Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 71
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
། །ནང་ནི་དུར་ཁྲོད་འཇིགས་པའོ། །རྡོ་རྗེ་རྒྱ་གྲམ་ནག་པོ་སྟེ། །གྲུ་ གསུམ་ནམ་མཁའི་མདོག་ཅན་བསྒོམ། །གྲུ་གསུམ་ནང་དུ་ཟླ་སྟེང་དུ། །ཧཱུཾ་ལས་རྡོ་རྗེ་ནག་པོ་ཆེ། །རིག་པར་བྱས་ཏེ་འོད་དུ་ཞུ། །དེ་ལས་རྡོ་རྗེ་ནག་པོའི་སྐུ། །བརྐྱང་བསྐུམ་རྡོ་རྗེ་ནག་པོ་བསྣམས། །གཡོན་ན་དྲིལ་བུ་སྡིགས་མཛུབ་མཛད། །ཁྲོས་པའི་ཞལ་མདོག་སྟག་ལྤགས་ གྱོན། །ཞལ་ནས་ཧཱུཾ་སྒྲོགས་དཔའ་བོ་ཆེ། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་པས། །ཤར་ཕྱོགས་རྡོ་རྗེ་རྩེ་མོ་ལ། །ཁྲོ་བོ་བདུད་ལས་རྒྱལ་བྱེད་ནི། །ལྕགས་ཀྱུ་ཕུར་བུ་སྐུ་མདོག་དཀར། །ཟླ་བའི་གདན་ལ་བརྐྱང་བསྐུམ་བཞུགས། །ལྷོ་ཕྱོགས་རྡོ་རྗེ་རྩེ་མོ་ལ། ། ཁྲོ་བོ་གཤིན་རྗེ་གཤེད་པོ་ནི། །སྐུ་མདོག་དམར་ནག་འཇིགས་པ་ལ། །ཕྱག་ན་གྲི་གུག་ཕུར་པ་བསྣམས། །ནུབ་ཕྱོགས་ཁྲོ་བོའི་རྒྱལ་པོ་ནི། །ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ནི། །སྐུ་མདོག་དམར་པོ་འཇིགས་པ་ལ། །རྡོ་རྗེ་རྩེ་གཅིག་ཕུར་པ་བསྣམས། །བྱང་ཕྱོགས་ཁྲོ་བོའི་རྒྱལ་པོ་ནི། །ཁྲོ་བོའི་ རྒྱལ་པོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ནག་འཇིགས་པ་ལ། །ཕྱག་ན་ཞགས་པ་ཕུར་པ་འཛིན། །ཁྲོས་པའི་ཞལ་ལྡན་འཇིགས་པའོ། །རྒྱན་རྣམས་འཛིན་པར་བསྒོམ་པར་བྱའོ། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས། །གསང་བའི་སྔགས་ཀྱི་བཟླས་པ་བྱ། །ཨོཾ་ཧེ་ཕུ་ལུ་ནི་རུ་ ཕུ་ལུ་གྲྀཧྣ་ཀུ་ལུ་མི་ལི་ཙུ་ལུ་ཀུ་རུ་ཀུ་ལུ་བཛྲ་བི་ཛ་ཡ་སྭཱ་ཧཱ། དེ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་རྩ་བའི་སྔགས་ཏེ། ཚར་གཅད་པའི་ལྕགས་ཀྱུ་དང་། ཕུར་པའིའོ། །ཨོཾ་ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ་མོ་ཊ་ནི་པྲ་མོ་ཊ་ནཱ་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། དེ་ནི་གཤིན་རྗེ་གཤེད་པོའི་སྔགས་ ཏེ། ལས་ཀྱི་སྔགས་གྲི་གུག་དང་ཕུར་པའི་སྔགས་སོ། །ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་པ་རྟ་མགྲིན་གྱི་སྔགས་སོ། །ལས་ཀྱི་སྔགས་ཏེ། རྡོ་རྗེ་རྩེ་གཅིག་པ་དང་ཕུར་པའི་སྔགས་སོ། །ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་ སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་ཀྲོ་དྷ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་པ་ནི་སྒོ་བའི་སྔགས་སོ། །ལས་ཀྱི་ཡང་སྔགས་ཏེ། ཞགས་པ་དང་། ལྕགས་སྒྲོག་དང་། ལྕགས་ཀྱུ་དང་། དྲིལ་བུའོ། །ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་བྱ་བ་ནི་བདུད་རྩི་འཁྱིལ་པའོ། །ལས་ཀྱི་སྔགས་ཏེ་ ཞགས་པ་དང་། ཕུར་བུའོ། །ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་ཏེ། ལས་ཀྱི་རྡོ་རྗེ་དང་ཕུར་པའི་སྔགས་སོ། །ཀུ་ཊ་ཀུ་ཊ་སཾ་ཀུ་ཊ་ཡ་སཾ་ཀུཊ་ཡ་སརྦ་ཤ་ཏྲཱུཾ་ཧཱུཾ་ཧཱུཾ་ཧཱུཾ་སྭཱ་ཧཱ། ཡུངས་ཀར་དང་ལྕགས་ཕྱེས་གདབ་པའོ། ། དེའི་གཏོར་མ་བསྟན་པ་ནི། །གསེར་དངུལ་ཟངས་ལྕགས་སྣོད་ནང་དུ། །དཀར་གསུམ་མངར་གསུམ་ལ་དུ་དང་། །སྣུམ་ཁུར་འབྲུ་རྣམས་ཡོངས་སུ་དགང་། །དེ་རྣམས་བྱིན་བརླབ་རིན་ཆེན་སྣོད། །འབྲུ་གསུམ་སྔགས་ཀྱིས་སྦྱང་ཞིང་སྤེལ། །ཨོཾ་ཨཱཿཧཱུཾ། དེ་ནས་མཆོད་པ་བྱ་བ་ནི་ དང་པོ་གཙོ་བོ་མཆོད་པ་ནི། །ན་མཿས་མནྟ་བཛྲ་ཎཱཾ་སརྦ་བ་ལཾ་ཨཱ་ཝརྟ་ཡ་མ་ཧཱ་བ་ལེ། ཀ་ཏ་བེ་ཏ་ཏ་ལེ། ཨ་ཙ་ལེ་ཞེས་པ་ལྷ་མོའི་གླུ་དང་བཅས་པས་དབུལ་ཏེ། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ་ཞེས་བྱ་བས་སོ། །དཀྱིལ་འཁོར་གྱི་ལྷ་མཆོད་པ་ནི། མཎྜལ་མཱ་ཡེ་ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏེ་ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི་པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། ཞེས་བྱ་བའི་གླུ་དང་ལྡན་པས་མཆོད་པ་ནི། མ་ཧཱ་བ་ལི། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། བཛྲ་ཀྲོ་དྷ་ཛྭཱ་ལ་ཡ་སྭཱ་ཧཱ། ཞེས་པས་གཏོར་མ་དབུལ་བར་བྱའོ། །ད་ནི་རེངས་པའི་ལས་བྱ་བ་ནི་དོང་གྲུ་གསུམ་པ་བྱ་སྟེ། དེའི་ནང་དུ་འཁོར་ལོ་གཞུག་པ་ནི་གཟུགས་བཞག་འཁོར་ལོ་རྩེ་གསུམ་ལ་བརྒྱངས་ལ། སྔགས་མ་ཏི་སྠི་ར་བཛྲ། སུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། ཞེས་པ་ནི་ མགོ་བོ་དང་། རྐང་པ་གཉིས་ལའོ། །མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤཱི་གྷྲཾ་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ། ལག་པ་གཉིས་དང་། རྩིབ་ལོགས་གཉིས་དང་། གསང་བའི་གནས་དང་ལྟེ་བའོ། །དེ་ལྟ་བུའི་རྡོ་རྗེ་ཕུར་བུ་བརྒྱད་ཀྱིས་བཏབ་ལ་དོང་གྲུ་གསུམ་དུ་ གཞུག་གོ། །རང་ཉིད་བསྒྲུབ་པའི་དཀྱིལ་འཁོར་བཞིན་བསྒོམས་ལ་ལས་བྱའོ། །སྲུང་བ་ནི་གྲོ་གའམ་རས་སམ་གང་ཡང་རུང་བ་ལ་འཁོར་ལོ་རྩིབས་དྲུག་པ་བྱ་སྟེ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། དགོད་པར་བྱའོ། །ལྟེ་བ་ལ་སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱ་ཧཱ། དེའི་ཕྱི་རོལ་ དུ་འཁོར་ལོའི་མུ་ཁྱུད་ལ་གསལ་བྱེད་དགོད་དོ། །དེའི་ཕྱི་རོལ་དུ་འཁོར་ལོའི་རྩིབས་བརྒྱད་ལ། མ་ཏི་སྠི་ར་བཛྲ། སུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤཱི་གྷྲཾ་དྷཱ་རཱ་ཡ་བཛྲ་སྭཱ་ཧཱ། མུ་ཁྱུད་ལ་དབྱངས་ཀྱི་ཡི་གེ་ཚོ་དགོད་ པར་བྱའོ། །དེའི་དོན་ནི་ཁྲོ་བོ་བཅུ་ཧཱུཾ་ལས་འཁོར་ལོ་ལ་བསྐྱེད་ལ་མཆོད་པ་དང་། བསྟོད་པ་དང་། བསྟིམ་པ་བྱས་ལ་སྔགས་འདི་བཟླས་པ་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་བཟླས་ཏེ་ལུས་ལ་བཏགས་ན། གཟའ་དང་རྒྱུ་སྐར་བྱད་སྟེམས་དང་། མི་བཟད་པའི་ནད་ རྣམས་ཀྱང་ཞི་བར་འགྱུར་རོ། །དེས་ནི་ཐབས་ཀྱི་དོན་བཤད་ཟིན་ཏོ། །ད་ནི་ཤེས་རབ་ཀྱི་དོན་འཆད་པ་ནི་སའི་ཆོ་ག་ལ་སོགས་པ་རྫོགས་པར་བྱས་ནས། མཎྜལ་ཤིན་ཏུ་དྲི་ཞིམ་པ་དང་ལྡན་པའི་ཐོག་ཏུ་དྲིའི་ཐིག་ལེ་བཅོ་ལྔ་བྱ་སྟེ། བུམ་པ་མཚན་ཉིད་འཆད་པར་འགྱུར་བའི་རྫས་དང་བཅས་པར་ བཅོ་ལྔ་གཞག་པར་བྱའོ། །ཕྱོགས་སྐྱོང་བའི་གཏོར་མ་ཡང་གཞག་པར་བྱའོ། །མཆོད་པ་རྣམ་པ་ལྔ་ཡང་བཤམས་ཏེ། འོག་ནས་སྟོན་པའི་ལས་ཐམས་ཅད་བུམ་པའི་ཆུས་བསངས་ལ། བསྒྲུབ་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ ཞེས་པས་སྟོང་པར་བསྒོམ་མོ། །དེའི་རྗེས་ལ་བདག་ཕྱག་ན་རྡོ་རྗེར་བསྒོམས་པའི་ཐུགས་ཀའི་ཧཱུཾ་དེ་ལས་བཾ་བཅོ་ལྔ་འཕྲོས་པས་པདྨ་དེའི་སྟེང་དུ་བྷྲཱུཾ་ལས་བུམ་པ་བཅོ་ལྔ་བསྐྱེད་ལ། དེའི་ནང་དུ་ཧཱུཾ་དེའི་ཆ་ཤས་ཧཱུཾ་རེ་རེ་བསམ་མོ། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་སྟེང་དུ་རྡོ་རྗེ་དཀར་ པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུཾ་དང་བཅས་པར་བསམས་ཏེ། རྡོ་རྗེ་ལ་སྔགས་ཀྱིས་བསྐོར་བ་ནི་སྟེང་དུ། ཨོཾ་ཧ་ར་ཧ་ར་བཛྲ། ཤར་དུ་ཨོཾ་མ་ཐ་མ་ཐ་བཛྲ། ཤར་ལྷོར་དྷུ་ན་དྷུ་ན་བཛྲ། ལྷོར་ད་ཧ་ད་ཧ་བཛྲ། ལྷོ་ནུབ་ཏུ་པ་ཙ་པ་ཙ་བཛྲ། ནུབ་ཏུ་དྷ་ར་དྷ་ར་བཛྲ། ནུབ་བྱང་མཚམས་སུ་དྷཱ་རཱ་ཡ་དྷཱ་རཱ་ཡ་ བཛྲ། བྱང་དུ་དྷཱ་རུ་ཎ་དྷཱ་རུ་ཎ་བཛྲ། བྱང་ཤར་དུ་ཙྪིནྡ་ཙྪིནྡ་བཛྲ། འོག་ཏུ་བྷིནྡ་བྷིནྡ་བཛྲ། དེ་ཡོངས་སུ་བསྐོར་བའི་རྡོ་རྗེའོ། །ཤར་དུ་མ་ཐ་བཛྲ་བཛྲ། ལྷོར་སྥོ་ཊ་བཛྲ་བཛྲ། ནུབ་ཏུ་ཀ་ཊ་བཛྲ་བཛྲ། བྱང་དུ་མ་ཐ་བཛྲ་བཛྲ། དབུས་སུ་སརྦ་བིདྱཱ་བཛྲ་བཛྲ། དེ་ལྟར་སྔགས་རྣམས་ བཀོད་ནས། ཧཱུཾ་ལས་འོད་འཕྲོས་སྤྱན་དྲང་བ་ནི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་བཟླས་པ་བྱ་བ་ནི་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་ཐིམ་པ་དང་། ཡེ་ཤེས་ནམ་མཁའ་ལ་ཉི་ཟླས་བཏེག་ལ་དམ་ཚིག་བསྡུའོ། །བུམ་པའི་ཆོ་ག་རྫོགས་པ་དང་། །མཎྜལ་ གནས་ནི་གཞན་དུ་གཞག །ཁ་ཚར་མ་ཉམས་རས་སྟེང་དུ། །སློབ་མ་བསངས་ནས་སྡོམ་པ་སྦྱིན། །དེ་ནས་ཐིག་གི་ལས་བྱ་སྟེ། །ཚད་དང་ལྡན་པའི་ཐིག་སྐུད་ལ། །དྲི་ཞིམ་ཆུ་ཡིས་བྱུགས་པ་ནི། །ཚངས་ཐིག་ནས་བཟུང་ཟུར་དང་ལོགས། །དེ་ནས་ཆ་རྣམས་དབྱེ་བར་བྱ། །དེ་ནས་ ཚོན་གྱི་ལས་བྱ་སྟེ། །རིན་ཆེན་སྣ་ལྔའི་ཕྱེ་མ་ལ། །བྱིན་རླབས་རྫོགས་ནས་དེ་ནས་དགྱེ། །དེ་ལྟར་ཟླ་བའི་མཎྜལ་བྲི། །འཁོར་ལོ་རྩིབས་བཅུ་སེར་པོ་བྲི། །གྲུ་བཞི་སྒོ་བཞི་རྟ་བབས་བྲི། །དེ་ལྟར་བྲིས་ནས་རྫས་རྣམས་ནི། །བུམ་པ་མ་ནོར་ཕྱོགས་སུ་དགྲམ། །རྡོ་རྗེ་རྡོ་རྗེའི་སྟེང་དུ་ དགོད། །ལས་ཀྱི་བུམ་པ་ཤར་དུ་དགོད། །མཆོད་པ་མེ་ཏོག་སྤོས་དག་དང་། །ལྷ་བཤོས་དྲི་དང་བུམ་པ་བཞིན། །དེ་ལྟར་བཀོད་ནས་ཆོ་ག་ནི། །སྡིག་པ་བཤགས་པ་ལ་སོགས་བྱའོ། །ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅་ཧཾ་ཞེས་བྱ་བས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། ། དེའི་རྗེས་ལ་བདག་ཉིད་ཧཱུཾ་དུ་བསྒོམས་ནས་བྷྲཱུཾ་ལས་གཞལ་ཡས་ཁང་བསྐྱེད་དེ་དེའི་སྟེང་དུ་པདྨ་བཅོ་ལྔ་བསམས་ལ། དེའི་ཐོག་ཏུ་བུམ་པ་བསྐྱེད་ལ་སྔ་མ་བཞིན་རྡོ་རྗེ་དང་ཧཱུཾ་ཡང་བསམས་ཏེ། ཡེ་ཤེས་བཏེག་པ་དེ་ཡང་བསྟིམ་མོ། །དེ་ལས་འོད་ཟེར་འཕྲོ་འདུ་ལས་རྡོ་རྗེ་དང་ཧཱུཾ་ཞུ་བ་ལས་ཁྲོ་ བོ་བཅོ་ལྔ་བསྐྱེད་པ་ནི་དབུས་སུ་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཤར་དུ་ཁམས་གསུམ་རྣམ་རྒྱལ་མདོག་དཀར་པོ་ཤེལ་གྱི་རྡོ་རྗེ་དང་སྡིགས་མཛུབ། ལྷོར་གཤིན་རྗེ་གཤེད་དམར་པོ་མེ་ཤེལ་དང་སྡིགས་མཛུབ། ནུབ་ཏུ་རྟ་མགྲིན་དམར་པོ་པདྨ་དང་ སྡིགས་མཛུབ། བྱང་དུ་བདུད་རྩི་འཁྱིལ་པ་དཱུར་བ་དང་སྡིགས་མཛུབ། ཤར་ལྷོར་དབྱུག་པ་སྔོན་པོ་རིན་པོ་ཆེའི་ཙནྡན་དང་སྡིགས་མཛུབ། ལྷོ་ནུབ་ཏུ་དོན་ཡོད་ཞགས་པ་མཐིང་ག་ཡུངས་ཀར་དང་སྡིགས་མཛུབ། ནུབ་བྱང་དུ་ཁྲོ་གཉེར་ཅན་དམར་ནག་རིན་པོ་ཆེ་དང་སྡིགས་མཛུབ། བྱང་ཤར་དུ་རྡོ་རྗེ་འཁོར་ལོ་ལྗང་གུ་རིན་པོ་ཆེ་གསེར་གྱི་འཁོར་ལོ་དང་སྡིགས་མཛུབ། སྟེང་དུ་གནོད་མཛེས་མཐིང་ནག་གདུགས་དང་སྡིགས་མཛུབ། འོག་ཏུ་རྡོ་རྗེ་སྡེར་མོ་རྒྱལ་མཚན་དང་སྡིགས་མཛུབ་མདོག་དཀར་པོ་བུམ་པའི་ནང་དུ་ཅུང་ཞིག་ཁྲོས་པའི་མདོག་གོ། །སྒོ་བ་ བཞི་ནི་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་མདོག་དཀར་པོ་རྡོ་རྗེ་ཞུ་བ་ལས་བསྐྱེད་ཅིང་བསྒོམ་མོ། །དེ་རྣམས་ཀྱང་ཐུགས་ཀར་རྡོ་རྗེ་དཀར་པོ་ལྟེ་བ་ལ་ཧཱུཾ་དང་བཅས་པ་ཟླ་བའི་སྟེང་དུ་བསམ་མོ། །དེ་ནས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་མཆོད་པ་ནི། ཨོཾ་བཛྲ་དྷཱུ་པེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་པུཥྤེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་གནྡྷེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་བཛྲ་ཤཔྟ་ པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བས་མཆོད་ནས། ཛཿཧཱུཾ་བཾ་ཧོཿ ཞེས་བྱ་བས་བསྟིམ་མོ། །དེ་ནས་དབང་བསྐུར་བྱས་ནས་ཐམས་ཅད་ལ་རྡོ་རྗེ་སེམས་དཔས་མཚན་པར་བྱའོ། །དེ་ནས་གསང་སྔགས་བཟླས་པ་ནི། །ན་མཤྩཎྜ་བཛྲ་པཱ་ཎ་ཡེ། སརྦ་བིདྱཱ་བཛྲ་བཛྲ་སྭཱ་ཧཱ། མ་ཧཱ་ ཡཀྵ་སེ་ནཱ་པ་ཏ་ཡེ། ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་རཱ་ཡ་དྷཱ་རཱ་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། མ་ཊ་བཛྲ་བཛྲ། སྥོ་ཊ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ་བདུན་རྫོགས་ནས་མཆོད་པ་དབུལ་བར་བྱའོ། །དེ་ནས་ཁྲུས་བྱ་བའི་ཕྱིར། ན་མཤྩཎྜ་བཛྲ་པཱ་ཎ་ཡེ་སརྦ་བིདྱཱ་བཛྲ་བཛྲ་ཧཱུཾ། སྥ་ར་ཎ་ཨ་མྲྀ་ཧེ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཧ་ར་ཧ་ར་ བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་རཱ་ཡ་དྷཱ་རཱ་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ། སྥ་ར་ཎ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་བྱ་བས་དབུས་ཀྱི་གཙོ་བོ་བདུད་རྩིར་བྱ་སྟེ། སྒོ་བ་བཞི་བསྒོམ་པ་ནི། ཨོཾ་ མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། མ་ཊ་བཛྲ་བཛྲ་ཛཿ སྥོ་ཊ་བཛྲ་བཛྲ་ཧཱུཾ། ཀ་ཊ་བཛྲ་བཛྲ་བཾ། མ་ཐ་བཛྲ་བཛྲ་ཧོཿ དེས་ནི་ཡེ་ཤེས་དབབ་ཅིང་བསྟིམས་ནས། དབང་བསྐུར་ཞིང་ཁྲུས་བྱ་བ་ནི་མཎྜལ་ལེགས་པར་བྱས་ལ་རྒྱལ་པོ་ལ་འཁོར་ལོ། །རྗེའུ་ལ་རིན་པོ་ཆེ། བྲམ་ཟེ་ལ་པདྨ། དམངས་ རིགས་ལ་ལས་ཀྱི་རྡོ་རྗེ། སྔགས་ནི་རྡོ་རྗེ་ལ་བྲིས་ལ་ཐོག་ཏུ་བཞག་སྟེ་ཁྲུས་བྱེད་དུ་གཞུག་པ་ནི། གང་དག་ཡིད་དགེ་སེམས་དང་ཞིང་། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །དེ་ནི་རབ་བཀྲུས་གཙང་མ་ཡིན། །དེང་དུ་འབྲས་བུ་དམ་པ་བརྙེས། །དེ་ནས་ཅི་བྱ་ཞེ་ན། ཟབ་མོ་སངས་རྒྱས་སྤྱོད་ ཡུལ་བའི། །མདོ་སྡེ་དམ་པ་མཉན་པར་བྱ། །མདོ་སྡེ་དམ་པ་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་དང་། །མི་བཟད་པ་ཡི་ནད་རྣམས་དང་། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཞེས་པས་བྲོད་པ་བསྐྱེད་ ནས། །ད་བགེགས་བསྐྲད་པར་བྱ་སྟེ། ལས་ཀྱི་བུམ་པའི་མཚན་ཉིད་ནི། །གསེར་གྱི་བུམ་པའམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲིས་ཤིང་དགང་། །ནོར་བུ་ཡུངས་ཀར་དཱུར་བ་དང་། །རིན་ཆེན་རྨ་མེད་ཙནྡན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་ དང་། །ཆུ་ཡི་གསེར་ལ་སོགས་པ་ནི། །ཞེས་བྱ་བ་ནི་རྫས་བསྟན་པ་སྟེ། བུམ་པར་བླུགས་ལ་ཁ་ཚར་མ་ཉམས་པའི་རས་ཀྱིས་མགུལ་པ་བཅིངས་ལ་ཤར་ཕྱོགས་སུ་གཞག་གོ། །གོང་གི་བུམ་པ་ཡང་དེ་བཞིན་ནོ། །དེ་བྱིན་གྱིས་བརླབ་པ་ནི། བུམ་པ་བྷྲཱུཾ་ལས་བསྐྱེད་པའི་ནང་དུ་འཁོར་ ལོ་རྩིབས་བཞི་པ་བསམས་ཏེ། དེའི་ནང་དུ་ཟླ་བའི་སྟེང་དུ། རྡོ་རྗེ་རྒྱ་གྲམ་ཧཱུཾ་གིས་མཚན་པ་ལས། །ཁྲོ་བོ་བདུད་རྩི་འཁྱིལ་པ་མདོག་ལྗང་གུ་རྡོ་རྗེ་རྒྱ་གྲམ་སྡིགས་མཛུབ་བྲང་དུ་བསྣོལ་བའོ། །ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་རྒྱ་གྲམ་ལ་ཟླ་བ་ལྔའི་སྟེང་དུ་རྡོ་རྗེའོ། །ཕྱིའི་རྡོ་རྗེ་རྒྱ་གྲམ་བཞིའི་ སྟེང་དུ་རྡོ་རྗེ་བཞིའོ། །ནང་གི་མཚམས་བཞིར་ཡང་རྡོ་རྗེ། ཕྱིའི་མཚམས་སུ་ཡང་རྡོ་རྗེའོ། །བདག་ཉིད་ཟླ་བའི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་དཀར་པོ་ཧཱུཾ་གིས་མཚན་པ་ལས་རྡོ་རྗེ་རྣམ་པར་འཇོམས་པ་སྐུ་མདོག་དཀར་པོ་རྡོ་རྗེ་དྲིལ་བུ་བསྣམས་པར་བསྒོམས་ལ། ཐུགས་ཀར་རྡོ་རྗེ་དཀར་པོ་ཧཱུཾ་གིས་ མཚན་པ་གཅིག་ཏུ་བསྒོམས་ལ། སྤྱན་དྲང་བ་དང་། མཆོད་པ་དང་། བསྟོད་པ་དང་། བསྟིམ་པར་བྱའོ། །དེ་ལྟར་བྱས་ནས་གཞན་དུ་ནི། །བདག་ཉིད་ཕྱག་ན་རྡོ་རྗེ་སྟེ། །འགྱིང་བག་ལྗང་སྔོན་ཅུང་ཞིག་ཁྲོས། །དང་པོ་རང་ཉིད་བཟླས་པ་བསྲུང་། །ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། བདུན་ནམ་ཉི་ཤུ་རྩ་གཅིག་གིས། །བདག་ཉིད་བྱིན་གྱིས་བརླབས་ནས་ནི། །བསྐྱེད་པ་གཙོ་བོའི་ཐུགས་ཀ་ནས། །དམ་ཚིག་རྫོགས་ནས་ཤར་སྒོར་བསྒོམ། །བདག་གིས་ཡེ་ཤེས་སྤྱན་དྲངས་ཏེ། འདིས་ནི་སྔོན་དུ་བསྙེན་པ་བསྟན། །སྒྲུབ་ པ་བདག་ཉིད་མི་བསྐྱེད་ཅིང་། །དཀྱིལ་འཁོར་ཉིད་དུ་བདག་བྱའོ། །དེ་ནི་ལས་དང་བསྒྲུབ་པ་བྱ་བའི་རིམ་པའོ། །བདག་ཉིད་གོང་བཞིན་བསྐྱེད་བྱས་ནས། བཟླས་པའི་སྔགས་ཀྱི་རིམ་པ་ནི། །ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བ་ནི་གཙོ་བོ་རྡོ་རྗེ་རྣམ་པར་འཇོམས་པའི་སྔགས་སོ། ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཨ་མྲྀ་ཏེ་ཧཱུཾ་ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བྷནྡ་བྷནྡ། ཧ་ན་ཧ་ན་ཧཱུཾ་ཞེས་བྱ་བ་ནི་བགེགས་བསྐྲད་པའི་སྔགས་སོ། །སྒྲུབ་པ་ནི། ན་མ་ཤྩཎྜ་བཛྲ་ཀྲོ་དྷཱ་ཡ་ཧཱུཾ། བདག་ཉིད་ཀྱིའོ། །ཧུ་ལུ་ཧུ་ལུ་ཏིཥྛ་ཏིཥྛ། བྷནྡ་བྷནྡ། ཧ་ན་ཧ་ན། ཧཱུཾ་ཧཱུཾ་ནི་ས་བོན་གྱི་སྔགས་སོ། །ཨ་མྲྀ་ཏེ་ཧཱུཾ་ཧཱུཾ་ཧཱུཾ་ ཕཊ་ཅེས་བྱ་བ་ལན་བདུན་ནམ་ཉི་ཤུ་རྩ་གཅིག་བཟླས་པས་བདུད་རྩིར་བསམ་མོ། །དེས་ནི་ལས་ཐམས་ཅད་འགྲུབ་པའི་བུམ་པའོ། །དེ་ལྟར་ཐབས་ཀྱི་དོན་དང་། ཤེས་རབ་ཀྱི་དོན་བཤད་ནས། དེའི་ཆེ་བའམ་ཕན་ཡོན་བཤད་པ་ནི། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །སྡིག་པ་ཐམས་ཅད་བྱང་ བྱས་ནས། །སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་བྱ་བ་ནི་རྒྱུད་ཀྱི་རྩ་བར་གྲུབ་པ་ནི་ཕྱིའི་རྩ་བར་གྲུབ་པ་དང་། ནང་གི་རྩ་བར་གྲུབ་པ་དང་། སྤྱོད་པའི་རྩ་བར་གྲུབ་པའོ། །ཕྱིའི་རྩ་བར་གྲུབ་པ་ནི་རྒྱལ་བུ་ལས་རྒྱལ་པོར་བསྐྱེད་པའོ། ། ནང་གི་རྩ་བར་གྲུབ་པ་ནི་བུམ་པ་ལས་གསུམ་དུ་བསྐྱེད་པའོ། །སྤྱོད་པའི་རྩ་བར་གྲུབ་པ་ནི་ཁྲུས་འགྲོ་བའོ། །སྤང་བྱའི་རྩ་བར་འགྲོ་བ་སྟེ། ཕྱིས་མཚོན་ནས་ནད་དག་པའོ། །དེའི་ཕྱིར་རྩ་བའོ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་བྱ་བ་ནི་དེས་ནུས་པ་གཞག་ནས་གསུམ་པ་ ལ་ཞུགས་པ་དང་དག་པར་འགྲོ་བ་དང་རྒྱུད་ཟབ་མོ་མཉན་པས་དག་པ་དང་། རང་རང་ལ་རྟོགས་པ་ཁྱད་པར་ཅན་སྐྱེས་པས་དག་པའོ། །རྩ་བའི་དོན་གྱི་སྒོ་ནས་སོ། །རྒྱུད་འདི་ནི་ཕན་ཡོན་དུ་མཚོན་ནས་དག་པའོ། །དེའི་ཕྱིར་རྩ་བའོ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་སྡུག་ བསྔལ་དང་བར་ཆོད་ཐམས་ཅད་སེལ་བར་བྱེད། དཔལ་ཀུན་ཏེ་འབྲས་བུ་བདེ་བའི་དོན་ཏོ། །འོ་ན་སྡུག་བསྔལ་ཇི་ལྟར་ཞི་བར་བྱེད་ཅེ་ན། འདིའི་ཕན་ཡོན་དང་ཕྱི་མའི་ཕན་ཡོན་ནོ། །དེ་ལ་འདིའི་ཕན་ཡོན་ནི། །སེམས་ཅན་དབང་པོ་ཉམས་པ་དང་། །ཚེ་ཟད་པ་དང་ཚེ་ཉམས་དང་། ། ཞེས་བྱ་བ་ནི་དབང་པོ་ལྔ་ཉམས་པ་སྟེ་མི་གསལ་བ་གསལ་བར་འགྱུར་བ། ཡིད་མི་གསལ་ཏེ་གདོན་གྱིས་དཀྲུགས་ཤིང་། རྣལ་དུ་མི་གནས་པ་སེལ་བ་དང་། ཚེ་ཟད་པ་སེལ་བར་བྱེད་ཅིང་ཉམས་པ་འགུགས་པར་བྱེད་པའོ། །ཚེ་ནི་སྲོག་གོ། །ཉམས་པའི་རྒྱུ་ནི་རྐྱེན་ཟད་པ་དང་། བར་དུ་གཅོད་པ་སྟེ་གསོ་བར་བྱེད་པའོ། །ཕུན་སུམ་ཚོགས་མིན་གང་ཆགས་དང་། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །ཞེས་བྱ་བ་ནི་ཕུན་སུམ་ཚོགས་པ་མེད་པ་ནོར་དང་ལང་ཚོ་ལ་སོགས་པ་མེད་ཅིང་བྲན་དུ་འགྲོ་བ་དང་སྐྱེས་པའོ། །དེ་ཡང་སྡུག་བསྔལ་དང་ལྡན་མོད་ཀྱི། །ལས་ངན་ པ་གང་ཞིག་གིས་ཆགས་ཤིང་འདུག་པའོ། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་ཞེས་བྱ་བ་ནི་རྒྱལ་པོས་ཆད་པ་བྱེད་པའོ། །ཡང་ན་འཇིག་རྟེན་གྱི་ལྷས་རྒྱབ་ཀྱིས་ཕྱོགས་པའོ། །རྒྱུ་མཚན་ཅི་ཞེ་ན། འགལ་བའི་སྟོབས་ཀྱིས་སོ། །དམན་པ་རྣམས་ཀྱིས་ཀྱང་གནོད་པ་ནི། །བྲན་བཟའ་ ལ་སོགས་གཙེས་པ་དང་། །མཛའ་སྡུག་སྐྱེ་བོ་སྡང་བ་དང་། །ཞེས་བྱ་བ་ནི་མཛའ་སྡུག་སྐྱེ་བོ་ནི་རང་གི་མཛའ་བོ་དང་། གཞན་རྣམས་སྡང་བའོ། །བྲན་བཟའ་ནི་བྲན་མོ་དང་ཆུང་མའོ། །སོགས་པ་ནི་བུ་མོ་ལ་སོགས་པ་བསྡུས་པའོ། །ཕན་ཚུན་མཐུན་པ་མ་ཡིན་དང་། །ནོར་འགྲིབས་པས་ ནི་གནོད་པ་དང་། །ཞེས་བྱ་བ་ནི་ཕན་ཚུན་མཐུན་པ་མ་ཡིན་པ་ནི་དགྲ་བོའོ། །ནོར་འགྲིབས་པ་ནི་གནོད་པ་དང་། །ཞེས་བྱ་བ་ནི་ནོར་འཕྲོག་པའི་དགྲ་བོ་དེས་གནོད་པ་བསྐྱེད་པའོ། །དེ་ནི་འཇིག་རྟེན་འདིའི་གནོད་པ་སེལ་བའོ། །ཕྱི་མའི་གནོད་པ་གང་ཞེ་ན། མྱ་ངན་ངལ་དང་གནོད་པ་ དང་། །འཇིགས་པ་དང་ནི་ཕོངས་པ་དང་། །ཞེས་བྱ་བ་ནི་དམྱལ་བ་དང་ཡི་དགས་དང་། དུད་འགྲོ་སྟེ། མྱ་ངན་གྱིས་གདུངས་པ་དང་། ངལ་བ་དང་། ལུས་སེམས་ཀྱི་གནོད་པ་གཤིན་རྗེའི་འཇིགས་པ་དང་། བདེ་བས་ཕོངས་པ་སེལ་བར་བྱེད་པའོ། །མི་མ་ཡིན་གྱི་གནོད་པ་ནི། གཟའ་ དང་རྒྱུ་སྐར་བྱད་སྟེམས་དང་། མི་བཟད་གདོན་གྱིས་ཉེན་པ་དང་། །ཞེས་བྱ་བས་སོ། །ཡིད་མི་དགའ་བ་ལས་བྱུང་བ་ནི། །མྱ་ངན་ངལ་ལས་བྱུང་བ་དང་། །རྨི་ལམ་སྡིག་པ་མཐོང་ན་ཡང་། །ཞེས་བྱ་བ་ནི་ཡིད་མི་དགའ་བས་ལུས་དུབ་པ་དང་། རྨི་ལམ་ངན་ པས་ཡིད་དུབ་པའོ། །དེ་དག་ཀྱང་དག་པ་གང་གིས་ཤེ་ན། །དེས་ནི་རབ་བཀྲུས་གཙང་མ་ཡིན། །ཞེས་བྱ་བས་སོ། །འོ་ན་སྡིག་པ་ཇི་ལྟར་བྱང་ཞེ་ན། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་དམ་པ་མཉན་པར་བྱ། །མདོ་སྡེ་དམ་པ་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། ། ཞེས་བྱ་བ་ནི་ཟབ་མོ་སྟེ་བྱིན་གྱིས་བརླབས་པ་བུམ་པའི་དབང་འདི་དང་། འབྲེལ་པའི་དབང་གསུམ་དང་། མདོ་རྒྱུད་ཀྱི་སྤྱོད་པ་བཞི་འམ། །སྤྱོད་པའི་ཁྱད་པར་དང་། ལྟ་བ་དང་ལྟ་བའི་ཁྱད་པར་ཤེས་པས་སོ། །དེས་ཅིར་འགྱུར་ཞེ་ན། ཤེས་ནས་སྤོང་བ་སྟེ་གཉེན་པོས་སོ། །ཤེས་ནས་དག་པ་སྟེ་ རང་བཞིན་གྱིས་སོ། །དེ་ལྟར་དཔལ་ཀུན་གྱིས་ལེགས་པར་བརྒྱན་པ་ནི་གང་ཟག་དེས་གཞན་རྗེས་སུ་འཛིན་པར་འགྱུར་ཏེ། སྲོག་ཆགས་དག་ནི་ཐམས་ཅད་དང་། །མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཞེས་བྱ་བ་ ནི་ཐབས་ལ་བརྟེན་པས་ཞི་བ་དང་རྒྱས་པ་དང་། དབང་དང་མངོན་སྤྱོད་ཀྱིས་ཞི་བར་བྱེད་ཅིང་ཚེ་འཕེལ་བར་བྱེད་པའོ། །ཤེས་རབ་ཀྱི་དོན་གྱིས་གཞན་དག་གི་སྡིག་པ་དང་། དྲི་མ་དག་པར་བྱེད་པ་ནི། གསུམ་ཀ་ཡོངས་སུ་རྫོགས་པ་དང་། །ཡང་ན་ཐུགས་མཚན་གསལ་བ་དང་། ། ཡང་ན་ས་བོན་གསལ་བས་ནི། །བྱིན་རླབས་གཞན་ལ་ཁྲུས་བྱའོ། །དྲི་མ་ཐམས་ཅད་ཡོངས་སྤངས་པའི། །གཟུགས་ཀྱི་དྲི་མ་དག་བྱེད་པའི། །ཡོན་ཏན་ཆུ་འབྱུང་ནོར་བུ་འདིས། །བཀྲ་ཤིས་རྫས་ཀྱིས་དག་གྱུར་ཅིག །སྨིན་ཅིང་ཡོངས་སུ་འདུལ་བ་ཡི། །ཚོར་བའི་དྲི་མ་དག་བྱེད་པའི། ། ཡོན་ཏན་མར་འབྱུང་ཡུངས་ཀར་འདིས། །འདུ་ཤེས་དྲི་མ་དག་གྱུར་ཅིག །སེམས་ཅན་ཀླུ་ཡི་སྐྱབས་མཛད་པའི། །རང་བཞིན་ཡོན་ཏན་བདུད་རྩིར་ལྡན། །འདུ་བྱེད་དྲི་མ་དག་གྱུར་ནས། །འགྲོ་ཀུན་རང་བཞིན་སོས་གྱུར་ཅིག །ཕོངས་པ་ཀུན་གྱི་སྐྱབས་གྱུར་ཅིག །རང་བཞིན་གྱིས་ནི་འདོད་ཡོན་ འབྱུང་། །རྣམ་ཤེས་དྲི་མ་དག་གྱུར་ཅིག །དབུལ་པོ་རྣམས་ཀྱི་སྐྱབས་གྱུར་ཅིག །རང་བཞིན་གྱིས་ནི་དྲི་དང་ལྡན། །ཚ་བའི་གདུང་བ་འཇོམས་པར་བྱེད། །རང་བཞིན་གྱིས་ནི་དག་པའི་མདོག །ཁ་དོག་སྣ་ཚོགས་འགྱུར་བའི་ཤེལ། །འདམ་གྱིས་མ་གོས་ཁ་དོག་གསལ། །ཉོན་མོངས་ནད་སེལ་ པདྨ་ལ། །རང་བཞིན་གྱིས་ནི་འོད་གསལ་བ། །མེ་ཏོག་གཡའ་བྲལ་ས་ལེ་སྦྲམ། །རང་བཞིན་གྱིས་ནི་དག་པ་ལ། །གློ་བུར་དྲི་མ་དག་གྱུར་ཅིག །ཡོན་ཏན་ཡོངས་སུ་བརྒྱན་པ་ཡི། །རྒྱུ་བཟངས་དབྱིབས་ལེགས་ཁ་དོག་མཛེས། །ཆུ་ཡི་བདག་ཉིད་མི་བསྐྱོད་པ། །རྣམ་ཤེས་དྲི་མ་དག་གྱུར་ཅིག ། ཅེས་གསུངས་སོ། །འོ་ན་གསང་སྔགས་བརྗོད་པའི་གྲངས་གང་ཞེ་ན། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །ཅེས་བྱ་བ་བསྟན་ཏོ། །གང་བཟླས་ཤེ་ན། རྡོ་རྗེ་རྣམ་པར་འཇོམས་པའི་གསང་སྔགས་ཀྱི་གྲངས་ཏེ། རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་ པོ་རྟག་ཏུ་ཁྲུས་གྱིས་ཤིག །བཅོམ་ལྡན་འདས་རྡོ་རྗེའི་ཏིང་ངེ་འཛིན་ལས་བཞེངས་ནས་འཛུམ་པ་མཛད་དོ། །དེའི་དོན་ནི་བསྐུར་བྱ་དང་། སྐུར་བྱེད་དོ། །དེ་བས་ཁྲུས་གྱིས་ཤིག་པའོ། །རྒྱུད་དང་གདམས་ངག་དག་ལས་ནི། །བསྒྲུབས་ན་དྲི་མེད་འབྲས་བུ་ཐོབ། །དེ་ཕྱིར་གཞན་ཕན་བྱ་ཕྱིར་ བརྩམས། །དེ་ཡིས་འགྲོ་ཀུན་འབྲས་ཐོབ་ཤོག །སིངྒ་ལར་ནི་འགྲེལ་དང་རྒྱུད་དོན་རྟོགས། །བཛྲ་རཏྣ་དེ་ཝས་དེ་དོན་བརྩམས། །དབང་འབྱོར་ཟད་མི་ཤེས་པའི་གཏེར། །དངོས་གྲུབ་འབྲས་བུ་བདག་གིས་ཐོབ། །དགེ་བ་དྲི་མེད་ཡོད་པ་དེས། །བླ་མ་རྣམས་དང་འགྲོགས་པར་ཤོག །རྡོ་རྗེ་ རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ཞེས་བྱ་བ་སློབ་དཔོན་ཆེན་པོ་ས་ཝ་རི་པས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་བ་པུནྱ་མ་ཏི་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་ཕཊ་ ལ་ཀྲ་མ་བྷཱ་ཥ་བྲྀཏྟི་པྲ་དཱི་པཾ་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཞེས་བྱ་བའི་རིམ་པར་ཕྱེ་བའི་རྒྱ་ཆེར་འགྲེལ་བ་གསལ་བའི་སྒྲོན་མེ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཁྲོ་བོའི་རྒྱལ་པོ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཉེས་ པ་ཀུན་དང་རྣམ་བྲལ་ཞིང་། །སེམས་ཅན་ཀུན་ལ་ཕན་བཞེད་པ། །རྟག་ཏུ་དངོས་པོ་ཀུན་བདག་གྱུར། །རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ། །ཚིག་དང་ཡི་གེ་ཤིན་ཏུ་ཉུང་བ་ལ། །རབ་ཏུ་དོན་རྫོགས་རྡོ་རྗེ་རྣམ་འཇོམས་གཟུངས། །དེ་རྟོགས་དེང་སང་སྐྱེ་བོ་འགའ་ཙམ་སྲིད། ། དེ་བས་དེ་དོན་བདག་གིས་རབ་བཤད་འདོད། །གཟུ་ལུམས་རས་ཆོད་རང་དགར་བརྩམས་པ་མ་ཡིན་ཏེ། །བདེ་གཤེགས་བཀའ་དང་བླ་མའི་གདམས་ངག་ལ་བརྟེན་ནས། དེའི་དོན་རིམ་པར་ཕྱེ་ནས་གསལ་སྒྲོན་གྱི། །དེ་དོན་རྒྱ་ཆེར་རབ་ཏུ་བཤད་པར་འདོད། །དེ་ལ་རྡོ་རྗེ་རྣམ་པར་འཇོམས་པའི་ གཟུངས་ཀྱི་དོན་རྒྱ་ཆེར་བཤད་པར་བྱ་སྟེ། དེ་ཡང་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་ཡིན་པ་ལ། །མ་རིག་པའི་ལིང་ཏོག་གིས་བསྒྲིབས་ནས་དེ་མ་རྟོགས་པས། ཁམས་གསུམ་འཁོར་བར་འཁོར་ནས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཕེལ་ཏེ། དེ་སྤང་བའི་གཉེན་པོ་དང་། ཆོས་ཐམས་ ཅད་སྤྲོས་པ་དང་བྲལ་བར་བྱ་བ་དེ་རྟོགས་པའི་ཐབས་སུ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཏེ། དེ་ཡང་བསྡུ་ན་མཚན་ཉིད་ཀྱི་ཐེག་པ་དང་། གསང་སྔགས་ཀྱི་ཐེག་པའོ། །དེ་ཡང་མཚན་ཉིད་ཀྱི་ཐེག་པ་ལ་ནི་མདོའི་མིང་གིས་བཏགས་ལ། གསང་སྔགས་ཀྱི་ཐེག་པ་ལ་ནི་རྒྱུད་ ཀྱི་མིང་གིས་བཏགས་སོ། །མཚན་ཉིད་ཀྱི་ཐེག་པ་ལ་མདོ་སྡེ་རུ་འདོགས་པའི་རྒྱུ་མཚན་ནི་དངོས་པོའི་གནས་ལུགས་འགའ་ཞིག་གཏན་ལ་འབེབས་པའི་མཚན་ཉིད་མདོར་བསྡུས་ནས་བསྟན་དུ་རུང་བས་ན་ཡང་མདོ་སྡེ་ཞེས་བྱ་ལ། གཉེན་པོ་རྣམས་འགལ་བར་སྤོང་བའི་སྒོ་ནས་མདོ་སྡེ་ཞེས་བྱའོ། ། རྒྱུན་ཆགས་ཕྱིར་ན་རྒྱུད་ཅེས་བྱ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །ཞེས་གསུངས་སོ། །ཡང་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས་ཀྱང་། རྒྱུད་ཅེས་བྱ་བ་རབ་འབྲེལ་ཏེ། དེ་ཡང་རྣམ་པ་གསུམ་ཡིན་ཏེ། །གཞི་དང་ཐབས་དང་འབྲས་བུའོ། །དེ་བཞིན་འབྲས་བུའི་བསྡུ་བ་མེད། །ཅེས་ གསུངས་ཏེ། འདིར་ཡང་རྒྱུད་རྣམ་གསུམ་དུ་ཤེས་པར་བྱ་སྟེ། སྦྱང་བར་བྱ་བ་རྒྱུའི་རྒྱུད་དང་། སྦྱངས་པ་འབྲས་བུའི་རྒྱུད་དང་། སྦྱོང་བར་བྱེད་པ་ཐབས་ཀྱི་རྒྱུད་དོ། །རྒྱུའི་རྒྱུད་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོས་ཁྱབ་པས་དེ་རྣམས་སོ། །འབྲས་ བུའི་རྒྱུད་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པ་དེ་རྣམས་སོ། །ཐབས་ཀྱི་རྒྱུད་ནི་སེམས་ཅན་གྱི་ཁམས་དང་དབང་པོ་དང་། བག་ལ་ཉལ་སྣ་ཚོགས་པ་ཡོད་པས། བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་བཞི་གསུངས་ཏེ། དེ་ཡང་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་ དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །བྱ་བའི་རྒྱུད་ལ་སྤྱི་དང་བྱེ་བྲག་གི་རྒྱུད་ལས་བྱེ་བྲག་གི་རྒྱུད་དོ། །དེ་ལ་སྐུ་ཏ་ཐཱའི་རིགས་ཀྱི་རྒྱུད་དང་། །གསུང་པདྨའི་རིགས་ཀྱི་རྒྱུད་དང་། ཐུགས་རྡོ་རྗེའི་རིགས་ཀྱི་རྒྱུད་ལས། འདི་ཐུགས་རྡོ་རྗེ་རིགས་ཀྱི་རྒྱུད་དོ། །དེ་ཡང་སྤྱི་དང་བྱེ་བྲག་ལས། འདི་ བྱེ་བྲག་གི་རྒྱུད་དོ། །དེ་ལ་འདི་ནི་རྡོ་རྗེ་ཁྲོ་བོ་རིགས་ཀྱི་རྒྱུད་དོ། །རྡོ་རྗེ་རིགས་ཀྱི་ཁྲོ་བོའི་རྒྱུད་འདིས་ནི་རྟོགས་པ་ཡིན་པ་ལ། གཟུངས་ཀྱི་མིང་གིས་བཏགས་སོ། །དེ་ནི་སྤྱིའི་རྣམ་པར་གཞག་པའོ། །དེ་ཡང་རང་དང་གཞན་གྱི་དོན་བསྟན་པའི་སྒོ་ནས། མཚན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ པ་དང་། རྒྱུད་རྒྱས་པར་བཤད་པའོ། །དེ་ལ་དང་པོ་བཤད་དེ། རྡོ་རྗེ་ཞེས་བྱ་བ་ནི་རང་གི་དོན་ཕུན་སུམ་ཚོགས་པ་སྟེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དོ། །རྣམ་པར་འཇོམས་པ་ཞེས་བྱ་བ་ནི། མཛད་པ་བཞིའི་སྒོ་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པའོ། །གཟུངས་ཞེས་བྱ་བ་ནི་གཉི་གའི་དོན་ ཕུན་སུམ་ཚོགས་པ་སྟེ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ནོ། །ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་རྡོ་རྗེར་འདོགས་པའི་རྒྱུ་མཚན་དང་། དགོས་པ་ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་ལ་རྡོ་རྗེར་འདོགས་པའི་རྒྱུ་མཚན་ནི། འདུས་བྱས་རྫས་ཀྱི་རྡོ་རྗེ་ཕ་ལམ་དང་ཆོས་མཐུན་པ་རྣམས་ཡོད་དོ། །རྡོ་རྗེ་ཕ་ལམ་ལ་ མི་ཆོད་པ་བྱ་བ་ནས། མ་ཕམ་པ་བྱ་བའི་བར་དུ་ཆོས་བདུན་ཡོད་པ་དེ་བཞིན་དུ། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་མི་ཆོད་པ་བྱ་བ་ནས། ཐམས་ཅད་དུ་མ་ཕམ་པ་བྱ་བའི་བར་དུ་ཆོས་བདུན་ཡོད་དོ། །འོ་ན་རིན་པོ་ཆེ་རྡོ་རྗེ་ཕ་ལམ་དེ་ལ་ཇི་ལྟར་ས་ཡིས་མི་ཆོད་ཅེ་ན། འབྱུང་བ་ཆེན་པོ་ས་ཡིས་བཅད་པ་དང་གཏུབ་ པར་མི་ནུས་པས་ན། །མི་ཆོད་པ་ཞེས་གསུངས་སོ། །ས་དག་གཅད་པར་མི་ནུས་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་ལ་འབྱུང་བ་ཆེན་པོ་ཆུ་ཡིས་སྤྲུལ་པ་ལ་སོགས་པ་གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་གནོད་པར་མི་ནུས་པས་ན་མི་ཤིགས་པ་ཞེས་གསུངས་སོ། །དེ་གཉིས་ ཀྱིས་ཀྱང་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། འབྱུང་བ་མེས་ཐལ་བའམ། སོལ་བར་བསྲེག་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་བསྲེག་པར་མི་ནུས་པས་ན་བདེན་པ་ཞེས་གསུངས་ཏེ། དེ་གསུམ་གྱིས་ཀྱང་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། རླུང་སྤུ་ གྲི་ལྟ་བུས་ཀྱང་གཞིག་པར་མི་ནུས་སམ་ཞེ་ན། དེས་གཞིག་པར་མི་ནུས། ཞེས་གསུངས་སོ། །དེ་བཞིན་ད་ལྟར་གནོད་པར་བྱ་བར་མི་ནུས་པར་འདུག་སྟེ། ལོའམ་བསྐལ་པར་ལོན་ནས་གནོད་པར་བྱ་བར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེ་བཞིན་དུས་ད་ལྟར་གནོད་པར་བྱ་བར་མི་ནུས་པ་ བཞིན་དུ། དུས་སམ་གནས་སྐབས་ཐམས་ཅད་དུ་མི་འགྱུར་བས་ན་བརྟེན་ཞེས་གསུངས་སོ། །འོ་ན་རྡོ་རྗེ་ཕ་ལམ་དེ་ལ་ཚུར་ལ་དང་། གང་གིས་ཀྱང་མི་གནོད་པར་འདུག་སྟེ། རྡོ་རྗེ་ཕ་ལམ་དེ་མཐུ་ཇི་ཙམ་དང་ལྡན་ཞེ་ན། དཔེར་ན་ཐོག་དང་འདྲ་སྟེ་དངོས་པོ་ཐམས་ཅད་འབིགས་པར་བྱེད་ པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཚུར་ལ་གནོད་པར་མི་འགྲོའམ་ཞེ་ན། མ་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་ཕ་ལམ་དེས། ཕར་མི་ཐམས་ཅད་འཇོམས་པར་ནུས་ལ། རང་ལ་ཚུར་གནོད་པར་མི་ནུས་པས་ན། ཐམས་ཅད་དུ་མ་ཕམ་པ་ཞེས་གསུངས་སོ། ། དཔེར་ན་རྡོ་རྗེ་ཕ་ལམ་ལ་གཞན་གྱིས་གནོད་པར་བྱ་བར་མི་ནུས་པ་དེ་བཞིན་དུ། སྟོང་པ་ཉིད་ཀྱི་རྡོ་རྗེ་དེ་ལ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱིས་མི་གནོད་པས་ན། མི་ཆོད་པ་ལ་སོགས་པ་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ལ་སྐྱེ་བ་སྔ་མ་ནས་འདི་རུ་སྐྱེས། འདི་ནས་ཕྱི་མར་སྐྱེ་ བས། སྐྱེ་བའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པས་ན། སྟོང་པ་ཉིད་ལ་སྐྱེ་བ་མེད་པས། སྐྱེ་བའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན། མི་ཆོད་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ལ་རྣམ་པ་གཞན་ནས་གཞན་དུ་འགྱུར་བ་ཡོད་པས། རྒས་པའི་སྡུག་བསྔལ་ གྱིས་བར་དུ་ཆོད་ཅིང་འདུག་པ་ལ། སྟོང་པ་ཉིད་དེ་ལས་རྣམ་པ་གཞན་ནས་གཞན་དུ་འགྱུར་བ་མེད་པས། རྒས་པའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན། མི་ཤིགས་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་དེ་ཉིད་མཚམས་སྦྱོར་བའི་ཚེ། སྐྱེ་གནས་ཀྱི་དང་པོར་མིང་ དང་གཟུགས་གྲུབ་ནས་ཐ་མར་མ་ཤིའི་བར་དུ་སྡུག་བསྔལ་རྣམ་པ་གསུམ་མམ། བརྒྱད་ལ་སོགས་པས་གདུངས་པས་ན། གནས་པའི་སྡུག་བསྔལ་གྱིས་བར་དུ་ཆོད་ཅིང་འདུག་པ་ལ། ཆོས་ཀྱི་སྐུ་སྟོང་པ་ཉིད་ལ་གཟུགས་ཀྱི་དངོས་པོར་གྲུབ་པ་མེད་པས། སྡུག་བསྔལ་རྣམ་པ་ གསུམ་དང་བརྒྱད་ལ་སོགས་པས་གཅོད་པར་མི་ནུས་པས་ན་བདེན་པ་ཞེས་གསུངས་སོ། །འདུས་བྱས་ཀྱི་དངོས་པོ་འདི་ཐ་མ་ཤི་ནས་རྒྱུན་ཆད་དེ་འགྲོ་བས་འཆི་བའི་དུས་ན་གནད་གཅོད་པའི་ཚོར་བའི་སྡུག་བསྔལ་ཡོད་པས་འཆི་བའི་སྡུག་བསྔལ་གྱིས་ཆོད་ཅིང་འདུག་པ་ལས། ཆོས་ཀྱི་སྐུ་ སྟོང་པ་ཉིད་ལ་སྐྱེ་བ་མེད་པས་ཐ་མ་འགགས་ཏེ་རྒྱུན་ཆད་པ་མེད་པས་འཆི་བའི་སྡུག་བསྔལ་གྱིས་བར་དུ་མི་ཆོད་པས་ན་སྲ་བ་ཞེས་གསུངས་སོ། །འོ་ན་སྟོང་པ་ཉིད་དེ་ལ་དུས་ད་ལྟར་སྡུག་བསྔལ་རྣམ་པ་བཞི་པོ་དེས་མི་གནོད་པར་འདུག་པ་ལ། ལོའམ་བསྐལ་པ་ཁོ་ནས་གནོད་པར་མི་ནུས་ སམ་ཞེ་ན། མ་ཡིན་ཏེ། དུས་ད་ལྟར་མི་གནོད་པ་བཞིན་དུ། དུས་དང་གནས་སྐབས་ཐམས་ཅད་དུ་གནོད་པར་མི་ནུས་པས་ན། བརྟན་པ་ཞེས་གསུངས་སོ། །འོ་ན་སྟོང་པ་ཉིད་དེ་ལ། སྡུག་བསྔལ་རྣམ་པ་བཞི་པོ་དེ་དག་གིས་ཀྱང་གནོད་པར་མི་ནུས་པར་འདུག་སྟེ། ཆོས་ཀྱི་སྐུ་སྟོང་པ་ ཉིད་དེ་མཐུ་ཇི་ཙམ་དང་ལྡན་ཞེ་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་དེས་ནི། །བདག་དང་གཞན་ཡང་འཇིག་པར་བྱེད། །འཁོར་བ་དང་མྱ་ངན་ལས་འདས་པ་ཡང་འཇིག་པར་བྱེད། །གཟུང་བ་དང་འཛིན་པ་ཡང་འཇིག་པར་བྱེད། །དངོས་ པོ་ལས་མངོན་པར་ཞེན་པ་ཐམས་ཅད་འཇིག་པར་བྱེད་པས་ན། ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་གསུངས་སོ། །དེ་ལ་ཚུར་ལ་གནོད་པར་མི་ནུས་སམ་ཞེ་ན། མ་ཡིན་ཏེ། དེས་ན་མ་ཕམ་པ་ཞེས་གསུངས་ཏེ། ཆོས་ཀྱི་སྐུ་སྟོང་པ་ཉིད་དེ་ལ་ཚུར་ལ་གང་གིས་ཀྱང་གནོད་ པར་མི་ནུས་ལ། ཕར་ལ་ཐམས་ཅད་འཇོམས་པས་ན་མ་ཕམ་པ་ཞེས་གསུངས་སོ། །དེས་ན་སྟོང་པ་ཉིད་དེ་རིན་པོ་ཆེའི་རྡོ་རྗེ་ཕ་ལམ་དང་ཆོས་མཐུན་པས་ན། སྟོང་པ་ཉིད་ལ་རྡོ་རྗེ་ཞེས་བཏགས་སོ། །སྟོང་པ་ཉིད་ལ་རྡོ་རྗེར་བཏགས་པའི་དགོས་པ་ནི། སྟོང་པ་ཉིད་དེ་ལ་ཡང་ཡོན་ཏན་ དེ་ཚོ་དང་ལྡན་པར་ཤེས་པར་བྱ་བའི་དགོས་པའོ། །དེ་ལྟར་ཤེས་པ་དེ་ཐོབ་པར་བྱ་བའི་དོན་དུ་གཞན་དག་སྒྲུབ་པ་དང་། སྒོམ་པ་ལ་འཇུག་པར་འགྱུར་བའི་དགོས་པའོ། །དེས་ན་སྟོང་པ་ཉིད་ལ་རྡོ་རྗེ་ཞེས་གསུངས་སོ། །རྣམ་པར་འཇོམས་པ་ཞེས་པ་ནི། གཟུགས་སྐུ་རྣམ་ པ་གཉིས་ཀྱིས་མཛད་པ་བཞི་བསྟན་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་པས་ན་རྣམ་པར་འཇོམས་པ་ཞེས་གསུངས་སོ། །འོ་ན་རྣམ་པར་འཇོམས་པ་ནི་མངོན་སྤྱོད་ཀྱི་མིང་གི་རྣམ་གྲངས་ཡིན་ན། མཛད་པ་རྣམ་པ་བཞི་ལ་རྣམ་པར་འཇོམས་པའི་མིང་གིས་སྟོན་པ་ཅིའི་ཕྱིར་ཞེ་ན། དེ་ནི་རྒྱུད་འདི་ ནས་སྟོན་པའི་མཛད་པ་བཞི་པོ་འདི་ནི། རྒྱུད་གཞན་ནས་བཤད་པའི་མཚན་ཉིད་མ་ཡིན་ཏེ། འདི་ནས་བསྟན་པ་ནི་དྲག་པོའི་ལས་རྣམས་དང་དབྱེ་བ་ཡིན་ཏེ། དྲག་པོའི་སྒོ་ནས་ཞི་བ་དང་དབང་དང་རྒྱས་པར་འགྱུར་རོ། །དེས་ན་མཛད་པ་རྣམ་པ་བཞིའི་རྣམ་པར་འཇོམས་པ་ཞེས་གསུངས་ པ་མི་འགལ་ལོ། །གཟུངས་ལ་གཉིས་ཏེ། རིག་སྔགས་ཀྱི་གཟུངས་དང་། གསང་སྔགས་ཀྱི་གཟུངས་ལས། འདི་ནི་གསང་སྔགས་ཀྱི་གཟུངས་ཞེས་བྱའོ། །དེ་ལ་ཡང་གསུམ་སྟེ། ངོ་བོ་དང་ངེས་ཚིག་དང་། དབྱེ་བའོ། །གཟུངས་ཀྱི་ངོ་བོ་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་ པ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པ་སྟེ། །སྟོང་པ་ཉིད་སྙིང་རྗེའི་སྙིང་པོ་ཅན་ནོ། །ཐ་མ་གཉིས་ནི་སྒོ་མཐའ་ཡས་པའི་གཟུངས་འགྲེལ་ལས། གཟུངས་ནི་རྣམ་གསུམ་གང་ཕྱིར་གཟུངས། །དོན་དང་ཚིག་དང་གཉི་གའི་གཟུངས། །ལེགས་པ་ལས་ནི་ཉམས་པ་ལས། །འཛིན་ པར་བྱེད་པ་དེ་ཕྱིར་གཟུངས། །ཞེས་གསུངས་སོ། །དབྱེ་བ་ནི་གསུམ་སྟེ། དོན་དང་ཚིག་དང་གཉི་གའི་གཟུངས་སོ། །དོན་གྱི་གཟུངས་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནས། བདུད་རྩི་འཁྱིལ་པས་བསྡུས་ཤིག་པའི་བར་དུའོ། །རྒྱས་པར་འདིའི་ འགྲེལ་པ་གཞན་ལས་གསལ་ལོ། །ཚིག་གི་གཟུངས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུའོ། །གཉི་གའི་གཟུངས་ནི། མིང་དོན་གཅིག་ཏུ་བསྲེས་ནས། སྒྲ་དང་དོན་དུ་སྦྲེལ་ནས་འཛིན་པའོ། །ཡང་ཨ་ལ་སོགས་པའི་དབྱངས་ཡིག་ལ་ནི་དོན་གྱི་གཟུངས་ ཞེས་བྱ་ལ། ཀ་ལ་སོགས་པའི་གསལ་བྱེད་ལ་ནི་ཚིག་གི་གཟུངས་ཞེས་བྱའོ། །ཨ་དང་ཀ་གཉི་ག་ཐ་མི་དད་པ་ལ་ནི་གཉི་གའི་གཟུངས་ཞེས་བྱའོ། །ངེས་པའི་ཚིག་ནི་ལེགས་པ་ལས་ནི་ཉམས་པས་ན། འཛིན་པར་བྱེད་པས་དེའི་ཕྱིར་གཟུངས། །ཞེས་གསུངས་པས། ཐར་པ་དང་མཐོ་རིས་ ཐོབ་པར་བྱེད་པའི་རྒྱུ། གསང་སྔགས་ཀྱི་དམ་ཚིག་དང་། ཉན་ཐོས་ཀྱི་འདུལ་ཁྲིམས་དང་། བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སེམས་དཔའོ། །དེ་ཚོ་ལས་ཉམས་ན་ངན་འགྲོར་འགྲོ་བ་སྟེ། འདིའི་ཆོ་ག་ཕུན་སུམ་ཚོགས་པ་བྱས་ཏེ། ཁྲུས་བྱས་ལ་དམ་ཚིག་ཉམས་པ་ལ་སོགས་པ་ སླར་གསོས་ཏེ། དེ་རུ་འགྲོ་རུ་མི་སྟེར་བས་ན། འཛིན་པར་བྱེད་པ་ཞེས་གསུངས་སོ། །ཡང་ན་དོན་ཚིག་མང་པོ་འཛིན་པས་གཟུངས་སོ། །རྡོ་རྗེ་རྩེ་མོ་ལས་དགེ་བའི་ཆོས་ཐམས་ཅད་ཀྱི་རྟེན་པ་བྱེད་པས་ན་ཡང་གཟུངས་སོ། །ཡང་ན་མི་བརྗེད་པའི་དོན་གྱིས་ན་གཟུངས་ཞེས་བྱའོ། །སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་པ་ནི། སངས་ཞེས་བྱ་བ་ནི། ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་ནས། མ་རིག་པའི་གཉིད་ལས་སངས་པས་ན་སངས་ཞེས་བྱའོ། །དཔེར་ན་སྐྱེས་བུ་གཉིད་ལས་སངས་པ་བཞིན་ནོ། །རྒྱས་ཞེས་བྱ་བ་ནི། ཤེས་བྱ་མཐའ་དག་ལ་ཡེ་ཤེས་རྒྱས་པས་ན་རྒྱས་ཞེས་གསུངས་སོ། །དཔེར་ན་ཀུ་མུ་ད་རྒྱས་པ་ལྟ་བུའོ། །སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའོ། །ཉེས་པའི་སྐྱོན་ཐམས་ཅད་བྱང་ཤིང་ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་ངོ་བོར་ཆུབ་པས་ན་བྱང་ཆུབ་བོ། །འགྲོ་བའི་དོན་ལ་སེམས་ པས་ན་སེམས་སོ། །བདུད་དང་མུ་སྟེགས་ཐམས་ཅད་ཚར་གཅོད་པས་ན་དཔའ་བའོ། །ཡང་བདེ་བ་གཉིས་ཀྱི་དོན་ལ་ཡང་ནས་ཡང་དུ་བྱ་ཞིང་བདེན་པ་གཉིས་ཀྱི་དོན་ལ་ཆུབ་པས་ན་བྱང་ཆུབ་བོ། །བདེན་པ་གཉིས་ཀྱི་དོན་ལ་ཡང་ནས་ཡང་དུ་སེམས་པས་ན་སེམས་དཔའ་ཞེས་བྱའོ། ། དེའི་དོན་ལ་སྲན་ཚུགས་པས་ན་དཔའ་ཞེས་བྱའོ། །ཡང་ན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཅེས་པ། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་ན་བྱང་ཞེས་བྱ་ལ། ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྟོགས་པས་ན་ཆུབ་ཅེས་བྱའོ། །སེམས་ཞེས་བྱ་བ་ནི། ཡེ་ཤེས་ ཆེན་པོས་ཆོས་ཀྱི་དབྱིངས་ལ་སེམས་པ་དང་། ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་སེམས་པས་ན་སེམས་ཤེས་བྱའོ། །དཔའ་བ་ནི་བླ་ན་མེད་པའི་བྱང་ཆུབ་སྒྲུབ་ཅིང་སེམས་ཅན་གྱི་དོན་བྱ་བ་ལ་ཕྱིར་མི་ལྡོག་ཅིང་སྲན་ཚུགས་པས་ན་དཔའ་བའོ། །ཐམས་ཅད་ཅེས་བྱ་ནི་རྒྱུ་དང་འབྲས་བུར་བཅས་པའི་བྱང་ཆུབ་ སེམས་དཔའ་ཐམས་ཅད་དོ། །ཕྱག་འཚལ་ཞེས་པ་ནི་ལུས་ངག་ཡིད་གསུམ་དང་བས་སོ། །ལོ་ཞེས་བྱ་བ་ནི་ཤིས་པ་བརྗོད་པའོ། །དེས་ནི་རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་པའི་སྒོ་ནས་མཚན་གྱི་དོན་བཤད་ཟིན་ཏོ།། །།ད་ནི་རྒྱུད་རྒྱས་པར་བཤད་པར་བྱ་སྟེ། དེ་ལ་ཡང་གཉིས་ཏེ། རྒྱུད་འབྱུང་བའི་ གླེང་གཞི་ཕུན་སུམ་ཚོགས་པ་དང་བཅས་ཏེ་བསྟན་པ་དང་། རྒྱུད་དངོས་བསྟན་པའོ། །དང་པོ་ལ་གཉིས་ཏེ་རྐྱེན་གླེང་སློང་བ་དང་། གླེང་གཞི་དངོས་སོ། །དེ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་པས་ནི། རྐྱེན་གླེང་སློང་བ་བསྟན་ཏོ། །དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། གླེང་གཞི་དངོས་བསྟན་ཏོ། །བཅོམ་ལྡན་ འདས་རྩྭ་མཆོག་གི་གྲོང་ཁྱེར་དུ་མྱ་ངན་ལས་འདའ་ཀར། འཁོར་རྣམས་ཀྱིས་ཞུས་པ། བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ན། ངེད་ཀྱི་སྟོན་པ་ནི་སུས་བྱེད། གནས་ནི་སུ་ལ་འཆའ། མུ་སྟེགས་ཀྱི་སྟོན་པ་དྲུག་ནི་སུས་འདུལ། སྡེ་སྣོད་བསྡུས་པའི་དབུར་ནི་ཇི་སྐད་བྱ་ཞེས་ཞུས་པས། གསུངས་པ། ཁྱེད་ཀྱི་སྟོན་པ་ནི་སོ་སོར་ཐར་པ་འདི་ཉིད་ཀྱིས་གྱིས་ཤིག་ཅེས་གསུངས་ཏེ། དེ་ཡང་། ང་ནི་མྱ་ངན་འདས་གྱུར་ན། །འདི་ནི་ཁྱེད་ཀྱི་སྟོན་པ་ཞེས། །རབ་བྱུང་ཉིད་ཀྱིས་གུས་བཅས་པར། །ནན་ཏན་དགེ་འདུན་ཚོགས་མདུན་བསྟོད། །ཅེས་གསུངས་སོ། །གནས་ནི་དྲན་པ་དང་ཤེས་བཞིན་ལ་ཆོས་ཤིག་ཅེས་གསུངས་སོ། །མུ་ སྟེགས་ཀྱི་སྟོན་པ་དྲུག་ནི་རང་ཞིར་འགྲོའོ་གསུང་ངོ་། །སྡེ་སྣོད་བསྡུས་པའི་དབུར་ནི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ག་གེ་མོ་ན་བཞུགས་ཏེ། འཁོར་འདི་དང་ཐབས་ཅིག་ཏུ་བཞུགས་ཏེ་ཞེས་གྱིས་ཤིག །ཅེས་མྱ་ངན་ལས་འདས་པའི་མདོ་ལས་གསུངས་སོ། །རྒྱུད་ཀྱི་རྒྱུར་འགྲོ་བའི་རྒྱུ་ མཚན་ནི། འདི་སྐད་བདག་གིས་ཐོས་པ་བྱ་བས། འོད་སྲུངས་ལ་སོགས་པའི་འཁོར་རྣམས་ལ། རྣམ་པར་རྟོག་པ་རྣམ་པ་ལྔ་སྐྱེས་ཏེ། དྲི་བ་ལྔ་ཞུས་ཏེ། འདི་སྐད་བདག་གིས་ཐོས་ཟེར་བ། དུས་གང་གི་ཚེ་ཐོས། སྟོན་པ་གང་ལ་ཐོས། གནས་གང་དུ་ཐོས། འཁོར་གང་དང་ལྷན་ཅིག་ཏུ་ཐོས། བརྗོད་བྱ་ཕུན་སུམ་ཚོགས་པ་གང་ལ་ཐོས། བརྗོད་ཅེས་དྲིས་སོ། །དེའི་ལན་དུ་གླེང་གཞི་བྱུང་ངོ་། །ད་ནི་ཚིག་གི་དོན་བཤད་དེ། འདི་སྐད་ཅེས་པ་ནི་ངེས་པར་བྱས་ནས་རང་དང་གཞན་རྗེས་སུ་མཐུན་པའི་ཤེས་པས། ངེས་པར་བཟུང་བའི་རྒྱུད་ཀྱི་དོན་མ་ལུས་པར་ངེས་པར་སྟོན་པ་ལ། གཅིག་ཏུ་ངེས་པར་བྱས་ནས་ཕྱིན་ཅི་མ་ལོག་པར་སྨྲ་བའོ། །བདག་གིས་ཐོས་ཞེས་བྱ་བ་ནི། བདག་ ཉིད་ཀྱིས་མངོན་སུམ་དུ་ཐོས་པ་སྟེ། བཅོམ་ལྡན་འདས་ལས་བདག་ཉིད་ཀྱིས་མིང་དང་དོན་དང་གཞུང་འདི་དག་ཐོས་ཀྱི་བདག་གིས་རང་དགར་བྱས་པ་ནི་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་ལྟར་བསྡུས་པ་ཡིན་པར་ཤེས་སོ། །དེ་ལྟར་ཤེས་པས་ཤུགས་ལ་རང་དགར་ བྱས་ལ་བཀག་གོ། །དེ་ལྟར་བསྡུས་ནས་འདུག་པས་བསྒྲུབས་ན་འབྲས་བུ་ཡང་འབྱུང་ལ། དངོས་པོའི་གནས་ལུགས་ཀྱང་སྟོན་པར་ཤེས་ནས་གང་ཟག་རྣམས་འཇུག་པར་འགྱུར་རོ། །ཡང་ན་བདག་གིས་ཐོས་ཞེས་པས། བདག་རང་གི་མོས་པའི་དབང་གིས་ཐོས་ཀྱི། གཞན་ གྱིས་ནི་གཞུང་གཞན་དུ་ཡང་ཡིན་ཏེ། འཆད་པར་འགྱུར་བའི་འཁོར་བསྟན་པས་སོ། །འདི་ནི་གཞན་དང་ལྡན་པ་རྣམ་པར་གཅོད་པ་སྤངས་པ་ཡིན་ནོ། །སློབ་དཔོན་མ་ཁོལ་གྱིས་ཀྱང་། གསུང་གཅིག་གིས་ཀྱང་བསྟན་མོད་ཀྱང་། །དུ་མ་ཉིད་དུ་རྟོགས་མཛད་པར། །བདག་ལ་ཉེ་ བར་སྟོན་ནོ་ཞེས། །སྐྱེ་བོ་ཀུན་གྱིས་ཤེས་པར་འགྱུར། །ཞེས་གསུངས་སོ། །བཅོམ་ལྡན་འདས་ལ་གསུང་གི་ཆེ་བ་མང་པོ་ཡོད་པར་བསྟན་ཏེ། གསུང་གཅིག་ལ་ཡང་དུ་མར་སྣང་བའོ། །ཡང་ན་བདག་གིས་ཐོས་ཞེས་པ། །འཆད་པར་འགྱུར་བའི་བཅོམ་ལྡན་འདས་ལས། འཇིག་རྟེན་དབང་ཕྱུག་ལ་སོགས་པ་ལས་གཅིག་ནས་གཅིག་ཏུ་བརྒྱུད་ནས་ཐོས་པ་ཡང་མ་ཡིན་ཏེ། དངོས་སུ་བཅོམ་ལྡན་འདས་ལས་ཕྱག་ན་རྡོ་རྗེ་ཉིད་ཀྱིས་ཐོས་ཞེས་བྱ་བར་ཤེས་སོ། །དེ་ལྟར་ཤེས་པས་ཤུགས་ལས་བརྒྱུད་ནས་ཐོས་པ་བཀག་གོ། །ཐོས་པ་ཞེས་བྱ་བ་ནི། བདག་ ཉིད་ཉན་པའི་དུས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་བསྟན་ལ་སྡུད་པའི་དུས་ནས་སངས་རྒྱས་ཉིད་ཡིན་ནོ། །འདི་ནི་བཟླས་ནས་བསྟན་པས་ཤིན་ཏུ་ཡང་ཚད་མ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །མངོན་སུམ་དུ་ཐོས་པ་ལ་ཡང་འདི་ལྟར་ཤེས་པར་བྱ་སྟེ། སློབ་དཔོན་མེད་པར་འདིའི་བྱ་བ་ མི་བྱའོ་ཞེས་ཡང་དག་པར་གསུངས་པར་ཤེས་པར་བྱའོ། །དེ་ལྟར་བསྟན་ནས་གང་གི་ཚེ། གང་ལས་གང་དུ་གང་དང་ལྷན་ཅིག་ཐོས་པ་དེ་དང་། དེའི་རིམ་པ་བཞིན་བསྟན་པའི་ཕྱིར། དུས་གཅིག་ན་ཞེས་བྱ་བ་བསྟན་ཏེ། འདི་ཤིན་ཏུ་དཀོན་པ་ཉིད་དང་། བདག་ཉིད་མང་ དུ་ཐོས་པ་ཉིད་དུ་སྒྲུབ་པར་བྱེད་དོ། །ཡང་ན་དུས་གཅིག་ན་ཞེས་པ་ཆོས་དང་སྦྱར་ན། དུས་གཅིག་གི་ཚེ་ན་བདག་གིས་འདི་ཐོས་བྱས་ནས། འདི་ལྟ་བུའི་ཕྱིན་ཅི་མ་ལོག་པའི་ངོ་མཚར་ཆེ་བའི་ཆོས་ནི་དུས་གཞན་གྱི་ཚེ་བསྟན་པ་མི་སྲིད་པའི་ཕྱིར་རོ་ཞེས་པས་ཡང་ནས་ཡང་དུ་འབྱུང་བར་དཀའ་ བར་ཤེས་སོ། །ཤུགས་ལས་ལན་གཅིག་ལས་ལན་གཉིས་སམ་གསུམ་དུ་གསུངས་པ་བཀག་གོ། །ཡང་ན་དུས་གཅིག་ན་ཞེས་པ་གང་ཟག་དང་སྦྱར་ན་དུས་གང་གི་ཚེ་བདག་གིས་འདི་ཐོས་ཀྱིས། གཞན་གྱི་ཚེ་གཞན་དང་གཞན་པའི་མདོ་ཐོས་སོ་ཞེས་མང་དུ་ཐོས་པ་ཉིད་དུ་བསྟན་ ཏེ། སྟོན་པས་ཀྱང་ལན་གཅིག་ལས་མ་གསུངས་པར་འདུག་ལ། ཉན་པའི་འཁོར་གྱིས་ཀྱང་ལན་གཅིག་ལས་མ་ཐོས་པར་འདུག་པ་ལ། གཟུངས་འདི་བསྡུས་ནས་འདུག་པས་གང་ཟག་འདི་ནི་མི་བརྗེད་པའི་གཟུངས་ཐོབ་པ་དང་ལྡན་པའི་གང་ཟག་གཅིག་ཏུ་འདུག་པར་ཤེས་ སོ། །དེ་ལྟར་ཤེས་པས་གང་ཟག་འདི་ནི་གཟུངས་ཐོབ་པ་དང་ལྡན་པ་གཅིག་ཏུ་འདུག་པས། བཅོམ་ལྡན་འདས་ཀྱིས་གསུངས་པ་ཁོ་ན་ལྟར་བསྡུས་པ་ཡོད་པས། བསྒྲུབས་ན་ནུས་པ་ཡང་འབྱུང་ལ། དངོས་པོ་གནས་ལུགས་ཀྱང་ཡིན་པར་ཤེས་ནས་གང་ཟག་རྣམས་འཇུག་ པར་འགྱུར་རོ། །ཤུགས་ལས་ལན་གཉིས་གསུམ་དུ་ཐོས་པ་བཀག་གོ། །ད་ནི་གླེང་གཞི་དངོས་རྒྱུད་ཀྱི་རྒྱུ་རུ་འགྲོ་བ་བསྟན་ཏེ། དེ་ལ་གླེང་གཞི་ཕུན་སུམ་ཚོགས་པ་ནི། དུས་དང་སྟོན་པ་དང་། གནས་དང་། འཁོར་དང་། ཆོས་ཕུན་སུམ་ཚོགས་པའོ། །རྒྱུད་གསུངས་པ་དེ་ ཡང་དུས་ཁྱད་པར་དུ་འཕགས་པ་ཅིག་ཡོད་ན་གསུང་། མེད་ན་མི་གསུང་བས་ན། དུས་ཕུན་སུམ་ཚོགས་པ་རྒྱུད་འབྱུང་བའི་རྒྱུར་གསུངས་སོ། །གང་གི་ཚེ་གསུངས་ན་བདུད་བཏུལ་བའི་དུས་ན་གསུངས་སོ། །དེས་ན་དུས་གཅིག་ན་ཞེས་གསུངས་སོ། །དེ་ཡོད་ཀྱང་འཆད་པ་པོའི་ སྟོན་པ་ཁྱད་པར་ཅན་ཅིག་ཡོད་ན་གསུང་། མེད་ན་མི་གསུང་བས་ན་སྟོན་པ་ཕུན་སུམ་ཚོགས་པ་རྒྱུད་འབྱུང་བའི་རྒྱུར་གསུངས་སོ། །གང་ལས་ཞེས་དྲིས་ན་བཅོམ་ལྡན་འདས་ལས་ཞེས་གསུངས་ཏེ། བཅོམ་ཞེས་པ་ནི་བདུད་བཞི་བཅོམ་སྟེ། དེ་ཡང་། ཉོན་མོངས་བདུད་སོགས་ འཇོམས་པ་དང་། །བཅོམ་པའི་ཕྱིར་ན་བཅོམ་པར་བཤད། །ཉོན་མོངས་ཤེས་རབ་དང་འབྲེལ་པས། །དེ་བས་ཤེས་རབ་བཅོམ་པར་བཤད། །ཅེས་གསུངས་སོ། །བདུད་བཞི་ནི་ཕུང་པོ་དང་། འཆི་བདག་དང་། ལྷའི་བུ་དང་། ཉོན་མོངས་པའི་བདུད་དོ། །དེ་བཅོམ་པའོ། །བདུད་བཞི་ བཅོམ་པ་ལ་ལུགས་གཉིས་ཏེ་གཟུགས་སྐུ་དང་། ཆོས་སྐུའོ། །དང་པོ་ཉོན་མོངས་པའི་བདུད་བཅོམ་པ་ནི། སྤང་བྱ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་སྤངས་པའོ། །ཕུང་པོའི་བདུད་བཅོམ་པ་ནི་ཟག་བཅས་ཀྱི་ཕུང་པོ་མི་ལེན་པ་ཙམ་མོ། །ལྷའི་བུའི་བདུད་བཅོམ་པ་ནི་རྡོ་རྗེ་ གདན་གྱི་སྤོ་ལ་བདུད་བཏུལ་བའོ། །འཆི་བདག་གི་བདུད་བཅོམ་པ་ནི་འཇིག་རྟེན་པ་རྟག་ཏུ་རེ་བ་སུན་འདོན་པའི་དོན་དུ། ལོ་བརྒྱད་ཅུ་ཐམ་པ་ལ་སྐུ་མྱ་ངན་ལས་འདས་པ་ལ་བྲམ་ཟེ་སུ་ཀ་ཏོས་སྐྱེ་བ་འཕྱི་ནས། དཀར་པོའི་ཆོས་མ་ཤེས་ནས། དེས་མེ་ཏོག་ཨུཏྤ་ལ་ལྔ་ཕུལ་ནས། མྱ་ངན་ ལས་མི་འདའ་བར་གསོལ་བ་བཏབ་པས། ལོ་གཉིས་དེའི་ངོར་བཞུགས་ནས། བརྒྱད་ཅུ་རྩ་གཉིས་ལ་མྱ་ངན་ལས་འདས་ཏེ། ཚེ་ལ་དབང་ཐོབ་པས་འཆི་བདག་གི་བདུད་བཅོམ་མོ། །ཆོས་སྐུས་བདུད་བཅོམ་པ་ནི། ལྷའི་བུའི་བདུད་དང་། ཉོན་མོངས་པའི་བདུད་བཅོམ་པ་འདྲའོ། ། ཕུང་པོའི་བདུད་བཅོམ་པ་ནི་ཟག་བཅས་ཀྱི་དངོས་པོ་ཐམས་ཅད་འགགས་པའོ། །ཆོས་སྐུ་ལ་འགག་པ་མེད་པས་འཆི་བདག་གི་བདུད་བཅོམ་པའོ། །ལྡན་ཞེས་པ་ནི། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་ པ་སྟེ། །དྲུག་པོ་དེ་ལ་ལྡན་ཞེས་བྱ། །དབང་ཕྱུག་ཅེས་པ་ནི། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བྱ་སྟེ། དག་པའི་ཁམས་དང་། མ་དག་པའི་ཁམས་གཉིས་ལས། མ་དག་པའི་ཁམས་ནི་སོ་སོའི་སྐྱེ་བོའི་ཆོས་ཉིད་དེ། དེ་ལ་དམིགས་ནས་བསྒོམས་ན་ཐུན་མོང་དང་། ཐུན་མོང་མ་ཡིན་ པའི་ཡོན་ཏན་སྐྱེད་པ་ལ་དབང་བྱེད་པས་དབང་ཕྱུག་ཅེས་བྱའོ། །དག་པའི་ཁམས་ཞེས་བྱ་བ་ནི་ཕྱུག་པོ་ནོར་ལ་དབང་བྱེད་པ་བཞིན་དེ་བཞིན་གཤེགས་པའི་རྒྱུད་ལ་ལྡན་པའི་ཡོན་ཏན་ལ་དབང་སྦྱོར་བའི་ཚུལ་དུ་དབང་བྱེད་པས་ན་དབང་ཕྱུག་ཅེས་བྱའོ། །གཟུགས་བཟང་ ཞེས་པ་ནི། མེ་ལོང་ལྟ་བུའི་ཡེ་ཤེས་ལ་བྱ་སྟེ། །འབྲས་བུའི་མིང་རྒྱུ་ལ་བཏགས་ནས། །གཟུགས་བཟང་ཞེས་བྱའོ། །གཟུགས་བཟང་བ་ནི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་འགྲོ་བ་སེམས་ཅན་རྣམས་ལ་མོས་པ་ཇི་ལྟ་བ་བཞིན་དུ། སངས་རྒྱས་ཀྱི་སྐུ་ངེས་ པར་བསྟན་པར་མཛད་པ་སྟེ། ཁ་ཅིག་གིས་དེ་བཞིན་གཤེགས་པ་ལ་ཁ་དོག་སྔོན་པོར་མཐོང་། །ཁ་ཅིག་གིས་ཁ་དོག་སེར་པོར་མཐོང་། འགྲོ་བ་གང་ལ་གང་འདུལ་བ་དེ་དང་དེར་སྣང་བ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་གིས་བྱུང་བས་ན། དེ་ལ་གཟུགས་བཟང་ཞེས་བྱའོ། །དེ་ལ་ གཟུགས་བཟང་ཞེས་བཏགས་པའི་དགོས་པ་ནི། སེམས་ཅན་ལ་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུར་སྣང་བ་དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་དབང་གིས་འབྱུང་བར་ཤེས་པར་དགོངས་སོ། །དཔལ་དང་གྲགས་དང་ཞེས་བྱ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་ གནས་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་ས་དང་པོ་མཐོང་ནས་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་པའི་དུས་སུ། བདག་དང་སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཀྱི་ཤེས་པ་ཐོབ་ནས། བདག་སྡུག་བསྔལ་ལས་ཐར་བར་འདོད་ཅིང་ བདེ་བ་འདོད་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ལ། བདེ་བ་ལ་དགོད་པས་ན་བདེ་བ་དང་ཕན་པ་སྐྱེད་པར་བྱེད་པའི་རྒྱུ་ཡིན་པས་ན་དཔལ་ཞེས་བྱའོ། །བདག་དང་གཞན་མཉམ་པོར་བྱེད་པས་སྐྱེས་བུ་འདི་འདྲ་བའི་འཇིག་རྟེན་གྱི་ཁམས་ན་མེད་དོ་ཞེས་ཕྱོགས་བཅུར་ སྙན་པ་ཆེན་པོ་དང་། གྲགས་པ་ཕུན་སུམ་ཚོགས་པ་འབྱུང་བས་ན་འདི་ལ་གྲགས་ཞེས་བརྗོད་དོ། །འབྲས་བུའི་མིང་རྒྱུ་ལ་བཏགས་སོ། །ཡེ་ཤེས་ཞེས་བྱ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །བརྩོན་འགྲུས་ཕུན་སུམ་ཚོགས་པ་ཞེས་བྱ་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ལ་བྱ་སྟེ། འཇིག་རྟེན་ གྱི་ཁམས་ཐམས་ཅད་དུ་སྤྲུལ་པ་རྣམ་པ་སྣ་ཚོགས་པ་དཔག་ཏུ་མེད་པ་བསམ་གྱིས་མི་ཁྱབ་པས་སེམས་ཅན་གྱི་དོན་མཛད་དེ། དེས་ན། བྱང་ཐང་ཆེན་པོའི་མེ་དང་འདྲ། །གསུང་ངོ་། །དེ་དྲུག་གི་སྐལ་བ་དང་ལྡན་པས་སོ། །འདས་ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་ནས་མི་གནས་ པའི་མྱ་ངན་ལས་འདས་པ་ཆེན་པོས་ཆོས་ཀྱི་སྐུ་ཐུགས་སུ་ཆུད་པ་དང་། སྙིང་རྗེ་ཆེན་པོས་སེམས་ཅན་ལ་ཆགས་པས་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་མི་འདའོ། །ཤེས་རབ་ཆེན་པོས་སེམས་ཅན་གྱི་དོན་བྱེད་ཅིང་འཁོར་བ་ན་གནས་ཀྱང་དེའི་ཉེས་པས་མི་གོས་ཏེ། དཔེར་ན་པདྨ་འདམ་ལ་ གནས་ཀྱང་དེ་ཡིས་མི་གོས་པ་དང་འདྲའོ། །དེ་གཉིས་ཡོད་ཀྱང་གནས་ཁྱད་པར་དུ་འཕགས་པ་ཅིག་ཡོད་ན་གསུང་མེད་ན་མི་གསུང་པ་ན། དེ་དེའི་རྒྱུ་རུ་གསུངས་སོ། །གནས་གང་དུ་ཐོས་ཞེས་འདྲི་ན། རྡོ་རྗེ་ལ་བཞུགས་ཏེ། ཞེས་གསུངས་སོ། །དེ་ནས་གནས་ནི་རྡོ་རྗེའི་གདན་བྱང་ཆུབ་ ཀྱི་ཤིང་དྲུང་ངོ་། །དེ་གསུམ་ཀ་ཡོད་ཀྱང་རྒྱུད་བཤད་པའི་སྣོད་དུ་རུང་བ་ཅིག་མེད་ན་མི་གསུང་ངོ་། །ཡོད་ན་གསུང་བས་ན། དེ་དེའི་རྒྱུ་རུ་གསུང་ངོ་། །གང་དང་ལྷན་ཅིག་ཐོས་ཞེས་འདྲི་ན། བདག་གིས་ཐོས་ཞེས་གསུང་ངོ་། །འཁོར་ནི་བདུད་བཏུལ་བའི་དུས་ཀྱི་ཚེ་ན་ཡོད་པའི་ཕྱག་ན་རྡོ་རྗེ་ ལ་སོགས་པ། ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་། ལྷ་མ་སྲིན་སྡེ་བརྒྱད་ལ་སོགས་པའོ། །དེ་བཞི་ཀ་ཡོད་ཀྱང་ཆོས་ཕུན་སུམ་ཚོགས་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། །དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་ དག་པ། ཡོངས་སུ་བྱང་བ། ཡོངས་སུ་རྫོགས་པ། གསལ་བ། ཚངས་པར་སྤྱོད་པ་ལ་སོགས་པ་ཅིག་ཡོད་ན་གསུང་། མེད་ན་མི་གསུང་བས་ན་དེའི་རྒྱུ་རུ་གསུངས་སོ། །གླེང་གཞི་གསུངས་པའི་དགོས་པ་ནི། ཕྱི་རབས་ཀྱི་གང་ཟག་རྣམས་འཇུག་པར་འགྱུར་བའི་དགོས་པའོ། ། རྒྱུད་འབྱུང་བའི་རྒྱུ་གླེང་གཞི་ཕུན་སུམ་ཚོགས་པ་རྐྱེན་གླེང་སློང་བ་དང་བཅས་པ་བཤད་ཟིན་ཏོ།། །།ད་ནི་རྒྱུད་དངོས་སྟོན་ཏེ། དེ་ལ་བཞི་སྟེ། བསྙེན་སྒྲུབ་རྣམ་པ་གཉིས་ཀྱི་སྔོན་དུ་འགྲོ་བའི་ཆོ་ག་ཡན་ལག་དྲུག་གིས་བདག་ཉིད་ལྷར་ཇི་ལྟར་བསྐྱེད་པའི་ཚུལ་བསྟན་པ་དང་། བསྙེན་སྒྲུབ་གང་གི་དོན་དུ་བྱ་བའི་གདུལ་བྱ་བསྟན་པ་དང་། བསྙེན་པའི་དུས་སུ་མཆོག་ཏུ་སྒྲ་ལ་གནས་པའི་བསམ་གཏན་ལ་བཅོམ་ལྡན་འདས་དགྱེས་པས། སྒྲ་ལ་གནས་པའི་བསམ་གཏན་བྱ་བར་བསྟན་པ་དང་། སྒྲུབ་པའི་དུས་སུ་བུམ་པའི་མཚན་ཉིད་བཟླས་ བརྗོད་བྱ་བའི་གྲངས་ངེས་པས་ཁྲུས་བྱ་བའི་གང་ཟག་ཉེ་བར་མཚོན་ཏེ་བསྟན་པའོ། །དེའི་དང་པོ་ལས་དཔྱོད་དམིགས་དྲུག་ཡོད་དེ་སྐབས་སྐབས་སུ་ངོ་སྤྲད་དོ། །གསང་སྔགས་སྤྱིའི་རྣམ་པར་གཞག་པ་ཅིག་བཤད་དེ། བསམ་གཏན་ཕྱི་མ་ལས། ལྷ་ཡི་སྐུ་ཡི་གནས་དེ་ལ། །དང་པོ་ ཁོ་ནར་མཆོད་ནས་ནི། །རྣལ་འབྱོར་གནས་བཅས་ཤེས་རབ་ཅན། །བདེ་གཤེགས་མདུན་དུ་བསམས་ན་ནི། །ཕྱི་ནས་ཡན་ལག་རྣམ་པར་གྲོལ། །མི་འབྱེད་འབྱེད་པ་རྣམ་པར་སྤངས། །ཕྲ་བ་མི་གཡོ་གསལ་བ་སྟེ། །བློ་ཡི་སྤྱོད་པ་མདུན་ན་གནས། །བདག་ཉིད་འདི་འདྲ་བཞག་ ནས་ནི། །གསང་སྔགས་རྣམ་པར་ཤེས་པས་བསྒོས། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །སྲོག་དང་རྩོལ་བ་རབ་ཏུ་བསྡུས། །གཉིད་སྤངས་ནས་ནི་རྣམ་པར་བསམ། །ཞེས་གསུངས་སོ། །དེ་ཡང་། ལྷ་ཡི་དྲུང་ནས་མཆོད་ནས་ནི། །བྱ་བའི་བར་ཚིག་རྐང་གཉིས་ཀྱིས་ ཚོགས་བསགས་པ་བསྟན་ཏོ། །རྣལ་འབྱོར་བྱ་བ་བསམས་ནས་ནི། །ཚིག་རྐང་གཉིས་ཀྱིས་ནི། འདུག་ཐབས་དང་གསོལ་བ་བཏབ་སྟེ། ཕྱི་ནས་བྱ་བ་ནས་བཞག་ནས་ནི་བྱ་བའི་བར་གྱིས་ཚིག་རྐང་ལྔ་ལས་མི་རྟོགས་པའི་ལྷ་བསྒོམ་པ་བསྟན་ཏོ། །གསང་སྔགས་རྣམ་པར་ཤེས་ པས་བསྒོས། །ཞེས་པ་ནི་བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བ་དང་། ལྷའི་གཞི་བསྒོམ་པ་བསྟན་ཏོ། །བསྡམས་ནས་ཏིང་ངེ་འཛིན་ལ་གནས། །ཞེས་པ་ནས། རྣམ་པར་བསམ་བྱ་བའི་ཚིག་རྐང་པ་གསུམ་གྱིས་ནི་ཏིང་ངེ་འཛིན་གྱི་ལྷ་བསྒོམ་པ་བསྟན་ཏོ། །སངས་རྒྱས་གསང་སྔགས་ ནི་དེ་དེ་ལྟར་གསལ་བར་བསམ་གཏན་ཕྱི་མའི་ཊཱི་ཀར་གསུང་ངོ་། །གཟུངས་འདི་དང་སྦྱར་ན། བཅོམ་ལྡན་འདས་བྱ་བ་ནས། བྱིན་གྱིས་བརླབས་ནས་ཞེས་པས་ལྷ་དྲུག་སྒོམ་པའི་སྔོན་དུ་གསོལ་བ་བཏབ་པ་བསྟན་ཏོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་པས་རྣམ་ པར་མི་རྟོག་པའི་ལྷ་བསྒོམ་པ་བསྟན་ཏོ། །དེ་ནས་ལག་ན་རྡོ་རྗེ་ཞེས་པ་ནས། རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ཞེས་པས་སྟོང་པ་ཉིད་ལས་སྡང་བའི་ཐབས་བསྟན་ཏོ། །རྡོ་རྗེ་སྙིང་པོས་ཞེས་པ་ནས། ལག་ན་རྡོ་རྗེས་རབ་ཏུ་སྨྲས་ཞེས་པས་ལྷ་དྲུག་གི་ཡོན་ཏན་བསྟན་ཏོ། །ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་བྱ་བའི་བར་དུ། སྒྲའི་ལྷ་དང་ཡི་གེའི་ལྷ་བསྟན་ཏོ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །བྱ་བ་ནས། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །བྱ་བས་གཟུགས་ཀྱི་ལྷ་བསྒོམ་པ་བསྟན་ཏོ། །ཕྱག་རྒྱ་ཏིང་ངེ་འཛིན་གྱི་ལྷ་ནི་སྤྱིའི་རྒྱུད་ལས་ཤེས་པར་བྱའོ། ། དེ་ལས་གཟུངས་འདིའི་མངོན་རྟོགས་ཀྱི་རིམ་པ་ཉམས་སུ་བླང་བ་ནི་དང་པོར་ཕྱི་ནང་གི་ཁྲུས་རྣམ་པ་གཉིས་བྱས་ལ། ཀུ་ཤའི་སྟེང་དུ་སྟན་བདེ་བ་ལ་ཉེ་བར་འདུག་སྟེ། དེའི་ཆར་གཏོགས་པ་འཐོར་འཐུང་དང་ཉེ་རེག་བྱས་ལ། བདག་ཉིད་སྐད་ཅིག་གིས་ལྷ་གང་རུང་དུ་བསྐྱེད་ལ། མིག་ གཉིས་སུ་རཾ་ལས་ཉི་མའི་དཀྱིལ་འཁོར་རེ་བསམས་ལ། དེའི་སྟེང་དུ་ཧཱུཾ་ལས་ཡེ་ཤེས་ཀྱི་འོད་ཟེར་ཅན་རེ་རེ་བསམས་ལ། དེ་ལས་འོད་ཟེར་འཕྲོས་པས་བགེགས་ཐམས་ཅད་བསྲེགས་པར་བསམས་ལ། ངག་ཏུ་ཧཱུཾ་རིང་བརྗོད་ཅིང་བགེགས་ཐམས་ཅད་བསྐྲད་ཅིང་མཚམས་ བཅད་པ་དང་། ནང་གི་ཁྲུས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་བྱས་ལ། བདག་ཉིད་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་བསྒོམ་པར་བྱའོ། །དེ་ཡང་དང་པོར་ཀྲྀ་ཡ་དོན་གྱི་ལྷ་དྲུག་བསྒོམ་པར་བྱ་སྟེ། དེ་ལ་དང་པོར་བདག་ཉིད་ལས་ཀྱི་རྡོ་རྗེ་སེམས་དཔའ་འམ། ཡང་ན་ཐ་མལ་ པའི་ལུས་སམ། ལྷ་གང་རུང་ཅིག་ཏུ་མོས་པ་བྱས་ལ། མདུན་གྱི་ནམ་མཁའ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་བདུད་བཏུལ་ནས་ས་གནོན་གྱི་ཕྱག་རྒྱ་ཅན། སེང་གེའི་ཁྲི་ལ་བཞུགས་པ་ཅིག་ཏུ་སྐད་ཅིག་གིས་བསམས་ལ། བཅོམ་ལྡན་འདས་ཀྱིས་བདག་གི་ལུས་རྡོ་རྗེར་བྱིན་གྱིས་བརླབ་ཏུ་ གསོལ་ཞེས་བརྗོད་པས། དེས་ཀྱང་བདག་ཉིད་ཀྱི་ལུས་སྟོང་པར་བྱིན་གྱིས་བརླབས་པར་བསམས་ཏེ། དངོས་པོ་ཐམས་ཅད་གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུར་བསམ་མོ། །དེ་ནས་སྟོང་པ་ཉིད་ཞི་བ་ཕྱོགས་གཅིག་པ་འབའ་ཞིག་ གིས་འགྲོ་བའི་དོན་བྱ་བར་མི་ནུས་པ་དང་། ཉན་ཐོས་དང་རང་རྒྱལ་བའི་བྱང་ཆུབ་དང་ཁྱད་པར་མེད་པར་སོང་སྟེ་དོགས་ནས། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའི་འོད་ཟེར་རམ་ཕྱག་གིས་རེག་ནས་མངོན་སུམ་དུ་བསླང་ངམ། ཡང་ན་དེ་གཉིས་ཏིང་ངེ་འཛིན་ ལ་ཞུགས་པའི་དབང་གིས། བདག་ཉིད་སྟོང་པ་ཉིད་ལས་བསླང་ངོ་། །གལ་ཏེ་སྐུར་བསླང་ངམ་ཞེ་ན། མ་ཡིན་ཏེ། སྟོང་པ་ཉིད་ཀྱི་སེམས་རྩེ་གཅིག་པའི་རྣམ་པ་མ་དོར་བ་ལ། སྟོང་པ་ཉིད་ཀྱི་སེམས་དཔྱོད་པ་དང་བཅས་པ་ཅིག་ཏུ་བསླང་ངོ་། །ཇི་ལྟར་དཔྱོད་ན་བདག་གི་དེ་ཁོ་ན་ཉིད་ནི། གཟུང་བ་མེད་པ། འཛིན་པ་མེད་པ། སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་ན། ལྷའི་དེ་ཁོ་ན་ཉིད་ཇི་ལྟར་འདུག་པར་དཔྱད་པས། ལྷའི་དེ་ཁོ་ན་ཉིད་དེ་ཡང་དོན་དམ་པར་སྤྲོས་པ་ཐམས་ཅད་དང་བྲལ་བར་འདུག་པར་ཤེས་སོ། །དེ་ལྟར་ཤེས་པས་སྟོང་པ་ཉིད་ཀྱི་རྣམ་པ་ལ་དབྱེ་བ་མེད་ལས་ གཅིག་ཅིང་ཐ་མི་དད་པ་མེད་པ་ཡིན། དེ་མེད་ཙམ་ན་བདག་དང་ལྷའི་དེ་ཁོ་ན་ཉིད་དེ་ཡང་གཅིག་ཅིང་ཐ་མི་དད་པར་འདུག །དེ་ལྟར་འདུག་ཙ་ན་བདག་གི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ལྷའི་དེ་ཁོ་ན་ཉིད་ཡིན་ལ། ལྷའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་བདག་གི་དེ་ཁོ་ན་ཉིད་ཡིན་པར་ཤེས་སོ། །དེ་ཤེས་ པས་རང་དང་ལྷའི་དེ་ཁོ་ན་ཉིད་གཅིག་ཅིང་ཐ་མི་དད་པར་རོ་གཅིག་ཏུ་གྱུར་པར་བསམ་མོ། །གཅིག་ཅིང་ཐ་མི་དད་པར་བསམས་པ་དེ་ལས་ཡོན་ཏན་གང་ཐོབ་ན། ལྷའི་དེ་ཁོ་ན་ཉིད་ལ་རང་གི་ཕུན་སུམ་ཚོགས་པ་རྡོ་རྗེའི་ཆོས་བདུན་དང་། གཞན་གྱི་ཕུན་སུམ་ཚོགས་པ་དེ་མཛད་པ་རྣམ་པ་ བཞི་ཡོད་པ་དེ་དག་གི་དེ་ཁོ་ན་ཉིད་ལ་བསྒོས་ནས་ལྡན་པར་བསམ་མོ། །བདག་དང་ལྷའི་དེ་ཁོ་ན་ཉིད་གཅིག་ཏུ་བསྲེས་པས་དགོས་པ་གཉིས་འབྱུང་སྟེ། བདག་དང་ལྷ་རུ་ཐ་དད་པའི་འདུ་ཤེས་ཀྱང་འགོག་ལ། བདག་ཉིད་ཀྱི་ལུས་སེམས་བྱིན་རླབས་ཅན་ཅིག་ཏུ་བྱས་ཏེ་གཞག་གོ། །རྣམ་ པར་མི་རྟོག་པའི་ལྷ་སྒོམ་པ་རྫོགས་སོ།། །།ད་ནི་སྒྲའི་ལྷ་བསྒོམ་པར་བྱ་སྟེ། བདག་ཉིད་ཀྱི་སེམས་སྟོང་པ་ཉིད་ལ་གནས་པའི་རྗེས། སྐད་ཅིག་མ་གཉིས་པ་ལ། དཔེར་ན་ནམ་མཁའ་སྟོང་པ་ལ་གློ་བུར་དུ་འབྲུག་གི་སྒྲ་རྣམ་པ་དྲག་པོ་གྲག་པ་ལྟར་བསམས་ཏེ། རང་གི་སེམས་ཉིད་ ན་མོ་རཏྣ་ཏྲ་ཡཱ་ཡ། བྱ་བ་ནས་ཨ་མྲྀ་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུ་སྒྲའི་རྣམ་པར་གྲག་པར་བསམ་མོ། །སྒྲའི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ནས་རང་གི་སེམས་ཡི་གེའི་རྣམ་པར་གསལ་བར་སྣང་བ་ལ། ཀུན་རྫོབ་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ཅིག་ཆགས་པར་བསམ་མོ། ། དཔེར་ན་གསེར་ཕྱེ་མ་དངུལ་ཆུ་ལ་ཆགས་པ་བཞིན་ནོ། །དེ་ཡང་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བའི་གཟུགས་བརྙན་གྱི་རྣམ་པར་བལྟའོ། །ཡི་གེའི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ནས་ཟླ་བའི་སྟེང་དུ་གཟུངས་ལས་འོད་ཟེར་འཕྲོས་པས། དེའི་སྣ་ལ་ བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་དཔག་ཏུ་མེད་པ། ནམ་མཁའི་མཐའ་གཏུགས་པ་ཁེངས་པ་བྱུང་སྟེ། མཛད་པ་རྣམ་པ་བཞིའི་སྒོ་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱི་གནས་སུ་འཕྲོས་པས། སོ་སོའི་ལས་ཀྱི་སྡིག་སྒྲིབ་སྦྱངས། སྡུག་བསྔལ་མེད་པར་བྱས་ཏེ་ ཐར་པ་དང་ཐམས་ཅད་མཁྱེན་པ་ལ་བཀོད། ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པའི་སྤྲིན་ཆེན་པོས་མཆོད། ཐུགས་དམ་གྱི་རྒྱུད་བསྐུལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ནས་སླར་ཚུར་འདུས་ནས་ཟླ་བའི་སྟེང་གི་ གཟུངས་ལ་ཐིམ། གཟུངས་ཟླ་བ་དང་བཅས་པ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་རྣམ་པར་འཇོམས་པ། ཞལ་གཅིག་པ། ཕྱག་གཉིས་པ། སྐུ་མདོག་སྔོན་པོ། །ཕྱག་གཡས་ཀྱིས་རྡོ་རྗེ་རྒྱ་གྲམ་ལས་རྭ་ཕྱོགས་གཅིག་མེད་པ་བསྣམས་པ་ཐུགས་ ཀར་འཛིན་པ། གཡོན་པ་རྡོ་རྗེ་ཁུ་ཚུར་དཀུར་བསྟེན་པ། ཅུང་ཟད་ཁྲོ་བ་ལ་སྒེག་ཅིང་འགྱིང་བག་དང་བཅས་པ། དབུ་རྒྱན་རྩེ་ཕྲན་དང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་སྟེངས་ན་རྒྱལ་པོ་རོལ་པའི་ཚུལ་དུ་བཞུགས་པར་བསྒོམ་མོ། །གཟུངས་ཀྱི་ལྷ་བསྒོམ་པ་ རྫོགས་སོ།། །།དེ་ནས་ལག་པ་གཉིས་ཐལ་མོ་སྦྱར་ཏེ། སྲིན་ལག་གཉིས་ནང་དུ་བཅུག་ལ། གུང་མོ་གཉིས་བསྒྲེང་ལ། མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་ནས་གང་ཙམ་གྱིས་མ་འབྱར་བར་བྱས་ལ། མཐེ་བོང་གཉིས་དང་མཐེའུ་ཆུང་གཉིས་བསྒྲེང་སྟེ། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་ ལྟར་བྱས་ལ། ཨོཾ་བཛྲ་ཛྭ་ལཱ་ཡ་ཏྭ་ཞེས་བརྗོད་ཅིང་། སྙིང་ག་དང་། ལྐོག་མ་དང་། སྤྱི་བོ་དང་། དཔུང་པ་གཡས་གཡོན་དུ་གཏུགས་ཏེ་བྱིན་གྱིས་བརླབ་བོ། །དེ་ལྟར་བྱས་ནས། སྔར་ཀུན་བརྟགས་ཀྱི་ལྷ་ཡིན་པ་ལ། དེས་གཞན་དབང་གི་ལྷ་རྒྱུ་རྐྱེན་ལས་གྲུབ་ པའི་ལྷ་དངོས་གཅིག་ཏུ་བསམ་མོ། །ཕྱག་རྒྱའི་ལྷ་རྫོགས་སོ།། །།དེ་ནས་སྐུ་མདོག་དང་ཕྱག་མཚན་གསལ་བར་ཡང་དང་ཡང་དུ་བསྒོམ་པ་ནི། ཏིང་ངེ་འཛིན་གྱི་ལྷའོ། །ཏིང་ངེ་འཛིན་གྱི་ལྷ་བསྒོམ་པ་རྫོགས་སོ།། །།དེ་ལྟར་ན་ཀྲྀ་ཡ་ལུས་ཀྱི་ལྷ་དྲུག་བསྒོམ་པ་རྫོགས་ སོ།། །།ཡང་ན་འདི་ལྟར་བྱ་སྟེ། ཕྱག་རྒྱ་ཞེས་བྱ་བ་ནི། མཚན་མ་ཡང་ཟེར་ལ། ལག་པའི་འདུ་བྱེད་ལ་ཡང་ཕྱག་རྒྱ་ཟེར་ཏེ། དེ་ལྟར་གཉིས་སུ་ཡོད་པ་ལས། འདིའི་སྐབས་སུ་མཚན་མའི་དབང་དུ་བྱས་ནས་ཕྱག་རྒྱའི་ལྷ་ལྔ་ལ་གཉིས་པའི་སྐབས་སུ་བསྒོམ་པར་བྱ་སྟེ། བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེ་བ་ཡན་ཆད་འདྲའོ། །བདག་དང་ལྷའི་དེ་ཁོ་ན་ཉིད་བསྲེས་པའི་རྗེས་ལ། བདག་ཉིད་ཀྱི་སེམས་དོན་དམ་པར་བྱང་ཆུབ་ཀྱི་སེམས་ལས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ། །དེའི་སྟེང་དུ་ཡི་གེ་ཧཱུཾ་མཐིང་གཅིག་བསམ། དེ་ ལས་འོད་ཟེར་འཕྲོས་འདུས་པ་ལས། ཁྲོ་བོ་རྡོ་རྗེ་རྩེ་ལྔ་པ་རྩེ་མོ་གྱེས་པ་ནག་པོ་ཞིག་ཏུ་བསམ་མོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གཟུངས་རིངས་སམ། ཡང་སྙིང་ངམ། རིགས་ཀྱི་སྙིང་པོ་བཀོད་ལ། དེ་ནས་བདག་ཉིད་ཀྱི་སེམས་སྒྲའི་རྣམ་པར་གྲག་པར་བསམས་ཏེ། ནམ་མཁའ་ལ་ན་མོ་རཏྣ་ཏྲ་ཡཱ་ཡ་བྱ་བ་ནས། ཨ་མྲྀ་ཏེ་ཧཱུཾ་ཕཊ་བྱ་བའི་བར་དུ། སྒྲའི་རྣམ་པར་གྲག་པར་བསམ་མོ། །སྒྲའི་ལྷ་བསྒོམ་པ་རྫོགས་སོ།། །།དེའི་རྗེས་ལ་བདག་ཉིད་ཀྱི་སེམས་དེའི་ལྟེ་བའི་སྟེང་ན་གཟུངས་སྔགས་ཡི་གེའི་རྣམ་པར་གསལ་བར་སྣང་བ་ནི་ཡི་གེའི་ ལྷའོ། །གཟུངས་ཀྱི་ལྷ་གོང་དང་འདྲའོ། །བར་འདིར་ཡང་། ཕྱག་རྒྱ་གནས་ལྔར་བྱིན་གྱིས་བརླབ། །གསུང་ངོ་། །དེ་ལྟར་བྱས་པས། ལྷ་བདུན་དུ་ཞེ་ན་མ་ཡིན་ཏེ་ཕྱག་རྒྱར་ངོ་བོ་གཅིག་པའི་ཕྱིར་རོ། །རྣམ་པར་རྟོག་པའི་ལྷ་ཡང་སྔ་མ་དང་འདྲའོ། །ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ ལྷ་ནི། སྤྱིའི་རྒྱུད་ལས་ཁ་བསྐངས་པ་ལས། བྱེ་བྲག་གི་རྒྱུད་འདི་ནས་ནི་མ་བཤད་དོ། །ཀྲྀ་ཡའི་དོན་གྱི་ལུགས་རྫོགས་སོ།། །།ཡང་འདི་ལྟར་བྱ་སྟེ། འདི་ནི་ཤིན་ཏུ་ཡང་ལེགས་ཏེ། བླ་མ་ཡང་གསུང་། རང་གི་འདོད་པ་དང་ཡང་མཐུན་པར་འདུག་པས་ན། དེས་ན་འདི་ ལྟར་བསྒོམ་པར་བྱ་སྟེ། བཅོམ་ལྡན་འདས་སྐད་ཅིག་གིས་མདུན་གྱི་ནམ་མཁར་བསམས་ཏེ། རང་ཡི་དམ་ལྷ་གང་ཡིན་པ་དེའི་ལུས་སུ་བྱིན་གྱིས་རློབ་པར་གསོལ་བ་གདབ་པར་བྱའོ། །དེ་ལ་གསོལ་བ་གདབ་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་བདག་གི་ལུས་ལྷ་གང་ཡང་རུང་ པར་བྱིན་གྱིས་བརླབ་ཏུ་གསོལ་བྱས་ལ། སྙིང་ག་དང་ངག་དང་། མིག་དང་། དཔྲལ་བ་དང་། སྤྱི་བོར་ཨ་དང་། བྷི་དང་། ར་དང་། ཧཱུཾ་དང་། ཁཾ་སྟེ། དཔའ་བོ་འབྲུ་ལྔར་བྱིན་གྱིས་བརླབ་པར་བྱའོ། །ཡང་ན་ཨོཾ་ཨཱཿཧཱུཾ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱས་ནས། བདག་ཉིད་ཀྱི་ ལུས་དང་ལྷ་རུ་དབྱེར་མི་ཕྱེད་པ་ཅིག་ཏུ་བསམ་མོ། །ཡང་ན་རྡོ་རྗེ་ལུས་ཅན་ནམ། མི་ཆོད་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་བསམ་མོ། །བྱིན་རླབས་དང་པོ་ནི་བྱ་བའི་རྒྱུད་ཀྱི་ལུགས་སོ། །དེ་ལྟར་བྱས་ནས་བདག་ཉིད་ལྷ་གང་ཡང་རུང་བའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ ཅིག་བསམ། དེའི་སྟེང་དུ་ཧཱུཾ་མཐིང་ནག་ཅིག་བསམ། དེ་ལས་འོད་ཟེར་འཕྲོས་འདུས་པ་ལས། ཁྲོ་བོའི་རྡོ་རྗེ་རྩེ་ལྔ་པ་གདེངས་པ་ནག་པོ་ཅིག་ཏུ་བསམ་མོ། །དེའི་ལྟེ་བ་ལ་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་བཀོད་ལ། ཁྲོ་བོའི་རྡོ་རྗེ་དེ་ལ་དམིགས་པ་རྩེ་གཅིག་ཏུ་སེམས་གཏད་ དེ་ཅུང་ཞིག་མཉམ་པར་གཞག་པ་དེ་ནི་རྡོ་རྗེའི་ཏིང་ངེ་འཛིན་ཏོ། །དེ་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་གསུངས་སོ། །འོ་ན་གལ་ཏེ་བདག་ཉིད་ལྷ་གཞན་ཞིག་ཏུ་བསྒོམས་ནས། མདུན་དུ་ལྷ་གཞན་ཞིག་བསྒོམས་ནས་བཟླས་བརྗོད་བྱེད་པ་མི་འགལ་ལམ་ཞེ་ན། དེ་ནི་ འགལ་བ་མེད་དེ། མི་གཡོ་བའི་རྟོག་པ་ལས་ཀྱང་བདག་ཉིད་ཁྲོ་བོ་མི་གཡོ་བར་བསྒོམས་ལ། མདུན་དུ་ཤཱཀྱ་ཐུབ་པ་བསྒོམས་ལ། དེ་གཉིས་ཀྱི་ཐུགས་ཀར་ཡི་གེ་འབྲུ་བཅུ་པའི་སྔགས་བཀོད་ལ་བཟླས་བརྗོད་བྱའོ་ཞེས་གསུངས་པ་དང་། ངན་སོང་སྦྱོང་བའི་རྒྱུད་ལས་ཀྱང་བདག་ཉིད་ ཡི་གེ་བ་ལས་ཤཱཀྱ་ཐུབ་པར་བསྒོམས་ལ། མདུན་དུ་ངན་སོང་ཡོངས་སུ་སྦྱོང་བའི་གཟི་བརྗིད་ཀྱི་རྒྱལ་པོ་བསྒོམས་ལ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཤོ་དྷ་ན་ལ་སོགས་པའི་སྔགས་བསམས་ལ། འོད་ཟེར་འཕྲོ་འདུས་བཟླས་བརྗོད་བྱའོ་ཞེས་གསུངས་ པ་དང་། གཅེས་པ་བསྡུས་པ་ལས་ཀྱང་ཆོ་ག་འདི་བཞིན་དུ་རྫོགས་པར་བྱ་བར་མི་བདེན་ན་ཡང་། རང་གི་ལྷ་ཉིད་ཀྱི་ཏིང་ངེ་འཛིན་བསྒྱུར་བ་ལས་དགོངས་པ་མཉམ་པར་བྱ་སྟེ། མཆོད་རྟེན་དང་མཆོད་པའི་ཡོ་བྱད་ལ་སོགས་པ་ཐམས་ཅད། རང་བཞིན་གྱིས་ཆོས་ཀྱི་དབྱིངས་ཀྱི་རྣམ་ པར་དགོངས་ཏེ། མཆོད་རྟེན་ལ་ཡང་ཆོ་ག་རྒྱས་པར་བྱ་བ་དང་འགལ་བ་མེད་དོ་ཞེས་གསུངས་པ་དང་འདྲ་བར་འགལ་བ་མེད་དོ། །དེ་ལྟར་བདག་གི་ཆོ་ག་ཡན་ལག་དྲུག་གིས་ལྷར་བསྐྱེད་པ་རྫོགས་ནས། གཞལ་ཡས་ཁང་བསྐྱེད་པ་དང་བུམ་པའི་ནང་དུ་གདན་བསྐྱེད་པ་དང་། ཡེ་ཤེས་ སེམས་དཔའ་སྤྱན་དྲང་བ་དང་། དེ་ནས་ལྷའི་ཕྱི་ནས་འོངས་པའི་བགེགས་དང་ཀཱི་ལི་ཀཱི་ལཱའི་སྔགས་ཀྱིས་བསྐྲད་པ་དང་། རིག་པས་མཉེས་པར་བྱ་བའི་ཕྱིར་དམ་ཚིག་གི་ཕྱག་རྒྱ་བསྟན་པ་དང་། གདན་བསྟན་པ་དང་། བྱེ་བྲག་ཏུ་སྤྱན་དྲངས་པ་མ་འཁྲུལ་བར་བྱ་བའི་ཕྱིར་ཉིད་ཀྱི་རྩ་བའི་ ཕྱག་རྒྱ་བསྟན་པ་དང་། དེ་ནས་མཆོད་པ་རྣམས་རིམ་པ་བཞིན་དུ་དབུལ་བ་དང་། དེ་ནས་བགེགས་དང་ཕྱོགས་སྐྱོང་ལ་གཏོར་མ་བྱིན་ནས། དེ་ནས་བཟླས་པ་བྱས་ཏེ། བསྙེན་པའི་དུས་སུ་སྒྲ་ལ་གནས་པའི་བསམ་གཏན་བྱའོ། །སྒྲུབ་པའི་དུས་སུ་བཟླས་བརྗོད་དམིགས་པ་གསུམ་ དང་། ཡན་ལག་བཞིས་བྱའོ། །དེ་ཡང་ནོར་བུ་ལག་པ་གཡས་པས་བླངས་ལ། སྙིམ་པར་བཅུག་ལ། བདུད་རྩི་ཐབ་སྦྱོར་བའི་སྔགས་བཟླས་ལ། དེའི་འོག་ཏུ་ཡུམ་གྱི་སྔགས་བཟླས་སོ། །ནོར་བུ་རེ་རེ་ནས་དྲང་ཞིང་མགོ་མཇུག་ཏུ་ཡང་ཕྱག་བྱའོ། །རང་གི་སྙིང་ག་ན་གནས་པའི་ ཟླ་བའི་དཀྱིལ་འཁོར་དང་། ལྷའི་ཐུགས་ཀའི་ཟླ་བའི་དཀྱིལ་འཁོར་ལ། རང་གིས་བཟླས་པར་བྱའོ། །སྔགས་ཀྱི་ཡི་གེ་རིམ་པ་བཞིན་དུ་བཀོད་ནས། མངོན་སུམ་དང་འདྲ་བར་བལྟས་ཏེ། །རྡོ་རྗེའི་ཚིག་གམ། ཤུ་བུའི་སྦྱོར་བས། །ཧ་ཅང་མི་མྱུར་མི་དལ་བར་སྔགས་ཀྱི་ཡི་གེ་ བརྗོད་ཅིང་བཟླས་བརྗོད་བྱའོ། །དེ་ཡང་རྩ་བའི་རྒྱུད་ལས་འདི་སྐད་ཅེས། །བློ་ལ་སྐྱོན་མེད་བྱས་ནས་སུ། །སྔགས་ཀྱི་ཡི་གེ་དག་པ་ལ། །མཉམ་པར་གཞག་པས་རྩེ་གཅིག་ཏུ། །བཟླས་བརྗོད་དུས་གསུམ་དག་ཏུ་བྱ། །ཞེས་གསུངས་སོ། །དེ་ལ་འདི་ནི་ཚིག་ཡིན་ཏེ། །སོ་དང་ མཆུ་ནི་ལེགས་སྦྱར་ཏེ། ལྕེ་རྩེ་ཧ་ཅང་མི་བསྐྱོད་པར། །སྒྲ་སྤངས་པ་ནི་རྡོ་རྗེའི་ཚིག །ཆོ་ག་ཀུན་ལ་སྦྱར་བར་བྱའོ། །ཤུ་བུའི་བཟླས་བརྗོད་ནི། །འདི་ལྟར་བདག་ཉིད་སྔགས་ཀྱི་ཡི་གེ་འདོན་པ་ན། དྲུང་ན་འདུག་པ་སུས་ཀྱང་མི་ཐོས་ཙམ་དུ་བྱའོ། །རྟོག་པ་ངན་པ་རྣམས་བསལ་ཏེ། ། ཡིད་ཀྱིས་གསང་སྔགས་མཚན་ཉིད་ནི། །ཡང་ནས་ཡང་དུ་མངོན་བསམས་ཏེ། །མཁས་པས་བཟླས་བརྗོད་བརྩམ་པར་བྱ། །བཟླས་བརྗོད་བྱེད་ཚེ་མི་དལ་མི་མྱུར་ཞིང་། །སྒྲ་ཆེ་མ་ཡིན་ཧ་ཅང་ཆུང་བའང་མིན། །སྨྲ་བཞིན་མ་ཡིན་གཞན་དུ་ཡེངས་བཞིན་མིན། །གུག་སྐྱེད་ཀླད་ཀོར་ ཚེག་དྲག་ཉམས་པར་མིན། །ཚུལ་ནི་དེ་ལྟར་བྱས་ན་ཡོན་ཏན་ནི། །བཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར། །བརྩོན་འགྲུས་ཆེན་པོའི་མེ་ལྕེས་བསྐལ་པའི་སྡིག་དཔུང་བསྲེག །བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས། །མཚམས་མེད་ལྔ་ལ་སོགས་ཏེ་མི་ དགེ་བཅུ་སྤྱད་པའི། །སྡིག་པ་གང་ཡིན་བཟླས་བརྗོད་བྱས་པས་འབྱང་བར་བྱེད། །ཅེས་འབྱུང་ངོ་། །གསང་སྔགས་དངོས་སུ་བདག་ཉིད་འདོན་ཀྱང་། །ལྷའི་སྐུས་འདོན་པར་བསམ་མོ། །བཟླས་བརྗོད་ཚར་རེ་ཞིང་སྤྲོ་བསྡུས་སེམས་ཅན་གྱི་དོན་བྱེད་ཅིང་བཟླས་སོ། །ཡང་ན་ རྡོ་རྗེའི་ལྟེ་བའི་ས་བོན་ལས། །འོད་ཟེར་ཁ་དོག་ལྔ་དང་ལྷའི་སྐུ་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པར་སྤྲོས་པས། བགེགས་དང་ལོག་འདྲེན་ཐམས་ཅད་དང་། མངོན་པར་ཞེན་པ་ཐམས་ཅད་བསྲེགས་པར་བསམ་ཞིང་ལྷའི་སྐུ་དེ་ཚོའི་ཞལ་ནས་གསང་སྔགས་འདོན་ཙམ་ན། དེ་རྣམས་ཀྱི་རྣ་བར་རྒྱོབ་རྒྱོབ་སོད་སོད་ཟེར་བར་ཐོས་པར་བསམ་མོ། །དེ་ལྟར་བཟླས་བརྗོད་ཟིན་ནས། བསྟོད་པའི་རྒྱལ་པོ་གང་ཡང་རུང་བས་བསྟོད་དོ། །དེ་ནས་ཁྲུས་ལ་སོགས་པ་ཁྲུས་ཀྱི་ཆོ་ག་ལས་ཤེས་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། རང་ལྷའི་ ང་རྒྱལ་གྱིས་གནས་པར་བྱའོ། །སྤྱི་རྒྱུད་ཐམས་ཅད་བསྒོམ་པའི་ལུགས་རྫོགས་སོ།། །།སྤྱིའི་རྒྱུད་ཀྱི་རྣམ་པར་གཞག་པ་དང་། མངོན་རྟོགས་ལམ་གྱི་རིམ་པ་རྫོགས་སོ།། །།དང་པོར་བདག་ཉིད་ཆོས་དྲུག་གིས་ལྷར་བསྐྱེད་པའི་སྔོན་དུ་ཇི་ལྟར་བྱིན་གྱིས་ བརླབས་པའི་གསོལ་བ་གདབ་པའི་ཐབས་བསྟན་པ་ནི། བཅོམ་ལྡན་འདས་ཞེས་པ་ནི། མཚན་གྱི་དོན་གྱི་སྐབས་སུ་བཤད་པ་དང་འདྲའོ། །རྡོ་རྗེ་ལ་བཞུགས་ཞེས་པ་ནི། དེ་གཤེགས་པའི་གནས་དེ་ལ་རྡོ་རྗེ་ཞེས་པ་ནི། དཔེར་ན་རྡོ་རྗེ་ཕ་ལམ་ལ། འབྱུང་བ་ཆེན་པོ་ལྔས་གནོད་པར་བྱ་ བར་མི་ནུས་པ་དེ་བཞིན་དུ་དེ་ལ་མེ་བདུན་ཆུ་གཅིག་གིས་བཤིགས་པར་མི་ནུས་པས་ན། རྡོ་རྗེ་ཞེས་གསུངས་སོ། །རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི། ཀྲྀ་ཡ་སྤྱིའི་རྒྱུད་ལས་བཞུགས་ཚུལ་གསུམ་སྟེ། བཀྲ་ཤིས་པའི་སྐྱིལ་ཀྲུང་དང་། པདྨའི་སྐྱིལ་ཀྲུང་དང་། རྡོ་རྗེའི་སྐྱིལ་ཀྲུང་དང་ གསུམ་ལས་འདི་ནི་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པའོ། །ཡང་ན་རྡོ་རྗེ་ལ་བཞུགས་ཏེ་ཞེས་བྱ་བ་ནི། བཞུགས་པ་རྣམ་པ་བཞི་སྟེ། སྤྱོད་ལམ་གྱིས་བཞུགས་པ་དང་། འཆད་པས་བཞུགས་པ་དང་། སྙོམས་པར་འཇུག་པས་བཞུགས་པ་དང་། ནང་དུ་ཡང་དག་འཇོག་གིས་བཞུགས་ པའོ། །སྐུའི་ཕྲིན་ལས་སུ་བགྲངས་པ་གང་ཡང་རུང་སྟེ། དེ་དག་ཐམས་ཅད་ནི་སྤྱོད་ལམ་གྱིས་བཞུགས་པའོ། །གསུང་གི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་ཆོས་འཆད་པས་བཞུགས་པའོ། །ཐུགས་ཀྱི་ཕྲིན་ལས་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི་དེ་དག་ལས་ བཞུགས་པ་གཉིས་ཏེ། རྟག་ཏུ་མཉམ་པར་བཞུགས་པའི་ཕྱིར་ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་བཞུགས་པའོ། །ནང་དུ་ཡང་དག་འཇོག་གིས་བཞུགས་པ་ནི། ཐུགས་རྗེ་ཆེན་པོས་འཇིག་རྟེན་ལ་གཟིགས་པ་དང་། ལྷ་ལ་སོགས་པ་འོང་བ་ནི་ནང་དུ་ཡང་དག་འཇོག་གིས་ བཞུགས་པའོ་ཞེས་པ་ནི་གདན་དེ་ལ་བཞུགས་ཏེ། གཟུངས་འདིས་བདུད་བཏུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པ་བྱེད་ཅེས་པའི་དོན་ཏོ། །བདུད་ཇི་ལྟར་བཏུལ་ན། བཅོམ་ལྡན་འདས་ཀྱིས་སྲོད་ལ་བདུད་བཏུལ་ནས། ཕྱག་གཡས་པ་ལན་གཉིས་སུ་མཉམ་གཞག་གི་ ཕྱག་རྒྱ་བཤིག་སྟེ། ལན་ཅིག་བདུད་ཀྱི་དམག་བྱུང་སྟེ། ཕྱག་སྤྱི་བོ་ལ་བསྐོར་བས་རལ་གྲི་མེ་ཆེན་པོ་མཆེད། རབ་ཏུ་