Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 71
Văn bản gốc(Tây Tạng)
Trang 14 / 21 (50.000 ký tự/trang)
ག་གིས་ཡོན་ཏན་དང་ལྡན་པ་ཐོབ་པའི་ཕྱིར་སེམས་ཀྱི་དྲི་མའི་སྐྱོན་རབ་ཏུ་གསལ་ཏེ། ཉེས་པ་བསལ་ནས། དེའི་འོག་ཏུ་ནང་གི་རྟགས་ བསལ་སོགས་པ་རབ་ཏུ་སར་པ་རབ་ཏུ་གཙང་མ་རྣམས་སློབ་མའི་ལུས་དང་། སློབ་དཔོན་གྱི་ལུས་ལ་བསྐོན་ནས། ཟས་ནི་ཁ་ཟས་དཀར་གསུམ་བཟའ་ཞིང་། རྒྱན་གྱི་རྣམ་པ་བསམ་གྱིས་མི་ཁྱབ་པས་སློབ་དཔོན་དང་། སློབ་མའི་ལུས་དཀོན་མཆོག་མཆོད་པའི་ཕྱིར་དད་པས་རྒྱན་གྱི་རྣམ་པ་སྣ་ཚོགས་ ཀྱིས་མཛེས་པར་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཐེག་པ་ཆེན་པོའི་ཆོས་ཉན་པའི་ཡོན་ཏན་བསྟན་ཅིང་སྐུལ་མ་གདབ་སྟེ་ཞེས་པ་ནི། སློབ་མ་དེ་ལྟ་བུ་དེ་ཆོས་ལ་སྐྱབས་སུ་སོང་བའི་ཕན་ཡོན་རྣམ་པ་བཞི་བསྟན་ཏེ། དང་པོར་ཆོས་མ་ནོར་བར་སྟོན་པའི་མཁན་པོ་སྨྲ་བ་བསྟེན་པ་དང་། གཉིས་པ་དེ་ལས་ ཆོས་ཉན་པ་དང་། གསུམ་པ་ཡིད་ལ་འཇོག་པ་དང་། བཞི་པ་གཞན་ལ་བསྟན་པའི་ཕན་ཡོན་སྟོན་པའོ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་པ་དང་། སློབ་མ་ལ་བསྟན་ཞེས་པའི་པར་ནི། འདས་པ་དང་། ད་ལྟར་དང་། མ་བྱོན་པ་ཐམས་ཅད་ཀྱིས་ཐུགས་ཡེ་ ཤེས་ཀྱི་རྟགས། མདོ་སྡེ་འདི་དོན་ཟབ་ལ་རྒྱ་ཆེ་བ། །དེ་བཞིན་གཤེགས་པ་མངོན་པར་སངས་རྒྱས་པར་བྱེད་པའི་རྒྱུ་འདི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དད་པ་དང་ལྡན་པས། འདིའི་དོན་གཞན་ལ་ཉན་པ་དང་། གླེགས་བམ་ཀློག་པ་དང་། མན་ངག་མི་བརྗེད་པར་འཛིན་པ་དང་། དེ་ལྟར་ཤེས་པའི་ སྒོ་ནས་གཞན་ལ་སྟོན་པ་དང་། གུས་པའི་དད་པས་ཉམས་སུ་ལེན་པའི་དོན་དག་རྒྱས་པར་བསྟན་པའི་དོན་ནི། དེའི་འོག་ཏུ་ཉན་པའི་བསོད་ནམས་ཀྱི་ཕན་ཡོན་བསྟན། དེ་ནི་འདིའི་དོན་མི་ཤེས་པའི་མུན་པ་སེལ་བ་དང་། བློ་རྣོ་ཞིང་ཤེས་རབ་ཆེ་བ་དང་། རྟག་ཏུ་ཆོས་དང་ལྡན་ཞིང་། དེ་བཞིན་ གཤེགས་པ་དང་འགྲོགས་པར་འགྱུར་རོ། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །ཞེས་པ་དང་། ཕན་པའི་ཐ་ཚིག་གོ། །ཞེས་པའི་བར་ནི། མདོ་སྡེ་འདིའི་དོན་སྒྲུབ་པའི་ཕན་ཡོན་ནི། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གཟི་བརྗིད་ཀྱིས་ཁམས་ གསུམ་ས་དགུའི་སོ་སོའི་ཉོན་མོངས་པའི་ཕྲ་རྒྱས་ཀྱི་མི་མཐུན་པའི་རྣམ་པར་རྟོག་པས་སྡུག་བསྔལ་གསུམ་དང་བརྒྱད་ཀྱི་ལས་རྣམས་ལས་ཐར་པར་འགྱུར་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མི་བཟད་པ་ཡི་ནད་རྣམས་ཀྱང་། །དེ་དག་ཐམས་ཅད་ཞི་བར་ལྟ། །ཞེས་པ་དང་། གོང་དུ་གསུངས་པ་ལྟར་ བྱ་བའི་ཐ་ཚིག་ཅེས་པའི་བར་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་ཐམས་ཅད་ཉོན་མོངས་པའི་ལས་སྣ་ཚོགས་དང་། ཀུན་གཞི་ལ་བག་ཆགས་རྒྱུ་དང་འབྲས་བུའི་ཚུལ་དུ་སྔ་ཕྱི་ད་ལྟར་གློ་བུར་དུ་བསྒྲིབས་པས། དེས་ནད་བཞི་བརྒྱ་རྩ་བཞི་འབྱུང་བའི་ ཁམས་མ་སྙོམས་པའི་ནད་མདོའི་ཡོན་ཏན་གྱིས་ཞི་བར་འགྱུར་རོ། །དེའི་འོག་ཏུ་གནོད་པ་ཞི་ནས། བདེ་བ་ཐོབ་པའི་ཐབས་སྟོན་ཏེ། འདིའི་དོན་ལ་དོན་མ་ནོར་བར་བྱས་པས་གཡུང་དྲུང་གི་ཚེ་དང་། མི་ཟད་པའི་བསོད་ནམས་ཐོབ་པར་འགྱུར་རོ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། སྡིག་ པ་ཀུན་ལས་རྣམ་པར་ཐར། །ཞེས་པ་དང་། ཐར་པར་འགྱུར་བའི་དོན་ཞེས་པའི་བར་ནི། འཛམ་བུའི་གླིང་གི་སེམས་ཅན་སྔོན་གྱི་ལས་ཀྱི་འཆི་བ་དེ་མི་འཆི་བར་བྱ་བ་དང་། བསོད་ནམས་ཟད་པ་བསོད་ནམས་རབ་ཏུ་འཕེལ་བ་དང་། སྡིག་པ་ཅན་རྣམས་སྡིག་པ་ལས་ཐར་པར་བྱ་བའི་ཕྱིར། ཆོ་ག་དང་ ལས་ཀྱི་བྱེ་བྲག་ཚུལ་བཞིན་དུ་བྱས་ན་བསོད་ནམས་ཐོབ་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཆོ་གའི་ཐབས་དང་ཕན་ཡོན་བཤད་ཟིན་ཏོ།། །།དཀྱིལ་འཁོར་གྱི་རྒྱན་དང་བུམ་པའི་ཆ་རྒྱན་སྟོན་ཏེ། ཆེ་བའི་ཡོན་ཏན་ལྔ་དང་ལྡན་པའི་རྟགས་སུ་སྣང་སྟེ། ནོར་བུ་ཡུངས་ཀར་དཱུར་བ་དང་ནི། ནོར་བུ་ནི་མུ་ ཏིག་དང་། བྱི་རུ་དང་། གཟི་དང་། མཆོང་དང་། རིན་ཆེན་ཆུ་ཞེས་པའི་ཐ་ཚིག་སྟེ་ནི། དེ་ནི་བུམ་པའི་སྙིང་པོ་བྱ་བའི་དོན་ནོ། །རྣམ་པ་གཅིག་ཏུ་དཀྱིལ་འཁོར་གྱི་ཚོན་སྣ་ལྔ་ཡང་བསྟན་ཏོ། །ཡུངས་ཀར་ནི་སྐུ་ལྔ་དག་པའི་རྟགས་སུ་བསྟན་ཏེ། དེའི་ཁོངས་སུ་བསྡུ་བ་ནི། ནས་སོ་བ་དང་། གྲོ་དང་། ཏིལ་དང་། འབྲས་སོ་བ་དང་། མོན་སྲན་གྲེའུ་ལ་སོགས་ཏེ། བུམ་པའི་ཡོ་བྱད་དུ་བསྟན་ཏོ། །གཞན་དུ་ཡང་རྒྱུ་ཆུང་ན། ཚོན་རྣམ་པ་ལྔས་ཁ་དོག་བསྒྱུར་ལ་བྱ་བའི་དོན་ཏོ། །དཀྱིལ་འཁོར་གྱི་མཆོད་རྫས་རྣམས་དེ་ལ་བྱ་བའི་དོན་དུ་ཡང་བསྟན། རྣམ་པ་གཅིག་ཏུ་ཡུངས་ཀར་ནི་མུ་ ག་ཏི་ཧ་རར་བསྟན་ཏོ། །དཱུར་བ་ནི་ཁ་རྒྱན་གྱི་དོན་ཏེ། དེའི་ཁོངས་སུ་བྱཱ་ཀྲྀ་དང་། སིང་གྲི་དང་། ཙནྡན་ལ་སོགས་པ་དྲི་ཞིམ་པོའི་ཡལ་ག་དང་བཅས་པའོ། །དེ་ནི་སེམས་ཅན་གྱི་འདོད་པ་ཕུན་སུམ་ཚོགས་པའི་སྒྲུབ་པའི་རྟགས་སུ། དཔག་བསམ་གྱི་ཤིང་ལྗོན་པར་བསྟན། དཀྱིལ་ འཁོར་གྱི་གནས་སྐབས་སུ། དཱུར་བའི་གདན་བྱ་བ་དང་། ཀུ་ཤའི་གདུ་བུ་བྱ་བའི་དོན་ཏོ། །རིན་ཆེན་རྨ་མེད་ཙནྡན་བཅས། །ཞེས་པ་ནི། རིན་ཆེན་ནི་ལྔ་སྟེ། གསེར་དང་། བཻ་ཌཱུརྱ་དང་། ཤེལ་དང་། མུ་ཏིག་དང་། པདྨ་རཱ་གའོ། །ཞེས་པ་ནི་ཆེ་བའི་ཡོན་ཏན་ལྔ་དང་ལྡན་པའི་རྟགས་སུ་ བསྟན་ཏོ། །དཀྱིལ་འཁོར་གྱི་རིན་པོ་ཆེའི་ཕུང་པོ་ལ་བྱ་བའི་ཐ་ཚིག་གོ། །རྨ་མེད་ནི་སྐྱོན་ལ་སོགས་པ་མེད་པ་ནི་ཞེས་པ་ནི། རིན་པོ་ཆེ་མ་ཡིན་པའི་སྐྱོན་ཁ་དོག་འདྲ་བ་དང་། མ་དག་པའི་སེལ་མེད་པའོ། །དཀྱིལ་འཁོར་ཕོ་བྲང་དུ་གཅོད་པའོ། །ཙནྡན་བཅས་ནི། ཨ་ག་རུ་དང་། དུ་རུསྐ། ཤ་ཀ་ར་དང་། གུར་ཀུམ་མོ། །སྦྲུལ་གྱི་སྙིང་པོ་ལ་སོགས་པའི་བྱེ་བྲག་སྨོས་པའི་དོན་ནི། ཕྲིན་ལས་རྣམ་པ་ལྔ་དང་ལྡན་པའི་རྟགས་སོ། །དཀྱིལ་འཁོར་ལ་ནི་ལྷའི་གདན་ས་ལ་དེ་དག་སྟ་གོན་གྱི་དུས་སུ་ཐིག་ལེར་བྱ་བའི་ཐ་ཚིག་གོ། །ཤེལ་དང་རྡོ་རྗེ་མེ་ཏོག་དང་ནི། ཤེལ་དང་རྡོ་རྗེ་གཉིས་ནི་སྙིང་པོར་ ཤེས་པའི་དོན་ཏེ། ཤེལ་ནི་མེ་ཤེལ་དང་ཆུ་ཤེལ་གཉིས་ཀྱི་དོན་ཏེ་ནི། རྡོ་རྗེ་ནི་སྙིང་པོ་ཕྱི་མ་གསུམ་གྱི་དོན་ནི། ཤིང་གི་སྙིང་པོ་བུ་རམ། རྩིའི་སྙིང་པོ་མར། མེ་ཏོག་གི་སྙིང་པོ་སྦྲང་རྩི་ཞེས་པའི་དོན་ནི། དེ་བཞིན་གཤེགས་པའི་ཐུགས་ལྔ་རྣམ་པར་དག་པའི་རྟགས་སུ་སྙིང་པོ་རྣམ་པ་ལྔར་བསྟན་ པའི་དགོངས་པའོ། །མདོར་ན་ཐབས་དང་ཤེས་རབ་ཀྱི་རྟགས་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་དཔེར་སྣང་བས་ན། བྱང་ཆུབ་ཤིང་ལ་བརྟེན་ནས། རྩ་དཱུར་བའི་སྟེང་དུ་སངས་རྒྱས་ནས། སྤྲེའུའི་རྒྱལ་པོས་སྦྲང་རྩི་ཕུལ་ནས་ཆོ་འཕྲུལ་ཆེན་པོ་འབྱུང་བར་བསྟན་ཏོ། །གཞན་དུ་ན་ དཀྱིལ་འཁོར་བསྟན་པ་ནི། ཤེལ་ནི་དཀྱིལ་འཁོར་གྱི་ས་རི་སྟེ། ཤེལ་ལྟར་དཀར་ཞིང་དྲི་མ་མེད་པར་བསྟན་ཏེ། བྱང་ཆུབ་སེམས་རང་བཞིན་དག་པ་དྲི་མ་མེད་པའི་དོན། །རྡོ་རྗེ་ནི་རྡོ་རྗེ་ར་བ་སྟེ། ཐུགས་མི་འགྱུར་བ་དང་། ཐབས་དང་ཤེས་རབ་འབྲེལ་བས། གྲྭའི་རྡོ་རྗེ་ཟླ་བུར་དུ་བསྟན་ཏོ། མེ་ ཏོག་ཅེས་པ་ནི། བུམ་པའི་གདན་གྱི་ཐ་ཚིག་སྟེ། དབྱར་ནི་མེ་ཏོག་གི་དཀྱིལ་འཁོར་བྱ། དགུན་ཚོན་སྣ་ལྔའི་པདྨ་འདབ་མ་བརྒྱད་པ་དང་། ནས་ལ་སོགས་པ་ལ་བྱ་བའི་དོན་ཏོ། །གཞན་དུ་ན་བུམ་པས་བརྒྱན་ཏེ། མེ་ཏོག་ལ་སོགས་པ་དང་། དར་གྱིས་ཁ་རྒྱན་བྱ་བའི་ཐ་ཚིག་ཅེས་བའི་བར་ནི། བུམ་པའི་གནས་དང་། ཁ་རྒྱན་དུ་བསྟན་ཏེ། གཞན་དུ་ན་དཀྱིལ་འཁོར་ལ་ནི་མེ་ཏོག་ནི་མཛེས་པས་མཆོད་པ་རྣམ་པ་ལྔར་ཡང་བསྟན་ཏོ། །རྣམ་གཅིག་ཏུ་དཀྱིལ་འཁོར་མེ་ཏོག་ལྟར་རབ་ཏུ་མཛེས་པའི་ཕྱིར་མདའ་དང་། རལ་གྲི་དང་། མེ་ཏོག་དང་། ཕུར་བུ་དང་། ཚོན་རྩི་དང་། སྲུང་ སྐུད་དང་ཚེམས་ཤིང་ལ་སོགས་པར་སྨོས་པའི་དོན་ཏོ། །ཆུ་ཡི་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང་རུང་། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང་ནི། བུམ་པའི་རྒྱུ་སྟེ། རྒྱལ་པོ་ནི་གསེར་གྱི་བུམ་པ། བློན་པོ་ནི་དངུལ་གྱི་བུམ་པ། ཀྱང་གི་ཚིག་ནི་ལྷག་མ་ཅན་ཏེ། འབངས་པལ་ ནི་ཟངས་དང་ལྕགས་ལ་སོགས་པའི་བུམ་པ་ལ་བྱ་བའི་ཐ་ཚིག་གོ། །གཞན་དུ་ནི་ཕྲིན་ལས་སོ་སོའི་བྱེ་བྲག་ཏུ་ཤེས་པར་བྱ་བའི་དོན་ནི། བུམ་པ་དེ་རྣམས་ཀྱང་། དཀྱིལ་འཁོར་གྱི་ཁྱད་པར་གྱི་རྒྱན་ཆས་ཏེ། དབུས་རྣམ་པར་རྒྱལ་བའི་བུམ་པ་གསེར་ལས་བྱས་པ་མི་བསྒུལ་བར་གཞག་པའི་ཐ་ཚིག་ གོ། །དངུལ་ལ་སོགས་པའི་ཕྱི་མ་རྣམས་ནི་ཐུགས་ཁྲོ་བོའི་དཀྱིལ་འཁོར་གྱི་ལྷ་གྲངས་སུ་བྱ་བར་འབྱུང་ངོ་། །ལྷ་སོ་སོའི་ཁ་དོག་བཞིན་དུ་བུམ་པ་ཡང་དེ་བཞིན་དུ་ཕྱོགས་ཕྱོགས་སུ་རྒྱན་ཆས་གོང་དུ་གསུངས་པ་བཞིན་བྱ་བའི་ཐ་ཚིག་གོ། །གཙང་མའི་གོས་ནི་རས་སར་པ་ཁ་ཚར་མ་ཉམས་པ་དང་། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་པའི་ཐ་ཚིག་སྟེ། ཞེས་པ་ནི་བུམ་པ་དེ་རྣམས་ཀྱི་མགུལ་ཆིངས་ལྷའི་ན་བཟའ་ཀ་ཙ་ལིནྡ་ལྟར་བྱིན་གྱིས་བརླབས་ཤིང་། ཚུལ་ཁྲིམས་ཀྱི་གོས་མཆོག་ཏུ་བསྒོམ་མོ། །གཞན་དུ་ན་དཀྱིལ་འཁོར་གྱི་ཞལ་ཁབ་དང་། འགབ་དཀྲིས་སུ་ཤེས་པར་བྱའོ། །དཀྱིལ་ འཁོར་གྱི་རྒྱན་ཆོས་དང་། བུམ་པའི་དོན་སྦྱར་བ་བཤད་ཟིན་ཏོ།། །།ད་ནི་གྲངས་ཀྱི་ཁྱད་པར་གྱི་དོན་སྟོན་ཏེ། ད་ནི་བཟླས་བརྗོད་ཀྱི་དོན་ལ་དགའ་བའི་དབང་དུ་གསུངས་ཏེ། ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་སུ། །ཞེས་ པ་དང་། གྲངས་ཀྱི་དོན་ཏེ། འབངས་ཉི་ཤུ་རྩ་གཅིག་ལ་སོགས་ཏེ། ཅི་འབྱོར་པ་བློན་པོ་ནི་བརྒྱ་རྩ་བརྒྱད་ལ་སོགས་ཏེ་འགྲུབ་ཚད་དོ། །རྒྱལ་པོ་ནི་བསོད་ནམས་ཆེ་བས་ཐ་མ་བརྒྱ་རྩ་བརྒྱད་དོ། །བློན་པོ་ཐ་མ་ཉི་ཤུ་རྩ་གཅིག །འབངས་ཀྱི་ཐ་མ་བདུན་ནོ། །ད་ནི་གྲངས་ཀྱི་ བསྙེན་པའི་དོན། མཚན་མའི་བསྙེན་པ་དང་། ཚིག་དང་། དོན་དང་། བཟླས་བརྗོད་ནི། རང་བཞིན་གྱིས་ཤེས་པར་བྱ་བའི་ཐ་ཚིག་གོ་ཞེས་པ་ནི། གྲངས་ཀྱི་བསྙེན་པའི་དོན་དང་། དུས་ཀྱི་བསྙེན་པའི་དོན་དང་ལྡན་པ་སྟེ། དེ་ཡང་བཟླས་བརྗོད་ལ་དགའ་བ་དང་། དངོས་གྲུབ་ཀྱི་རྟགས་ཀྱི་མཚན་ མ་ལ་དགའ་བ་དང་། ནམ་སླ་དུས་བཞི་དང་། ཚེས་གྲངས་དང་། གཟའ་དང་། སྐར་མ་ལ་དགའ་བའི་དོན་གསུངས་སོ། །དེ་ཡང་བཟླས་པའི་དོན་ལ་དགའ་བ་ལ་སྔགས་ཀྱི་བཟླས་པ་གསུངས་སོ། །དོན་གྱི་བཟླས་པའི་ཏིང་ངེ་འཛིན་ལ་དགའ་བའི་ཕྱིར་རོ། །གང་གིས་དེའི་འོག་ཏུ་ཁྲུས་བྱ་ བའི་དམིགས་ནི། རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག །ཅེས་པའི་དོན་ནི། རྒྱལ་པོ་སྟོབས་ལྡན་སྙིང་པོ་ལ་སོགས་པ། རྒྱལ་པོའི་རིགས་སུ་གཏོགས་པ་རྣམས་སོ་ཞེས་པ་དང་། དོན་གྱིས་ཤེས་པར་བྱ་བའི་ཐ་ཚིག་ཏུ་རིག་པར་བྱའོ་ཞེས་པའི་བར་ནི། མདོའི་དོན་ནི་སེམས་ཅན་ཐམས་ཅད་ བྱང་ཆུབ་སྙིང་པོ་ཅན་དུ་བྱིན་གྱིས་བརླབས་པའི་ཕྱིར་ན། སེམས་ཅན་གྱི་དཔོན་པོ་རྒྱལ་པོ་སྨོས་པས་ན། ཕྱི་རབས་ཀྱི་འགྲོ་བའི་དཔོན་པོ་རྒྱལ་པོ་བས་གཙོར་བྱས་པས་ན། ཕྱིའི་ཁྲུས་བྱ་བ་དང་། ནང་གི་ཁྲུས་བྱ་བ་དང་། ཕྱི་ནང་གཉི་གའི་ཁྲུས་བྱའོ། །ཕྱི་ནི་བཟླས་བརྗོད་དང་། ནང་ཏིང་ངེ་འཛིན་ གྱི་དབང་དུ་བྱས་པ་སྟེ། དེས་ནི་གཟུང་བ་དང་། འཛིན་པ་དག་པར་བྱེད་པའོ། །རྣམ་པ་གཅིག་ཏུ་ཕྱི་ལུས་དང་། ནང་སེམས་ཀྱི་བག་ཆགས་ཀྱི་རྣམ་པའོ། །དེ་དག་པའི་ཕྱིར་རོ། །ད་ནི་དགེ་བ་བསྔོ་བའི་ཚུལ་སྟོན་ཏེ། བརྩམས་པའི་དོན་ནི། མདོའི་དོན་གྱིས་དགོངས་པ་ལ་ཞེས་པའོ། །བརྩམ་ པའི་ཐབས་ནི། རིག་པའི་ཚུལ་གྱིས་འདི་གཞུང་འཆད། བརྩམས་པ་དང་མི་མཐུན་པ་ནི། འཕགས་པ་རྣམས་ལ་བཟོད་པར་གསོལ། བརྩམས་པའི་འབྲས་བུ་ནི། འདི་གྲུབ་བརྩམས་པས་བདེ་གྲུབ་ཤོག །ཞེས་པ་དང་། སློབ་དཔོན་གྱིས་དགེ་བ་བསྔོ་བའི་ཚུལ་ལོ། །འདི་དོན་གཞན་གྱིས་ བཤད་ཀྱང་དེ་གསལ་ཕྱིར། གཏན་ཚིགས་རིགས་པས་མདོ་ཡི་དགོངས་པ་བཀྲོལ། །མཁས་པ་རྣམས་ཀྱིས་མི་དཔྱ་བཟོད་པར་གསོལ། །བསོད་ནམས་མི་སླུ་འགྲོ་བ་ཡོངས་ལ་བསྔོ། །རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་དོན་རྣམ་པར་བཤད་པ་རྒྱ་ཆེར་འགྲེལ་པ། བཱི་མ་ལ་མི་ཏྲས་མཛད་པ་ རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎི་བྲྀཏྟི། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་ཀྱི་འགྲེལ་པ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ཉིད་རྟོགས་པས་རྡོ་རྗེ་དང་། །འཁོར་བའི་ཉེས་པ་འཇོམས་མཛད་པའི། །རྫོགས་ སངས་རྒྱས་ལ་ཕྱག་འཚལ་ཏེ། །སྤྱི་ཡི་རྒྱུད་ལ་སོགས་པ་དང་། །བླ་མའི་གདམས་ངག་ལ་བརྟེན་ནས། །བློ་དམན་རྣམས་ལ་ཕན་ཕྱིར་བརྩམ། །གླེང་གཞི་མཚན་ཉིད་རྒྱུད་དོན་དང་། །ཕན་ཡོན་ལྷག་གནས་དང་ནི་ལྔ། །གླེང་གཞི་ཕུན་སུམ་ཚོགས་ལྔའི་དོན། །བཞུགས་ཚུལ་ཞུས་དོན་རྒྱས་པའོ། འདི་སྐད་བདག་གིས་སངས་རྒྱས་ཀྱིས་མཐུས་ཞུས། སངས་རྒྱས་ཀྱི་བཀའ་འབྱུང་དཀའ་བས་དུས་གཅིག་ཐོས། བཅོམ་ལྡན་འདས་རྡོ་རྗེ་ལ་བྱང་ཆུབ་སེམས་དཔའ་ལ་སོགས་པ་དུ་མ་དང་བཞུགས་སོ། །དེའི་ཚེ་སྤྲུལ་པའི་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས། རྡོ་རྗེའི་ཏིང་ངེ་འཛིན་ལ་ སྙོམས་པར་ཞུགས་ཞེས་བྱ་བ་ནི་ཆོས་སྐུར་རྡོ་རྗེའི་རྣམ་པར་རོ། །སངས་རྒྱས་ཀྱི་མཐུ་དང་། སངས་རྒྱས་ཀྱི་བྱིན་གྱི་རླབས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བསྐུལ་ཅིང་གསོལ་བ་བཏབ་ནས་རྡོ་རྗེ་ལ་ཁྲོ་བོར་བྱུང་བའོ། །དེ་ལ་སངས་རྒྱས་ཀྱི་མཐུས། སྤོབས་ པ་བསྐྱེད་ནས་ལག་ན་རྡོ་རྗེ་ལ་ཞུས་པའི་ཚེ་འཁོར་དང་བཅས་པས་ཐོས་སོ། །གང་ཞེ་ན། རྡོ་རྗེའི་དོན་འགག་པ་མེད་པས་མི་ཆོད་པ་དང་། ཡོད་པ་དང་མེད་པས་མི་ཤིག་པ་དང་། ཕྱིན་ཅི་མ་ལོག་པས་བདེན་པ་དང་། སྐྱེ་བ་མེད་པས་སྲ་བ་དང་། མི་སླུ་བས་ན་བརྟན་པ་དང་། དངོས་པོར་འཛིན་པ་ འཇོམས་པས་ཐོགས་པ་མེད་པ་དང་། རྣམ་རྟོག་གི་མཚན་མ་ལས་མ་ཕམ་པ་ནི། དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཀྱི་མཚན་ཉིད་དོ། །རྡོ་རྗེ་ལས་བྱུང་བའི་སྙིང་པོ་ཁྲོ་བོའི་དོན་ནི། ཨོཾ་ཏྲ་ཊ་ཏྲ་ཊ། ཁམས་གསུམ་རྣམ་རྒྱལ་གྱིས་ཞེ་སྡང་ཞི་བར་བྱེད་པས་སེམས་ཅན་ཐམས་ཅད་སྐྲག་པར་བྱེད་ པ་དང་། ཏྲོ་ཊ་ཡ་ཏྲོ་ཊ་ཡ། གཤིན་རྗེ་གཤེད་ཀྱིས་གཟུང་འཛིན་ཞི་བར་བྱེད་པས། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་དང་། སྥུ་ཊ་སྥུ་ཊ། རྟ་མགྲིན་གྱིས་རྣམ་པར་རྟོག་པ་ཞི་བར་བྱེད་པས་རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ་དང་། སྥོ་ཊ་ཡ་སྥོ་ཊ་ཡ། བདུད་རྩི་ འཁྱིལ་པས་ཡང་དག་པའི་དོན་འཕེལ་བར་བྱེད་པས་རིག་སྔགས་ཐམས་ཅད་གནོན་པར་བྱེད་པ་དང་། གྷཱུརྞ་གྷཱུརྞ་ཧཱུཾ་ཀ་རས་རང་དང་གཞན་རྗེས་སུ་འཛིན་པ་ལས་ཐམས་ཅད་འཇོམས་པར་བྱེད་པ་དང་། གྷཱུརྞ་པ་ཡ་གྷཱུརྞ་པ་ཡ། སྟོབས་པོ་ཆེས་རང་དོན་གྲུབ་པས་གཞན་གྱི་ལས་ཐམས་ཅད་འཇིག་པར་ བྱེད་པ་དང་། སརྦ་སཏྭ་ནི་ཡིད་ལ་སེམས་པ་ཐམས་ཅད་གྲུབ་པར་བྱེད་ཅེས་པའི་དོན་ཏོ། །བོ་དྷ་ཡ་བོ་དྷ་ཡ་རྡོ་རྗེ་ཞེ་སྡང་འཇོམས་པས་གདོན་ཐམས་ཅད་རླག་པར་བྱེད་པ་དང་། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། དོན་ཡོད་ཞགས་པས་ཡང་དག་པའི་དོན་རྟོགས་པས་གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ དང་། བྷྲ་མ་བྷྲ་མ་འདོད་པའི་རྒྱལ་པོས་ཕྱིན་ཅི་ལོག་སྤོང་བས་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ། རྡོ་རྗེ་འཁོར་ལོས་བྱམས་པ་ལ་སོགས་པ་གཞན་རྗེས་སུ་འཛིན་པས་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་དང་། སརྦ་བྷཱུ་ཏ་ནི་འབྱུང་པོ་ལ་སོགས་པ་ ཐམས་ཅད་ཀྱི་བར་ཆད་སྲུངས་ཞེས་བྱ་བའི་དོན་ཏོ། །ཀུཊྚ་ཀུཊྚ་རྡོ་རྗེ་རྣོན་པོ་འཁོར་འགུགས་པས་མ་གྲུབ་པ་གྲུབ་པར་བྱེད་པ་དང་། སཾ་ཀུཊྚ་ཡ་སཾ་ཀུཊྚ་ཡ་རྡོ་རྗེ་ཁྲོས་པས་ཡང་དག་པར་འགུགས་པས་གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ་དང་། སརྦ་ཤ་ཏྲུཾ་ནཱཾ་དགྲ་བགེགས་ཐམས་ཅད་གནོད་པར་བྱེད་ ཅེས་པའི་དོན་ཏོ། །གྷ་ཊ་གྷ་ཊ་རྡོ་རྗེ་ལྕགས་སྒྲོག་ཡང་དག་པར་འཛུད་པས་འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ་དང་། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་རྡོ་རྗེ་དྲིལ་བུ་དགྱེས་པས་སེམས་ཅན་ཐམས་ཅད་སྲུང་བ། ཞི་བ། རྒྱས་པར་བྱེད་པའོ། །རྒྱུད་དོན་བསྙེན་པ་སྒྲུབ་པ་དང་། །འདོད་པའི་དོན་རྣམས་གྲུབ་པ་ཡི། ། རྩ་བའི་འཁོར་ལོ་བསྟན་པ་སྟེ། །ཁྲོ་བོའི་དོན་ནི་བཅོ་ལྔའོ། །དེ་ལ་རྣལ་འབྱོར་པ་དཀྱིལ་འཁོར་གྱི་སྒོར་ཞུགས་པའི་བླ་མ་དམ་པའི་མན་ངག་ཅན་གྱིས་བྱང་ཆུབ་ཏུ་སེམས་བསྐྱེད་དེ། གནས་དབེན་པར་མཎྜལ་དང་གཏོར་མ་ལ་སོགས་པ་བཤམས་ཏེ། བུམ་པའི་ཁ་རྒྱན་ལ་སོགས་པ་རྫོགས་ པར་མཎྜལ་གྱི་སྟེང་དུ་གཞག་པར་བྱའོ། །དེ་ནས་སྙིང་གའི་ཧཱུཾ་ལས་བྱུང་བའི་སྒྲ་སྟོང་པར་བྱ་སྟེ། ལས་ཀྱི་ལྷ་ཕྱག་མཚན་མེད་པར་གྱུར་པའི་ལས་ཐམས་ཅད་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཞེས་པས་སྙིང་པོ་གསང་སྔགས་དང་། ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ་ཞེས་པས་ཁྲོ་བོ་རྣམས་དང་། སརྦ་བིདྱཱ་བཛྲ་བཛྲ་སུ་བཛྲ་ཡན་ཆད་ཡང་སྙིང་དང་བཅས་པས་ལུས་བྱིན་གྱིས་བརླབས་པའོ། །སྙིང་པོའི་གསང་སྔགས་དང་། ཨོཾ་ཧ་ར་ཧ་ར་བཛྲ་ལ་སོགས་པ་ཕྱོགས་སྐྱོང་བཅུས་མཚམས་བཅད་དོ། །བཛྲ་ཨཾ་ཀུ་ཤ་ཛྭཱ་ལཱ་ཡ་སྭཱ་ཧཱ་ཞེས་གཞལ་ཡས་ ཁང་བསྐྱེད་དོ། །སརྦ་བིདྱཱ་ནས། སུ་བཛྲ་ཡན་ཆད་བཛྲ་ཨཾ་གུ་ཤ་ཛྭཱ་ལཱ་ཡ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་པས་གཙོ་བོ་བསྐྱེད། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཞེས་པས་རྡོ་རྗེ་གཏུམ་པོ་བསྐྱེད། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་པས་རྡོ་རྗེ་ཕུར་བུ་བསྐྱེད། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་ སྭཱ་ཧཱ་ཞེས་པས་རྡོ་རྗེ་བེ་ཅོན་བསྐྱེད་དོ། །པྲ་ཧ་ར་པྲ་ཧ་ར་བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། ཞེས་པས་རྡོ་རྗེ་ཐོ་བ་བསྐྱེད་དོ། །གསང་སྔགས་འདི་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་རྣམ་པར་འཇོམས་པ་ཡིན་པས་ཁྱད་པར་མེད་ཀྱང་། བླ་མ་དག་གི་ཞལ་ནས་ཕྱོགས་སྐྱོང་བ་ལ་སོགས་པའི་ལྷ་དགུག་པ་ ཤེས་པའི་བསྙེན་པའི་རྩ་སྔགས་ཡིན་གསུངས་སོ། །དེ་ནས་རྡུལ་ཚོན་བཞེངས་སོ། །གཙོ་བོའི་སྔགས་གོང་དང་མཐུན། ཚིནྡ་ཚིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བནྡྷ་བནྡྷ། ཀྲོ་དྷ་ཀྲོ་དྷ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ་བཛྲ་ཀཱི་ལི་ཀཱི་ ལཱ་ཡ་སྭཱ་ཧཱ་ཞེས་རྡོ་རྗེ་གཏུམ་པོ་དང་། རྡོ་རྗེ་ཕུར་བུ་དང་རྡོ་རྗེ་བེ་ཅོན་དང་། རྡོ་རྗེ་ཐོ་བ་རྣམས་བསྐྱེད་དོ། །མ་ཏི་སྠི་ར་བཛྲ། ཤཱི་གྷྲཾ་བཛྲཱ་ཡ་སྭཱ་ཧཱ་ཞེས་བརྒྱད་ཀྱིས་བརྟན་པར་བཞུགས་སུ་གསོལ་ལོ། །ན་མཿས་མནྟ་བཛྲཱ་ཎཱཾ་ཞེས་པ་དང་། བཛྲ་ཨཾ་ཀུ་ཤ་ཛྭཱ་ལཱ་ཡ་སྭཱ་ཧཱ་ཞེས་དབང་བསྐུར་རོ། །གཞན་ ཡང་འདི་ནི་ལས་ཐམས་ཅད་གཏོར་མ་དང་ཙཱ་རུའི་སྟོན་མོ་དང་། སློབ་མས་ཡང་ཁྲུས་བྱ། བ་ཡ་རྡོ་རྗེའི་གླུ་དང་བཅས་པས་བྱའོ། །དེ་ནས་མཆོད་པ་དང་བསྟོད་པ་བླ་མའི་གདམས་ངག་གིས་རྒྱས་པར་བྱ་སྟེ། བཟླས་པ་ནི་སྙིང་པོ་དང་རྩ་སྔགས་ཡང་སྙིང་དང་བཅས་པར་བླ་མའི་ངག་གིས་གདོན་ནོ། ། དེ་ནས་སློབ་མས་ཁྲུས་བྱ་བ་ནི་ཧེ་ཕུལླུ་ནི་རུ་ཕུལླུ་གྲྀཧྞ་ཀུལླུ། མིལླི་ཙུལླུ། ཀུ་རུ་ཀུལླུ་བཛྲ་བི་ཛ་ཡ་སྭཱ་ཧཱ། ཞེས་པས་བུམ་པ་ལག་པ་གཡས་པའི་ཁུང་དུ་བླངས་ལ་བྲབ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཞེས་ཡུངས་ཀར་གྱིས་བྲག་ དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱ་ཧཱ། ཨ་མུ་ཀ་མཱ་ར་ཡ་ཕཊ་ཅེས་རྨ་བྱའི་མདོངས་ཀྱིས་བྱབ། དེ་ནས་གསང་སྔགས་ཞི་བ་ལ་སོགས་པ་དང་བཅས་པས་སློབ་མའི་སྤྱི་བོ་ནས་ཁྲུས་བྱས་པས་ཉམས་གྲིབ་ལ་སོགས་པའི་སྡིག་པ་ཐམས་ཅད་དག་པར་འགྱུར་རོ། ། ནད་དང་གདོན་ལ་སོགས་པ་ཐམས་ཅད་མེད་པར་འགྱུར་རོ། །དེ་ནས། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ། བི་ཤྭ་མུ་ཁེ་བྷྱཿ སརྦ་ཏ་ཏྑཾ་ཨུདྒ་རཀྵ་མ་ཧཱ་བ་ལེ། སརྦ་ཏ་ཐཱ་ག་ཏ་པུ་རྣ་ཎིར་ཛ་ཏེ་ཧཱུཾ་ཧཱུཾ་ཏྲ་ཐ་ཏྲ་ཐ། ཨ་པྲ་ཏི་ཧ་ཏ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པས་ལག་པ་རྡོ་རྗེ་ཁུ་ཚུར་བཅིངས་ཏེ། མཐེའུ་ཆུང་གཉིས་ གཞིབས་ཏེ། མཐེ་བོང་དང་གུང་མོ་གཉིས་རྩེ་སྤྲད་ལ་སྲིན་ལག་གཉིས་རྩེ་སྤྲད་དེ་བསྒྲེང་བ་ནི་དམ་ཚིག་གི་ཕྱག་རྒྱ་བྱ་སྟེ་སྲུང་བ་ཆེན་མོའོ། །དེ་ནས་སྙིང་གའི་སྲུང་བ་དང་། སྤྱི་བོའི་སྲུང་བ་ལ་སོགས་པ་ཐམས་ཅད་ཀྱང་བྱའོ། །དེ་ནི་ཁྲུས་ཀྱི་ཆོ་གའོ། །གཞན་ཡང་ཞི་བ་ལ་སོགས་པའི་ དངོས་གྲུབ་འཁོར་ལོ་ལ་བརྟེན་པ་ནི་བླ་མའི་ཞལ་ལས་ཤེས་པར་བྱའོ། །གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་ཐོག་མར་གསུངས་པའི་རྡོ་རྗེ་རྣམ་པར་འཇོམས་པའི་གཟུངས་འདི་བསོད་ནམས་ཡེ་ཤེས་ཀྱི་དཔལ་ཀུན་གྱིས་ནི་ལེགས་བརྒྱན་པས། རྒྱུ་སྡིག་པ་ཐམས་ཅད་བྱང་ནས་འབྲས་བུ་ སྡུག་བསྔལ་ཐམས་ཅད་མེད་པར་བྱེད་པ་ནི་ཕན་ཡོན་མདོར་བསྟན་པའོ། །སེམས་ཅན་སྤྱི་དེ་རིགས་བཞི་གང་ཡང་རུང་བའོ། །དབང་པོ་ཉམས་པ་ནི་ལུས་ཀྱིའོ། །ཚེ་ཟད་པ་ནི་འཆི་བ་སྟེ་སྲོག་གོ། །ལོངས་སྤྱོད་ཕུན་སུམ་ཚོགས་པ་མེད་པ་དང་། ནོར་ཡོད་པ་འགྲིབས་པ་གང་ཞིག་འདོད་ ཆགས་ཀྱི་སེམས་ལ་གདུངས་པས་གནོད་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་ནི་ཕན་མི་འདོགས་པ་སྟེ། དེ་མ་ཡིན་པའི་གནོད་པ་འབྱུང་སྟེ་དེ་ཡང་གཟའ་བབས་པ་དང་། རྒྱུ་སྐར་ངན་པ་ལ་བབས་པ་དང་། གཞན་གྱི་བྱད་དུ་ཆུད་པ་ནི་རིག་སྔགས་ ངན་པས་བསྡམས་པས་མི་བཟད་གདོན་གྱིས་ཉེན་པ་སྟེ། དེའི་དབང་གིས་ལུས་དང་སེམས་ཀྱི་གདུང་བ་ལ་སོགས་པ་འབྱུང་བ་དང་། རྨི་ལམ་ངན་པའི་སྡིག་པ་འདྲ་བའི་རྨི་བ་འདག་པར་བྱེད་དོ། །རང་གི་ཉེ་དུ་མཛའ་ཞིང་ཡིད་དང་འཐད་པའི་སྐྱེ་བོ་དང་བྲལ་བ་དང་། དགྲ་སྡང་བའི་སྐྱེ་བོ་དང་ཕྲད་པ་དང་། རྒྱལ་པོ་ལ་སོགས་པའི་ཆད་པས་གཙེས་པ་དེ་ཕན་ཚུན་མཐུན་པ་མ་ཡིན་པ་ནི་མི་ལས་གྱུར་པའི་གནོད་པ་སྟེ། ཚེ་འདིའིའོ། །གནོད་པ་འདི་དག་དང་གཞན་སེལ་བར་བྱེད་དོ། །གཞན་ཡང་ལས་མི་དགེ་བའི་དབང་གིས་དམྱལ་བ་ལ་སོགས་པའི་ངན་སོང་གསུམ་དུ་སྐྱེས་པས་ལུས་དང་སེམས་ གདུངས་པའི་མྱ་ངན་དང་ངལ་བའི་གནོད་པ་དང་། སྡུག་བསྔལ་གྱིས་འཇིགས་པ་དང་། བདེ་བས་ཕོངས་པ་དང་། དེ་ལྟ་བུའི་ཉེས་པ་ཐམས་ཅད་ལས་ཐར་བར་བྱེད་པ་ནི་ཕྱི་མའི་ཕན་ཡོན་ནོ། །དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་ཁྲུས་ཀྱི་ཆོ་ག་དེས་ནི་རབ་བཀྲུས་གཙང་མ་ཡིན་ཞེས་བྱ་སྟེ་གང་དག་ ཡིད་དགེ་བ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སེམས་དང་པོ་ནི་དཀོན་མཆོག་ལ་སྐྱབས་སུ་སོང་བ་ནི་གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། སློབ་མ་ལྷག་པར་གནས་པ་དང་། རྟེན་གྱི་གང་ཟག་བསྟན་པའོ། །ནོར་བུ་ནི་ཆུ་ཤེལ་ལ་སོགས་པའོ། །ཡུངས་ཀར་ནི་གོ་སླའོ། །དཱུར་བ་ནི་དག་བྱེད་ ཡིན་ཏེ། ཀུ་ཤའི་བྱེ་བྲག་ཅིག་གོ། །རིན་པོ་ཆེ་རྨ་མེད་པ་ནི་མུ་ཏིག་ལ་སོགས་པ་སྟེ་རྒྱན་དུ་རུང་བའོ། །ཙནྡན་ནི་མཚོན་པ་སྟེ་དྲིའི་བྱེ་བྲག་ཐམས་ཅད་དོ། །དེས་ནི་སྙིང་པོ་རྫས་བསྟན་ཏེ། ཤེལ་ལ་སོགས་པའི་རྒྱུ་ལས་བྱས་པའི་རྡོ་རྗེ་དང་། ཡུངས་ཀར་ནི་བར་ཆོད་ཐམས་ཅད་ཞི་བར་བྱེད་པའོ། ། མེ་ཏོག་ནི་པདྨ་སྟེ་གསུང་གི་རྟེན་ཡིན། ཆུ་ཡིས་བཀང་བའི་བུམ་པའི་རྒྱུ་གསེར་རམ་ཡང་ན་དངུལ་ལ་སོགས་པ་གང་ལས་བྱས་ཀྱང་རུང་སྟེ། མགྲིན་པ་ཕྲ་བ་ཁ་ཡེལ་བ་ལྟོ་བ་ལྡིར་བ་རྩ་བ་མེད་པ་ལ་གཙང་མའི་གོས་ཀྱིས་བརྒྱན་པ་འབྲས་བུ་ཅན་གྱི་ཤིང་གིས་བརྒྱན་པ་ནི་སྐུའི་རྟེན་ཡིན་ཏེ། བུམ་ པ་ལྷག་པར་གནས་པའོ། །དེར་ལྷ་བསྐྱེད་པ་ལ་སོགས་པ་ནི་ལྷ་ལྷག་པར་གནས་པའོ། །དེ་ལྟ་བུར་གྱུར་པའི་རྒྱུད་ཟབ་མོའི་དོན་སངས་རྒྱས་ཀྱི་སྤྱོད་ཡུལ་དུ་གྱུར་པ། རྟོག་གེ་བའི་སྤྱོད་ཡུལ་མ་ཡིན་པ། རིག་པ་གསུམ་དང་ལྡན་པའི་དཀྱིལ་འཁོར་འདིར་ཞུགས་ན་མདོ་སྡེ་དམ་པ་ཉན་པ་དང་། གྲུབ་པ་དང་། གཞན་ལ་སྟོན་པ་ལ་སོགས་པའི་ནུས་པ་དང་ལྡན་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། མདོ་སྡེ་འདི་ནི་ཉན་བྱེད་ན། མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་དང་། །དེ་དག་ཐམས་ཅད་ཞི་བར་ལྟ། །ཚེ་དང་ བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །སྡུག་བསྔལ་མ་ལུས་མེད་པར་འགྱུར། །ཞེས་འབྱུང་བའི་ཕྱིར། གཞན་ཡང་རྒྱུད་འདིའི་དོན་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། རྒྱུའི་ཏིང་ངེ་འཛིན་དང་། ཀུན་དུ་སྣང་བའི་ཏིང་ངེ་འཛིན་ལ་སོགས་པའི་བསྙེན་པའི་ཆོ་ག་དང་སྒྲུབ་ པ་ལ་སོགས་པའི་དོན་ཅི་རིགས་པར་ཡང་ངོ་། །གསང་སྔགས་བཟླས་པའི་གྲངས་ནི། ལན་གྲངས་ཉི་ཤུ་རྩ་གཅིག་གམ། ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་པར་འཇོམས་པའི་འཁོར་དང་རྩ་བའི་སྔགས་ཅི་རིགས་པའི་དོན་ཏོ། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཅིག །ཅེས་པ་ནི། རྒྱལ་ པོ་ནི་གཙོ་བོའི་དོན་ཏོ། །ཡང་ན་ལུས་ཀྱི་རྒྱལ་པོ་མགོ་ཡིན་པས་སོ། །གྲོང་ཁྱེར་སེར་སྐྱ་ཆུ་བོ་གངྒཱའི་ཀླུང་། །རྒྱུད་རྒྱལ་རྣམ་འཇོམས་བླ་མའི་བཀའ་བསྟན་སྒྲུབ། །བླ་མེད་དགེ་བ་ཆེན་པོ་བདག་གིས་ཐོབ། །གཞན་ལ་ཕན་ཕྱིར་བདག་གིས་དེ་དོན་བྲིས། །ཟླ་འདྲའི་དགེ་བ་ཅུང་ཟད་སྣང་བ་དེ། །འགྲོ་ རྣམས་རྣམ་འཇོམས་སྐུ་ཐོབ་དོན་ཕྱིར་བསྔོ། །སློབ་དཔོན་ཆེན་པོ་རྡོ་རྗེ་གོ་ཆས་མཛད་པ་རྡོ་རྗེ་རྣམ་པར་འཇོམས་པའི་རྒྱུད་ཀྱི་འགྲེལ་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲདྡྷཱ་ཀ་ར་ཝརྨ་དང་། བོད་ཀྱི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་བི་དཱ་རཱ་ཎ་ནཱ་མ་དྷཱ་ར་ཎི་བྱཱ་ཀ་ཁྱཱ་ན། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྣམ་པར་བཤད་པ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པ། །རྒྱུད་ཀྱི་དོན་འབྱུང་སྟོན་པ་ངོ་བོ་ལ། །སྒོ་གསུམ་ དང་བས་བཏུད་ཏེ་ཕྱག་འཚལ་ནས། །མདོ་ཡི་རྣམ་བཤད་བདག་གིས་བྱ་བར་འདོད། །དེ་ལ་དང་པོར་རྒྱུད་ཀྱི་དོན་ལ་མོས་པ་དང་དད་པ་རྣམས་ལ། མདོའི་དོན་ཕུན་སུམ་ཚོགས་པ་རྣམ་པ་ལྔ་ལ་རབ་ཏུ་མཁས་པར་བྱ་སྟེ། དེའི་འོག་ཏུ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བའི་གོ་རིམས་ལ་འཇུག་ པར་བྱ་བའི་ཕྱིར་རོ། །དེ་ལ་དང་པོར་མདོའི་མཚན་གྱི་དོན་ཕུན་སུམ་ཚོགས་པ་ལ་མཁས་པར་བྱ་སྟེ། དེ་ལ་རྡོ་རྗེ་ནི་ཡང་དག་པའི་ཡེ་ཤེས་ཀྱི་ཚིག་བླ་དྭགས་ཏེ། ཅིའི་ཕྱིར་ཞེ་ན། རྡོ་རྗེ་ལྟར་འདུས་མ་བྱས་པའི་ཕྱིར་དངོས་པོ་ལ་ཞེན་པ་རྣམས་དང་ལྟ་བ་ལོག་པའི་ཕྱོགས་ཐམས་ཅད་ཀྱིས་ མི་བསྐྱོད་ཅིང་། དངོས་པོ་དང་བྲལ་བའི་དོན་ཏོ། །རྣམ་པར་ནི་རྒྱུ་མེད་པ་དང་། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་དང་། རྟག་པ་དང་མི་རྟག་པ་དང་བདེ་བ་དང་སྡུག་བསྔལ་བ་ལ་སོགས་ཏེ་མཚན་མའི་ཆོས་ཐམས་ཅད་སྨོས་པའི་ཕྱིར་རོ། །འཇོམས་པ་ནི་དེ་རྣམས་ཐུགས་ཡང་དག་པའི་ཡེ་ཤེས་ ཀྱིས་འཇོམས་པ་དང་། ཐུགས་རྗེ་ཐབས་ཀྱི་བྱེ་བྲག་གིས་འཇོམས་པའི་དོན་ཏོ། །གཟུངས་ནི་མི་འདའ་བའི་ཕྱིར་དང་གཉིས་སུ་མེད་པའི་དོན་ཏོ། །དེ་ལྟར་མདོའི་དགོས་ཆེད་བསྟན་ནས། དེའི་འོག་ཏུ་དགོས་པ་དང་འབྲེལ་པའི་དོན་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། དགོས་འབྲེལ་གྱི་སྒོ་ནས་ འཇུག་པའི་ཕྱིར་རོ། །མ་ནོར་བར་སྟོན་པའི་སྟོན་པ་ཕུན་སུམ་ཚོགས་པ་དང་། ཡོངས་སུ་དག་པའི་འཁོར་ཕུན་སུམ་ཚོགས་པ་དང་། གང་དུ་བཤད་པའི་གནས་དང་། མ་ནོར་བར་སྡུད་པའི་སྡུད་པ་པོ་དང་གང་བཤད་པའི་མདོའི་དགོས་པ་རྣམས་སུ་ཤེས་པར་བྱེད་པའི་ཐ་ཚིག་གོ། །དེ་ལ་འབྲེལ་ བ་ནི་ཕུན་སུམ་ཚོགས་ནས་དགོས་པ་གྲུབ་ཅིང་དོན་གཏན་ལ་འབེབས་པའི་ཕྱིར་རོ། །དེའི་འོག་ཏུ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བའི་དོན་སྟོན་ཏེ། མདོའི་དོན་འབྱུང་བའི་གཏན་ཚིགས་དང་། དཀྱིལ་འཁོར་གྱི་དོན་འབྱུང་བའི་ཐབས་དང་། དགོས་ཆེད་ཕུན་སུམ་ཚོགས་པའི་དོན་རྣམས་སུ་ཤེས་ པར་བྱ་བའི་ཕྱིར་རོ། །དེ་ལྟར་དགོས་ཆེད་ཀྱི་དོན་བསྟན་ནས། དེའི་འོག་ཏུ་བསྡུ་བའི་དོན་དང་། གོ་རིམས་ལ་འཇུག་པའི་ཐབས་སྨོས་པའི་ཕྱིར་རོ། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་མཐའ་གཉིས་ཀྱི་སྐྱོན་སྤངས་ཏེ། ཐུགས་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་ལས་མ་གཡོས་ ཀྱང་། ཉིད་ཀྱི་ཆེ་བའི་དོན་ཆེད་དུ་ཐུགས་ཡང་དག་པའི་སྲས་གསང་བའི་བདག་པོ་བྱིན་གྱིས་བརླབས་ནས། རྒྱུད་ཀྱི་དོན་འདི་གསུངས་པའི་ཚེ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་ན་འདུས་པའི་འཁོར་རྣམས་ཀྱི་ནང་དུ་འཕགས་པ་འཇམ་དཔལ་གྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་པས་འཕགས་པ་དཔལ་རྡོ་རྗེ་རྣམ་པར་འཇོམས་པའི་དོན་འདི་རྣ་བའི་དབང་པོ་ཡོངས་སུ་དག་པས་དཔལ་ཕྱག་ན་རྡོ་རྗེ་ལ་རབ་ཏུ་ཐོས་པའི་ཕྱིར་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་གསུངས་པ་ སྟེ། འདི་ལྟར་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་ཀྱི་དོན་འདི་ལྟར་བཤད་དེ། ཏིང་ངེ་འཛིན་ཡེ་ཤེས་ཀྱི་ངོ་བོ་ལས་ཕྱག་ན་རྡོ་རྗེར་སྤྲུལ་ཏེ། ཡེ་ཤེས་ཀྱི་ངོ་བོ་སྔགས་ཀྱི་ཚིག་ཏུ་སྨྲས་ཏེ། འཁོར་རྣམས་དགའ་མགུ་བསྐྱེད་ནས་དད་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་ཉོན་ མོངས་པའི་སྡིག་པ་རྣམ་པར་སྦྱང་བ་དང་། བླ་ན་མེད་པའི་བྱང་ཆུབ་ལ་དགོད་པའི་ཕྱིར་འདི་སྐད་ཅེས་བྱའོ། །བློ་རྣོ་ཞིང་ཤེས་རབ་མཆོག་ཏུ་གྱུར་པ་རྣམས་ཀྱིས་དོན་གྱི་རྒྱལ་པོ་འདི་ཐོས་པས་ན་བདག་གིས་ཐོས་པས་ཞེས་བྱའོ། །སྟོན་པ་དང་འཁོར་དང་སྡུད་པར་ལྡན་པ་ལ་ཞེས་བྱའོ། །ལན་གྲངས་ མང་དུ་མ་གསུངས་པར་ལན་ཅིག་བརྒྱ་ལམ་དུ་གསུངས་པས་ན། གཅིག་ན་ཞེས་བྱ་བའོ། །བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ་ནི་རང་བཞིན་གྱི་སྟོན་པའི་དོན་ཏེ། ཉོན་མོངས་པའི་བདུད་སྡེ་བཅོམ་སྟེ། ཐུགས་ཏིང་ངེ་འཛིན་གྱིས་མཁྱེན་པའི་ཡོན་ཏན་སྣ་ཚོགས་ཀྱི་ལེགས་པ་དང་ལྡན་པ། སངས་རྒྱས་བཅོམ་ལྡན་འདས་མཐའ་གཉིས་ཀྱི་སྐྱོན་སྤངས་པའོ། །རྡོ་རྗེ་ནི་གནས་ཕུན་སུམ་ཚོགས་པ་སྟེ། རྡོ་རྗེ་གདན་བྱང་ཆུབ་ཀྱི་ཤིང་དྲུང་ངོ་། །རྣམ་པ་གཅིག་ཏུ་བཅོམ་ལྡན་འདས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་ཐུགས་མཉམ་པར་གཞག་པ་ལ་བྱའོ། །བཞུགས་ཐབས་གསུམ་ལས་ནི་ མཉམ་པའི་སྐྱིལ་མོ་ཀྲུང་ལས་ཆོས་སྟོན་པའི་ཚུལ་དུ་བཞུགས་པའོ། །ད་ནི་བྱིན་གྱི་རླབས་ཀྱིས་སྟོན་པའི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བའི་མཛོད་འཛིན་པའི་ཡེ་ཤེས་ཀྱི་ངོ་བོ་སྟེ། དེའི་རྟགས་རྡོ་རྗེ་འཛིན་པའོ། །སངས་རྒྱས་ཀྱི་མཐུས་ནི་ཕྱོགས་བཅུའི་སངས་རྒྱས་ཐམས་ ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་ཀྱི་བྱིན་གྱིས་བརླབས་ཏེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཕྱིར་རོ། །ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་ནི། ཡང་དག་པའི་ཡེ་ཤེས་དེ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་འདུས་མ་བྱས་པའི་དོན་ ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་རྡོ་རྗེ་ལྟར་བྱིན་གྱིས་བརླབས་པའི་ཕྱིར་རོ། །རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ནི་ཡང་དག་པའི་ཡེ་ཤེས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པས་དོན་ཐམས་ཅད་ལ་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བདག་གནས་པའི་ཕྱིར་རོ། །དེ་ནས་ ལག་ན་རྡོ་རྗེ་སངས་རྒྱས་ཀྱིས་མཐུས་དང་ནི་སྐབས་ཀྱི་དེ་མ་ཐག་པ་སྟེ། སྙོམས་པར་ཞུགས་པའི་རྟིང་ཐོགས་སུ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་མཐུས་ཡེ་ཤེས་ཀྱི་འོད་ཟེར་སྐུ་དང་གསུང་དང་ཐུགས་ལས་འཐོན་ཏེ་ལག་ན་རྡོ་རྗེ་ལ་ཕོག་པས་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་དོན་སྨྲ་བའི་དབང་ བསྐུར་ནས་ཐོགས་པ་མེད་པའི་ཡེ་ཤེས་ཀྱི་ཚིག་སྨྲ་བའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས། སྔོན་གྱི་བསྐལ་པ་མཐའ་ཡས་པ་ནས། བྱང་ཆུབ་ཀྱི་སྤྱོད་པ་དཀའ་བ་ཉམས་སུ་བླངས་པའི་བྱིན་གྱི་རླབས་དང་། སངས་རྒྱས་ཀྱི་ཞིང་ཁམས་མཐའ་ཡས་པ་ན་ བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་དགེ་བའི་རྩ་བའི་ཚོགས་སུ་མཐུན་པས་བྱིན་གྱིས་བརླབས་པ་ལ་མཐུ་སྟོང་པའི་ཕྱིར་རོ། །སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བྱིན་གྱི་རླབས་ནི་མ་དྲོས་ལྟར་མཐུ་སྟོབས་མཐའ་ཡས་པའི་ཚིག་སྨྲ་བའི་ སྤོབས་པ་བསྐྱེད་པའི་ཕྱིར་རོ། །རྡོ་རྗེ་ཁྲོ་བོ་ལས་བྱུང་བ་ནི་དེ་ལྟར་ལག་ན་རྡོ་རྗེ་བྱིན་གྱིས་བརླབས་པའི་མཐུས་རྡོ་རྗེ་ལྟ་བུའི་ཡང་དག་པའི་ཡེ་ཤེས་ཀྱིས་ཁམས་གསུམ་གྱི་གྲགས་པ་ཅན་ལ་ཁྲོ་བོའི་ཐབས་ཀྱི་སྤྲུལ་པས་བདུད་རྣམས་འདུལ་བའི་ཕྱིར། འོག་ནས་འབྱུང་བའི་དཀྱིལ་འཁོར་གྱི་ལྷ་ རྣམས་སྐུ་གསུང་ཐུགས་ལས་འབྱུང་བའི་ཕྱིར་རོ། །རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ་ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྟར་འདུས་མ་བྱས་པ་དེས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་འོག་ནས་འབྱུང་བའི་དོན་སྨྲ་བའི་དཀྱིལ་འཁོར་དང་། སྙིང་པོ་སྐྱོན་དང་བྲལ་བ་སྟོན་པས་གསུངས་ པའི་ཕྱིར་རོ། །ད་ནི་ཁྲོ་བོ་རྣམས་ཀྱི་རང་བཞིན་གྱི་དོན་ཐུགས་ཀ་ནས་སྟོན་ཏེ། མི་ཆོད་པ་མི་ཤིགས་པ། བདེན་པ་སྲ་བ་ཞེས་བྱ་བ་ནི་གཟུང་བའི་ཡུལ་དུ་མ་གྲུབ་པས། མཚན་མ་འཇོམས་པས་གཤིན་རྗེ་གཤེད་དུ་བསྟན། ཉོན་མོངས་པའི་སྐྱོན་འཇོམས་པའི་ཐོ་བ་བསྣམས་སོ། ། བྱང་ཆུབ་ཀྱི་སེམས་སྐྱོན་མེད་པས་སྐུ་མདོག་དཀར། རྩ་བའི་ཡིག་འབྲུ་མ་ལས་བསྐྱེད་པས། མ་ཐ་བཛྲ་ཞེས་བྱ་བ་ངག་གི་ལས་དང་ཆོ་ག་ཚང་བར་བྱས་ནས་བསྒོམས་ན་དངོས་གྲུབ་ཡ་མཚན་ཅན་ཐོབ་བོ། །དངོས་གྲུབ་དེ་བདུད་ཀྱིས་བར་དུ་མི་ཆོད་པས་མི་ཆོད་པ། སྐུ་གསུང་ ཐུགས་མཚན་མས་མི་ཤིགས་པས་མི་ཤིགས་པ་ཞེས་གསུངས་གསུང་གི་ངོ་བོ་བདེན་པ་དང་ལྡན་པས་ཚིག་གི་དངོས་གྲུབ་སྟེ། དེ་ལྟ་བུ་ནི་ཧཱུཾ་ཀ་ར་ཉིད་ཀྱི་རང་བཞིན་ཡང་ཡིན་ཏེ། ཅིའི་ཕྱིར་ན། གཅིག་གི་ངོ་བོར་ཀུན་གྱུར་ཅིང་དབྱེར་མེད་པའི་ཕྱིར་རོ། །ཐུགས་བྱང་ཆུབ་རྣམ་པར་དག་པས་ མཚན་མའི་སྐྱོན་གྱིས་རབ་ཏུ་མི་ཆོད་པའི་རྟགས་སུ་བསྟན་ཏེ། དེ་ནི་ཏིང་ངེ་འཛིན་འབུམ་ཕྲག་གི་སྒོ་ནས་འགྲོ་བའི་དོན་མཛད་པ་ལ་བར་མི་ཆོད་པའི་ཕྱིར་སྨོས་སོ། །སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་མི་འགྱུར་བའི་བྱང་ཆུབ་ཀྱི་ཆེ་བ་མངའ་བས་མི་ཤིགས་པ། བདེན་པའི་ཚིག་མི་འགྱུར་བས་ ཆོས་སྟོན་པས་བདེན་པ། དེ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་དེ་བསྒོམས་པའི་ཕྱིར་ཕྲིན་ལས་རྣམས་བཞིའི་ལས་བྱས་ན་འགྲུབ་བོ། །ཧཱུཾ་ཀ་རའི་དོན་བཤད་ཟིན་ཏོ།། །།སྲ་བ་བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ་ཞེས་བྱ་བ་ཉོན་མོངས་པའི་འཁོར་བ་ལས་རྒྱལ་བའི་ཕྱིར་ཡེ་ཤེས་ཀྱི་འཁོར་ལོ་ རྣམས་སྐུ་གསུང་ཐུགས་རྡོ་རྗེ་ལྟར་སྲ་བས་སྲ་བ། བྱང་ཆུབ་ཀྱི་སེམས་མི་འགྱུར་བས་བརྟན་པ། ཐུགས་རྡོ་རྗེ་བརྩོན་འགྲུས་ཅི་ལ་ཡང་ཐོགས་པ་མེད་པས་ཐོགས་པ་མེད་པ། རྩ་བའི་སྙིང་པོ་ཡིག་འབྲུ་དུ་ལས་བསྐྱེད་པས། དུ་ན་བཛྲ་ཞེས་གསུངས་ཏེ། རྫས་དང་ཆོ་ག་ཚང་བར་བྱས་ན་དངོས་ གྲུབ་ཡ་མཚན་ཅན་ཐོབ་བོ། །དེ་ནས་བདུད་དང་བགེགས་བྱེད་ཀྱིས་གླགས་མི་རྙེད་པས་སྲ་བའི་དངོས་གྲུབ་ཅི་བྱ་བ་འགྲུབ་པས་བརྟན་པའི་དངོས་གྲུབ་ཐམས་ཅད་དབང་དུ་སྡུད་པའི་ཕྱིར་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་བོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དོན་བཤད་ཟིན་ཏོ།། །། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ་ནི་ཁམས་གསུམ་ཐམས་ཅད་དུ་བྱང་ཆུབ་སེམས་ཐུགས་རྗེའི་རང་བཞིན་དུ་གནས་པས་མ་ཕམ་པ། བདུད་དྲེགས་བྱེད་ཐམས་ཅད་ལས་རྒྱལ་བར་བྱེད་པས་ན་སྐྲག་པར་བསྟན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འཇིལ་བའི་ཕྱིར་ན་འཇིལ་བར་བསྟན། དེའི་རྟགས་ཐབས་ཐུགས་རྗེ་ཆེན་པོའི་པདྨ་བསྣམས་པ། དེ་ལྟ་བུའི་ཁྲོ་བོའི་རྒྱལ་པོ་ཧ་ཡ་གྲྀ་བ་སྐུ་མདོག་དམར་པོ་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའི་ཕྱིར་ཡང་དག་པའི་ཡོན་ཏན་དང་ལྡན་པའི་རྩ་བའི་སྙིང་ པོ་སྟེ། བྱང་ཆུབ་སེམས་ཀྱི་ཡིག་འབྲུ་དྷ་ལས་བསྐྱེད་པས་དྷ་ར་བཛྲ་ཞེས་བརྗོད་དོ། །འོག་ནས་འབྱུང་བ་ལྟར་བསྒོམས་ན་བཀྲ་ཤིས་པར་འགྱུར་རོ། །ཧ་ཡ་གྲྀ་བའི་དོན་བཤད་ཟིན་ཏོ།། །།རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར་བྱེད་པ། ལས་ཐམས་ཅད་ འཇོམས་པར་བྱེད་པ་ནི། ཕས་ཀྱི་རྒོལ་བའི་གནོད་པ་བྱེད་པ་ཐམས་ཅད་དང་། དྲང་སྲོང་གི་གནོད་པ་རྣམས་དང་། ཕྱིར་ལོག་གི་བྱེ་བྲག་རྣམས་དང་། སྡུག་བསྔལ་གྱི་གནོད་པ་རྣམས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་རང་བཞིན་གྱིས་ཐམས་ཅད་གཅོད་པར་བྱེད་པ། ཐམས་ཅད་གནོན་པའི་ཚུལ་དུ་གནས་ པས་ཡོན་ཏན་ཐམས་ཅད་མ་ལུས་པར་རྫོགས་པར་བྱེད་པ། ཡེ་ཤེས་ཀྱི་ངོ་བོ་ལས་མ་ཡིན་པ་ཐམས་ཅད་འཇོམས་པའི་རྟགས་སུ་ཁྲོ་བོ་བདུད་རྩི་འཁྱིལ་པས་མཁྱེན་པའི་ཡོན་ཏན་བྱང་ཆུབ་སེམས་ཀྱི་རང་བཞིན་ཡེ་ནས་རྣམ་པར་དག་པའི་ཕྲིན་ལས་སྣ་ཚོགས་པ་རྣམས་སོ། །རྩ་བའི་ཡིག་འབྲུ་ལས་ བསྐྱེད་པས་དྷ་ར་ཡ་བཛྲ་ཞེས་གསུངས་སོ། །དེ་བསྒྲུབ་པའི་ཕྱིར་རྫས་དང་ཡོ་བྱད་ལ་སོགས་པ་ཚོང་བར་བྱ་སྟེ་ལས་བྱས་ན་དམོད་པའི་བྱེ་བྲག་ཐམས་ཅད་ལས་ཐར་བར་འགྱུར་རོ། །བདུད་རྩི་འཁྱིལ་པའི་དོན་བཤད་ཟིན་ཏོ།། །།ད་ནི་ཡ་མཱནྟ་ཀའི་དོན་བཤད་དེ། གཞན་གྱི་ལས་ཐམས་ཅད་འཇིག་ པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ནི་ཕྱིར་རྒོལ་བ་མ་ལུས་པ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱིས་ཐམས་ཅད་འཇིག་པར་བྱེད་ཅིང་། བྱང་ཆུབ་སེམས་ཀྱི་རང་བཞིན་དུ་འགྱུར་བས་གཞན་གྱི་ལས་ཐམས་ཅད་འཇིག་པར་གསུངས། གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཐུགས་རྗེ་ཆེན་པོའི་ཡེ་ཤེས་ཀྱི་ཞབས་ཀྱིས་གནོན་ཅིང་གྲོལ་བར་བྱེད་པས་ན་གདོན་ཐམས་ཅད་བརླག་པར་གསུངས། གནོད་པའི་བྱེ་བྲག་བྱེད་པའི་ཉམས་ལེན་པ་སྣ་ཚོགས་དགེ་བའི་བར་དུ་གཅོད་པ་རྣམས་འདུལ་བར་མཛད་པ་དང་། གཞན་སེམས་ཅན་གང་ ཞིག་ཉམ་ཐག་པ་སྣ་ཚོགས་ཚེ་དང་མདོངས་འཕྲོག་པ་ལས་ཐར་བར་མཛད་པས་ན་དེའི་ཕྱིར་གདོན་ཐམས་ཅད་ལས་ཐར་བར་བྱེད་པར་གསུངས་སོ། །དེའི་རྟགས་ཀྱི་ཆ་འཛིན་པ་ནི་ཁྲོ་བོའི་རྒྱལ་པོ་ཡ་མཱནྟ་ཀ་སྟེ། དེ་བསྒྲུབ་པར་བྱ་བའི་ཕྱིར་ཏིང་ངེ་འཛིན་གྱི་བུམ་པ་བྷྲཱུཾ་ལས་གཞལ་ ཡས་ཁང་དུ་བསྒོམ། རྩ་བའི་ཡིག་འབྲུ་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་བསམ་སྟེ། དེ་འོད་དུ་ཞུ་བ་ལས་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གྱུར་ཏོ། །སྙིང་པོ་དང་རྒྱན་ཆ་རྣམས་ལ་ཡེ་ཤེས་ཀྱི་ལྷ་འབར་བར་བསམས་ཏེ་འོད་དུ་ཞུ་བས་རྒྱན་དང་སྙིང་པོ་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་ཏོ། །ཡེ་ཤེས་ ཀྱི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་ནས་དངོས་གྲུབ་སྣ་ཚོགས་པ་སྦྱིན་པར་བསམ། བདག་ཡ་མཱནྟ་ཀའི་ཏིང་ངེ་འཛིན་དུ་ཞུགས་ལ། ཕྲིན་ལས་རྣམ་བཞི་གང་བྱེད་པ་སོ་སོའི་ཁ་དོག་ཏུ་བསྒྱུར་ཏེ་བུམ་པས་དབང་བསྐུར་ན་ཐམས་ཅད་འགྲུབ་པར་གསུངས་སོ། །རྩ་བའི་ཡིག་འབྲུ་དེ་ལས་བསྐྱེད་པས་ ད་ཧ་བཛྲ་སྟེ། བསྙེན་པ་གྲངས་མང་པོར་བརྗོད་ན་བཀྲ་ཤིས་པར་འགྱུར་རོ། །ཡ་མཱནྟ་ཀའི་དོན་བཤད་ཟིན་ཏོ།། །།ད་ནི་ཊཀྐི་རཱ་ཛའི་དོན་བཤད་དེ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ་ནི་སེམས་ཅན་གྱི་རྣམ་པར་རྟོག་པ་ཕྱིན་ཅི་ལོག་གི་ལྟ་ བ་ལས་བྱུང་བས་ན་འབྱུང་པོ། བལ་སྣ་དྲུག་མགུལ་ལ་སོགས་པ་རྫས་ཀྱི་བྱེ་བྲག་ལས་བྱུང་བས་ན་འབྱུང་པོ། དེ་འགུགས་པར་བྱེད་པས་ནི་ཊཀྐི་རཱ་ཛའི་རང་བཞིན་དུ་བསྟན་ཏེ། ཐབས་མཁས་པའི་ཐུགས་རྗེས་ཁམས་གསུམ་གྱི་འབྱུང་པོའི་རིགས་ཐམས་ཅད་དབང་དུ་བསྡུས་ནས་འཁོར་བས། དེའི་ཕྱིར་འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པར་གསུངས། གཞན་ཡང་དེ་བཞིན་གཤེགས་པའི་ཕྲིན་ལས་ལ་མངའ་བརྙེས་པས། ལས་ཐམས་ཅད་ཀྱང་བྱེད་དུ་འཇུག་ཅིང་གཞན་ལ་སྟོན་པ་དང་། ཉམས་སུ་ལེན་པའི་ནུས་པ་དང་ལྡན་པས་རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པར་ གསུངས། དེ་བསྒྲུབ་པར་བྱ་བའི་ཕྱིར་བུམ་པ་ལར་བསམས་ཏེ་འོད་དུ་ཞུ་བས། ཊཀྐི་རཱ་ཛའི་རང་བཞིན་དུ་བསམས། ནང་གི་ཆུ་ལ་ར་བསམས་ཏེ་འོད་དུ་ཞུ་བ་ལས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ། བུམ་པའི་རྒྱན་ཆ་ལ་ཡ་བསམས་ཏེ་འོད་དུ་ཞུ་བས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་ འབྱུང་བར་བསམ་མོ། །དེ་ལྟར་བྱིན་གྱིས་བརླབས་པའི་བུམ་པས་ཕྲིན་ལས་སོ་སོའི་ལས་བྱས་ན་འགྲུབ་པར་གསུངས། ཊཀྐི་རཱ་ཛའི་དོན་བཤད་ཟིན་ཏོ།། །།ད་ནི་སྟོབས་པོ་ཆེའི་དོན་བཤད་དེ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་ རབ་ཏུ་སྦྱིན་པ་ནི། གང་ཞིག་གིས་བསྒྲུབས་པར་གྱུར་ན་དངོས་གྲུབ་མ་གྲུབ་པ་རྣམས་གྲུབ་པར་བྱེད་པ་དང་། ལས་གྲུབ་པ་རྣམས་ཆུད་ཟོས་ཀྱི་དབང་དུ་མི་གཏོང་བ་དང་། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པའོ། །ཏིང་ངེ་འཛིན་གྱི་སྟོབས་དང་ལྡན་པ། གཞན་གྱི་ཕུན་སུམ་ཚོགས་པ་སྒྲུབ་པ་ཁྲོ་བོའི་རྒྱལ་ པོ་སྟོབས་པོ་ཆེར་བསྟན། དེ་བསྒྲུབ་པར་བྱ་བའི་ཕྱིར་བུམ་པ་ལ་དུ་བསམས་ཏེ། འོད་དུ་ཞུ་བ་ལས་བྱང་ཆུབ་སེམས་སྟོབས་པོ་ཆེའི་རང་བཞིན་དུ་བསམ། བུམ་པའི་ཆུ་ལ་སུ་བསམས་ཏེ་འོད་དུ་ཞུ་བ་ལས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ། བུམ་པའི་རྒྱན་ཆ་ལ་ན་བསམས་ཏེ་འོད་ དུ་ཞུ་བས་ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པའི་ཆོ་འཕྲུལ་འབྱུང་བར་བསམ། དེ་ལྟར་བྱིན་གྱིས་བརླབས་པའི་བུམ་པ་དེ་ཕྲིན་ལས་རྣམ་བཞི་གང་བྱེད་པ་སོ་སོའི་ཁ་དོག་ཏུ་བྱིན་གྱིས་བརླབས་པའི་བུམ་པས་དབང་བསྐུར་ན་ཐམས་ཅད་འགྲུབ་པར་གསུངས། དེའི་ཕྱིར་དཱ་རུ་ཎ་བཛྲ་ཞེས་པ་རྩ་བའི་ བསྙེན་པ་གྲངས་མང་དུ་བརྗོད་ན་ལས་ཐམས་ཅད་གྲུབ་པས་ཆུད་མི་ཟ་བར་གསུངས་སོ། །སྟོབས་པོ་ཆེའི་དོན་བཤད་ཟིན་ཏོ།། །།ད་ནི་ཨ་མོ་གྷ་པཱ་ཤའི་དོན་བཤད་དེ། སེམས་ཅན་ཐམས་ཅད་བསྲུང་བ་ནི་ཨ་མོ་གྷ་པཱ་ཤའི་དོན་ཏོ། །ཐུགས་རྗེ་ཆེན་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས་ ཐབས་མཁས་པའི་སྤྲུལ་པ་བྱུང་ནས་ཁམས་གསུམ་གྱི་སེམས་ཅན་ལ་ཐབས་མཁས་པའི་ཐུགས་རྗེའི་བྱེ་བྲག་སྣ་ཚོགས་བསྟན་ནས་ཉོན་མོངས་པའི་སྡུག་བསྔལ་ལས་ཕན་བཏགས་ནས་སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར་རོ། །དེའི་རང་བཞིན་ཨ་མོ་གྷ་པཱ་ཤ་སྟེ། དེ་ནི་སེམས་ཅན་ཐམས་ ཅད་ལ་བྱང་ཆུབ་སེམས་ཐབས་མཁས་པས་སྲུང་བར་བྱེད་དོ། །དེ་བསྒྲུབ་པར་བྱ་བའི་ཕྱིར་བུམ་པ་ལ་ར་བསམས་ཏེ་འོད་དུ་ཞུ་བས། ཨ་མོ་གྷ་པཱ་ཤའི་རང་བཞིན་དུ་བསམ་མོ། །བུམ་པའི་ཆུ་ལ་རུ་བསམས་ཏེ་འོད་དུ་ཞུ་བས་ཡེ་ཤེས་ཀྱི་སྤྲུལ་པ་སྣ་ཚོགས་པའི་ཡོན་ཏན་དང་ལྡན་པར་བསམ་མོ། །དེ་ ནས་ཨ་མོ་གྷ་པཱ་ཤ་བསྒྲུབ་པར་བྱ་བའི་ཕྱིར། ཕྲིན་ལས་རྣམ་བཞི་གང་བྱེད་པའི་ཁ་དོག་སོ་སོའི་བྱེ་བྲག་ཏུ་བསྒོམས་ནས་དབང་བསྐུར་ཞིང་ལས་བྱས་ན་ཐམས་ཅད་འགྲུབ་པར་གསུངས་སོ། །ཨ་མོ་གྷ་པཱ་ཤའི་དོན་བཤད་ཟིན་ཏོ།། །།ད་ནི་དབུས་ཀྱི་གཙོ་བོའི་དོན་བཤད་ དེ། ཞི་བ་རྒྱས་པ་སེམས་ཅན་ཐམས་ཅད་རེངས་པར་བྱེད་པ་ཞེས་པ་ནི་ཕྱིན་ཅི་ལོག་གི་ཉོན་མོངས་པ་ཐམས་ཅད་ལ་སྔོན་གྱི་བསོད་ནམས་ཀྱི་ཚོགས་དང་། ཕྲིན་ལས་ཀྱི་ཐུགས་རྗེ་ཐབས་མཁས་པའི་བྱེ་བྲག་སྣ་ཚོགས་པ་གཞན་ལ་བསྟན་ནས། ཕྱིན་ཅི་ལོག་གི་ཉོན་མོངས་པ་ཐམས་ཅད་མེད་པར་ མཛད་ཅིང་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པར་མཛད་པ་དང་། བདུད་དང་དྲེགས་བྱེད་ཅན་རྣམས་སྐྲག་ཅིང་རེངས་པར་བྱེད་པའི་ཕྱིར་རོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་མཆོག་ཆོས་ཉིད་ཞི་བའི་དོན་ལས་མ་གཡོས་ཀྱང་། སྔོན་གྱི་བསོད་ནམས་ཀྱིས་ཁམས་གསུམ་གྱི་སེམས་ ཅན་ཐམས་ཅད་ལ་ཐབས་མཁས་པའི་ཕྲིན་ལས་སྣ་ཚོགས་འབྱུང་བའི་ཡོན་ཏན་བྱང་ཆུབ་ཀྱི་སེམས་གཞན་ལས་འབྱུང་བའི་ཕྱིར་ཆེ་བའི་ཡོན་ཏན་སྣ་ཚོགས་པ་བྱུང་ནས། སེམས་ཅན་རྣམས་ཀྱི་ཕོངས་པ་རྣམས་ཚིམ་ཞིང་བདེ་བར་མཛད་པ་དང་། འཇིག་རྟེན་གྱི་དྲེགས་བྱེད་ཐམས་ཅད་ ལ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ནས་བདེ་བ་ལ་བཀོད་པའི་ཕྱིར་རིངས་ཤིང་འདར་བར་མཛད་དེ་དབང་དུ་བསྡུས་ནས་ཕན་འདོགས་པའི་ཕྱིར་རོ། །དེ་ལྟར་ཡོན་ཏན་དང་ལྡན་པའི་ཕྱག་ན་རྡོ་རྗེ་བསྒོམ་པའི་ཕྱིར་རོ། །བུམ་པ་ལ་ཨོཾ་བསྒོམས་པས་འོད་དུ་ཞུ་བས་ཕྱག་ན་རྡོ་རྗེའི་སྐུར་བསྒོམ། བུམ་པའི་ཆུ་ལས་ཧ་བསམས་ཏེ་ཆོ་ག་རྣམ་གསུམ་གྱི་ཚུལ་སྤྲོ་བསྡུ་བྱས་པས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ། །བུམ་པའི་རྒྱན་ཆ་ལ་ར་བསམས་ཏེ་འོད་དུ་ཞུ་བས་ཡོན་ཏན་དཔག་ཏུ་མེད་པའི་རྒྱན་ཆ་དང་ལྡན་པར་བསམ་མོ། །ཐུགས་ཀྱི་རང་བཞིན་དཔལ་ཕྱག་ན་རྡོ་རྗེའི་སྐུར་བསྒོམ་ པའི་ཕྱིར་ཕྲིན་ལས་རྣམ་བཞིའི་ལས་ཀྱི་བྱེ་བྲག་ཚང་བར་བྱ་སྟེ། བསྙེན་པ་སྟོང་དང་འབུམ་ལ་སོགས་པ་ཕུལ་ན་དངོས་གྲུབ་ཡ་མཚན་ཅན་ཐོབ་བོ། །ལས་ཀྱི་ལྷག་ཆད་ཁ་བསྐོང་བའི་ཕྱིར་ཁྲོ་བོའི་རྟིང་ལ་གསུངས། དཀྱིལ་འཁོར་གྱི་བདག་པོ་ཡིན་པའི་ཕྱིར་ཚོགས་ཀྱི་མཇུག་སྡུད་པའོ། །དབུས་ ཀྱི་གཙོ་བོའི་དོན་བཤད་ཟིན་ཏོ།། །།ད་ནི་སྒོ་བའི་དོན་བཤད་དེ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་ཞེས་བྱ་བ་ནི་ཐུགས་རྗེ་ཆེན་པོས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཐབས་མཁས་པའི་བྱེ་བྲག་སྣ་ཚོགས་པ་བསྟན་ནས་ཡེ་ཤེས་བཞིའི་ངོ་བོས་ཕན་གདགས་ པའི་ཕྱིར་སྒོ་བ་བཞིར་སྐུ་སྤྲུལ་ཏེ། བདུད་དང་དྲེགས་བྱེད་གླགས་དང་སྐབས་ཚོལ་བ་རྣམས་ལ་རྨུགས་པར་བྱེད་པའི་ཐབས་ཀྱིས་འདུག་ཏུ་མ་སྟེར་ནས་གསང་སྔགས་ཀྱི་མཐུ་ཆེན་པོ་བསྟན་ནས་མི་གནས་པར་བྱེད་པའི་དོན་ཏོ། །དེའི་རྟགས་ཀྱི་ཆ་འཛིན་པ་ནི་སྒོ་བ་ཆེན་པོ་བཞི་ཡིན་ཏེ། དེ་བསྒྲུབ་ པར་བྱ་བའི་ཕྱིར་བདག་གིས་བུམ་པ་ལ་ཧཱུཾ་བསམས་ཏེ། འོད་དུ་ཞུ་བས་སྒོ་བ་ལྕགས་ཀྱུ་མའི་རང་བཞིན་དུ་བསམ་མོ། །བུམ་པའི་ཆུ་ལ་ལུ་བསམས་ཏེ་འོད་དུ་ཞུ་བས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ། བུམ་པའི་རྒྱན་ཆ་ལ་ཛཿབསམས་ཏེ་ཡེ་ཤེས་ཀྱི་ཆོ་ག་རྣམ་པ་གསུམ་ གྱིས་སྤྲོ་བསྡུ་བྱ། ཡེ་ཤེས་ཀྱི་ལྕགས་ཀྱུས་ཕྱི་ནང་གི་བྱེ་བྲག་རྣམས་བསྡུས་ནས་བུམ་པ་མཛེས་པར་བསམ་མོ། །དེ་ནས་ལྷོ་ཕྱོགས་ཀྱི་བུམ་པ་ལ་ཏི་བསམས་ཏེ་འོད་དུ་ཞུ་བས་ཞགས་པའི་རང་བཞིན་དུ་བསམ། བུམ་པའི་ཆུ་ལ་ཤྚ་བསམས་ཏེ་འོད་དུ་ཞུ་བས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་ དུ་བསམ་མོ། །བུམ་པའི་རྒྱན་ཆ་ལ་ཧཱུཾ་བསམས་ཏེ་ཆོ་ག་རྣམ་གསུམ་གྱིས་སྤྲོ་བསྡུ་བྱས་པས་ཏིང་ངེ་འཛིན་གྱི་རྒྱན་ཆས་བསམ་གྱིས་མི་ཁྱབ་པར་བསམ་མོ། །དེ་ནས་ནུབ་ཕྱོགས་ཀྱི་བུམ་པ་ལ་ལྷ་བསམས་ཏེ་འོད་དུ་ཞུ་བས་ལྕགས་སྒྲོག་གི་རང་བཞིན་དུ་བསམ་མོ། །བུམ་པའི་ཆུ་ལ་ད་བསམས་ ཏེ། འོད་དུ་ཞུ་བས་བྱང་ཆུབ་ཀྱི་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ། །བུམ་པའི་རྒྱན་ཆ་ལ་བཾ་བསམས་ཏེ་ཆོ་ག་རྣམ་པ་གསུམ་གྱིས་སྤྲོ་བསྡུ་བྱས་པས་མཆོད་པའི་རྒྱན་ཆས་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་བསམ་མོ། །དེ་ནས་བྱང་ཕྱོགས་ཀྱི་བུམ་པ་ལ་ཧ་བསམས་ཏེ་འོད་དུ་ཞུ་བས་སྒོ་ བ་དྲིལ་བུའི་རང་བཞིན་དུ་བསམ་མོ། །བུམ་པའི་ཆུ་ལ་ནྟ་བསམས་ཏེ་འོད་དུ་ཞུ་བས་བྱང་ཆུབ་སེམས་ཟླ་བའི་དཀྱིལ་འཁོར་དུ་བསམ་མོ། །བུམ་པའི་རྒྱན་ཆ་ལ་ཧོཿབསམས་ཏེ་ཆོ་ག་གསུམ་གྱིས་སྤྲོ་བསྡུ་བྱས་པས་ཏིང་ངེ་འཛིན་གྱི་ཆོ་འཕྲུལ་འབྱུང་བར་བསམ་མོ། །དེ་ལྟར་བསྒོམས་པའི་བུམ་པ་ དེ་ལ་རང་བཞིན་གྱི་དཀྱིལ་འཁོར་ནས་འཕགས་པ་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་དམིགས་སོ། །བསྙེན་པ་དང་མཆོད་པ་ཕུལ་བས་རབ་ཏུ་མཉེས་ཏེ་འོད་དུ་ཞུ་བས་བདག་གིས་བསྒོམས་པའི་བུམ་པ་ལ་ཐིམ་ནས་གཉིས་སུ་མེད་པར་བསམ་མོ། །དེ་ལྟར་ཐིམ་ ནས་བྱང་ཆུབ་སེམས་ཆོས་ཉིད་ཀྱི་ཡོན་ཏན་འབྱུང་བར་བསམས་ཏེ། བྱིན་གྱིས་བརླབས་པའི་ཡོན་ཏན་བུམ་པ་དེས། གང་ཞིག་བཀྲ་མི་ཤིས་པ་ལ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་དཀར་པོ་བསྟིམས་ནས་ཁྲུས་བྱས་ཏེ་ཞི་བའི་ལས་བྱས་ན་ཐམས་ཅད་ཞི་བར་འགྱུར་རོ། །གང་ཞིག་བདོག་པ་ཉམས་ པ་ལ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་སེར་པོ་བསྟིམས་ནས་ཁྲུས་བྱས་ཏེ་རྒྱས་པའི་ལས་བྱས་ན་ཐམས་ཅད་རྒྱས་པར་འགྱུར་རོ། །གང་ཞིག་ཚེ་ཉམས་པ་ལ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་དམར་པོ་བསྟིམས་ནས་ཁྲུས་བྱས་ཏེ། དབང་གི་ལས་བྱས་ན་ཐམས་ཅད་དབང་དུ་འགྱུར་རོ། །གང་ཞིག་ ཡུལ་དང་མཁར་ཤོར་བ་དང་། བགེགས་ཀྱི་ཆོ་འཕྲུལ་དང་ལྷ་འདྲེའི་ཆོ་འཕྲུལ་གནོད་པ་རྣམས་ལ་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ནག་པོ་བསྟིམས་ནས་ཁྲུས་བྱས་ཏེ། དྲག་པོའི་ལས་བྱས་ན་ཐམས་ཅད་ཕུང་ནས་འཇིག་པར་འགྱུར་རོ། །སྒོ་བའི་དོན་བཤད་ཟིན་ཏོ།། །།སངས་རྒྱས་ ཀྱི་མཐུས་ལག་ན་རྡོ་རྗེ་ཞེས་བྱ་བ་ནི་གོང་དུ་ཁྲོ་བོའི་རང་བཞིན་བསྟན་པ་ལས། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཡང་དག་པའི་ཡེ་ཤེས་རྡོ་རྗེ་ལྟ་བུས་བྱིན་གྱིས་བརླབས་ནས། ལག་ཏུ་ཡེ་ཤེས་ཀྱི་རྟགས་རྡོ་རྗེ་བྱིན་ནས་མིང་གི་དབང་ བསྐུར་ཏེ། སྲིད་པ་གསུམ་གྱི་མཐུ་ཅན་ཞབས་འོག་ཏུ་བསྡུས་ནས། དམ་ལ་བཏགས་པའི་ཕྱིར་དང་འོག་གི་ཁྲོ་བོའི་སྔགས་དང་ཕན་ཡོན་སྨྲ་བ་ལ་གཞུག་པའི་ཕྱིར་དང་། དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་ནས་ཆེ་བའི་ཡོན་ཏན་དང་ལྡན་པའི་ལག་ན་རྡོ་རྗེ་དེ་བཞིན་གཤེགས་པའི་ ཡེ་ཤེས་ཀྱི་ཚིག་གིས་ཁམས་གསུམ་གྱི་སེམས་ཅན་ལ་ཕན་གདགས་པའི་ཕྱིར་སྐུ་གསུང་ཐུགས་རྡོ་རྗེ་ལས་མཚོན་པའི་རྟགས་ཐུགས་རྡོ་རྗེའི་དཀྱིལ་འཁོར་གྱི་སྔགས་འདི་འབྱུང་བའི་དོན་ཏོ། །སྔགས་ཀྱི་དོན་འབྱུང་བའི་ཐབས་བཤད་ཟིན་ཏོ།། །།ད་ནི་ཕྱག་ན་རྡོ་རྗེའི་ཕྲིན་ལས་ཀྱི་ དོན་བཤད་དེ། ན་མོ་རཏྣ་ཏྲ་ཡཱ་ཡ་ཞེས་པ་ནི་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་དོན་ཏོ། །ཕྱག་ན་རྡོ་རྗེ་ནི་དཀོན་མཆོག་གསུམ་གྱི་རང་བཞིན་དུ་གྱུར་པས་ན་ཡེ་ཤེས་ལས་བྱུང་བའི་ཕྱིར་རོ། །ན་མཤྩཎྜ་བཛྲ་པཱ་ཎ་ཡེ་ཞེས་པ་ནི་རྡོ་རྗེ་གཏུམ་པོ་རིན་པོ་ཆེའི་ངོ་བོ་ཕྱག་ན་རྡོ་རྗེའི་ཡང་དག་ པའི་ཡེ་ཤེས་ཀྱི་སྙིང་པོའོ། །མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ་ཞེས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་བའི་དོན་ཏེ། གནོད་སྦྱིན་རྣམས་ཐུགས་རྗེས་བཏུལ་ལས་དེ་སྐད་ཅེས་བརྗོད་དོ། །ཏདྱ་ཐཱ་ཞེས་པ་ནི་འདི་ལྟ་སྟེ། གང་ལྟ་ཞེ་ན་འོག་ནས་འབྱུང་བའི་སྔགས་ཀྱི་ཚིག་ སྨྲས་སོ། །ཨོཾ་ཏྲ་ཊ་ཏྲ་ཊ་ཞེས་པ་ནི་ཡེ་ཤེས་ལྔ་པོས་བདག་གི་ཉོན་མོངས་པ་ཐམས་ཅད་སོད་ཅིག་པའི་དོན། ཏྲོ་ཊ་ཡ་ཏྲོ་ཊ་ཡ་ཞེས་པ་ནི་ཕྱག་ན་རྡོ་རྗེའི་བྱིན་གྱི་རླབས་ཀྱིས་རབ་ཏུ་སྤྱོད་ཅིག་ལེགས་པར་སྤྱོད་ཅིག་པའི་དོན། སྥུ་ཊ་སྥུ་ཊ་ཞེས་པ་ནི་ཉོན་མོངས་པའི་ལས་རྣམས་ཡེ་ཤེས་ཀྱི་མེ་འབར་བས་ སྲེགས་པར་གྱིས་ཤིག་པའི་དོན། སྥོ་ཊ་ཡ་སྥོ་ཊ་ཡ་ཞེས་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་གྱིས་ལེགས་པར་འབར་བར་གྱིས་ཤིག་པའི་དོན། གྷཱུརྞ་གྷཱུརྞ་ཞེས་པ་ནི་བདག་གི་བགེགས་རྣམས་ཟུང་ལ་སྲེགས་ཤིག ཡེ་ཤེས་མེས་མཚན་མ་བསྲེག་པའི་དོན། གྷཱུརྞ་པ་ཡ་གྷཱུརྞ་པ་ཡ་ཞེས་ པ་ནི་ཐུགས་རྗེས་ལྕགས་ཀྱུས་ཟུང་ལ་ལེགས་པར་སྤྲོད་ཅིག་པའི་དོན། སརྦ་སཏྭ་ནི་ཞེས་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་ཐུགས་ཀྱིས་གཟིགས་ཤིག་པའི་དོན། །བོ་དྷ་བོ་དྷ་ཞེས་པ་ནི་ཁམས་གསུམ་གྱི་སེམས་ཅན་ལ་བྱང་ཆུབ་ཏུ་སེམས་རབ་ཏུ་བསྐྱེད་ཅིག་པའི་དོན། སཾ་བོ་དྷ་ཡ་སཾ་ བོ་དྷ་ཡ་ཞེས་པ་ནི་འགྲོ་བ་རྣམས་ལེགས་པར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིག་པའི་དོན། བྷྲ་མ་བྷྲ་མ་ཞེས་པ་ནི་བྱང་ཆུབ་སེམས་དང་མི་མཐུན་པའི་བགེགས་རྣམས་སྐྲོད་ཅིག་པའི་དོན། སཾ་བྷྲ་མ་ཡ་སཾ་བྷྲ་མ་ཡ་ཞེས་པ་ནི་ཕྱིན་ཅི་ལོག་གི་ཉོན་མོངས་པ་རྣམས་ཐུགས་རྗེས་ལེགས་པར་སྐྲོད་ཅིག་པའི་ དོན། སརྦ་བྷཱུ་ཏ་ནཾ་ཞེས་པ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོས་བདག་གི་སྡང་བ་ཐམས་ཅད་ཆོམས་ཤིག་པའི་དོན། ཀུ་ཊ་ཀུ་ཊ་ཞེས་པ་ནི་གདོན་འབྱུང་པོ་རྣམས་གཏུབས་ཤིག་གཏུབས་ཤིག་པའམ་ཐུགས་རྗེས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཤིག་པའི་དོན། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ ཡ་ཞེས་པ་ནི་འཇིག་རྟེན་ན་གདོན་བར་ཆད་བྱེད་པ་རྣམས་བྱམས་པའི་ཐུགས་ཀྱིས་ལེགས་པར་གཏུབས་ཤིག་པའི་དོན། སརྦ་ཤ་ཏཱུཾ་ནི་ཞེས་པ་ནི་བདག་ལ་གནོད་པ་བྱེད་པའི་བགེགས་རྣམས་ཡང་དག་པའི་ཡེ་ཤེས་ཀྱིས་མཚན་མ་མེད་པའི་དོན་ཡང་བསྟན། གྷ་ཊ་གྷ་ཊ་ ཞེས་པ་ནི་བགེགས་དང་འབྱུང་པོ་རྣམས་ཐུགས་རྗེས་སྐྲོད་ཅིག་པའི་དོན། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ་ཞེས་པ་ནི་ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་བར་བྱེད་པས་ན་ཐུགས་རྗེས་ཉོན་མོངས་པ་ཐམས་ཅད་ལས་ཐར་བར་གྱིས་ཤིག་པའི་དོན། སརྦ་བིདྱཱ་ཞེས་པ་ནི་རིག་སྔགས་ཀྱི་མཐུས་གང་ལ་བྱ་བའི་ ལས་ཐམས་ཅད་གྲུབ་པར་བྱེད་པའི་དོན། བཛྲ་བཛྲ་སྥོ་ཊ་ཡ་ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བའི་མེ་ཆེན་པོའི་བགེགས་རྣམས་རོལ་ཅིག་པའི་དོན། བཛྲ་བཛྲ་ཀ་ཊ་ཞེས་པ་ནི་ཡེ་ཤེས་ལས་གྲུབ་པའི་རྡོ་རྗེ་འབར་བས་ཉོན་མོངས་པ་ཐམས་ཅད་ཆོད་ཅིག་པའི་དོན། བཛྲ་བཛྲ་མ་ཊ་ཞེས་པ་ནི་བྱང་ཆུབ་ཀྱི་ སེམས་ཀྱི་རྡོ་རྗེས་བདག་ལ་གདུག་པ་རྣམས་གཏུབས་ཤིག་པའི་དོན། བཛྲ་བཛྲ་མཱ་ཐ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་རྡོ་རྗེས་བགེགས་རྣམས་ཐུལ་ཅིག་པའི་དོན། བཛྲ་བཛྲ་ཨཊྚ་ཞེས་པ་ནི་ཡེ་ཤེས་ལས་གྲུབ་པའི་ཡང་དག་པའི་ཡེ་ཤེས་རྡོ་རྗེས་བདུད་རྣམས་གནས་དེར་མི་གནས་པར་གྱིས་ ལ་སྐྲོད་ཅིག་པའི་དོན། ཧཱ་ས་ནཱི་ལ་བཛྲ་ཞེས་པ་ནི་རྡོ་རྗེ་རྣོན་པོ་མེ་དང་འདྲ་བས་བག་ཆགས་རྣམས་ཆོད་ཅིག་དྲོལ་ཅིག་པའི་དོན། སུ་བཛྲ་བཛྲཱ་ཡ་སྭཱ་ཧཱ་ཞེས་པ་ནི་ཐུགས་མཁྱེན་པའི་རྡོ་རྗེ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་ལེགས་པར་སྦྱོར་ཅིག་པའི་དོན་ཏོ། །ཕྱག་ན་རྡོ་རྗེའི་ཕྲིན་ལས་ཀྱི་ དོན་བཤད་ཟིན་ཏོ།། །།ད་ནི་ཁྲོ་བོ་རྣམས་ཀྱི་ཕྲིན་ལས་ཀྱི་དོན་བཤད་དེ། ཧེ་ཕུལླུ་ནི་རུ་ཕུལླུ་ཞེས་པ་ནི་དེ་ལྟར་ཕྱག་ན་རྡོ་རྗེ་ཐུགས་ཀྱི་ངོ་བོ་གསུངས་ནས། རྡོ་རྗེ་ཁྲོ་བོ་ལ་སྦྱོར་བའི་ཕྱིར་རྡོ་རྗེ་ཁྲོ་བོ་འབར་བས་ཉོན་མོངས་པའི་གཤིན་རྗེས་ཁམས་གསུམ་པ་རྣམས་ཐུགས་རྗེས་འབར་བར་བྱེད་ པའི་དོན། གྷྀ་ཧྞ་ཀུལླུ་ཞེས་པ་ནི་ཁམས་གསུམ་གྱི་གཤིན་རྗེ་གཤེད་ཀྱི་སྡུག་བསྔལ་རྣམས་འཇོམས་པའི་དོན། མི་ལླི་ཙུལླུ་ཀུ་རུ་ཀུལླུ་ཞེས་པ་ནི་འཕགས་པ་རྟ་མགྲིན་སྔོན་པོ་འབར་བས་སྡུག་བསྔལ་སྦྱོངས་ཤིག་པའི་དོན། བཛྲ་བི་ཛ་ཡཱ་ཡ་སྭཱ་ཧཱ་ཞེས་པ་ནི་ཁྲོ་བོ་བདུད་རྩི་འཁྱིལ་པ་འབར་བས་ ཉོན་མོངས་པ་ཐམས་ཅད་བདུད་རྩིར་བྱིན་གྱིས་རློབས་ཤིག་པའི་དོན། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་ཨཱརྱ་ཨ་ཙ་ལས་ཐུགས་ཀྱི་ཕྲིན་ལས་མཛད་པ་དང་། སྟོབས་པོ་ཆེས་དྲག་ཤུལ་གྱི་ཕྲིན་ལས་མཛད་པའི་དོན། ཀ་ཊ་ཀ་ཊ་ཞེས་པ་ནི་ཡ་མཱནྟ་ཀ་ཁྲོ་བོའི་རྒྱལ་པོས་བདུད་རྣམས་སྤ་བཀོངས་ ཤིག་པའི་དོན། མ་ཊ་མ་ཊ་ཞེས་པ་ནི་ཁྲོ་བོ་ཧཱུཾ་ཀ་རས་ཉོན་མོངས་པ་རྣམས་ལས་ཐུགས་རྗེས་སྐྱོབས་ཤིག་པའི་དོན། ར་ཊ་ར་ཊ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་པདྨ་འཁྱིལ་པས་ཉོན་མོངས་པ་རྣམས་ཞི་བར་མཛོད་ཅིག་པའི་དོན། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ་ཞེས་པ་ནི་ཡེ་ཤེས་ཀྱི་གནོད་སྦྱིན་ འབར་བ་གཤིན་རྗེ་གཤེད་ཀྱིས་སྐྱོབས་ཤིག་པའི་དོན། ཙ་ར་ནི་ཙ་ར་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་ནཱི་ལ་དཎྜས་བདག་དང་སེམས་ཅན་ཐམས་ཅད་ལ་ཚེ་དང་དབང་ཐང་སྩོལ་ཅིག་པའི་དོན། ཧ་ར་ཧ་ར་ཞེས་པ་ནི་ཡེ་ཤེས་ཀྱི་གཤོག་པས་འཁོར་བའི་སྡུག་བསྔལ་སྐྱོབས་ཤིག་པའི་དོན། ས་ར་ ས་ར་ཞེས་པ་ནི་ཏིང་ངེ་འཛིན་གྱི་དྲག་ཤུལ་གྱི་སེམས་ཉམས་པ་རྣམས་དྲན་པར་གྱིས་ཤིག་པའི་དོན། མཱ་ར་ཡ་མཱ་ར་ཡ་ཞེས་པ་ནི་ཉོན་མོངས་པ་འཇོམས་པའི་རྡོ་རྗེས་བགེགས་རྣམས་སོད་ཅིག་པའི་ངང་ལས་དྲག་པོས་རྡུལ་དུ་ཐོང་ཤིག་པའི་དོན། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་རྣམ་ པར་འཇོམས་པས་སེམས་ཅན་གྱི་ལས་རྣམས་མཛོད་ཅིག་པའི་དོན། ཙྪིནྡ་ཙྪིནྡ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་ཧ་ཡ་གྲ་བས་ཉོན་མོངས་པ་རྣམས་སོད་ཅིག་པའི་དོན། བྷིནྡ་བྷིནྡ་ཞེས་པ་ནི་བདག་དང་སེམས་ཅན་རྣམས་ཀྱི་སྡུག་བསྔལ་ཤིག་ཅིག་ཅེས་པའི་དོན། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་ ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེས་ལས་དང་ཉོན་མོངས་པ་ཐུགས་ཞི་བའི་སྒོ་ནས་ཞི་བར་མཛོད་ཅིག་པའི་དོན། བནྡྷ་བནྡྷ་ཞེས་པ་ནི་ཊཀྐི་རཱ་ཛ་སྟེ་ཁྲོ་བོའི་རྒྱལ་པོས་གདུག་པའི་བདུད་རྣམས་མགོ་ནས་ཆིངས་ཤིག་པའི་དོན། ཀྲོ་དྷ་ཀྲོ་དྷ་ཞེས་པ་ནི་ཁྲོ་བོའི་ཁྲོ་བོས་ཉོན་མོངས་པ་རྣམས་ལ་རོལ་ཅིག་ པའི་དོན། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་བདུད་རྩི་འཁྱིལ་པས་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན། ཙུ་རུ་ཙུ་རུ་ཞེས་པ་ནི་ཁྲོ་བོ་རྒྱལ་པོ་ཨ་མོ་གྷ་པཱ་ཤས་དམ་ཚིག་བཞིན་དུ་ཕྲིན་ལས་མཛོད་ཅིག་པའི་དོན། ཙཎྜ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་ཚུར་སྤྱོན་ཚུར་ སྤྱོན་དམ་ཚིག་ལ་དགོངས་པའི་དོན། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་བདུད་རྩི་འཁྱིལ་པས་ཐུགས་ཚད་མེད་པའི་གསུང་སྒྲས་ཐམས་ཅད་བྱང་ཆུབ་སེམས་སུ་ཞི་བར་མཛོད་ཅིག་པའི་དོན། ཏྲཱ་ས་ཡ་ཏྲཱ་ས་ཡ་ཞེས་པ་ནི་ཁྲོ་བོའི་རྒྱལ་པོ་མ་ཧཱ་བ་ལས་བདུད་དང་བགེགས་བྱེད་རྣམས་ སྐྲག་པར་གྱིས་ཤིག་པའི་དོན། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་ཡེ་ཤེས་ཀྱི་རྡོ་རྗེ་འབར་བས་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན། ཧ་ར་ཧ་ར་བཛྲ་དྷཱ་རཱ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་ཡེ་ཤེས་འབར་བའི་སྒོ་བ་བཞིས་བགེགས་རྣམས་སྐྲོགས་ཤིག་སྐྲོགས་ཤིག་བའི་དོན། པྲ་ཧ་ར་པྲ་ཧ་ར་ཞེས་པ་ནི་ཁྲོ་ བོའི་རྒྱལ་པོ་ཨ་མྲྀ་ཏ་ཀུཎྜ་ལིས་མཚན་མའི་དངོས་པོ་ཐམས་ཅད་ཞི་བར་མཛད་ནས་བྱིན་གྱིས་རློབས་ཤིག་པའི་དོན། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ་ཞེས་པ་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་འབར་བས་ལས་དང་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན། ཁྲོ་བོ་རྣམས་ཀྱི་ཕྲིན་ ལས་ཀྱི་དོན་བཤད་ཟིན་ཏོ།། །།ད་ནི་ཁྲོ་བོ་རྣམས་ཀྱི་བསྲུང་བའི་དོན་ཏེ། མ་ཏི་སྠི་ར་བཛྲ་ཞེས་པ་ནི་བློ་བརྟེན་པའི་རྡོ་རྗེས་བྱང་ཆུབ་སེམས་ཀྱི་རང་བཞིན་དང་ལྡན་པར་གྱིས་ཤིག་པའི་དོན་དང་། སུ་ཏིསྠི་ར་བཛྲ་ཞེས་པ་ནི་ཤིན་ཏུ་བརྟན་པའི་རྡོ་རྗེས་ལེགས་པའི་ཡོན་ཏན་ཐམས་ཅད་རྡོ་རྗེ་ལྟ་བུ་ཞི་བ་དང་ ལྡན་པར་གྱིས་ཤིག་པའི་དོན། པྲ་ཏིསྠི་ར་བཛྲ་ཞེས་པ་ནི་སོ་སོར་བརྟན་པའི་རྡོ་རྗེས་བདག་གི་ལུས་རྡོ་རྗེ་ལྟ་བུར་ཞི་བར་མཛོད་ཅིག་པའི་དོན། མ་ཧཱ་བཛྲ་ཞེས་པ་ནི་རྡོ་རྗེ་ཆེན་པོ་ཞི་བའི་ཚུལ་དུ་བདུད་ལས་རྒྱལ་བར་མཛོད་ཅིག་པའི་དོན། པྲ་ཏིསྠི་ར་བཛྲ་ཞེས་པ་ནི་རབ་ཏུ་བརྟན་པའི་རྡོ་རྗེས་བདག་ལ་ཡེ་ ཤེས་ཀྱི་མཚོན་ཆ་སྩོལ་ཅིག་པ་སྟེ། གཞན་གྱི་གཏི་མུག་གཞོམ་པའི་ཕྱིར་རོ། །ཨ་མོ་གྷ་བཛྲ་ཞེས་པ་ནི་དོན་ཡོད་པའི་རྡོ་རྗེའི་ཞགས་པས་མ་གཏང་བའི་དོན། ཨེ་ཧི་བཛྲ་ཞེས་པ་ནི་བདེན་པའི་རྡོ་རྗེས་བདག་འཁོར་བ་ལས་དྲོངས་ཤིག་ཚུར་གཤེགས་ཚུར་གཤེགས་པའི་དོན། ཤཱི་གྷྲཾ་བཛྲ་དྷཱ་རཱ་ཡ་ སྭཱ་ཧཱ་ཞེས་པ་ནི་དཔའ་བར་འགྲོ་བས་རྡོ་རྗེ་ལ་གོར་རྒྱུག་པའི་ཕྱིར་བདག་གི་ལས་གྲུབ་པར་མཛོད་ཅིག་པའི་དོན། དྷ་ར་དྷ་ར་ཞེས་པ་ནི་སྒོ་བཞི་སྲུང་བ་བཤད་དེ། བྱང་ཆུབ་ཀྱི་རང་བཞིན་ཞི་བ་ཐམས་ཅད་ཁྱེར་ལ་གཟུངས་སུ་གྱིས་ཤིག་པའི་དོན། དྷི་རི་དྷི་རི་ཞེས་པ་ནི་དབྱིངས་ཀྱི་རང་བཞིན་ཆོས་ཉིད་ཀྱིས་ ལེགས་པར་ཐོགས་ཤིག་པའི་དོན། དྷུ་རུ་དྷུ་རུ་ཞེས་པ་ནི་ལུས་ཐམས་ཅད་ཐུགས་རྗེས་རབ་ཏུ་ཟུང་ལ་ཐོགས་ཤིག་པའི་དོན། སརྦ་བཛྲ་ཀུ་ལཾ་ཨཱ་བརྟ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་དང་བཅས་པས་བདག་ལ་བྱིན་གྱིས་རློབས་ཤིག །གནོད་པ་བྱེད་པའི་བྱེ་བྲག་ཐམས་ཅད་རབ་ཏུ་ཞི་བར་མཛོད་ཅིག་པའི་དོན། ཨ་མུ་ཀཾ་མཱ་ར་ཡ་ཕཊ་ཅེས་པ་ནི་བདག་དུས་མ་ཡིན་པའི་འཇིགས་པ་ལས་ཟློགས་ཤིག། བདུད་རྣམས་ཀྱི་འཇིགས་པ་ལས་ཆོམས་ཤིག་པའི་དོན་ནོ། །ཁྲོ་བོ་དང་སྒོ་སྲུང་བ་བཤད་ཟིན་ཏོ།། །།ད་ནི་ཁྲོ་བོའི་ངོ་བོ་ཉིད་བསྟན་ཏེ། ན་མཿས་མནྟ་བཛྲཱ་ཎཱཾ་ཞེས་པ་ནི་ཀུན་དུ་བཟང་པོ་ཡེ་ཤེས་ཀྱི་རྡོ་རྗེས་ རང་བཞིན་གྱིས་དབང་པོའི་དོན་ཏོ། །སརྦ་བ་ལཾ་ཞེས་པ་ནི་ཐམས་ཅད་ཀུན་གྱི་རང་བཞིན་སྟོབས་པོ་ཆེས་དབང་བསྐུར་ཅིག་པའི་དོན། ཨཱ་བརྟ་ཡ་མ་ཧཱ་བ་ལེ་ཞེས་པ་ནི་མཉེས་པར་བྱེད་པའི་སྟོབས་པོ་ཆེ་མགྱོགས་པ་རླུང་དང་འདྲ་བས་དབང་བསྐུར་བའི་དོན། ཀ་ཏ་བེ་ཏ་ཏ་ལེ་ཞེས་པ་ནི་ཡེ་ཤེས་ཀྱི་མཆེ་བས་ ཉོན་མོངས་པའི་བདུད་ཐུལ་ཅིག་པའི་དོན། ཨ་ཙ་ལེ་ཞེས་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གྱི་མངའ་བདག་གི་སྤྲུལ་པས་བདག་ལ་དབང་བསྐུར་ལ་སྐྱོབས་ཤིག་པའི་དོན། མཎྜ་ལ་མཱ་ཡེ་ཞེས་པ་ནི་དཀྱིལ་འཁོར་གྱི་སྲུང་མ་རྣམས་ཀྱི་སྤྲུལ་པའི་ངོ་བོ་ཉིད་ཀྱི་ཆེ་བ་སྣ་ཚོགས་ སུ་སྣང་བའི་དོན། ཨ་ཏི་བཛྲ་ཞེས་པ་ནི་རྡོ་རྗེ་བཟང་པོས་གདོན་ཐམས་ཅད་ལས་བདག་ལ་སྐྱོབས་ཤིག་པའི་དོན། མ་ཧཱ་བ་ལེ་བི་ག་ར་ཎ་ཞེས་པ་ནི་སྟོབས་པོ་ཆེ་རླུང་དང་འདྲ་བ་མགྱོགས་པས་བདག་ལ་གནོད་པ་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན། ཨ་ཛི་ཏེ་ཛྭ་ལ་ཛྭ་ལ་ཞེས་པ་ནི་ཡང་དག་པའི་ཡེ་ ཤེས་ཀྱི་ཤེས་རབ་ཀྱིས་བདུད་ཀྱི་དྲེགས་པ་རྣམས་སྲེགས་ཤིག་པའི་དོན་འབར་བ་འབར་བས་ཉོན་མོངས་པ་སྲེགས་ཤིག་པའི་དོན། ཏི་ཊི་ཏི་ཊི་པིཾ་ག་ལེ་ཞེས་པ་ནི་འབར་བ་སྐམ་པོ་སོ་སོར་འབར་བས་སྡུག་བསྔལ་ལས་སྐྱོབས་ཤིག་པའི་དོན། ད་ཧ་ད་ཧ་ཞེས་པ་ནི་བདག་གི་ཉོན་མོངས་པ་རྣམས་ སྲེགས་ཤིག་ཡང་དག་པའི་ཡེ་ཤེས་འབར་བར་གྱིས་ཤིག་པའི་དོན། ཏེ་ཛོ་བ་ཏི་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་གཏི་མུག་གི་མུན་པ་ལས་འབར་བར་གྱིས་ཤིག་པའི་དོན། ཏི་ལི་ཏི་ལི་ཞེས་པ་ནི་བདག་གི་སྡུག་བསྔལ་ཐམས་ཅད་ཆོད་ཅིག་པའི་དོན། བནྡྷ་བནྡྷ་ཞེས་པ་ནི་བགེགས་འབྱུང་པོ་ རྣམས་ཆིངས་ཤིག་པའི་དོན། མ་ཧཱ་བ་ལེ་ཞེས་པ་ནི་སྟོབས་པོ་ཆེས་ལས་མཛོད་ཅིག་པའི་དོན། བཛྲཱཾ་ཀུ་ཤ་ཛྭཱ་ལཱ་ཡ་སྭཱ་ཧཱ་ཞེས་པ་ནི་རྡོ་རྗེ་མེ་དང་འདྲ་བས་མཚན་མ་ཐམས་ཅད་ཞི་བར་མཛོད་ཅིག་པའི་དོན། ཁྲོ་བོའི་ངོ་བོ་དབང་གི་དོན་བཤད་ཟིན་ཏོ།། །།ད་ནི་ཡེ་ཤེས་ ཀྱི་ཁྲོ་བོ་ལག་ན་རྡོ་རྗེས་མཚན་མ་འཇོམས་པ་དང་ཐུགས་ཁྲོ་བོའི་ཡེ་ཤེས་ཀྱི་སྙིང་པོ་ལས་རྣམ་བཞིའི་རང་བཞིན་དེ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བའི་དོན་བྱས་ཕྱག་ན་རྡོ་རྗེའི་བདུད་རྩིའི་ངོ་བོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ་ཞེས་པ་ནི་ཁམས་གསུམ་གྱི་གནོད་སྦྱིན་རྣམས་ འདུལ་བའི་ཕྱིར་ན་ཕྲིན་ལས་ཁྲོ་བོའི་ཚུལ་དུ་བཞུགས་པས་རྡོ་རྗེ་ཁྲོ་བོ་བསྟན། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཞེས་པ་ནི་གནོད་སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེས་ཡེ་ཤེས་ཀྱི་ངོ་བོ་ཞེས་གསུངས་པའི་ཕྱིར་རོ། །ཨོཾ་ཧ་ར་ཧ་ར་བཛྲ་ཞེས་གསུངས་པ་ནི་ཡེ་ཤེས་ལྔའི་ངོ་བོ་ཕྱག་ན་རྡོ་རྗེ་དབུས་ན་བཞུགས་ཏེ། ལུས་ནི་ གནོད་སྦྱིན་དུ་བསྟན་པའི་དོན། མ་ཐ་མ་ཐ་བཛྲ་ཞེས་པ་ནི་ཧཱུཾ་ཀ་ར་གཤིན་རྗེ་གཤེད་ཀྱི་དོན་རྒྱལ་པོར་བསྟན་པས་སྙིང་པོའི་རང་བཞིན་ནོ། །དྷུ་ན་དྷུ་ན་བཛྲ་ཞེས་པ་ནི་མཚན་མའི་དངོས་པོ་ཐམས་ཅད་འཇོམས་པས་ཁམས་གསུམ་རྣམ་པར་རྒྱལ་བའི་སྙིང་པོའོ། །ད་ཧ་ད་ཧ་བཛྲ་ཞེས་པ་ནི་ཡ་མཱནྟ་ཀ་ཁྲོ་བོའི་རྒྱལ་ པོའི་སྙིང་པོ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །པ་ཙ་པ་ཙ་བཛྲ་ཞེས་པ་ནི་ནཱི་ལ་དཎྜའི་རང་བཞིན་རྟ་མགྲིན་སྔོན་པོའི་རང་བཞིན་དུ་བསྟན། དྷ་ར་དྷ་ར་བཛྲ་ཞེས་པ་ནི་ཧ་ཡ་གྲྀ་བའི་རང་བཞིན་སྔགས་ཀྱི་ས་བོན་བྱང་ཆུབ་སེམས་ཀྱི་ངོ་བོའི་སྙིང་པོའོ། །དཱ་ར་ཡ་དཱ་ར་ཡ་བཛྲ་ཞེས་པ་ནི་བདུད་རྩི་འཁྱིལ་པའི་སྙིང་པོའི་རང་བཞིན་བྱང་ཆུབ་སེམས་ཀྱིས་ མཚོན་པའི་རང་བཞིན་ནོ། །དཱ་རུ་ཎ་དཱ་རུ་ཎ་བཛྲ་ཞེས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྡན་པས། ཨ་མོ་གྷ་པཱ་ཤའི་རང་བཞིན་བྱང་ཆུབ་སེམས་ཀྱི་སྙིང་པོར་བསྟན། ཙྪིནྡ་ཙྪིནྡ་བཛྲ་ཞེས་པ་ནི་མ་ཧཱ་བ་ལ་དང་། ཧཱུཾ་ཀ་ར་གཉིས་ཀྱི་རང་བཞིན་དུ་བསྟན། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ་ཅེས་པ་ནི་པདྨ་འཁྱིལ་པའི་རང་བཞིན་ ཏེ། ཡེ་ཤེས་ཀྱི་ཕྱག་རྒྱ་བཞིས་སྡོམས་ཤིག་པའི་རང་བཞིན་ཏེ། ཁྲོ་བོའི་རང་བཞིན་བཤད་ཟིན་ཏོ།། །།ད་ནི་ཕྱག་བཙལ་བའི་དོན་ཏེ། ན་མ་ཤྩཎྜ་བཛྲ་ཀྲོ་དྷ་ཡ་ཞེས་པ་ནི་ཕྱག་བཙལ་བའི་དོན་ཏེ་ཨ་མྲྀ་ཏ་ཀུཎྜ་ལིའི་སྙིང་པོ། ཕྱག་ན་རྡོ་རྗེ་གཏུམ་པོ་བསྒྲུབ་པའི་དོན་པས་རྡོ་རྗེ་ཁྲོ་བོ་ཞེས་པའི་དོན་ ཏོ། །ད་ནི་སྒོ་བའི་དོན་བསྟན་ཏེ། ཧུ་ལུ་ཧུ་ལུ་ཞེས་པ་ནི་བགེགས་དང་འབྱུང་པོ་རྣམས་ཚུལ་བཞིན་དུ་དྲོངས་ཤིག་པའི་དོན། ཤར་ཕྱོགས་ཀྱི་ཁྲོ་བོ་ཨཾ་ཀུ་ཤའི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ཕྱག་རྒྱའོ། །ཏིཥྛ་ཏིཥྛ་ཞེས་པ་ནི་ཆིངས་ཤིག་ཆིངས་ཤིག་པའི་ལྷོ་ཕྱོགས་ཀྱི་སྒོ་བ་ཞགས་པ་སྟེ། མཉམ་པ་ཉིད་ཀྱི་ ཡེ་ཤེས་ཀྱི་ཕྱག་རྒྱས་ཉོན་མོངས་པ་རྣམས་དབང་དུ་སྡུས་ཤིག་པའི་དོན་ཏོ། །བནྡྷ་བནྡྷ་ཞེས་པ་ནི་ནུབ་ཕྱོགས་ཀྱི་སྒོ་བ་ལྕགས་སྒྲོག་སྟེ། སོ་སོར་ཀུན་དུ་རྟོག་པའི་ཡེ་ཤེས་ཀྱི་ཕྱག་རྒྱ་སྟེ་ལྕགས་སྒྲོག་གིས་བགེགས་དང་འབྱུང་པོ་རྣམས་སྡོམས་ཤིག་པའི་དོན། ཧ་ན་ཧ་ན་ཞེས་པ་ནི་བྱང་ཕྱོགས་ཀྱི་སྒོ་བ་ དྲིལ་བུ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་ངོ་བོས་བགེགས་དང་འབྱུང་པོ་ལོག་ལྟ་རྣམས་རྡུལ་དུ་རློག་ཤིག་པའི་དོན། ཨ་མྲྀ་ཏེ་ཧཱུཾ་ཕཊ་ཅེས་པ་ནི། དཀྱིལ་འཁོར་གྱི་སྔགས་གོང་དུ་གསུངས་པ་དང་སྔགས་འབྱུང་བ་རྣམས་ཡེ་ཤེས་ཀྱི་ངོ་བོ་བས་ལས་ཀྱི་ཁ་བསྐང་བའི་ཕྱིར་བདུད་རྩིའི་ངོ་བོར་བྱིན་གྱིས་བརླབ་ པའི་ཐབས་སུ་ཤེས་པར་བྱའོ།། །།དེ་ལྟར་ཁྲོ་བོ་རྣམས་ཀྱི་དོན་བཤད་ནས་དེའི་འོག་ཏུ་ཡོན་ཏན་གྱི་རྣམ་གྲངས་ཆོ་གའི་ཐབས་ཀྱི་བྱེ་བྲག་བསྟན་ཏེ། སྡུག་བསྔལ་ཐམས་ཅད་ལས་ཐར་བར་བྱེད་པའོ། །སྡིག་པ་ཐམས་ཅད་བྱང་བྱས་ནས། །ཞེས་པ་ནི་དོན་རྣམ་པ་གཉིས་སུ་ཤེས་པར་བྱ་སྟེ། རྒྱུད་ ཀྱི་དོན་ལ་འཇུག་པར་བྱ་བའི་ཕྱིར་སྡིག་པ་ཐམས་ཅད་བྱང་བར་བྱ་བ་དང་། རྒྱུད་ཀྱི་དོན་རྟོགས་པས་སྡིག་པ་ཐམས་ཅད་བྱང་བ་དང་། དེ་ལྟར་དོན་གཉིས་སུ་ཤེས་པར་བྱའོ། །རྒྱུད་ཀྱི་དོན་ལ་འཇུག་པར་བྱ་བའི་ཕྱིར་སྡིག་པ་ཐམས་ཅད་སྦྱོང་བར་བྱེད་པ་ནི་ཉོན་མོངས་པའི་སྒྲིབ་པ་དང་། ལས་ཀྱི་སྒྲིབ་པ་དང་། རྣམ་པར་སྨིན་པའི་སྒྲིབ་པ་དང་། ཆོས་ཀྱི་སྒྲིབ་པ་དང་། ལྟ་བ་ལོག་པ་ལ་སོགས་པ་རྣམས་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས་མདུན་གྱི་བར་སྣང་ལ་གསལ་བར་བྱས་ཏེ། མཆོད་པ་ཕུལ་ལ་འགྱོད་པ་བསྐྱེད་དུ་གཞུག་གོ། །ཡན་ལག་ལྔ་ས་ལ་གཏུགས་ལ། སེམས་རྩེ་གཅིག་ཏུ་གུས་པ་ དང་ལྡན་པར་བྱས་ཏེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སྟ་གོན་ལ་གནས་པའི་ཆོ་ག་བྱ། དེ་ནས་འཕགས་པ་རྣམས་ལ་མཁྱེན་པ་གསོལ་ཞིང་སྡིག་པ་རྣམས་ལ་འགྱོད་པ་བསྐྱེད་པའི་དོན་རྒྱུད་ཀྱི་དོན་རྟོགས་ནས་སྡིག་པ་སྦྱང་བ་ནི་དཀྱིལ་འཁོར་དུ་བཅུག་ནས་ལྷའི་གྲལ་རིམ་དང་། བཞུགས་ཐབས་དང་། སྐུ་མདོག་དང་རྒྱན་ཆས་དང་བསྟོད་པ་དང་། མཆོད་པའི་བྱེ་བྲག་དང་། རྒྱུད་ཀྱི་དོན་བསྟན་ཏེ་སེམས་གྲོལ་ནས་སྡིག་པ་བྱང་བར་གསུངས། དེ་ལྟར་སྡིག་པ་སྦྱང་བ་བྱས་ཏེ། དེའི་འོག་ཏུ་འབྲས་བུ་ཡོན་ཏན་ཐམས་ཅད་དང་ལྡན་པའི་དོན་ཏེ། ཅིའི་ཕྱིར་ ཞེ་ན། སྡུག་བསྔལ་ཐམས་ཅད་མེད་པར་བྱེད། །ཅེས་གསུངས་ཏེ། དེ་ལྟར་རྒྱུད་དོན་ཉམས་སུ་བླངས་ཏེ། བསྒྲུབས་པས་ཉོན་མོངས་པའི་སྡུག་བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྡུག་བསྔལ་གྱི་བྱེ་བྲག་ཐམས་ཅད་མེད་པར་མཛད་པས་དེ་སྐད་གསུངས། དེའི་འོག་ཏུ་རྒྱུད་ཐམས་ཅད་ཀྱི་རྩ་ བའི་དོན་ཡིན་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། རྒྱུད་དོ་ཅོག་གི་རྩ་བ་སྟེ། །ཞེས་གསུངས་ཏེ། སྟོན་པའི་ཞལ་ནས་གསུངས་པའི་རྒྱུད་དེ་ཐམས་ཅད་ཀྱི་རྩ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་པས་དོན་གྱི་རྩ་བ་ཡིན་པར་གསུངས། དེའི་འོག་ཏུ་རྒྱུད་ཀྱི་དོན་གྱི་དཔལ་གྱི་གཞིར་འགྱུར་བའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །ཞེས་གསུངས་ཏེ། དཔལ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལེགས་པའི་ཡོན་ཏན་ཐམས་ཅད་ལ་བྱ། ཀུན་ནི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱང་འདིའི་དོན་རྟོགས་པ་ལས་བྱུང་བའི་ཐ་ཚིག་གོ། ། དེ་ལྟ་བུའི་དོན་དེ་ནི་ཉེས་པ་ཐམས་ཅད་སྤངས་ཤིང་། ཡོན་ཏན་ཐམས་ཅད་ཀྱི་ཕུལ་དུ་ཕྱིན་པའི་རྒྱུ་ཡིན་པས་ལེགས་པར་བརྒྱན་ཞེས་པའི་དོན་ཏོ། །དེའི་འོག་ཏུ་སེམས་ཅན་དབང་པོ་ཉམས་པ་ལ་ཕན་པའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། སེམས་ཅན་དབང་པོ་ཉམས་པ་དང་། །ཞེས་གསུངས་ཏེ། སེམས་ཅན་གྱི་རྒྱལ་པོ་སྟོབས་ལྡན་སྙིང་པོ་ལ་སོགས་ཏེ། ཁམས་གསུམ་གྱི་སེམས་ཅན་ཀུན་ལ་བྱ་བའི་ཐ་ཚིག་གོ། །དེ་རྣམས་ལ་དབང་པོ་ཉམས་པའི་སྐྱོན་བཅོ་བརྒྱད་ཡོད་དེ། དེ་བཟློག་པའི་ཐབས་ནི་རྒྱུད་ཀྱི་རྒྱུད་ནས་འབྱུང་བའི་ཕྲིན་ལས་རྣམ་བཞི་ཚང་བར་བྱས་ནས་སྦྱང་བའི་ཕྱིར་རོ། །དེའི་ འོག་ཏུ་ཚེ་ཉམས་པ་གསོ་བའི་ཐབས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཚེ་ཟད་པ་དང་ཚེ་ཉམས་དང་། ཞེས་གསུངས་ཏེ། དེ་ནི་སྲོག་གོ། །ཟད་པ་ནི་མེད་པ་སྟེ། ཚེ་ཟད་པའི་སྔ་ལྟས་ལྔ་ཡོད་པ་ལ། དེ་གསོ་བའི་ཐབས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ནས་སྔགས་དང་ཕྱག་རྒྱ་རྣམས་ཀྱིས་དབང་ བསྐུར་ནས་སོས་པར་གསུངས། དེའི་འོག་ཏུ་བདོག་པ་ཉམས་པ་སྤེལ་བའི་ཐབས་སྟོན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕུན་སུམ་ཚོགས་མེད་གང་ཆགས་དང་། །ཞེས་གསུངས་ཏེ། ཁམས་གསུམ་གྱི་སེམས་ཅན་རྣམས་བདེ་བ་དང་བྲལ་ཏེ། ཉོན་མོངས་པའི་སྡུག་བསྔལ་བཀྲེས་གྲང་ལ་སོགས་པ་ གནོད་པའི་བྱེ་བྲག་རྣམས་ཀྱིས་བདེ་བ་མི་འཆགས་ཏེ། སྡུག་བསྔལ་ཆགས་པ་དེ་སྦྱང་བའི་ཐབས་ནི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྱན་དྲངས་ཏེ་རྒྱས་པའི་ལས་བྱས་ན། བདེ་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཐ་ཚིག་གོ། །དེའི་འོག་ཏུ་ཉོན་མོངས་པའི་ཕྱོགས་ཀྱིས་འཇིག་རྟེན་པའི་ལྷ་མི་དགའ་བ་སྟོན་ ཏེ། ཅིའི་ཕྱིར་ཞེ་ན། ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང་། །ཞེས་གསུངས་ཏེ། རྒྱལ་བའི་སྤྱན་སྔར་དམ་ཚིག་མནོས་པ་ལས། གཞུང་དང་མ་མཐུན་པས་མྱ་ངན་ལས་འདས་པའི་ལྷ་འཕགས་པ་རྣམས་མ་མཉེས་པ་དང་། ཀུན་རྫོབ་ཀྱིས་མི་མཐུན་པའི་ཕྱོགས་པས་ལྷ་རྣམས་འཕོངས་པ་དང་། དེ་ ལ་སོགས་ཏེ་ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དེ་རྣམས་ཞི་བར་བྱ་བའི་ཐ་ཚིག་ནི། བདག་ཉིད་ལས་ཀྱི་ལྷའི་ཏིང་ངེ་འཛིན་དུ་ཞུགས་ཏེ། ལས་བྱ་བའི་ལྷ་དང་། མཆོད་རྫས་ལ་སོགས་པ་འོད་དང་། ཁ་དོག་དམར་པོར་བསྒྱུར་ཏེ། ཆགས་པའི་ཚུལ་གྱིས་དབང་གི་ལས་བྱས་ན་འགྲུབ་པར་གསུངས། དེའི་ འོག་ཏུ་ལྷ་མི་དགའ་བའི་སྔ་ལྟས་སྟོན་ཏེ། ཅིའི་ཕྱིར་ཞེ་ན། མཛའ་སྡུག་སྐྱེ་བོ་སྡང་བ་དང་། །ཞེས་གསུངས་ཏེ། ལྷ་ཕོངས་པའི་སྔ་ལྟས་བདག་ལ་མཛའ་བོ་དང་། འཁོར་ལ་སོགས་པ་རྣམས་བསམ་པ་དང་མི་མཐུན་པའི་ཕྱོགས་ཞེ་སྡང་དང་ངན་སེམས་ལ་སོགས་པའི་བྱད་སྟེམས་རྣམས་དྲག་པོའི་ ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་འཁོར་ལ་གནོད་པ་སྟེ། ཅིའི་ཕྱིར་ཞེ་ན། བྲམ་ཟེ་ལ་སོགས་གཙེས་པ་དང་། ཞེས་གསུངས་ཏེ། རྒྱལ་པོ་སྟོབས་ལྡན་སྙིང་པོ་དང་། ཁམས་གསུམ་གྱི་སེམས་ཅན་གཡོག་བྲན་དང་། བཟའ་མི་ལ་སོགས་པ་ལ་གནོད་སྦྱིན་དང་བདུད་ལ་སོགས་ པས་གཙེས་པའི་རྒྱུས་རང་རེའི་མི་མཐུན་པ་ལ་ལས་བྱས་ན་འགྲུབ་པར་གསུངས། དེའི་འོག་ཏུ་མི་མཐུན་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཕན་ཚུན་མཐུན་པ་མ་ཡིན་པ་དང་། །ཞེས་གསུངས་ཏེ། གདོན་འབྱུང་པོས་བྱིན་གྱིས་བརླབས་པའི་མཐུས། སེམས་ཅན་རྣམས་ལ་ཕན་ཚུན་མི་མཐུན་ ཏེ། དགྲ་བོ་ལྟ་བུར་སེམ