ནམ་གྱི་ཆ་སྨད་ལ་མལ་ནས་ལངས་ཏེ། སེམས་
དཔའི་སྐྱིལ་ཀྲུང་གིས་ཤར་དུ་མངོན་པར་ཕྱོགས་པར་འདུག་པ་ལ་བཅོམ་ལྡན་འདས་བསྒོམས་ཏེ། གཡས་པའི་ཁུ་ཚུར་གྱིས་སྡིགས་མཛུབ་གྱེན་དུ་བསྒྲེང་བ། གཡོན་པའི་ཁུ་ཚུར་གྱིས་བརྟན་པོར་བཟུང་ནས་ཤེས་རབ་འདོད་པས་རྒྱུན་མ་ཆད་པར་བཟླས་པ་བྱའོ། །ཞག་བདུན་
གྱི་བར་གྱིས་མཁས་པར་འགྱུར་རོ། །དེ་མ་ཡིན་ན་ཡང་ཉི་མ་རེ་རེ་ཞིང་རིམ་གྱིས་བཟླས་པས་ཤེས་རབ་དང་ལྡན་ཞིང་ཐོས་པ་འཛིན་པར་འགྱུར་རོ། །ཨོཾ་ཀཱ་ཤྱ་པ་ན་ཞེས་བྱ་བ་ལ་སོགས་པ་ལ་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་གྱིས་མིག་འགུལ་བའི་དུས་སུ་གལ་ཏེ་
མི་དགེ་ན་སྔགས་ཟློས་ཤིང་བྱབ་པ་བྱས་པས་དགེ་བར་འགྱུར་རོ། །ཨོཾ་ཛཾ་ལེ་ན་ཞེས་པ་ལ་སོགས་པ་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་པོ་ལང་ཚོ་ལ་བབ་པ། གཡས་པས་ལྕགས་ཀྱུ་དང་། གཡོན་པས་
ཨུཏྤ་ལ་འཛིན་པ། དབུ་ལ་འོད་དཔག་མེད་ཀྱིས་རྒྱས་བཏབ་པ། ཆགས་པ་ཆེན་པོའི་གདངས་ཅན་གྱིས་བཅོམ་ལྡན་འདས་མ་སྒྲོལ་མ་བདག་གིས་བསྒོམ་པར་བྱའོ། །བསྙེན་པ་སྔོན་དུ་འགྲོ་བས་ལས་སྦྱོར་བརྩམ་པར་བྱ་སྟེ། ཉི་མ་རེ་རེ་ཞིང་གདོང་བཀྲུ་བ་ནི་མན་ངག་གོ། །དུ་བ་

བླངས་ལ་ཞེས་པ་ནི་མར་ངོའི་ཚེས་བརྒྱད་དམ་བཅུ་བཞི་ལ་ཉི་མ་ཕྱེད་དམ་ནམ་ཕྱེད་ན་ཁ་ནུབ་ཏུ་བལྟས་ཏེ་སྔགས་བཟླས་ཤིང་། བ་དམར་སྐྱའི་མར་གྱིས་སོ་མ་བཏང་བའི་རྫ་ཕོར་ལ་དུ་བ་ཕབ་ལ་ཞེས་པ་ནི་མན་ངག་གོ། །ཁ་ཐུར་དུ་བལྟས་པའི་མེ་ཏོག་ཅེས་པ་ནི་ཨ་
དྷོ་པུཥྤ་ཀེའམ། ཧེ་ཏ་ཧུ་ལིའམ། གོ་བནྡྷ་ན་ཞེས་གྲག་གོ། །ཤྲཱི་ཁཎྜ་ཞེས་པ་ནི་ཙནྡན་དཀར་པོ་དང་དེ་གཉིས་ལས་སྦྱོར་གྱི་གོང་དུ་ཉི་མ་ལ་ཚགས་བྱས་ནས་གཞག་སྟེ། སྐར་མ་རྒྱལ་ལ་དེ་གཉིས་བཟུང་ནས་སྔགས་བཟླས་ཏེ། སྲང་ལ་གཞལ་ནས་མཉམ་པར་བྱ་སྟེ། བསྲེས་ཏེ་
ཉི་མ་དེ་ནས་བརྩམས་ནས་ཐིག་ལེ་བྱའོ། །ཆོ་ག་བཞིན་དུ་ཞེས་པ་ནི་ཟན་དང་མེ་ཏོག་ལ་སོགས་པ་དང་ལྡན་པའི་སྒྲུབ་པ་པོའི་གྲོགས་པོ་དང་བཅས་པ་དུར་ཁྲོད་དུ་ཕྱིན་ནས་རོའི་ཐབ་ཁུང་གི་སྟེང་དུ་དབང་དུ་བྱས་པའི་ཐོག་ཏུ་རྩྭ་ཀུ་ཤ་གཞག་པའི་མདུན་དུ་གོང་དུ་བཤད་པའི་
རྫས་ཀྱི་ཚོགས་བཤམས་ཏེ། འདོད་པའི་དོན་ལ་གསོལ་བ་བཏབ་ནས་སྨྲ་བ་བཅད་པས་ལིངྒ་ཁྱེར་ཏེ། རང་གི་ཁང་པར་འོངས་ནས་ཉི་མ་ཕྱེད་དམ་ནམ་ཕྱེད་ན་ལིངྒའི་ཐོག་ཏུ་ཉེ་བར་འདུག་སྟེ། ནུབ་ཏུ་མངོན་པར་ཕྱོགས་པས་སྙིང་གར་ཟླ་བ་ལ་གནས་པའི་ཧྲཱིཿའི་ཡི་གེ་ལས་སྤྲོས་པའི་འོད་
ཟེར་ལྕགས་ཀྱུ་དང་། ཞགས་པ་ལྟ་བུས་གཡོ་བ་དང་མི་གཡོ་བ་ཐམས་ཅད་སྙིང་གར་ཕུག་སྟེ། འགུགས་ཤིང་རང་གི་རྐང་པའི་འོག་ཏུ་ལྷུང་བར་བལྟས་ནས་ཉི་མ་རེ་རེ་ལ་བརྒྱ་ཕྲག་བརྒྱད་བཟླས་ཤིང་ཞེས་འབྲེལ་ལོ། །དེ་ནས་གཞན་ཡང་ཕྱག་གཉིས་པའི་ཀུ་རུ་ཀུལླེ་བསྒོམས་ཏེ། རང་
གི་སྙིང་གར་གནས་པའི་ཧྲཱིཿའི་ས་བོན་གྱི་འོད་ཟེར་གྱིས་བརྟན་པ་དང་གཡོ་བ་བཀུག་སྟེ་རང་གི་རྐང་པའི་དྲུང་དུ་ལྷུང་བ་དང་དབང་དུ་གྱུར་པ་དང་། ཅི་ཟེར་བ་ཉན་པ་དང་། རྗེས་སུ་གནང་བ་ཞུ་བའི་རྣམ་པར་བསྒོམས་ཏེ་གོང་དུ་བཤད་པའི་དུས་ཚོད་ལ་སྔགས་བཟླས་པར་བྱའོ། །ཨོཾ་སྟཾ་བྷ་ནི་ཞེས་པ་
ལ་སོགས་པ་ནི་སྤྱན་མའི་སྙིང་པོ་སྟེ། རྒྱུན་མ་ཆད་པར་ཟློས་པ་ལ་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ་ཞེས་པའི་ཚིག་གི་མཐའ་ཅན་དང་འབྲེལ་ལོ། །ཉོན་མོངས་པ་རྒྱུན་གྱིས་བརྒྱུད་པའི་ཚོགས་ལས་སྐྱོབ་པ་གོས་བཞིན་དུ་སྟེ་པ་ཊའོ། །དེ་རྣམ་པར་འཇིག་པའི་སྦྱོར་བས་ལེན་པའི་

དོན་སྦྱར་བས་པ་ཊ་ལ་སྟེ་ལེའུའོ། །དང་པོ་ཞེས་པ་ནི་ཉོན་མོངས་ཀྱི་དགྲ་གསོད་པར་ཉེ་བར་བརྩམ་པ་ཐོག་མར་བྱེད་པས་སོ། །ལེའུ་དང་པོའི་འགྲེལ་པའོ།། །།ལེགས་པར་སངས་རྒྱས་པའི་ཞེས་པ་ནི་སྟོན་པ་གཞན་མ་ཡིན་པས་སོ། །རབ་སད་ཅེས་པ་ནི་རྒྱུན་མ་ཆད་པར་གསུང་རབ་
ལ་གོམས་པས་དབང་པོ་རྣོན་པོ་རབ་ཏུ་སད་པའོ། །ཡོན་ཏན་གཞི་ཡིན་པ་ཞེས་པ་བླ་མའི་ཞབས་ཀྱི་པདྨ་ལ་ངེས་པས་དབང་བ་ལ་སོགས་པའི་རིམ་པས་བདེ་གཤེགས་ཀྱི་སྒྲུབ་ཐབས་རྟོགས་པས་སོ། །བླ་མ་ལ་གུས་པས་ཞེས་པ་ནི་ལུས་ངག་གི་སྲི་ཞུས་བླ་མ་མཉེས་པར་བྱའོ། །
བརྩོན་པ་ཞེས་པ་ནི་བྱ་བ་ངན་པ་དང་བྲལ་བ་སེམས་ཅན་གྱི་དོན་ལ་སྤྲོ་བ་ཅན་ནོ། །ཨོཾ་ན་མོ་ཞེས་པ་ལ་སོགས་པ་ནི་ཁརྶ་པཱ་ཎིའི་སྐུར་བདག་ཉིད་བསྒོམས་ནས་ཤར་དུ་མངོན་པར་ཕྱོགས་པས་ཁྱེའུའམ་བུ་མོ་ཁ་ཤར་དུ་བསྟན་ནས། ཨོཾ་ན་མོ་ཞེས་པ་ལ་སོགས་པ་ནས་སཱུ་ཏྲཱ་ཡ་ན་མོ་ཞེས་
པའི་མཐའ་ཅན་གྱི་སྔགས་བཟླས་ཤིང་མེ་ལོང་བཀྲུས་པས་དག་པར་བྱས་པའི་མེ་ལོང་བསྟན་པ་ཞེས་འབྲེལ་ལོ། །དགོངས་སྔར་དྲུང་དུ་ཞེས་པ་ནི་ཁྲུས་དང་གཙང་སྦྲ་དང་བསྙེན་གནས་ཀྱི་སྡོམ་པ་དང་ལྡན་པས་སོ། །ལྷའི་བུ་ཞེས་པ་ནི་གཞོན་ནུ་གཟུགས་ཅན་གསེར་གྱི་མདོག་ལྟ་
བུ་རྒྱལ་པོ་ཆེན་པོའི་རོལ་པས་བཞུགས་པའོ། །རྟག་ཏུ་བཟླས་ན་ཞེས་པ་ནི་འབུམ་བཟླས་པའི་རྗེས་ལ་ཉི་མ་རེ་རེ་ཞིང་རྒྱུན་མ་ཆད་པར་སྟོང་ཕྲག་རེ་རེ་བཟླས་པར་བྱ་ཞེས་འབྲེལ་ལོ། །ཨོཾ་ཤྲ་བ་ན་ཞེས་པ་ལ་སོགས་པ་ནི་གོང་བཞིན་དུ་ཐམས་ཅད་གོ་སླའོ། །ཨོཾ་ན་མ་ཞེས་པ་ལ་
སོགས་པ་ནི་ལྷ་མོ་ཙུནྡིའི་ཏིང་ངེ་འཛིན་གྱིས་བྱ་སྟེ། གཞན་ཐམས་ཅད་གོང་བཞིན་ནོ། །ཨོཾ་མུ་ཙི་ལི་ཞེས་པ་ལ་སོགས་པ་ལ། བསྙེན་གནས་ལ་སོགས་པ་ཐམས་ཅད་གོང་བཞིན་ནོ། །གཞན་ནི་གོ་སླའོ། །ཨོཾ་པྲ་ཛྭ་ལ་ལ་སོགས་པའི་ལས་སོ། །ཨོཾ་ན་མ་ཞེས་པ་ལ་སོགས་པ་ནི་
གོ་སླའོ། །ཨོཾ་ཀརྞ་ཞེས་པ་ལ་སོགས་པ་ལ། ཤ་ཟའི་ཤིང་ཞེས་པ་ནི་ཤ་ཀོ་ཌ་ཀའི་ཤིང་ངོ་། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་གནས་ཤིང་ཞེས་པ་ནི་གཤིན་རྗེ་གཤེད་ཀྱི་ཏིང་ངེ་འཛིན་ལ་ཡང་དག་པར་ཞུགས་སོ། །ཨོཾ་ཙ་ཏུར་པཱུ་ཛ་ཞེས་པ་ལ་སོགས་པ་ནི་

ལེགས་པར་གསལ་ལོ། །ཨོཾ་བྷུ་དྷ་ཞེས་པ་ལ་སོགས་པ་ལ། ཐེ་ཚོམ་མེད་པ་ནི་བསྙེན་གནས་ཀྱི་སྡོམ་པ་དང་ལྡན་པས་སོ། །ལིག་བུ་མིག་ཅེས་པ་ནི་ཚོང་དཔོན་ལས་འོང་བའི་རྫས་རྡོའི་བྱེ་བྲག་གོ། །མ་རི་ཤ་སྔོའི་ས་བོན་དང་འདྲ་བ་ལའི་ལུངས་སོ། །ཤིང་ཨ་
གསྟི་ཞེས་པ་ནི་ཤུཀླ་བང་གླ་ཤ་ན་ཞེས་པ་རྒྱ་གར་དང་བལ་ཡུལ་ན་ཡོད། ཨོཾ་སྭ་བྷཱ་ན་ཞེས་པ་ལ་སོགས་པ་ནི་ཆོ་ག་གོང་དུ་བསྟན་པས་གོ་སླའོ། །ཨོཾ་ཨདྷིད་ཅེས་པ་ལ་སོགས་པ་ཡི་གེ་འབུམ་བཟླས་པ་ཞེས་པ་ནི་ཡི་གེ་རེ་རེ་ལ་འབུམ་བཟླས་ནས་དོན་བརྩམ་པར་བྱའོ། །པྲི་ཡང་ཀུའི་
མེ་ཏོག་ཅེས་པ་ལ་སོགས་པ་ནི་ཉི་མ་རེ་རེ་ཞིང་ཐུན་གསུམ་ཉི་ཤུ་རྩ་གཅིག་གི་ཞག་གི་བར་དུ་བརྒྱ་ཕྲག་བརྒྱད་སྦྱིན་སྲེག་བྱའོ། །པ་ལཱ་ཤ་ཞེས་པ་ལ་སོགས་པ་ནི་སྦྱིན་སྲེག་འབུམ་གྱིས་ཞེས་པའི་མཐའ་རྒྱུན་མ་ཆད་ཅེས་ལྷག་མའོ། །འོ་མ་ཅན་གྱི་ཡམ་ཤིང་ཞེས་པ་ནི་དུག་ཤིང་
གི་རིགས་སྤངས་པའི་གཞན་རྣམས་སོ། །བཟླས་པ་བྱས་པ་རྙེད་པར་འགྱུར། །ཞེས་པ་ནི་བདུན་ཕྲག་གསུམ་དུའོ། །གཞན་གོ་སླའོ། །ཨོཾ་ཛ་ཡེ་ཞེས་པ་ནི་འཇིག་རྟེན་དབང་ཕྱུག་གི་ཏིང་ངེ་འཛིན་ལ་ཡང་དག་པར་ཞུགས་པས་ཏེ། ཞལ་གཅིག་ཕྱག་གཉིས། སྐུ་མདོག་
དཀར་པོ། །དཔེ་མེད་པའི་གཟུགས་ཅན་བདེ་བའི་གདན་ལ་གཞུགས་པའོ། །གཞན་གོ་སླའོ། །ཨོཾ་མེ་ཁེ་ཞེས་པ་ལ་སོགས་པ་ལ། འབུམ་ནི་མི་ཟད་པའི་ནོར་གྱི་ཕུང་པོའོ། །ཨོཾ་ཀ་མ་ལ་ཞེས་པ་ལ་སོགས་པ་ལ། དཔལ་ཆེན་མོ་ཞེས་པ་ནི་ཞལ་གཅིག་ཕྱག་གཉིས་པ་
མེ་ཏོག་པྲི་ཡང་ཀུ་ལྟ་བུའི་སྐུ་མདོག་ལྗང་གུ། །སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པ། ཆོས་འཆད་ཀྱི་ཕྱག་རྒྱ་ཅན་རྒྱལ་པོ་ཆེན་པོའི་རོལ་པས་བཞུགས་པ། གཡོན་དུ་ཨུཏྤ་ལ་སྔོན་པོ་གཞག་པ། བུད་མེད་ཀྱི་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བག་ཅན་གྱི་སྒྲོལ་མ་སྟེ། དཔལ་ཆེན་
མོའི་མིང་གི་རྣམ་གྲངས་སོ། །དེའི་ཏིང་ངེ་འཛིན་ལ་གནས་པའམ། ཁ་ཅིག་ན་རེ་ནོར་རྒྱུན་མའི་ཏིང་ངེ་འཛིན་ལ་གནས་པར་བྱའོ་ཞེས་ཟེར་རོ། །གཞན་གོ་སླའོ། །ཨོཾ་ནནྟི་ཞེས་པ་ལ་སོགས་པ་ལ། འདི་རུ་ཆོ་ག་ནི་འདི་ཁོ་ནའོ། །ཨོཾ་ཛཾ་བྷེ་ཞེས་པ་ལ་སོགས་པ་ལ། རྗེ་བཙུན་མ་

སྒྲོལ་མ་ཞེས་པ་ནི་བྱིན་རླབས་དང་བཅས་པའོ། །མངོན་པར་མ་ཆད་ཅེས་པ་བརྩམས་པའི་ཉི་མ་ནས་བཟུང་ནས་ཇི་སྲིད་འབུམ་ཕྲག་བདུན་རྫོགས་པར་མ་གྱུར་པ་དེ་སྲིད་དུ་རྒྱུན་མ་ཆད་པར་ཉི་མ་རེ་རེ་ཐུན་གསུམ་དུ་ཇི་ལྟར་ནུས་པའི་སྔགས་བཟླས་ཤིང་མེ་ཏོག་རེ་རེའི་ཞབས་ལ་དབུལ་བར་
བྱའོ། །ཨོཾ་བ་སུ་ཞེས་པ་ལ་སོགས་པ་ལ། བའི་ལྕི་བ་ཞེས་པ་ནི་ས་ལ་མ་རེག་པས་སོ། །ལྷག་མ་གོ་སླའོ། །ཨོཾ་བ་སུ་ཞེས་པ་ལ་སོགས་པ་ལ་ངེས་པ་ལ་གནས་པ་ཞེས་པ་ནི་བསྙེན་གནས་ཀྱི་སྡོམ་པ་དང་ལྡན་པ་དང་། དཀར་གསུམ་ཟ་བ། དུས་གསུམ་ལ་མགོ་འཁྲུ་བ་དང་། རྩྭ་ཀུ་
ཤའི་གདན་ལ་བསྙལ་བའི་དོན་ཏོ། །ནོར་རྒྱུན་མའི་ཏིང་ངེ་འཛིན་ལ་གནས་པས་བྱའོ་ཞེས་པ་ནི་མན་ངག་གོ། །དེ་ཁོ་ན་བཞིན་བྱས་ནས་རྒྱུད་ལས་ཇི་ལྟར་གསུངས་པ་ལྟར་རྙེད་པར་འགྱུར་རོ། །ཨོཾ་བ་སུ་ཞེས་པ་ལ་སོགས་པ་ནི། བཅོམ་ལྡན་འདས་མའི་སྔགས་སོ། །ལྷག་མ་བརྒྱད་ནི་
འཁོར་གྱི་ལྷ་མོ་བརྒྱད་ཀྱིའོ། །བཅོམ་ལྡན་འདས་མ་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། གསེར་བཙོ་མའི་མདོག་ལྟ་བུ་དང་། ཕྱག་གཡས་ན་ཤིང་ཐོག་པི་ཛ་པཱུ་ར་དང་བཅས་པའི་མཆོད་སྦྱིན་གྱི་ཕྱག་རྒྱ་ཅན། ཕྱག་གཡོན་པ་ན་འབྲས་ཀྱི་སྙེ་མ་བསྣམས་པ།
རིན་པོ་ཆེའི་ཅོད་པན་ཅན། རྒྱན་ཀུན་གྱིས་ཡང་དག་པར་བརྒྱན་པ། བུད་མེད་ཀྱི་སྒྱུ་མའི་ང་རྒྱལ་གྱིས་འགྱིང་བ། རིན་པོ་ཆེ་འབར་བ་སྐྱུག་པར་གྱུར་པའི་པདྨའི་གཏེར་ལ་སོགས་པ་ཞབས་ཀྱིས་མནན་པ། ལྷ་མོ་གཞན་རྣམས་ནི་གཙོ་མོ་དང་འདྲ་བའོ། །གསེར་གྱི་འདབ་མ་ཞེས་པ་ནི་
ཁྲུས་བྱས་གོས་གཙང་མ་གྱོན་བསྙེན་གནས་ལ་གནས་པ་སྐར་མ་རྒྱལ་གྱི་ཉི་མ་ལ་གསེར་གྱི་སྨྱུ་གུས་མངོན་པར་བྲིས་ཞེས་འབྲེལ་ལོ། །བཅུག་སྟེ་ཞེས་པ་ནི་སྒྲུབ་པ་པོས་དེའི་ཉིན་པར་ཁོ་ན་རབ་གནས་བྱས་ཏེ་དབང་བསྐུར་ནས་ཉི་མ་དེ་ནས་བརྩམས་ཏེ་དུས་གསུམ་དུ་དེའི་མདུན་དུ་དེའི་
དཀྱིལ་འཁོར་དང་དེའི་མཆོད་པ་བྱས་ནས་བཅོམ་ལྡན་འདས་མའི་སྔགས་བརྒྱ་ཕྲག་བརྒྱད་བཟླས་པར་བྱ་ཞེས་པ་ནི་མན་ངག་གི་བཤད་པའོ། །ཨོཾ་ཛཾ་བྷ་ལ་ཞེས་པ་ལ་སོགས་པ་ལ། བཅས་པ་ཞེས་པ་ནི་བྱིན་པ་གཡོན་པའི་སྟེང་ནས་ལྷ་མོས་འཁྱུད་པའི་དོན་ཏེ། ཁ་སྦྱོར་

དུ་བྱ་སྟེ་ཞེས་པ་གསུང་གི་ཚིག་གི་མཐའ་ཅན་གྱི་བར་དུ་བཅོམ་ལྡན་འདས་མའི་ཆོ་ག་བཞིན་དུ་མངར་གསུམ་གྱིས་ཡོངས་སུ་གང་བའི་སྣོད་ཀྱི་དབུས་སུ་བཞག་ནས་དེའི་མདུན་དུ་ཐུན་གསུམ་དུ་མཆོད་པ་དང་དཀྱིལ་འཁོར་ལ་སོགས་པ་བྱ་སྟེ། ཉིན་རེ་བཞིན་དུ་ཐུན་རེ་
བརྒྱ་རྩ་བརྒྱད་བཟླས་པའི་ཁྱོར་ཆུ་སྦྱིན་པའི་རྗེས་ལ་བཅོམ་ལྡན་འདས་ལ་མངར་གསུམ་ཕུལ་ནས། ཨོཾ་ཛཾ་ལུམ་སྭཱ་ཧཱ་ཞེས་པའི་སྔགས་འདིས་ཁ་བཀབ་པའི་རྫ་ཕོར་གྱི་སྟེང་དུ་ཆུ་ཁྱོར་བ་བརྒྱད་ཕུལ་ནས་སྔགས་བརྒྱ་ཕྲག་བརྒྱད་བཟླས་པར་བྱའོ། །ཟླ་བ་དྲུག་གི་བར་དུའོ་ཞེས་པ་ནི་
མན་ངག་གོ། །བདུད་ཀྱི་བར་ཆད་འབྱུང་བས་བརྩོན་འགྲུས་བསྐྱེད་པར་བྱའོ། །ནམ་དུ་ཡང་ཐེ་ཚོམ་མི་ཟ་བར་བྱའོ། །གཉིས་པ་ཞེས་པ་ནི་འཇུག་པའི་སེམས་རྟོགས་པས་སོ། །ལེའུ་ནི་སྔ་མ་བཞིན་ནོ། །ལེའུ་གཉིས་པའི་འགྲེལ་པའོ།། །།ཨོཾ་བཛྲ་ཏཱིཀྵྞ་ཞེས་པ་ལ་སོགས་
པ་ལ། །སྔགས་འདིས་བཅོམ་ལྡན་འདས་མཚན་ཡང་དག་པར་བརྗོད་པའི་སྐུས་ལས་ཀྱི་ཚོགས་བསྒྲུབ་པར་བྱ་སྟེ། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །སྙིང་གའི་པདྨ་དང་ཟླ་བའི་སྟེང་དུ་ཞེས་པ་ནི་སྣ་ཚོགས་པདྨ་དང་ཟླ་བའི་སྟེང་དུའོ། །
སེམས་དཔའ་ཅན་ཞེས་པ་ནི་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ལག་པ་གཉིས་ཀྱིས་བདག་གི་མགོ་འཛིན་མ་ཞེས་པ་ནི་ལག་པ་གཉིས་ཀྱིས་སྤྱི་བོར་རྡོ་རྗེ་འཛིན་མ་ཞེས་པའོ། །རྡོ་རྗེ་ལྕགས་ཀྱུ་ལ་སོགས་སྔགས་རྣམས་ཀྱིས་ཞེས་པ་ནི་རིམ་པ་ཇི་ལྟ་བར་མདུན་དུ་
གནས་པ་པདྨ་དང་ཟླ་བའི་སྟེང་དུ་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། བདག་ལ་རབ་ཏུ་ཞུགས་ཤིང་དབང་སྡུད་ལ་སོགས་པས་ཚིམ་པར་བྱེད་པ་དང་། འགྲོ་བ་དགག་པ་དང་། དགག་པར་བྱས་ནས་རིམ་པ་བཞིན་དུ་ཡང་དག་པར་མཆོད། དེས་དེ་ཁོ་ན་བཞིན་དུ་རབ་ཏུ་ཞུགས་
པར་བྱའོ་ཞེས་སོ། །ནང་པར་བསམ་ཞེས་པའི་ཚིག་གི་མཐའ་ཅན་ལ་བཾ་གྱི་ས་བོན་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨའི་ནང་ན་གནས་པའི་ཟླ་བ་ལ་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ་ཞེས་པ་ནི་ལྷག་མའོ། །དྷརྨ་དྷཱ་ཏུ་ཞེས་མཐར་རྣམ་པར་བསྒོམས་ནས་གོང་བཞིན་དུ་བསྙེན་གནས་

ཀྱི་སྡོམ་པ་ལ་སོགས་པ་སྦྱོར་རོ། །ཤུ་དག་ཅེས་པ་ལ་སོགས་པ་ནི་བཅོམ་ལྡན་འདས་ཡང་དག་པར་མཆོད་པ་དང་མཎྜལ་བྱས་ལ་དེའི་མདུན་དུ་རིམ་གྱིས་ཤུ་དག་སྲན་མ་ཙམ་ནས་ཞོ་ཕྱེད་ཀྱི་བར་དུ་གོམས་པས་དེ་ནས་ཚད་དེ་ཉིད་ཀྱིས་འཐུང་བ་བརྩམ་པར་བྱ་ཞེས་པ་ནི་མན་ངག་གོ། །
གཞན་ནི་གོ་སླའོ། །ཨོཾ་བཱ་ཀྱེ་ཞེས་པ་ལ་སོགས་པ་ལ་མེ་ཏོག་སྤོས་མ་རེག་པ་དང་འབྲེལ་ལོ། །སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ནས་ཞེས་པ་ནི་ཤར་དུ་ལས་ཐམས་ཅད་པའི་ཐབ་ཁུང་ཞེས་པ་ནི་ལྷག་མའོ། །འདི་དག་ནི་སྔོན་དུ་བསྙེན་གནས་སྡོམ་པ་དང་ལྡན་པས་བྱའོ། །རང་སྐྱུར་ཞེས་པ་ནི་
ལོ་མ་སྐྱུར་པོའི་དོན་ཏོ། །བྷྲ་མའི་ཕྱེ་དང་སྐྱུར་པོ་བསྲེས་པ་འདི་གཉིས་ཀྱི་ཉམས་ལེན་ནི་ཤུ་དག་གོང་བཞིན་ནོ། །ལྕགས་ལས་བྱས་པ་ཞེས་པ་ནི་མ་ཡུ་རལ་གྲི་བ་དང་། སུ་བར་པཎྜི་ཏ་ཞེས་པའི་ལྕགས་གཉིས་གང་ཡང་རུང་བ་ལས་བྱས་པའི་རལ་གྲི་ལག་པ་གཡོན་པས་བཟུང་
ནས། ཕྱི་རོལ་དུ་སྒྲུབ་པ་པོའི་གྲོགས་གཞག་སྟེ། གཟས་ཟིན་པ་མ་མཐོང་བར་གཡས་པས་ལྟེ་བའི་ཐད་ཀར་ཕྲེང་བ་བཟུང་ཞེས་གྲོགས་པོས་ཟླ་བ་གཟའ་ལས་གྲོལ་ལོ་ཞེས་མི་ཟེར་གྱི་བར་དུ་བཟླས་པ་བྱའོ། །འཁོར་ལོ་ཞེས་པ་ནི་གསེར་དང་དངུལ་དང་འཁར་བ་དང་ཟངས་དེ་
རྣམས་ཡང་གང་ཡང་རུང་བ་ཅིག་ལ་བྱས་པའོ། །རྡོ་རྗེ་ཞེས་པ་ནི་མེ་ཏོག་པུནྟ་ཀའི་ཤིང་དང་མེ་ཏོག་ནཱ་ག་གེ་སར་གྱི་ཤིང་གང་ཡང་རུང་བ་ཅིག་གིས་སོ། །རྩེ་གསུམ་པ་ཞེས་པ་ནི་བྱང་ཆུབ་ཀྱི་ཤིང་ལས་བྱས་པའོ། །འཇག་མ་ཤར་ཞེས་པ་ནི་མདའི་རྒྱུའོ། །ཐོ་བ་ཞེས་པ་ནི་མ་
དྷུ་ཀའི་ཤིང་ངམ། རཀྟ་ཙན་དྷ་ནའི་ཤིང་ངམ། ཨ་ཤོ་ཀའི་ཤིང་རྣམས་གང་ཡང་རུང་བ་ལས་བྱས་པའོ། །ཞགས་པ་ཞེས་པ་ནི་གསེར་དངུལ་ལ་སོགས་ལྕགས་བརྒྱད་ཀྱི་གང་ཡང་རུང་བ་ཞེས་པའོ། །ཡང་ན་རྩ་མུར་བའམ་འཇག་མ་བལ་པ་ཛས་བྱས་པའོ། །ལྕགས་ཀྱུ་
དང་། རལ་གྲི་ཁྲུ་གང་བ་དང་། མཚོན་བྷིརྞ་ཌི་པཱ་ལ་དང་། མདུང་ཐུང་དང་། དགྲ་སྟ་དང་། མདུང་དང་། གཏུན་ཤིང་དང་། དབྱུག་པ་དང་། རས་དང་། །ནོར་བུ་དང་། རྨ་བྱའི་མཇུག་མ་དང་། གཏེར་དང་། གདུགས་དང་། རྔ་ཡབ་དང་། རྒྱལ་མཚན་དང་། བ་དན་དང་།

མེ་ཏོག་ཨུཏྤ་ལ་དང་། མེ་ཏོག་པདྨ་དང་། ཏཱ་ལའི་ལོ་མ་དང་། ཏ་རི་རྣམས་ནི་ལ་སོགས་པའི་དོན་ཏེ། ཇི་ལྟར་འབྱོར་པ་ཁྱེར་ནས་བསྒྲུབ་པར་བྱའོ། །རིམ་པ་རྣམས་ཀྱིས་ཞེས་པ་ནི་བཛྲ་ཏཱིཀྵྞ་ལ་སོགས་པ་རྣམས་ཀྱིས་སོ། །བཅུད་ལེན་ལ་སོགས་པ་ནི་བདུད་རྩི་
རྣམ་པ་བདུན་དང་ཀ་རའི་བཟའ་བའོ། །འོ་མའི་ཐུག་པ་དང་། ལྕགས་སྨན་དང་། དབང་ཕྱུག་ཆེན་པོས་བྱས་པའི་དངུལ་ཆུའི་སྨན་དང་། ཀ་ར་དང་རྩ་བ་མེད་ཅེས་བྱ་བ་སྨན་སྦྱོར་དང་། ཀ་ར་དང་ཀུ་ཤུའམ་ཎ་ཌ་གཉིས་ལས་བྱུང་བའི་སྨན་སྦྱོར་དང་། བུ་རམ་དང་ཤིང་ཐོག་ཀུཥྨ་ཎ་པྜི་
ལས་བྱུང་བའི་སྨན་སྦྱོར་དང་། ཀ་ར་དང་སྐྱུ་རུ་ར་ལས་བྱུང་བའི་སྨན་སྦྱོར་རྣམས་སོ། །མིག་སྨན་ནི་ར་སཱཉྫ་ན་ཞེས་པ་རྡོའི་བྱེ་བྲག་གོ། །བ་དམར་སྐྱའི་མར་དང་། པདྨ་དཀར་པོའི་སྐུད་པའི་སྡོང་བུ་ལས་བྱུང་བའི་སྣག་ཚ་དང་། སྔོ་བྷྲྀངྒ་ར་ཛའི་ཁུ་བས་སྦྱར་བའི་དུམ་བུ་དང་ཨརྐའི་ལོ་མ་
ལས་བྱས་པའི་སྣག་ཚའོ། །ཐིག་ལེ་ཞེས་པ་ནི་གི་ཝང་ངམ། ལྡོང་རོས་སམ། གུར་གུམ་མམ། ཙནྡན་དམར་པོས་སོ། །རྐང་ལ་བསྐུ་བ་ཞེས་པ་ནི་སྔོ་གོ་བནྡྷ་ན་དང་ཤིང་ཤལ་མ་ལིའི་ཁུ་བ་དང་བཅས་པས་སོ། །རྐང་ལ་བསྐུ་བ་ནི་ཉེ་བར་མཚོན་པའི་བརྡའོ། །ཡང་ན་ལྷམ་ནི་ཤིང་ལས་
བྱས་པའོ། །དབང་དུ་གྱུར་པའི་རྫས་ནི་མེ་ཏོག་པྲི་ཡང་ཀུ་དང་། སྤོས་ཀྱི་ཤིང་ས་ལི་ཧ་ཀ་དང་། རུ་ཏ་ཆ་ཕྱེད་དང་། མེ་ཏོག་ནཱ་ག་གེ་སར་ཆ་ཕྱེད་ཀྱིས་བྱུགས་པའོ། །སྨན་སྤོས་ནི་ལ་པ་ཎ་ཁ་ཌི་དང་། སྤོས་ནི་ན་ཁི་དང་། ཙནྡན་དཀར་པོ་དང་། ག་པུར་དང་། ཨ་རུ་ར་དང་། འདི་གཉིས་
ཆ་མཉམ་པའི་སྤོས་སོ། །གཞན་དུ་བསྟན་པའི་དབང་དུ་བསྡུ་བའི་རྫས་རྣམས་ལྷན་ཅིག་ཏུ་བསྡུས་ནས་ཀྱང་ཆོ་ག་འདིས་བསྒྲུབ་པར་བྱའོ། །འོ་མ་ཞེས་པ་ནི་དེ་བཞིན་དུ་ཟླ་བ་གཟས་ཟིན་པའི་དུས་སུ་མར་ཁུ་དང་ཀ་ར་བཏབ་པའི་འོ་མ་འབྲས་ཐུག་དང་དེ་བཞིན་དུ་ཞོ་དང་འདྲེས་པའི་ཟན་
དང་བཟའ་བར་བྱ་ཞེས་འབྲེལ་ཏོ། །བལ་སྲན་མ་ཤ་ཞེས་པ་ནི་མེ་དང་མར་ནག་དང་མར་ཁུ་དང་ཆུས་མ་རེག་པ་དང་། མ་རུལ་བ་དང་སྲིན་ལ་སོགས་པས་མ་ཁྱེར་བ་དང་། ཡོངས་སུ་རྒྱས་པ་དང་། བདུད་རྩི་ལྔས་ཡང་དག་པར་བྱུག་པ་བྱས་པ་དང་། ལེགས་པར་བསྐམས་པ་དང་།

སྤོས་དཀར་པོས་དྲིལ་བའི་བལ་སྲན་རྣམས་ཟླ་བ་གཟས་ཟིན་པའི་དུས་སུ་བཅོམ་ལྡན་འདས་ཡང་དག་པར་མཆོད་ནས་དེའི་མདུན་དུ་ཤར་ཕྱོགས་སུ་ཁ་བལྟས་ནས་དེ་དག་ཁར་བཅུག་སྟེ། བདེ་བའི་སྟན་ལ་འདུག་ནས་ཟླ་བ་མ་མཐོང་བར་ཟླ་བ་གཟའ་ལས་མ་གྲོལ་བར་དུ་མ་ཡེངས་པར་
བཟླས་པ་བྱའོ། །དེ་ནས་སྒྲུབ་པའི་གྲོགས་པོས་ཟླ་བ་གྲོལ་བ་བཤད་པ་དང་ཁ་ནས་ཕྱུང་ནས་བན་སྲན་མྱུ་གུ་ཅན་རྣམས་ཆུ་ཁྱོར་བ་གང་གི་ནང་དུ་བཞག་ནས་སོས་མ་རེག་པར་མིད་པར་བྱ་ཞེས་འབྲེལ་ལོ། །མྱུ་གུ་མེད་པ་དེ་དག་ས་ལ་མ་རེག་པར་བྱས་ནས་མི་མ་ཡིན་པས་ཟིན་པ་རྣམས་ཀྱི་
མགོར་སྔགས་བཟླས་ཤིང་ཕྱེ་མ་བྱས་ནས་བཏབ་ན་དེ་ལས་ཐར་བར་འགྱུར་རོ། །པདྨ་ཞེས་པ་ནི་ཇི་ལྟར་རྙེད་པའི་དཀར་པོ་ལ་སོགས་པའི་པདྨ་རྣམས་སོ། །བིལ་བ་རྣམས་ཀྱི་ཞེས་པ་ནི་སྲིན་ལ་སོགས་པས་མ་ཁྱེར་བ་དང་། དགོས་པ་ཅན་སྨིན་པ་དང་། མ་སྨིན་པ་རྣམས་ཀྱིའོ། །ཇི་ལྟ་བ་བཞིན་
དུ་རྙེད་པ་ཞེས་པ་ལ་སོགས་པ་ནི་དྲི་ཞིམ་པའི་མེ་ཏོག་དཀར་པོ་རྣམས་ཀྱིས་སོ། །པདྨ་ལ་སོགས་པ་མེ་ཏོག་གི་མཐའ་ཅན་གྱི་ལས་སྦྱོར་གསུམ་པོ་འདི་དག་འཇམ་དཔལ་གྱི་རྒྱུད་ལས་གསུངས་པའི་རྒྱས་པའི་ཐབ་ཁུང་ཁྲུ་བཅུ་དྲུག་ལ་རབ་ཏུ་སྦྱོར་རོ། །མར་ལ་བཏགས་པའི་ཞེས་
པ་ལ་སོགས་པ་ནི་བལ་སྲན་བཞིན་དུ་འབྲུ་ལྔས་དབང་གི་ཐབ་ཁུང་ལ་སྦྱིན་སྲེག་བྱའོ། །རྟག་ཏུ་ཞེས་པ་ལ་སོགས་པས་རྒྱུན་མ་ཆད་པར་བྱམས་པ་ལ་སོགས་པ་བསྒོམས་པའི་སེམས་དང་ལྡན་པ་དང་། མཚན་ཡང་དག་པར་བརྗོད་པའི་བཤད་པས་བཛྲ་ཏཱིཀྵྞ་ཞེས་པ་ལ་སོགས་པའི་སྔགས་
ཀྱི་དོན་སྐྱེ་བ་མེད་པའི་རང་བཞིན་བསྒོམས་པ་དང་ལྡན་པ་དང་། ཐེག་པ་ཆུང་ངུའི་བྱང་ཆུབ་ལ་རྒྱབ་ཀྱིས་ཕྱོགས་པ་དང་། བདག་དོན་བག་ཙམ་བྱེད་པ་ལས་ཀྱང་ལོག་པ་དང་། བསྐལ་པ་མཐར་ཐུག་པར་རྒྱུན་མ་ཆད་པར་གཞན་དོན་མངོན་པར་ཕྱོགས་པར་བྱེད་པ་དང་། བརྩོན་འགྲུས་
ཤིན་ཏུ་འབར་བ་དང་། དྲོད་ལ་སོགས་པ་ལྷག་པར་མོས་པའི་ས་རྣམས་རྟོགས་པས་རབ་ཏུ་དགའ་བ་ལ་སོགས་པ་རྣམས་ལ་རབ་ཏུ་འཇུག་པའི་རྗེས་སུ་རིམ་པས་ཆོས་ཀྱི་སྤྲིན་གྱི་ས་ཐོབ་པའི་རྗེས་ལ་ཀུན་དུ་འོད་ཀྱིས་སྐྱེ་བ་འདི་ལ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པས་རྗེས་

སུ་བཟུང་བ་ལ་ཡང་དག་པར་ཞུགས་པས་ཞེས་འབྲེལ་ལོ། །ཨོཾ་ཧྲཱིཿཞེས་པ་ལ་སོགས་པ་ནི་དཔའ་བོ་གཅིག་ཏུ་སྒྲུབ་པ་བཅོམ་ལྡན་འདས་ཀྱི་སྔགས་འདི་སྔར་གྱི་སྔགས་གཉིས་དང་བྱ་བ་མཚུངས་པས་གོང་གི་བཞིན་དུ་འབྲས་བུ་ཡང་མཚུངས་པར་འགྱུར་རོ་ཞེས་སོ། །
ཨོཾ་ཧྲཱིཿཞེས་པ་ལ་སོགས་པ་ནི། བཅོམ་ལྡན་འདས་མ་འདིའི་བསྒོམ་པ་བརྗོད་པའི་རྗེས་སུ་ཞེས་བརྗོད་དོ། །ཨོཾ་པྲ་ཀྲྀ་ཏི་ཞེས་པ་ལ་སོགས་པ་ནི་རང་བཞིན་གྱིས་ཡོངསུ་དག་པ་སྟེ་སྒྲིབ་པ་དང་བྲལ་བའི་ཕྱིར་རོ། །སརྦ་དྷརྨྨཱ་ཞེས་ཆོས་ཐམས་ཅད་ཅེས་པ་ཕྱི་རོལ་གྱི་ཆོས་རྣམས་སོ། །པྲ་
ཀྲྀ་ཡ་པ་རི་ཤུདྡྷོ྅ཧཾ་ཞེས་པ་ནི་པྲ་ཀྲྀ་ཡ་ནི་རང་བཞིན་གྱིས་སོ། །པ་རི་ཤུདྡྷ་ནི་ཡོངས་སུ་དག་པའོ། །ཨ་ཧཾ་ནི་བདག་སྟེ་ནང་གི་ཆོས་རྣམས་སོ། །དེ་གཉིས་ཀྱི་ཁྱད་པར་བཤད་པ་བརྗོད་པ་ནི་སྭ་བྷཱ་བ་ཞེས་པ་ལ་སོགས་པ་སྟེ་ཡོངས་སུ་རྫོགས་པའི་ཐ་སྙད་བཏགས་ནས་རྒྱུ་དང་མི་རྒྱུ་ཞེས་པ་ལ་
སོགས་པའོ། །འོད་གསལ་མངོན་པར་བརྗོད་ནས་རྫུས་སྐྱེས་ཀྱི་སེམས་ཅན་གྱི་ཚུལ་གྱིས་རྫོགས་རིམ་གྱིས་བཅོམ་ལྡན་འདས་མ་བརྗོད་པ་ནི་པདྨ་ཞེས་པ་ལ་སོགས་པའོ། །གོང་དུ་སྨོས་པ་ཞེས་པ་ནི་བཅོམ་ལྡན་འདས་མ་བཞིན་དུ་ལྷ་མོ་བཞི་ཡང་བསམ་པར་བྱའོ། །ལྟེ་བའི་ཕྱོགས་
སུ་ཞེས་པ་ནི་ལྟེ་བའི་ནང་དུའོ། །གཞན་ཡང་བསྒོམ་པ་བརྗོད་པ་ནི་ངེས་པར་བདག་ཉིད་ཅེས་པ་ནི་གོང་གི་དམིགས་པ་ལ་སེམས་རྩེ་གཅིག་པའོ། །ཨོཾ་མཛད་དེ་ཁོ་ནའི་ཡི་གེ་ནི་པདྨ་རཱ་ག་ལྟ་བུའོ། །སྔགས་དང་འདྲེས་པའི་སྨན་གྱི་ནུས་པ་བརྗོད་པ་ནི། པ་ཐ་ནི་སྔོ་ཨ་ཀ་ན་བྷིད་དྷི་ཞེས་
པའོ། །སེ་གྲུ་ཞེས་པ་ནི་སྨན་ཤོ་བཉྫ་ནའོ། །སེནྟ་པ་ནི་རྒྱམ་ཚའོ། །ཨ་རུ་ར་ལ་སོགས་པའི་ཕྱེ་མ་སྲང་གཅིག་ཁྱེར་ནས། མར་བྲེ་གང་ཞེས་པ་ནི་བ་མར་ཕུལ་བཞི་བླུགས་ནས་སྨན་བཏབ་ནས་ཆུ་འོ་མ་ལ་མ་ཐིམ་གྱི་བར་དུ་བསྐོལ་བར་བྱའོ། །སྔགས་འདིའི་སྦྱོར་བ་གཞན་ནི་ཤུ་དག་
ཅེས་པ་ལ་སོགས་པ་འདི་དག་ཐམས་ཅད་ཕྱེ་མ་མཉམ་པོར་བྱས་ནས་ཐུན་གཅིག་གི་ཚད་དམ་ཕྱེད་ཀྱི་ཚད་ཀྱིས་སོ། །ཨོཾ་བྷ་ག་བ་ཏི་ནི་ལ་སོགས་པ་གོ་སླའོ། །ཨོཾ་ཨརྐ་ཞེས་པ་ལ་སོགས་པ་ལ་བསྙེན་གནས་ལས་ཞེས་པ་ནི་གོང་བཞིན་དུ་སྒོམ་པ་པོས་བཟླས་པར་བྱ་ཞེས་སྦྱར་རོ། །དབྱངས་

ཅན་གྱི་མར་རམ་ཞེས་པ་ནི་སྔར་གོང་དུ་བཤད་པའི་དབྱངས་ཅན་གྱི་མར་རམ། ཡང་ན་སྔོ་བྷ་རྨའི་མར་ཁོ་ན་དབྱངས་ཅན་གྱི་མར་རོ། །མར་སྲང་སུམ་ཅུ་རྩ་གཉིས་ནི་བ་མར་ཕུལ་བཞི་དང་། བྷརྨིའི་ཁུ་བ་ཕུལ་བཅུ་དྲུག །རའི་འོ་མ་ཕུལ་བཅུ་དྲུག །ཨུ་བ་ལ་སོགས་པ་སྲང་རེ་རེ། ཨ་རུ་
ར་ནི་ལྷོ་ལས་བྱུང་བའོ། །མ་ལ་ཏི་ནི་སྲེ་ཤིང་སྒེའུ་མེ་ཏོག་གོ། །པི་པི་ལིང་ལ་སོགས་པ་སྨན་ལྔ་སྲང་གི་བཞི་ཆ་བཞི་ཆའོ། །ཡང་དག་པར་བསྡུས་ནས་མར་དང་བསྲེས་ནས་སྨན་པའི་མན་ངག་གིས་ཞེས་འབྲེལ་ལོ། །ཨོཾ་ཨ་ནནྟ་ཞེས་པ་ལ་སོགས་པ་ནི་གོ་སླའོ། །ཨོཾ་ཨ་ར་ཞེས་པ་ལ་
སོགས་པ་ལ། དབེན་པ་ནི་ཡིད་དུ་འོང་བའི་གནས་སོ། །དེ་ལས་གཞན་པ་ནི་རི་བོང་འཛིན་པ་ཞེས་བྱ་བའི་སྒྲུབ་ཐབས་ལས་ཤེས་པར་བྱའོ། །རྒྱུད་འདི་ལས་བདག་ཉིད་བཅོམ་ལྡན་འདས་ཀྱི་སྐུ་དང་དེ་མ་ཡིན་པ་འཇམ་དཔལ་གྱི་སྐུའི་པདྨའི་འོག་ཏུ་བསྒྲུབ་བྱ་གན་རྐྱལ་དུ་བྱ་སྟེ། བཅོམ་
ལྡན་འདས་ཀྱི་ཕྱག་གི་ཨུཏྤ་ལ་ལས་བཅིངས་པར་བསམས་ནས་དེའི་ཁར་ཐུན་གསུམ་དུ་མེ་ཏོག་དཀར་པོ་བརྒྱ་རྩ་བརྒྱད་ཀྱི་སྦྱིན་སྲེག་བྱའོ། །ཨོཾ་བཱ་གཱི་ཞེས་པ་ལ་སོགས་པ་ལ་འཁོར་ལོའི་དབུས་སུ་ཞེས་པ་ནི་འཁོར་ལོ་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་མུཾ་དམར་
པོ་བསྒོམ་པར་བྱའོ། །ཨོཾ་དྷརྨཱ་ཞེས་པ་ལ་སོགས་པ་ནི་