Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 57
Văn bản gốc(Tây Tạng)
Trang 22 / 23 (50.000 ký tự/trang)
པར་བྱའོ། །དེ་ནས་ཧཱུཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། མཚན་ཐོག་ཐག་རྡོ་རྗེ་ཧཱུཾ་མཛད་དུ་བདག་ཉིད་བསྒོམས་ལ་འདི་ཙམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་ གནས་པའོ། །དེ་ལྟར་གནས་ན་རྡོ་རྗེ་ཧཱུཾ་ཞེས་བྱ་བ་ནས་སྒྲུབ་པ་པོས། ལས་རྣམས་ཀུན་ནི་བྱེད་པར་འགྱུར། །ཞེས་བྱའོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་སྒྲུབ་པ་དང་། ཕྱག་རྒྱ་ཆེན་པོ་སྒྲུབ་པ་རིག་པའི་ཐབས་གཞན་བཤད་ནས། ད་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུ་ལས་ བཤད་པའི་དངོས་གྲུབ་ཐམས་ཅད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཕྱག་རྒྱ་ཆེན་པོ་བཞིས་ཇི་ལྟ་བ་བཞིན་དུ་རང་གི་ལྷའི་རྣལ་འབྱོར་བྱས་ནས། ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བསྒྲུབ་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ དུམ་བུ་ལས་བཤད་པའི་དངོས་གྲུབ་ཐམས་ཅད་དཀྱིལ་འཁོར་ཆེན་པོར་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། དེ་ལས་བཤད་པའི་ཕྱག་རྒྱ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དེ་ལ་རྒྱས་བཏབ་ནས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར་ རོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ་ཡེ་ཤེས་བསླབ་པའི་རྗེས་ཐོགས་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱག་རྒྱ་བཞི་བཅིང་བ་ཇི་ལྟ་བ་བཞིན་དུ་བསླབས་ཏེ་ཞེས་པ་ནི། ཇི་ལྟར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ མནའ་བསྒག་པ་སྔོན་དུ་སོང་བའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་བཞི་བསླབ་ཅིང་བསྟན་པ་དེ་བཞིན་དུ་འདིར་ཡང་བསྟན་པར་བྱ་བའི་དོན་ཏོ། །དེ་བཞིན་དུ་དངོས་གྲུབ་ཏུ་འགྱུར་རོ་ཞེས་བྱ་བ་ནི། ཇི་ལྟར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་ དཀྱིལ་འཁོར་རྣམས་སུ་དངོས་གྲུབ་ཏུ་འགྱུར་བ་དེ་བཞིན་དུ་འདིར་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པའི་དཀྱིལ་འཁོར་འདི་ཡིན་ནོ་ཞེས་དགོངས་པའི་ཕྱིར་རོ། །དཀྱིལ་འཁོར་དུ་ཇི་ལྟ་བ་དེ་བཞིན་དུ་རས་ལ་སོགས་པ་ལ་བྲིས་པ་དང་། ལུགས་ མ་ལ་སོགས་པའི་གཟུགས་ཐམས་ཅད་ལ་ཡང་དངོས་གྲུབ་འདི་ཐུན་མོང་ཡིན་ནོ་ཞེས་བྱ་བ་ནི། ཇི་ལྟར་ས་ལ་བྲིས་པའི་དཀྱིལ་འཁོར་དུ་ཐམས་ཅད་འགྲུབ་པར་འགྱུར་བ་དེ་བཞིན་དུ་རས་དང་རྩིག་པ་ལ་སོགས་པ་ལ་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བྲིས་ན་ཐམས་ཅད་འགྲུབ་པར་འགྱུར་རོ། ། ལུགས་མ་ལ་སོགས་པ་ཞེས་བྱ་བ་ནི། གསེར་ལ་སོགས་པའི་རང་བཞིན་རྣམས་སོ། །དེ་ལྟར་རྡོ་རྗེའི་རིགས་ཆེན་པོའི་དཀྱིལ་འཁོར་བསྟན་ནས། ད་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་རྟོག་པའི་རྒྱལ་པོ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ ཅད་བོས་ཏེ། བྱིན་གྱིས་བརླབས་པར་གསོལ་བ་འདེབས་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བདག་གི་རིགས་འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། ཇི་ལྟར་ཡང་རིགས་ཐམས་ཅད་བྱིན་གྱིས་བརླབས་པས། སེམས་ཅན་ཐམས་ཅད་ཇི་ལྟར་དགའ་བ་བཞིན་དུ་ བགྱིས་ཀྱང་། དཀའ་བ་མེད་ཅིང་བརྟུལ་ཞུགས་མེད་པར་དངོས་གྲུབ་ཐམས་ཅད་ཐོབ་པར་བགྱི་བའི་སླད་དུའོ་ཞེས་བྱ་བས། དེ་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་པར་འགྱུར་ཏེ། དེ་ནས་ཞེས་བྱ་བ་ནི། དེའི་རྗེས་ཐོགས་ལ་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ཐམས་ཅད་གཅིག་ཏུ་འདུས་ཏེ་ཞེས་བྱ་བ་དང་། ཡང་གི་སྒྲ་ནི་སྔར་བཤད་པའི་བསྡུ་བ་ལ་ལྟོས་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ་བྱིན་གྱིས་བརླབ་པའི་ཕྱིར། རྡོ་རྗེ་སེམས་དཔའ་ཁྱོད་ལེགས་སོ་ཞེས་བཀའ་སྩལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ ནི། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་ཀར་གནས་པའི་རྡོ་རྗེ་འབར་བའོ། །དེའི་དམ་ཚིག་ནི་རྡོ་རྗེ་རིན་པོ་ཆེའི་རིགས་ཐམས་ཅད་ལས་སྐྱེས་པ་སྟེ། དེ་སྟོན་པར་བྱེད་པའི་དམ་ཚིག་གི་ཚོགས་ལ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་རྡོ་རྗེ་དམ་ཚིག་གི་ཡང་ཁྱད་པར་དུ་གྱུར་པས་ན་རྟོག་ པའི་རྒྱལ་པོའོ། །དེའི་ཕྱིར་རྟོག་པའི་རྒྱལ་པོ་རྡོ་རྗེ་ཆེན་པོའི་རིགས་ཀྱི་རྟོག་པའི་རྒྱལ་པོ་ཆེན་པོ་རྒྱས་པ་རྫོགས་པར་ཞེས་བྱ་བ་ནི་རྡོ་རྗེ་ཆེན་པོ་ནི་ཇི་སྐད་དུ་བཤད་པའི་རྡོ་རྗེ་འབར་བ་དེའི་རིགས་ལས་སྐྱེས་པའོ། །དེའི་རྟོག་པའི་ཆོ་ག་ནི་དཀྱིལ་འཁོར་ཆེན་པོ་ལ་སོགས་པ་སྟོན་པར་བྱེད་པའི་སྒྲའི་ཚོགས་ སོ། །དོན་རྒྱས་པ་ནི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྒྲུབ་པ་རྒྱས་པ་རྫོགས་སོ་ཞེས་བྱ་བ་ནི་རྩ་བའི་རྒྱུད་ཀྱི་མདོའི་རང་བཞིན་མཐར་ཐུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དེའི་རྗེས་སུ་འཇུག་པའི་དམ་ཚིག་གི་རང་བཞིན་ཕྱག་རྒྱ་བཞིའི་བདག་ཉིད་ལའང་དམ་ཚིག་གི་ཕྱག་ རྒྱ་ཞེས་བརྗོད་དེ། འདི་དག་ཐམས་ཅད་ནི་རྡོ་རྗེའི་རིགས་ཆེན་པོའི་ཁྲོ་བོས་ཁྲོ་བ་འདུལ་བའི་ཕྱིར་གསུངས་པ་ཡིན་ནོ། །གདུག་པ་མ་རུངས་འདུལ་བའི་ཕྱིར། །ཁྲོ་བོའི་སྤྲུལ་པར་རབ་གྲགས་པ། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །རྟོག་པའི་རྒྱལ་པོ་འདི་གསུངས་སོ། །ལུས་ཅན་བྱང་ ཆུབ་བསྒྲུབ་པའི་ཕྱིར། །དྲི་མ་མེད་པ་དེ་ཉིད་ནི། །སྣང་བྱེད་དག་པ་འདི་བཤད་ལས། །བདག་གིས་བསོད་ནམས་གང་བསགས་པ། །དེ་ཡིས་འཇིག་རྟེན་མ་ལུས་པ། །སངས་རྒྱས་ཀུན་མཁྱེན་ཀུན་དགའ་ཆེ། །སྙིང་པོ་བསམ་མི་ཁྱབ་ཆེན་གཙོ། །རྡོ་རྗེ་འཛིན་ཆེན་རྒྱལ་གྱུར་ཅིག །རྡོ་རྗེ་ཆེན་ པོའི་རིགས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུ་བཤད་པ་དེ་ཁོ་ན་ཉིད་སྣང་བར་བྱེད་པ་ཞེས་བྱ་བ་རྫོགས་སོ།། །།དེ་ལྟར་ཁྲོ་བོས་ཁྲོ་བ་སྤངས་པའི་ཕྱིར་རྡོ་རྗེའི་རིགས་བསྟན་ནས། ད་ནི་ཁྱབ་འཇུག་ལ་སོགས་པས་དང་པོ་རབ་ཏུ་དགའ་བ་རྟོགས་ནས། ཕྱིར་མི་ལྡོག་པ་ལ་གཞག་ ཅིང་དངོས་སུ་བསྒྲུབས་ནས། ཕྱི་རོལ་གྱི་རྡོ་རྗེའི་རིགས་ལ་མོས་པའི་སེམས་ཅན་རྣམས་ཀྱི་དོན་དུ། འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ཆེན་པོ་གསུངས་པ་ནི། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་ བའི་རྗེས་ཐོགས་ཉིད་ལའོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་རྫོགས་པར་བྱས་ནས། རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་ཧཱུཾ་མཛད་དང་། ཆོས་ཀྱི་ཧཱུཾ་མཛད་དང་། ལས་ཀྱི་ཧཱུཾ་མཛད་སྤྲུལ་ནས། འཇིག་རྟེན་པའི་ འཁོར་ལོ་ཐམས་ཅད་འདོད་པའི་རྒྱལ་པོས་བཀུག་ནས། ཇི་ལྟ་བ་བཞིན་དུ་རང་གི་བཀའ་བསྒོ་བ་ལ་ངེས་པར་སྦྱར་བར་བྱའོ་ཞེས་བྱ་བ་འདི་ཙམ་ནི་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་ སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སླར་ཡང་གཅིག་ཏུ་འདུས་པའོ། །ཡང་གི་སྒྲ་ནི་རྡོ་རྗེ་ཆེན་པོའི་རིགས་བྱིན་གྱིས་བརླབ་པའི་ཕྱིར། འདུས་པ་ལ་ལྟོས་པའི་ཕྱིར་རོ། །མཁྱེན་བཞིན་དུ་ཞེས་བྱ་བ་ནི། ཁོ་བོ་ཅག་གི་བཀས་དབང་ཕྱུག་ཆེན་པོའི་ལུས་ཞབས་ཀྱི་འོག་ནས་ངེས་པར་ བསྟན་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཅི་ཞིག་བཀའ་སྩལ་ཞེ་ན། དེ་ནས་ཡང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་ཉོན་ལ། དབང་ཕྱུག་ཆེན་པོའི་ལུས་འདི་ཁྱོད་ཀྱི་ རྐང་པའི་འོག་ནས་གཏང་བར་བྱོས་ཞེས་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་འདི་སྐད་ཅེས་གསོལ་ཏོ། །བདག་ནི་བཅོམ་ལྡན་འདས་ཀྱིས་མ་རུངས་པ་ཐམས་ཅད་འདུལ་བའི་ཁྲོ་བོར་དབང་བསྐུར་ནས། དེ་བདག་གིས་བཀུམ་ ལགས་ན། ཇི་ལྟར་བདག་གིས་དེ་གཏང་བར་བགྱི་ཞེས་བྱ་བ་ནི། རྒྱུ་ཅིའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པར་མཛད་སྙམ་དུ་བསམས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཀའ་སྩལ་པས་བདག་གིས་དེ་བཀུམ་ལགས་ན། དེ་ལས་དེ་བཞིན་གཤེགས་པས་ཇི་ལྟ་བ་བཞིན་དེ་གསོ་བ་མཛད་པ་ལགས་པ་དེ་ལྟ་ན། དེ་ཕྱིས་གཏང་བར་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཕྱག་ན་རྡོ་རྗེའི་བཀའ་འདི་གསན་ནས། ཤི་བའི་རྣམ་པར་ཤེས་པ་དགུག་པའི་སྙིང་པོ་འདི་ཐུགས་ལས་ཕྱུང་ངོ་ཞེས་སྦྱར་རོ། ། དེ་ལ་ཤི་བ་ནི་ཐམས་ཅད་ནས་ཐམས་ཅད་དུ་ཤི་འཕོས་པའོ། །དེའི་རྣམ་པར་ཤེས་པ་དགུག་པ་ནི། འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པ་ན། ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བ་དེ་བཞིན་གཤེགས་པའི་གསང་བའི་ལྕགས་ཀྱུས་བཀུག་ནས་ལྷ་ཆེན་པོ་ལ་བཅུག་གོ། །ལྷ་ཆེན་ པོ་བརྒྱལ་བ་བསླང་བ་ཙམ་ནི་མ་ཡིན་གྱི། གང་གི་ཕྱིར་ངེས་པར་བརྒྱལ་བ་ཡོངས་སུ་དག་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་བཀའ་དང་། རྡོ་རྗེའི་ཚིག་དང་ཕྱག་རྒྱ་ཇི་ལྟ་བས་བརྒྱལ་བ་ལས་བསླངས་ནས། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་ཀྱིས་གནོན་ པ་དེ་དག་དེ་ལ་ཞབས་ཀྱི་མཐིལ་གྱིས་རེག་པའི་མཐུས་གཟུངས་དང་ཏིང་ངེ་འཛིན་གྱི་སྒོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་སྐྱེས་ནས། ཏིང་ངེ་འཛིན་གྱི་མཐུས་སྔ་མའི་ལུས་དེ་ཡོངས་སུ་བཏང་སྟེ། ཐལ་བས་ཁེབས་པའི་འཇིག་རྟེན་གྱི་ཁམས་སུ་ལྷ་ཆེན་པོ་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའི་ ལུས་སུ་བདག་ཉིད་དུ་གྱུར་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཏོ། །དེ་ནས་ལྷ་ཆེན་པོའི་ལུས་དེ་ཐམས་ཅད་ནས་ཐམས་ཅད་དུ་རྣམ་པར་ཤེས་པ་མེད་པ་ལ་སོགས་པར་གྱུར་ཏོ་ཞེས་བྱའོ། །གལ་ཏེ་ལ་ལ་དག་བརྒྱལ་བ་དེ་དང་དེས་རང་ཉིད་སངས་རྒྱས་པ་ལྟ་བུར་སྣང་བར་མཐོང་ ཞེས་འཆད་དེ། བཤད་པ་འདི་ནི་གཞུང་གི་དོན་མ་ཡིན་ནོ། །གསང་བའི་ལྕགས་ཀྱུ་བསྡམས་བྱས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པ་ལ་མཛུབ་མོ་གཉིས་བརྐྱང་བ་ཅུང་ཟད་བསྐུམ་ནས་ལྕགས་ཀྱུ་ལྟར་བྱས་པ་འདི་ནི་གསང་བའི་ལྕགས་ཀྱུ་སྟེ། འཇིག་རྟེན་གསུམ་ལས་རྣམ་ པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་རྒྱལ་པོའི་གནས་སུ་བསྟན་ཟིན་ཏོ། །དེ་དག་བརྟན་པར་བྱས་ལ། ཐ་མ་མཉམ་དུ་བརྐྱང་བྱས་ལ། །ཞེས་བྱ་བ་ནི་མཐེའུ་ཆུང་གཉིས་ཁབ་ལྟར་བརྐྱང་བའོ། །ཤི་བའི་མགོ་བོར་བཞག་ན་ནི། །སྲོག་ནི་ཕྱིར་ཡང་ཐོབ་པར་འགྱུར། །ཞེས་བྱ་བ་ནི་ འདིས་ནི་ཐུན་མོང་བར་གྱུར་པའི་ངོ་བོ་འདི་བཤད་པ་ཡིན་ནོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པའོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་གི་ཕྱིར་ནི་ཤི་བའི་ལུས་འདི་ཡང་འཚོ་བའི་ཁམས་སུ་གྱུར་པ་ཡིན་ནོ་ཞེས་སྨོས་ཏེ་ རྣམ་པར་ཤེས་པ་དང་བཅས་པར་འགྱུར་བའོ། །རྡོ་རྗེ་ཁྲོ་བོ་མཛུབ་ལེགས་པ། །ཞེས་བྱ་བ་ནི་རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས་བཀན་ཏེ། ཟུར་སྤྲད་ནས་སྦྱར་ཏེ་དེའི་རྩེ་མོ་བསྒྱུར་བར་བྱས་ནས། འོག་ནས་བསླང་སྟེ་འབྱིན་པའི་ཕྱག་རྒྱའོ། །དེ་ལྟར་ཞབས་ཀྱི་འོག་ནས་བཏོན་པའི་ཕྱག་རྒྱས་རང་ གི་ཞབས་ཀྱི་འོག་ནས་བཏོན་ཏེ། རྡོ་རྗེ་བསླང་བའི་ཕྱག་རྒྱས་བསླང་བར་བྱའོ་ཞེས་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་དེས་ཞེས་བྱ་བ་ནི་ཐལ་བའི་དབང་པོའི་དབྱངས་དེས་སོས་པར་བྱིན་གྱིས་བརླབས་ཏེ། སྤྲུལ་པའི་ལུས་རྣམ་པར་ཤེས་པ་དང་བཅས་པ་བརྟན་པར་མཛད་དོ། །རང་ ཉིད་ཀྱི་རྒྱལ་ཚབ་ཏུ་བཅུག་གོ་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་འཇིག་རྟེན་གྱི་ཁམས་ཀྱི་བདག་པོ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་པོའི་ལྷ་ཆེན་པོ་རྒྱལ་ཚབ་ཏུའོ། །ལྷ་ཆེན་པོ་དེ་ཐལ་བའི་དབང་པོའི་དབྱངས་ཞེས་བྱ་བ་རང་ཉིད་ཀྱི་རྒྱལ་ཚབ་ ཏུ་བཅུག་པ་ནི་དེས་དེ་གཞག་པའོ། །གང་དུ་ཞེ་ན་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ཉིད་དུའོ། །ཅིའི་དོན་དུ་ཞེ་ན་སེམས་ཅན་གྱི་དོན་དུའོ། །མ་རུངས་པ་ཐམས་ཅད་འདུལ་བའི་ཕྱིར་ཞེས་བྱ་བ་ནི། འཇིགས་བྱེད་ཀྱི་གཟུགས་ཅན་གྱིས་གདུག་པའི་སེམས་ཅན་ ཐམས་ཅད་འདུལ་བ་ལ་རབ་ཏུ་གཞག་པའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །དབང་ཕྱུག་ཆེན་པོའི་ལུས་རྒྱལ་ཚབ་ཏུ་བཅུག་པའི་རྗེས་ཐོགས་ལའོ། །དེ་ནས་ནི་དེའི་ཕྱིར་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་མཐིལ་གྱིས་དབང་ཕྱུག་ཆེན་པོ་མནན་པའི་ཕྱིར་ རོ། །ཞབས་ཀྱི་མཐིལ་ཞེས་བྱ་བ་ནི་ཐུགས་ལ་དགོངས་ནས་སོ། །ཟླ་བའི་ཞབས་ཀྱིས་ཞེས་བྱ་བ་ནི། ཀུན་ནས་བཟང་པོའི་ཟླ་བའི་གཟུགས་ཀྱི་བྱང་ཆུབ་སེམས་དེའི་ཞབས་ཀྱི་འོད་ཟེར་གྱི་ཚོགས་ཀྱི་སྣང་བ་ཅན་གྱི་རིག་པ་ནི་ཟླ་བའི་ཞབས་ཞེས་བྱའོ། །འདི་ཉིད་བསྟན་པ་ནི་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་བྱང་ཆུབ་སེམས་ཀྱི་ཕྱག་རྒྱ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཀུན་དུ་བཟང་པོ་སྟེ། དེ་གསལ་བར་བྱེད་པའི་ཕྱག་རྒྱ་ངེས་པར་འབྱུང་བའོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་སུ་གསུངས་པའི་རྡོ་རྗེ་བསྡམས་པ་བཅིངས་ ལ། མཐེ་བོ་དང་མཐེའུ་ཆུང་གཉིས་ལེགས་པར་བརྐྱང་ནས་དབང་ཕྱུག་ཆེན་པོའི་མགོ་བོའི་རྣ་བ་གཡོན་པའི་སྟེང་དུ་གཞག་པ་ནི་ཟླ་བ་རི་མོའི་ཕྱག་རྒྱའོ། །ཟླ་བའི་བླ་མ་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་ཟླ་བའི་གཟུགས་ཅན་གྱི་བླ་མ་ནི། གཞན་ལས་ཁྱད་པར་དུ་ གྱུར་པས་ཟླ་བའི་བླ་མ་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སེམས་ཆེན་པོ་རྣམ་པར་སྣང་མཛད་ཆེན་པོའོ། །ཕྱག་ན་རྡོ་རྗེའི་ཞབས་ཀྱིས་མནན་པས་ཟླ་བ་ཕྱེད་པའི་དབང་བསྐུར་བར་གྱུར་ནས། དབང་ཕྱུག་ཆེན་པོའི་མགོ་བོའི་རྣ་བ་གཡོན་པའི་སྟེང་དུ་ཞབས་ཀྱིས་བཞག་པས་དབང་ཕྱུག་ཆེན་པོ་ བྱང་ཆུབ་ཀྱི་སེམས་ཆེན་པོ་རྟོགས་ནས། དྲི་མ་མེད་པའི་སེམས་སུ་གྱུར་ཏེ། དེ་ནས་དེ་བཞིན་གཤེགས་པ་ཐལ་པའི་དབང་པོའི་དབྱངས་ཞེས་བྱ་བར་བདག་ཉིད་སྐྱེས་སོ་ཞེས་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་བསྐལ་པ་ཆེན་པོའི་བར་དུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་ ཀྱིས་མནན་ཅིང་གཞག་པ་དང་དབང་དུ་བྱ་བའི་དོན་བསྟན་པ་ཡིན་ནོ། །དབང་ཕྱུག་ཆེན་པོ་དེ་ཡང་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་ཀྱིས་རེག་པས་བླ་ན་མེད་པའི་བདེ་བ་དང་ཡིད་བདེ་བ་ཐོབ་སྟེ། བླ་ན་མེད་པའི་གཟུངས་དང་རྣམ་པར་ཐར་པའི་སྒོ་དང་། ཕ་རོལ་ཏུ་ཕྱིན་པ་རྟོགས་པར་མཛད་ དོ། །དེ་ནས་ཞབས་ཀྱི་འོག་ཏུ་འཆི་འཕོས་ནས་འཇིག་རྟེན་གྱི་ཁམས་ཐལ་བས་ཁེབས་པར་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔར་གྱུར་ནས། དེ་ནས་མངོན་པར་སངས་རྒྱས་སོ། །ལ་ལ་དག་དེར་སྐྱེས་པ་ནི་སེམས་ཀྱི་སྣང་བ་ཙམ་ཡིན་ནོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གསུངས་པ་མེད་པའི་ཕྱིར་རོ། །དེ་ལྟར་བཤད་པ་ཡིན་ན། དེ་བཞིན་གཤེགས་པའི་མཐུ་ཆེན་པོ་དང་འགལ་བར་འགྱུར་རོ། །ཁོ་བོ་ཅག་དེ་བཞིན་གཤེགས་པ་མཐོང་བའི་སྐལ་བ་དང་མི་ལྡན་པ་ཡང་དེ་བཞིན་གཤེགས་པའི་སྔགས་ལ་གུས་པས་ཚེ་འདི་ལས་སངས་རྒྱས་ཉིད་རྙེད་པ་ དང་། རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འགྱུར་བ་ན་དབང་ཕྱུག་ཆེན་པོ་རྒྱལ་ཚབ་ཏུ་གྱུར་པས་ཐོབ་པར་མི་འགྱུར་རོ་ཞེས་བྱ་བའི་རིགས་པ་དང་ཡང་འགལ་བ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་དབང་བསྐུར་བའི་རྗེས་ཐོགས་ལའོ། །ལག་ཏུ་རྡོ་རྗེ་མདུང་རྩེ་བྱིན་ནས་ཞེས་བྱ་བ་ནི། དབང་ཕྱུག་ཆེན་ པོའི་ལག་པ་གཡོན་པ་དེར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་གཡས་པས་རྡོ་རྗེ་མདུང་རྩེ་བྱིན་ནས། རྡོ་རྗེ་རིག་པ་དམ་པོ་ཞེས་མིང་གི་དབང་བསྐུར་བ་བྱིན་ནོ། །ཨེ་མའོ་ཞེས་བྱ་བ་ནི་ངོ་མཚར་བའོ། །ཅི་ཞིག་ངོ་མཚར་ཞེ་ན། ཞབས་མཆོག་གིས་ནི་གང་རེག་པ། ། སངས་རྒྱས་ཉིད་དུ་གྲུབ་པ་ཐོབ། །ཅེས་བྱ་བ་སྨོས་ཏེ། བདག་ནི་ངོ་མཚར་ཆེ་བའོ། །འདི་སྐད་སྟོན་པ་ཡིན་ཏེ། རྐང་པས་མནན་ཅིང་ཚར་གཅད་པ་རྣམས་ཁྲོ་བ་དང་ཁོན་སྐྱེས་པས་ངན་སོང་དུ་འགྲོ་བར་འགྱུར་ལ། འདིར་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞབས་ཀྱི་མཆོག་གིས་ བདག་ལ་རེག་པས་བྱང་ཆུབ་རྟོགས་པའི་རྒྱུར་གྱུར་པས་ན་ཚར་གཅད་པ་ནི་མ་ཡིན་ནོ། །གང་གི་ཕྱིར་བདག་གིས་སངས་རྒྱས་ཉིད་ཐོབ་པར་གྱུར་པ་འདི་ལ་གདུལ་བྱ་རྣམས་ཀྱི་ཞབས་ཀྱིས་མནན་ཅིང་ཚར་གཅད་པར་མཐོང་བ་ནི་ངོ་མཚར་བའོ། །དེའི་ཕྱིར་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་དེ་ལས་ ལངས་ནས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་ལས་བཞེངས་ནས་རྡོ་རྗེ་སེམས་དཔའི་གཟུགས་ཀྱིས་གནས་སོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཉིད་འདིར་དེ་བཞིན་གཤེགས་པའི་འཁོར་ལོས་སྒྱུར་བའི་རྡོ་རྗེ་ཧཱུཾ་མཛད་དུ་གྱུར་པ་ཡིན་ གྱི། ལྕང་ལོ་ཅན་ན་གནས་པའི་ས་བཅུའི་དབང་ཕྱུག་ནི་མ་ཡིན་ནོ། །ཅིའི་ཕྱིར་ཏིང་ངེ་འཛིན་དེ་ལས་ལངས་ཤེ་ན། ཉོན་མོངས་པ་གཞན་གྱི་དབང་དུ་མ་གྱུར་པའི་མཉམ་པར་བཞག་པས་དེ་གནས་དང་གནས་མ་ཡིན་པ་མཁྱེན་ཅིང་ཇི་ལྟ་བ་བཞིན་དུ་གྱུར་པ་ལ་གཞུག་པར་བྱ་ཞེས་བསྟན་པའི་ དོན་དུ་དགོངས་པ་ཡོད་པས་ན་བཞེངས་པ་ཡིན་ནོ། །དེ་རྣམས་ཞེས་བྱ་བ་ལ་སོགས་པ་ནི་གནང་པ་ནོད་པ་དང་གནས་ཀྱི་ངེས་པའི་དོན་དུ་དེ་ལྟར་གསོལ་བ་འདེབས་པར་བྱེད་པ་ཡིན་ནོ། །ཨོཾ་སཏྭ་ཨུཥྞཱི་ཥ་ཕཊ་ཅེས་བྱ་བའི་སྙིང་པོ་འདིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་དེ་ལ་བཀའ་ སྩལ་ནས་སྲུང་བར་བྱེད་པ་ཡིན་ནོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར། བདག་ཉིད་སྲུང་བ་བྱས་ལ་འཇིག་རྟེན་པའི་འཁོར་ལོ་ཐམས་ཅད་ལ་བཀའ་བསྒོ་བ་བྱའོ། ། དེ་ལྟ་མ་ཡིན་ན་འཇིག་རྟེན་པའི་འཁོར་ལོ་དེ་དག་འཚེ་བར་བྱེད་པར་འགྱུར་རོ། །དེ་ནས་འདི་བཤད་མ་ཐག་ཏུ་ཞེས་བྱ་བ་ནི་དེ་མ་ཐག་ཁོ་ནར་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་རྣམས་ལས་དངོས་ སུའོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་རྡོ་རྗེ་འཛིན་པ་ཆེན་པོའོ། །ཁ་དོག་དུ་མའི་འོད་ཟེར་དུ་འགྱུར་ཏེ། །ཞེས་བྱ་བ་ནི་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་དཀར་པོའི་ཁ་དོག་གི་འོད་ཟེར་དུ་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཇི་སྐད་བཤད་པའི་གཙུག་ཏོར་ནས་བྱུང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ནས་ཡང་། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་གཙུག་གི་མཚམས་ཀྱི་སྐྱེས་བུ་ཆེན་པོའི་མཚན་གྱི་ངོ་བོར་གྱུར་ཏེ་གནས་སོ། །དེ་ནས་གཟི་བརྗིད་ཀྱི་ཕུང་པོ་དེ་ལས་ ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་གཙུག་ཏོར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་ནས་འདི་བྱུང་ངོ་ཞེས་བྱ་བ་ནི་ངེས་པར་ཕྱུང་བའོ། །ཡང་འདི་སྐད་སྟོན་པ་ཡིན་ཏེ། སེམས་དཔའི་གཙུག་ཏོར་གྱིས་བདག་ཉིད་སྲུང་བ་བྱས་ལ། ཡང་འབར་བའི་འཁོར་ལོའི་ཕྱག་ གིས་གཙུག་ཏོར་གཟི་བརྗིད་ཀྱི་ཕུང་པོ་བསྒྲུབས་ལ་གཞག་པར་བྱ་སྟེ་ཕྱིས་འཇིག་རྟེན་པའི་འཁོར་ལོ་ལ་བཀའ་བསྒོ་བ་བྱའོ། །དེ་ལྟར་རྡོ་རྗེ་སེམས་དཔས་གཙུག་ཏོར་དང་གཟི་བརྗིད་ཕུང་པོའི་ཕྱག་རྒྱ་དང་སྔགས་དག་གིས་བདག་ཉིད་སྲུང་བ་བྱས་ནས། ད་ནི་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་ ཕྱག་ན་རྡོ་རྗེས་རང་གི་རིག་པ་དམ་པ་འདི་གསུངས་སོ་ཞེས་བྱ་བ་ནས། ཨོཾ་བཛྲ་ས་མ་ཡ་ཀརྨ་ས་དྷ་ཡ་ཀྲྀཏ། འདི་ཞེས་བྱ་བའི་བར་དུ་འཇིག་རྟེན་པའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་ལྷ་རྣམས་སྤྲུལ་པ་བཤད་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་ བ་ནས། ས་ད་ཀྲྀཏ་ཅེས་བྱ་བའི་བར་དུ་འཇིག་རྟེན་གསུམ་གྱི་འཁོར་ལོ་ཆེན་པོའི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ན། །དེ་ནས་བསྡུ་བ་བྱས་ལ་བྱིན་གྱིས་བརླབས་པ་ནས་བརྩམས་པ་ནི། འཇིག་རྟེན་གསུམ་གྱི་འཁོར་ལོ་ཆེན་པོའི་ལས་ཀྱི་ མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཚུལ་དུ་འདིར་ཡང་ཤེས་པར་བྱའོ། །འཇིག་རྟེན་པའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་དེ་ལས་བཤད་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ་ཞེས་བསྟན་ པའི་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པ་སྟེ། རྡོ་རྗེའི་རིགས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམས་སོ། །དེ་དག་ གི་དཀྱིལ་འཁོར་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཕྱག་རྒྱ་ཆེན་པོའི་གཙོ་བོར་གྱུར་པ་འདི་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ཆེན་པོ་བསྒོམ་པའི་མཚན་མ་ཐོབ་པ་དེའི་རྗེས་ཐོགས་ཉིད་ལའོ། །དེ་ནས་ནི་རྒྱུ་དེའི་ཕྱིར་ཞེས་བྱ་བའི་དོན་ ཏོ། །གང་གི་ཕྱིར་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་འཇུག་པ་མེད་ན་དེས་འདུལ་བའི་སེམས་ཅན་གྱི་ཁམས་རྣམས་དེ་ལས་བཤད་པའི་དངོས་གྲུབ་ཏུ་མི་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་པར་བྱའོ། །དཀྱིལ་འཁོར་ཆེན་པོ་དམ་པ་སྟེ། །ཆོས་ཀྱི་འཁོར་ ལོ་འདྲ་བ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་ཟླུམ་པོར་རོ། །དཀྱིལ་འཁོར་གྱི་དབུས་སུ་ཡང་། །སེང་ལྡེང་ཕུར་བུ་བཏབ་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་མཁས་པས་སོ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦྦ་བགྷྣཱིཾ་བནྡྷ་བཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི། སྔགས་འདིས་སྟེང་རྡོ་རྗེ་ རྩེ་ལྔ་པ་ལྟ་བུ་འོག་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་སེང་ལྡེང་གི་ཕུར་བུ་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། དཀྱིལ་འཁོར་གྱི་དབུས་སུ་གདབ་པར་བྱའོ། །ཚོན་སྣ་ལྔའི་སྐུད་པ་ཕུར་བུ་ལ་ཉིས་ལྡབ་ཏུ་བྱས་ལ་བཏགས་ཏེ། དཀྱིལ་འཁོར་ཐམས་ཅད་ཀྱི་སྲད་བུ་བྲེ་བར་བྱའོ། །སྲད་བུ་བཞི་དང་ལྡན་པ་དང་། ཞེས་བྱ་བ་ནི་འཁོར་ལོ་བྱས་ནས་ཕྱོགས་དང་མཚམས་ཀྱི་ཐིག་གདབ་པར་བྱའོ། །དེ་ཡི་ཕྱི་རོལ་བྱུང་ནས་ནི། །ཞེས་བྱ་བ་ནི། ཕྱི་རོལ་གྱི་རིམ་པ་ལ་ཐིག་སྐུད་ཉིས་འགྱུར་དུ་བྱའོ། །དཀྱིལ་འཁོར་གསུམ་པ་ལ་ཐིག་སྐུད་སུམ་འགྱུར་གྱིས་ཐིག་གདབ་པར་བྱའོ། །ཕྱོགས་མཚམས་འཁོར་ ལོའི་རྩིབས་ཚུལ་དུ། །གྲྭ་ཡི་རི་མོ་སྲད་བུ་བྲེ། །ཞེས་བྱ་བ་ནི་མཚམས་རྣམས་སུ་རི་མོ་བཞི་རྡོ་རྗེ་རྩེ་གཅིག་པ་ལྟ་བུ་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་ཉིས་འགྱུར་གྱི་ཚད་ལས་ལྷག་པའི་ཚོན་སྣ་ལྔའི་སྲད་བུ་སེང་ལྡེང་གི་ཕུར་པ་ལ་བཏགས་ཏེ། གལ་ཏེ་དཀྱིལ་འཁོར་ཐམས་ཅད་ ལ་ཁྲུ་བཅུ་གཉིས་ཀྱི་ཚད་ཡོད་ན་དེ་ལས་ཁྲུ་དེའི་ཚད་ཀྱི་ཐིག་སྐུད་ཀྱིས་དབུས་མའི་ཐིག་གདབ་པར་བྱའོ། །གཉིས་པ་ལ་ཁྲུ་བཞིའི་ཚད་དང་། གསུམ་པ་ལ་ཁྲུ་དྲུག་གི་ཚད་དང་། དེ་ལྟར་དཀྱིལ་འཁོར་ཆ་མཉམ་པའི་རིམ་པ་གསུམ་ལ་རིམ་པ་རེ་རེ་ཞིང་སྒོ་བཞི་བཞི་ཡོད་པར་ཐིག་གདབ་པར་ བྱའོ། །དེ་ནས་ཁྲོ་བོའི་ལྟ་བས་སྔ་མ་བཞིན་དུ་སྒོ་རྣམས་ཕྱེ་ལ། དེ་ནས་སྲད་བུ་བྲེས་པ་དེར་དག་པའི་ཚོན་གྱིས་དགང་བར་བྱ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་མ་ཐག་པའི་ཆོ་གས་ཐིག་གདབ་པར་བྱ་སྟེ། ཨོཾ་བཛྲ་རཱ་ག་ས་ མ་ཡ་ཧཱུཾ་ཞེས་བྱ་བ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཚོན་གྱི་ཕྱག་རྒྱ་དང་བཅས་པས་དཀར་པོ་ལ་སོགས་པ་ཁ་དོག་རེ་རེ་ཞིང་སྔགས་ལན་བདུན་བཟླས་པ་བྱས་ནས་ཁ་དོག་རྣམ་པ་ལྔས་དགང་བར་བྱའོ། །ཐོག་མར་ཇི་ལྟར་བརྩམ་པར་བྱ་བ་ཡིན་ཞེ་ན། ། གཡོན་པའི་རྡོ་རྗེ་ཁུ་ཚུར་ཆེས། །ཆོ་ག་བཞིན་དུ་གཟུང་བར་བྱ། །དང་པོ་བྲིས་ནས་ཞེས་བྱ་བ་ནི། ཐོག་མར་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཚོན་རྩི་བླངས་ལ་བྲི་བར་བྱའོ། །ཕྱིས་ཅི་བདེ་བ་ཞེས་བྱ་བ་ནི། ཚོན་རྩིའི་ལས་བྱེད་པ་ནའོ། །དེ་ནས་རྡོ་རྗེ་སློབ་དཔོན་ནི། མཉམ་པར་བཞག་ལ་དབུས་ འདུག་ནས། །ཞེས་བྱ་བ་ནི། དེ་ལ་དེ་ནས་ཞེས་བྱ་བ་ནི། ཚོན་སྣ་ལྔས་སོ་སོ་ཞིང་ཡང་དཀྱིལ་འཁོར་བྲི་བ་ནི། རྣམ་པར་སྣང་མཛད་ལ་སོགས་པ་ནས། རྡོ་རྗེ་འབེབས་པའི་བར་གྱི་གནས་རྣམས་སུ་བྲི་བར་བྱའོ། །སྔ་མ་བཞིན་དུ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱས་ཞུགས་ཏེ། དཀྱིལ་འཁོར་གྱི་སྒོ་ཐམས་ ཅད་དབྱེ་བར་བྱ་བ་ནི། ཨོཾ་བཛྲོདྒྷ་ཊ་ས་མ་ཡ་པྲ་བེ་ཤ་ཤཱི་གྷྲཾ་སྨ་ར་བཛྲ་ས་མ་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་སྔར་བཤད་པའི་ཕྱག་རྒྱས་དཀྱིལ་འཁོར་གྱི་སྒོ་རྣམས་དབྱེ་བར་བྱའོ། །དེ་ལྟར་ཉེ་བར་མཚོན་པའི་ཚིག་བསྟན་ནས་ད་ནི་རྣམ་པར་སྣང་མཛད་ལ་སོགས་པ་ཇི་ལྟ་བ་དེ་བཞིན་དུ་བྲི་བར་བྱའོ་ཞེས་རྣམ་ པར་འགྲེལ་པ་ནི། གསེར་རམ་ཡང་ན་དངུལ་ཡང་རུང་། ཞེས་བྱ་བ་ལ་སོགས་པ་ནི། དེ་ལ་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཕུར་བུ་ཧཱུཾ་བཞི་བརྗོད་ཅིང་བཏོན་ལ། དེའི་ཁུང་བུ་དྲི་ཞིམ་པོ་དང་བཅས་པའི་ཚོན་སྣ་ལྔས་བཀང་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་ འཁོར་ཆེན་པོ་ལས་བཤད་པའི་སྐུ་མདོག་དང་དབྱིབས་ཀྱིས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱའོ། །ཨོཾ་སརྦ་བིད་ཅེས་བརྗོད་དོ། །རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཡང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་ གྱིས། བཅོམ་ལྡན་འདས་ཀྱི་ཤར་ཕྱོགས་ལ་སོགས་པར་བྲི་བར་བྱ་སྟེ། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་ནི་སྙིང་པོའོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཞབས་དྲུང་དུ་དབང་ཕྱུག་ཆེན་པོ་དང་། ཨུ་མ་ཡང་ སྔ་མ་བཞིན་བྲི་བར་བྱའོ། །འཇུག་གམ་ཕྱིར་ནི་འབྱུང་བ་ན། །ཞེས་བྱ་བ་ལ་སོགས་པ་ནི། སྲད་བུ་འོག་ཏུ་བདག་ཉིད་འཛུལ་བར་ཡིད་ཀྱིས་བསམས་ལ་བྱའོ། །འཇུག་གམ་ཕྱིར་ནི་འབྱུང་བ་ན། །ཞེས་བྱ་བ་འདིས་རྡོ་རྗེ་ཤུགས་བཤད་པ་ཡིན་ནོ། །དཀྱིལ་འཁོར་གཉིས་པར་དེ་ བཞིན་དུ། །ཞེས་བྱ་བ་ནི། དབུས་ཀྱི་སྙིང་པོའི་དཀྱིལ་འཁོར་ལ་ལྟོས་ནས་རིམ་པ་གཉིས་པའི་དཀྱིལ་འཁོར་དུ་འགྱུར་རོ། །དེའི་ཤར་ཕྱོགས་ཀྱི་རིམ་པ་ལ་སྒྱུ་མ་རྡོ་རྗེ་དང་། རྡོ་རྗེ་དྲིལ་བུ་དང་། ཐུབ་པ་རྡོ་རྗེ་དང་། རྡོ་རྗེ་མཚོན་ཆ་རྣམས་སྔར་བཤད་པའི་མཚན་ཉིད་དུ་བྲི་བར་བྱའོ། །ལྷོ་ཕྱོགས་ སུ་ཁྲོ་བོ་རྡོ་རྗེ་འཁྱིལ་པ་དང་། རྡོ་རྗེ་འོད་དང་། རྡོ་རྗེ་དབྱིག་པ་དང་། རྡོ་རྗེ་སེར་སྐྱ་རྣམས་སོ། །དཀྱིལ་འཁོར་འདིའི་ཤར་ཕྱོགས་ཀྱི་སྒོར་ཚོགས་ཀྱི་བདག་པོ་རྡོ་རྗེ་གླང་སྣ། ལྷོའི་སྒོར་རྡོ་རྗེ་ཕྲེང་བ། ནུབ་ཀྱི་སྒོར་རྡོ་རྗེ་དབང་། བྱང་གི་སྒོར་རྡོ་རྗེ་རྒྱལ་བ། ཡང་དཀྱིལ་འཁོར་འདིའི་ནུབ་ཕྱོགས་སུ་ཕོ་ ཉ་རྡོ་རྗེ་གཏུན་ཤིང་། རྡོ་རྗེ་རླུང་། རྡོ་རྗེ་མེ། རྡོ་རྗེ་འཇིགས་པ་རྣམས་སྔར་བཤད་པའི་མཚན་ཉིད་ཀྱིས་བྲི་བར་བྱའོ། །བྱང་ཕྱོགས་སུ་བྲན་རྡོ་རྗེ་མཆེ་བ། རྡོ་རྗེ་དུས། རྡོ་རྗེ་བགེགས་ཀྱི་གཙོ་བོ། །ཀླུ་རྡོ་རྗེ་རྣམས་བྲི་བར་བྱའོ། །རྡོ་རྗེ་ཤུགས་ཀྱིས་བརྒལ་ནས་ནི། །ཕྱི་རོལ་དཀྱིལ་འཁོར་གཞག་པ་ ནི། །ལྟག་འོག་རིམ་པ་ཇི་བཞིན་དུ། །མ་མོ་ཐམས་ཅད་བྲི་བར་བྱ། །ཞེས་བྱ་བ་ནི། དེ་ལ་དབུས་ཀྱི་སྙིང་པོའི་དཀྱིལ་འཁོར་ལ་ལྟོས་ནས། དཀྱིལ་འཁོར་གསུམ་པ་ནི་ཐམས་ཅད་ཀྱི་ཕྱི་རོལ་ཏེ། དེ་ལ་གནས་པ་ལྷ་མོ་དཀའ་བཟློག་མ་ལ་སོགས་པ་མ་མོ་ཐམས་ཅད་བྲི་བར་བྱའོ། །དེ་ལ་ ཤར་ཕྱོགས་ཀྱི་རིམ་པ་ལ་དཀའ་བཟློག་མ་དང་། རྡོ་རྗེ་གསེར་དང་། རྡོ་རྗེ་གཞོན་ནུ་མ་དང་། རྡོ་རྗེ་འཇོ་མ་དང་། རྡོ་རྗེ་ཞི་བ་མ་དང་། རྡོ་རྗེ་ཁུ་ཚུར་གྱི་མིང་ཅན་བྲི་བར་བྱའོ། །ལྷོ་ཕྱོགས་སུ་འཇིགས་མ་དང་། རྡོ་རྗེ་བདུད་རྩི་མ་དང་། རྡོ་རྗེ་མདངས་མ་དང་། རྡོ་རྗེ་ཟབ་མོ་དང་། རྡོ་རྗེ་དབྱིག་ མཆོག་མ་དང་། རྡོ་རྗེ་རྐེད་བཅིངས་མའོ། །ནུབ་ཕྱོགས་སུ་དཔའ་མོ་དང་། རྡོ་རྗེ་ཕོ་ཉ་མོ་དང་། རྡོ་རྗེ་ཤུགས་ཅན་མ་དང་། རྡོ་རྗེ་བགོ་བ་མོ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་འཁྱོར་མའོ། །བྱང་ཕྱོགས་སུ་དབྱངས་ཅན་མ་དང་། རྡོ་རྗེ་ཁ་དང་། རྡོ་རྗེ་དུས་དང་། རྡོ་རྗེ་དབང་མོ་དང་། རྡོ་རྗེ་རུལ་ པ་མོ་དང་། རྡོ་རྗེ་ཆུ་སྲིན་མོ་བྲི་བར་བྱའོ། །འཇིག་རྟེན་པ་དེ་དག་ཐམས་ཅད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་མཚན་ཉིད་བཤད་ཟིན་པས་ཡང་བཤད་པར་མི་བྱའོ། །འཇིག་རྟེན་པའི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་པས་མ་མོ་ རྣམས་བྲི་བར་བྱའོ། །དེའི་ཕྱི་དང་ནང་གི་སྒོ་རྣམས་སུ་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྒོ་སྐྱོང་བ་རྣམས་བྲི་བར་བྱ་སྟེ། རྡོ་རྗེའི་སྒོ་ནི་ཐམས་ཅད་དུ། །སྒོ་བ་རྣམས་ཀྱང་དེ་ཉིད་དོ། །ཞེས་བྱ་བ་སྨོས་ཏེ། དེ་ནས་རབ་ཏུ་བཤད་བྱ་བ། །ཆོ་ག་རྒྱས་པ་ཇི་བཞིན་པའི། །ཞེས་བྱ་བ་ནི་བྲིས་པའི་རྗེས་ཐོགས་ ལ་བུམ་པ་ལ་སོགས་པས་མཆོད་པར་བྱས་ནས། ལེགས་པར་ཁྲུས་བྱས་ལ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་བཟླས་ནས་སྟོད་གཡོགས་དང་། སྨད་གཡོགས་དང་གཙུག་ཏོར་བཅིངས་ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱའོ། །དེ་ནས་ཇི་ལྟ་བའི་ རྡོ་རྗེ་གཟུངས་ཀྱི་ཕྱག་རྒྱས་འཇིག་རྟེན་པའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་ཞུགས་ཏེ། བྱ་བ་ཐམས་ཅད་བྱའོ་ཞེས་བྱ་བ་དེ་ཇི་ལྟ་བའི་ཆོ་ག་རྒྱས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། རང་གི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་དཀྱིལ་འཁོར་རྡོ་རྗེས་བསྒྲུབས་ཏེ། བསྡུ་བ་བྱས་ལ་རྡོ་རྗེ་ཧཱུཾ་མཛད་དུ་ བསྒོམས་ནས་སྔ་མ་བཞིན་དུ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ལ། དགུག་པ་ལ་སོགས་པའི་ལས་བྱ་སྟེ་ཞེས་བྱ་བ་ནི། དེ་ལ་དགུག་པའི་ལས་ནི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱ་འཇིག་རྟེན་པའི་འཁོར་ལོར་བཤད་པ་དེའི་སྙིང་པོས་རང་རང་གི་སྒོ་ལ་མངོན་དུ་ཕྱོགས་པར་ལྷ་ རྣམས་བཀུག་ཅིང་གཞག་པ་དང་། ཞགས་པ་ལ་སོགས་པ་ལྷག་མ་རྣམས་ཀྱིས་གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱི་དམ་ཚིག་གི་ཕྱག་རྒྱས་བགེགས་བསྐྲད་པ་ལ་སོགས་པ་བྱས་ནས། རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་དེ་རྡོ་རྗེ་གོ་ཆས་སྲུང་བ་རྣམས་ཡང་དག་པར་ བསྲུངས་ལ། རྡོ་རྗེ་ཧཱུཾ་མཛད་ཀྱིས་དཀྱིལ་འཁོར་གྱི་ལྷ་རྣམས་ལ་མཆོད་ཡོན་ཕུལ་ནས་ཕྱག་རྒྱ་བཞིས་རྒྱས་གདབ་པ་ལ་སོགས་པ་ཆོ་ག་ཐམས་ཅད་བྱེད་པ་ནི་འདིར་སོགས་པའི་སྒྲའི་དོན་ཡིན་ནོ། །དགུག་པ་ལ་སོགས་པའི་ལས་གང་ཡིན་པ་དེ་ནི་དགུག་པ་ལ་སོགས་པ་དེ་བྱེད་པའོ། །རྡོ་རྗེ་ སློབ་དཔོན་ཉིད་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །རྡོ་རྗེ་དམ་ཚིག་གི་ཡེ་ཤེས། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་མ་མོ་རྣམས་ཀྱི་བར་དུ་དཀྱིལ་འཁོར་གྱི་ཕྱག་རྒྱ་ལ་སོགས་པ་ནི་རྡོ་རྗེ་དམ་ཚིག་གི་ ཡེ་ཤེས་སོ། །དེ་བསྐྱེད་པར་བྱ་ཞེས་བྱ་བ་ནི། དེ་བས་ན་ཁྱེད་ཀྱིས་སུ་ལ་ཡང་མ་སྨྲ་ཤིག །གང་གི་ཕྱིར་དམ་ཚིག་མི་ཤེས་པ་ལ་བརྗོད་པ་འདིས་སེམས་ཅན་དམྱལ་བར་ལྟུང་བ་དང་། དུས་མ་ཡིན་པར་འཆི་བར་འགྱུར་བ་དེའི་ཕྱིར། ཁྱོད་ཀྱིས་དམ་ཚིག་མི་ཤེས་པ་སུ་ལ་འང་མ་སྨྲ་ཤིག་ཅེས་ བྱའོ། །ལྷག་མ་ནི་གོ་སླའོ། །མཐེ་ཆུང་མཐེ་བོ་སྦྲེལ་བ་དང་། །ལག་གཉིས་བླ་དང་འོག་ཏུ་བཏང་། །ཞེས་བྱ་བ་ནི་ལག་པ་གཡོན་པ་ཁ་ཐུར་དུ་བསྟན་ལ་མདུན་དུ་ཐད་ཀར་བརྐྱང་སྟེ། དེའི་སྟེང་དུ་ལག་པ་གཡས་པ་དེ་བཞིན་དུ་བརྐྱང་སྟེ་བཀན་ནས། གཡོན་པའི་མཐེའུ་ཆུང་གིས་གཡས་པའི་མཐེ་ བོ་དང་གཡས་པའི་མཐེ་བོས་གཡོན་པའི་མཐེའུ་ཆུང་དང་ལུ་གུ་རྒྱུད་ལྟར་སྦྲེལ་བ་ཡང་གཡས་པའི་མཐེའུ་ཆུང་གིས་གཡོན་པའི་མཐེ་བོ་དང་། གཡོན་པའི་མཐེ་བོས་གཡས་པའི་མཐེའུ་ཆུང་ལུ་གུ་རྒྱུད་ལྟར་སྦྲེལ་བར་བྱས་ནས། ལྷག་མ་སོར་མོ་གསུམ་པ་རྡོ་རྗེ་རྩེ་མོ་གསུམ་པ་ལྟར་བྱས་པ་འདི་ནི་རྡོ་རྗེ་ འཆང་བའིའོ། །དེ་ནས་ཞེས་བྱ་བ་ནི། དཀྱིལ་འཁོར་བསྟན་པའི་རྗེས་ཐོགས་ལ། །ཞེས་བྱ་བའི་དོན་ཏོ། །གནས་སྐབས་འདིར་དབང་བསྐུར་བ་མི་སྲིད་པས། ཕྱི་རོལ་གྱི་བུམ་པའི་དབང་བསྐུར་བ་གང་ཡིན་པ་དེ་ཡང་རྡོ་རྗེ་འཛིན་པའི་ཕྱག་རྒྱ་སྔོན་དུ་འགྲོ་བ་ཡིན་གྱི་ཕྱི་ནས་ནི་མ་ཡིན་པས་སོ། ། དེ་བས་ན་གདོང་གཡོགས་བཅིངས་པའི་རྗེས་ཐོགས་ལ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེ་ལ་ཐོག་མར་རེ་ཞིག་སློབ་མ་དཀྱིལ་འཁོར་དུ་འཇུག་པ་ན། སློབ་དཔོན་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དག་ཀྱང་བདག་ལ་སྩོལ། །སྡོམ་པ་དག་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་པོ་ཡང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་པར་ མཛོད། །ཅེས་བརྗོད་དུ་བཅུག་ལ། དེའི་རྗེས་ཐོགས་ལ་གསོལ་བ་འདེབས་པ་དེ་རྣམས་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་ལ། གདོང་གཡོགས་བཅིང་བ་བྱས་ནས། དེ་ནས་གཞུག་པ་བྱས་ཏེ། ཨོཾ་པྲ་བེ་ཤ་ཡ་བཛྲ་པྲ་བེ་ཤ་ཡ་ཞེས་བྱ་བ་ལ་སོགས་པའི་ སྙིང་པོ་འདིས་ཀྱང་ཞུགས་སོ། །དེ་ནས་སྙིང་པོ་འདིས་མེ་ཏོག་གཏོར་རོ་ཞེས་བྱ་བ་ནི། ཨོཾ་པྲ་ཏཱིཙྪ་ཨ་དྷི་ཏིཥྛ་བཛྲ་ཧོ། དེ་ནས་ཕྲེང་བ་བཅིང་བ་བྱས་ཏེ། ཨོཾ་པྲ་ཏི་གྲྀ་ཧྞ་དང་ཨི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བ་ནི། དེ་ནས་གདོང་གཡོགས་བཅིངས་པ་ཇི་ལྟ་བ་བཞིན་དུ་བཅིངས་པ་དེ་བཞིན་དུ་བཀྲོལ་ ནས། རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ནས་རྣམ་པར་སྣང་མཛད་ཀྱི་བར་དུ། དཀྱིལ་འཁོར་རིམ་པ་བཞིན་དུ་བསྟན་ཏེ། ལྷ་གང་ཡིན་པ་དེ་ནི་དེ་ལ་མི་བསྟན་ཏེ་ཞེས་བྱ་བ་ནི། ལྷ་རྣམས་ཀྱི་རང་བཞིན་ཅི་ཞིག་ཡིན་ཞེ་ན། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པར་མི་བྱའོ། །རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ནས། རྣམ་པར་སྣང་མཛད་ཀྱི་བར་དུ་གཟུགས་བརྙན་ཙམ་ཞིག་བསྟན་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི་དེའི་ཕྱིར། གཟུགས་བརྙན་ཙམ་ཞིག་སྟོན་ལ། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་མི་སྟོན་ཞེ་ན། སེམས་ཅན་ལོག་པར་ལྟ་བ་དག་ཀྱང་ཡོད་དེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་དེ་ དག་ཀྱང་ཡོད་དེ་ཞེས་བྱ་བ་ནི། ཡང་དག་པར་བདོག་པའོ། །སེམས་ཅན་ཇི་ལྟ་བུ་ཞིག་ཅེ་ན། ལོག་པར་ལྟ་བ་ཅན་ནོ། །གང་ཞིག་དད་པ་མེད་པ་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས། ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀ་ཧྞཱ་པ་ཡ་གྲྀ་ཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བཱན་བཛྲ་ཧཱུཾ་ཕཊ། ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་བྱུང་ནས། འཇིག་རྟེན་གྱི་ཁམས་རབ་འབྱམ་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཇི་སྙེད་པ་བྱིན་གྱིས་བརླབས་ཏེ་བཀུག་ནས་འཇིག་ རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་གཞུག་པ་དང་། དམ་ཚིག་གིས་བཅིང་བ་དང་། རང་གི་ཡེ་ཤེས་ལ་ངེས་པར་སྦྱོར་བ་ཞེས་བྱ་བ་དེས་སོ་སོར་སྤོང་བར་འགྱུར་བའི་འཇིག་རྟེན་པས། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་ པར་མི་བྱ་བས་སོ། །ད་ནི་སྤོང་བ་དེ་དག་འདིར་བསྟན་པར་བྱའོ། །གང་དག་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་གདོན་མི་ཟ་བ་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཁས་བླངས་པར་གྱུར་པ་ཅི་ཞིག་སྤོང་ཞེ་ན། གདོན་མི་ཟ་བར་ཡོད་པའི་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་སུ་མི་འགྱུར་ཏེ། གཞན་གྱི་དབང་དུ་གྱུར་པའི་ཕྱིར་རོ། །ཇི་ལྟར་ཡིན་ཞེ་ན། ཇི་ལྟར་དེ་བཞིན་གཤེགས་པའི་རིགས་སུ་ཕྱག་ན་རྡོ་རྗེས་དབང་བསྐུར་བ་ཞེས་བྱ་བ་སྨོས་ཏེ། ཇི་ལྟར་ཁྱེད་ཀྱིས་འདི་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དེ་བཞིན་གཤེགས་ པས་བྱིན་གྱིས་བརླབས་ནས། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཅུག་ཅིང་དབང་བསྐུར་དགོས་པར་བརྗོད་པའི་ཕྱིར་རོ། །ཅི་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་སུ་གྱུར་ཏེ། མི་འགྱུར་བ་དང་། གདོན་མི་ཟ་བའི་ཡེ་ཤེས་སུ་དེ་བཞིན་གཤེགས་པ་ རྣམས་བཞེངས་པའི་ཕྱིར་རོ། །དེའི་ཕྱིར་དེ་བཞིན་གཤེགས་པ་ཉིད་ཅེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཉིད་ཀྱི་ཡེ་ཤེས་ནི་ཐུན་མོང་མ་ཡིན་པ་དེ་བཞིན་གཤེགས་པའི་དམ་ཚིག་ཅེས་བྱ་བའི་དོན་ཏོ། །དེའི་ཕྱིར་ཕྱག་ན་རྡོ་རྗེས་དབང་བསྐུར་བར་མི་འགྱུར་བ་དང་། སྤོང་བར་འགྱུར་རོ་ སྙམ་པ་དེའི་ཕྱིར། ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་བསྟན་པར་མི་བྱའོ། །གཞན་དུ་ན་ཞེས་བྱ་བ་ནི་སྤོང་བའི་ཚིག་གི་དོན་ཏོ། །ལྷ་གང་དག་ལ་དད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་མ་མོའི་དཀྱིལ་འཁོར་གྱི་མཐར་ཐུག་པའི་ལྷ་གང་དག་ལ་དད་པ་དེ་དག་ལ་མནའི་ སྙིང་པོ་བྱིན་ནས། དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ལ་དེ་ཁོ་ན་ཉིད་བསྟན་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཉན་ཐོས་དང་རང་རྒྱལ་བའི་ཐེག་པར་མོས་པ་དང་། ཐེག་པ་ཆེན་པོར་མོས་པའི་མདོ་སྡེ་པ་གང་ཡིན་པ་དེ་དག་རྡོ་རྗེ་འཆང་ཆེན་པོའི་བདག་ཉིད་ཆེན་པོ་མི་ཤེས་པས་ དཀྱིལ་འཁོར་དུ་གཞུག་པ་དང་བསྟན་པར་མི་བྱའོ། །འཇུག་པར་མོས་པ་གང་ཡིན་པ་དེ་དག་ནི་གཞུག་པར་བྱ་ཞིང་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱང་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་རིན་པོ་ཆེས་མཚན་པའི་ཕྲེང་བས་དབང་བསྐུར་ནས་ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་ རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཆོ་གས་རྡོ་རྗེ་འཆང་བའི་ཕྱག་རྒྱ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་སློབ་མའི་སྙིང་གར་ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པས་བཀྲོལ་ལ་ཆུའི་དབང་བསྐུར་བ་དང་། རྡོ་རྗེ་དབྱིངས་སུ་བཤད་པའི་རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་སློབ་མ་དབང་བསྐུར་ལ། རྡོ་རྗེ་རྩེ་ གསུམ་པའི་དབང་བསྐུར་ཏེ། དེ་ནས་མིང་གི་དབང་བསྐུར་རོ། །ཇི་ལྟར་བྱ་ཞེ་ན། ཇི་ལྟར་རྡོ་རྗེ་དམ་ཚིག་གི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྱའོ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ཇི་ལྟ་བ་བཞིན་དུ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་ རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཆོ་གས། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ལ་དེ་ལས་གསུངས་པའི་རྣལ་འབྱོར་ཆེན་པོ་དང་། འཇིག་རྟེན་གསུམ་གྱི་འཁོར་ལོ་དེའི་ཏིང་ངེ་འཛིན་གསུམ་བསྒོམས་ལ་བསྡུ་བ་བྱས་ཏེ། འཇིག་རྟེན་གསུམ་གྱི་འཁོར་ལོ་ཐམས་ ཅད་ཀྱི་ཕྱག་རྒྱ་བཞིས་རྒྱས་གདབ་པ་དང་། ཇི་ལྟ་བ་བཞིན་དུ་དབང་བསྐུར་བ་དང་། མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོད་ལ། ཟླ་བ་གཅིག་གམ་ཟླ་བ་དྲུག་གམ་ལོ་གཅིག་གི་བར་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་བསྒོམ་པ་དང་བཟླས་པ་བྱས་ལ། དེ་ནས་དཀྱིལ་འཁོར་བྲིས་ཏེ། རང་ཉིད་དབང་བསྐུར་ནས་ སློབ་མ་གཞུག་པར་བྱའོ། །དེ་ལ་ཐོག་མར་རེ་ཞིག་སློབ་མ་ཇི་ལྟ་བ་བཞིན་དུ་ལྷག་པར་གནས་པ་བྱས་ལ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ཕྱག་བཞི་ཇི་ལྟ་བ་བཞིན་དུ་བྱེད་དུ་བཅུག་ལ། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱིས་བྱིན་གྱིས་བརླབས་པའི་ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ཏེ། རྡོ་རྗེ་ཧཱུཾ་མཛད་ དུ་དེ་བྱིན་གྱིས་བརླབས་ལ། རང་ཉིད་རྡོ་རྗེ་འཆང་བའི་ལས་ཀྱི་ཕྱག་རྒྱ་བཅིང་བ་དང་། སློབ་མ་ཡང་སྙིང་པོ་འདིས་བཅིང་ངོ་། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷ་ར་གྲྀ་ཧྞ་གྲྀ་ཧྞ་བནྡྷ་ས་མ་ཡ་ཧཱུཾ། ཞེས་བྱ་བ་དང་། དེ་ནས་ཕྱག་རྒྱ་འདི་དང་མེ་ཏོག་གི་ཕྲེང་བ་བླངས་ཏེ། དཀྱིལ་འཁོར་ཆེན་པོར་ཞུགས་ལ་ཤར་ ཕྱོགས་ཀྱི་སྒོ་ནས། ཨོཾ་པྲ་བེ་ཤ་ཡ་བཛྲ་པྲ་བེ་ཤ་ཡ། བཛྲ་ཨཱ་བེ་ཤ་ཡ་བཛྲ་ཨ་དྷི་ཏིཥྛ་ཧཱུཾ། ཞེས་བྱ་བའི་སྙིང་པོ་འདི་དང་། འཇིག་རྟེན་པའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་དགུག་པ་དང་། དེ་ནས་ལྷོ་ཕྱོགས་ཀྱི་སྒོ་ནས་སྔ་མ་བཞིན་དུ་བཅུག་སྟེ། རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པ་དང་། དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་བཅུག་ལ། རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བ་དང་། དེ་ནས་བྱང་ཕྱོགས་ཀྱི་སྒོ་ནས་བཅུག་ལ་ཁྲོ་བོ་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱས་ལ། དེ་ནས་ཡང་ཤར་ཕྱོགས་ཀྱི་སྒོ་ནས་ བཅུག་ལ་འདི་སྐད་དུ་ཡང་བསྒོས་ཤིག །དེང་ཁྱོད་དེ་བཞིན་གཤེགས་པའི་རིགས་སུ་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིགས་སུ་གྲུབ་པ་ཡང་ཐོབ་ན་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་ཡེ་ཤེས་རྡོ་རྗེ་བསྐྱེད་པར་ བྱས་ཀྱིས་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་ཉིད་ཀྱིས་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ལ་འདི་སྐད་ཅེས་བརྗོད་པར་བྱའོ། །ངས་ཁྱོད་ལ་རྡོ་རྗེ་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱ་ཡིས། དེ་ཁྱོད་ཀྱིས་སུ་ ལ་ཡང་མ་སྨྲ་ཞིག མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ཏེ། དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བསྒོ་ལ་མནའི་སྙིང་པོ་འདི་སྦྱིན་ནོ། །རྡོ་རྗེ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་ཡང་སྟོན་ཅིག རྡོ་རྗེ་འདི་ནི་རྡོ་རྗེ་ཆེ། །དམ་ཚིག་འོད་ཀྱི་རིགས་བསྲེགས་པས། །གལ་ཏེ་འདས་ན་ཀླད་པ་ནས། ། བརྩམས་ཏེ་ལུས་རྣམས་འཇིག་པར་བྱེད། །དེ་ནས་ཡང་རྡོ་རྗེ་སློབ་དཔོན་ནི་རང་ཉིད་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་གྱེན་དུ་བསྟན་པ་བཅིངས་ལ། རྡོ་རྗེ་སློབ་མའི་སྤྱི་བོར་བཞག་སྟེ། འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་རྡོ་རྗེ་དམ་ཚིག་ཡིན་གྱིས། གལ་ཏེ་ འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་ཆུའི་སྙིང་པོ་ལན་ཅིག་བསྔགས་ལ་སློབ་མ་དེ་འཐུང་དུ་གཞུག་གོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེར་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་ འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཐ། དེ་ནས་སློབ་མ་ལ་འདི་སྐད་བརྗོད་དེ། དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག ། མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ་འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་པར་བསྒོའོ། །དེ་ནས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ ཕྱག་རྒྱ་འདི་དང་། ཨོཾ་བཛྲ་ཨཱ་བེ་ཤ་ཨ་ཞེས་བྱ་བའི་སྙིང་པོ་འདིས་དབབ་ལ་བསྐྱེད་པར་བྱའོ། །དེ་ནས་ཨོཾ་པྲ་ཏཱིཙྪ་ཨ་དྷི་ཏིཥྛ་བཛྲ་ཧོ། ཞེས་བྱ་བའི་སྙིང་པོ་འདིས་མེ་ཏོག་དོར་བར་བྱའོ། །དེ་ནས་ཨོཾ་པྲ་ཏི་གྲྀཧྞ་ཏྭཾ་མི་མཾ་སཏྭ་མ་ཧཱ་བ་ལ་ཞེས་བྱ་བ་དེས་ཕྲེང་བ་བླངས་ཏེ། དེ་ཉིད་ཀྱི་མགོ་ལ་ བཅིང་བར་བྱའོ། །དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེ་མིག་ནི་བླ་མེད་པ། །དེ་རིང་ཉིད་དུ་འབྱེད་པར་ཤོག །ཅེས་བྱ་བ་འདི་དང་། དེ་ལྟར་བཅིངས་པའི་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་ཧེ་བཛྲ་པཱ་ཤྱ་ཞེས་བྱ་བས་ རྡོ་རྗེ་ལྕགས་ཀྱུ་ནས་བརྩམས་ནས་རྣམ་པར་སྣང་མཛད་ཀྱི་མཐར་ཐུག་པའི་དཀྱིལ་འཁོར་བསྟན་ཏོ། །སློབ་མས་རྡོ་རྗེ་འཛིན་པའི་ཕྱག་རྒྱ་དང་། ཏིཥྛ་བཛྲ་ཞེས་བྱ་བ་ལ་སོགས་པའི་སྙིང་པོ་འདིས་སློབ་མའི་སྙིང་གར་དགྲོལ་བར་བྱའོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལས། རྡོ་རྗེ་ཁུ་ ཚུར་གྱིས་ཆུ་བླངས་ལ། ཨོཾ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཏེ་ས་མ་ཡཱ་གྲ་གྲ་ཞེས་བྱ་བ་འདིས་དབང་བསྐུར་བར་བྱའོ། །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང་། མཚན་མའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ་སྦྱིན་པ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ ཆེན་པོའི་སློབ་མའི་ཆོ་ག་བཞིན་དུ་བྱའོ། །དེ་ལྟར་འཇིག་རྟེན་པའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ལས་ཀྱི་ཆོ་ག་རྒྱས་པར་བསྟན་ནས་འཇིག་རྟེན་གསུམ་པའི་འཁོར་ལོའི་དཀྱིལ་འཁོར་ཆེན་པོའི་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་ཇི་ལྟར་མངོན་ པར་འདོད་པའི་དངོས་གྲུབ་རྣམས་བསྒྲུབ་པར་འདོད་པ་ན་སློབ་དཔོན་གྱི་ཕྱག་རྒྱ་དང་སྙིང་པོ་བྱིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཆེན་པོ་བཅིངས་པ་བསླབ་པོ་ཞེས་བྱ་བ་སྨོས་ཏེ། འདིར་ཕྱག་རྒྱ་ཆེན་པོ་འཆིང་བ་ན། དམ་ཚིག་གི་ཕྱག་རྒྱ་ཉིད་ཡིན་ནོ་ཞེས་བྱ་བར་དགོངས་སོ། །ཕྱག་རྒྱ་ ཆེན་པོ་བཅིང་བ་ཡང་རྣམ་པར་སྣང་མཛད་དང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་མ་མོའི་མཐར་ཐུག་པ་རྣམས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་རྗེས་སུ་འབྲང་བ་ཤེས་པར་བྱའོ། །རྡོ་རྗེ་བཅིང་བ་དམ་བཅས་ཏེ། །ཞེས་བྱ་བ་ལ་ སོགས་པ་ནི། རྡོ་རྗེ་དབྱིངས་སུ་བཤད་པའི་རྡོ་རྗེ་བཅིངས་པ་བསྡམས་པ་བསྟན་པར་བྱས་ནས། དེ་ཉིད་ཀྱི་མཐེ་བོ་གཉིས་ནང་དུ་བཀུག་ནས། མཛུབ་མོ་གཉིས་ནང་དུ་བཀུག་ལ་དེས་མཐེ་བོ་གཉིས་ཀའི་རྒྱབ་བཀབ་པ་ནི། སེམས་དཔའ་གཙུག་ཏོར་གྱི་ཕྱག་རྒྱའོ། །ཨོཾ་བཛྲ་ས་ཏྭ་ཨུཥྞཱི་ཥ་ཧཱུཾ་ཕཊ། ཅེས་བྱ་བའི་སྙིང་པོ་འདིས་ལྷ་ཐམས་ཅད་དང་རྣལ་འབྱོར་པས་ཡེ་ཤེས་སེམས་དཔའ་བཅུག་ནས་བྱིན་གྱིས་བརླབས་ལ། བདག་ཉིད་བསྲུང་བའི་ཕྱིར་རང་གི་གཙུག་ཏོར་སྦྱར་བར་བྱའོ། །རྡོ་རྗེ་བཅིང་བ་བྱས་ནས་ནི། མཐེ་བོ་གུང་མོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་སུ་གསུངས་པ་ཉིད་ཀྱིས་རྡོ་རྗེ་བསྡམས་ པ་བཅིངས་ལ། མཐེ་བོ་དང་གུང་མོ་དང་མཐེའུ་ཆུང་རྣམས་སོ་སོར་བསྒྲེང་བར་བྱས་པ་འདི་ནི། གཟི་བརྗིད་ཕུང་པོའི་ཕྱག་རྒྱ་སྟེ། ཨོཾ་ན་མཿསརྦྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཏེ་ཛོ་ཨ་བ་ལོ་ཀི་ཏེ་མཱུརྟ་ཧཱུཾ་ཛྭ་ལ་དྷ་ཀ་བི་དྷ་ར་ཙྪིནྡ་བིནྡྷ་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་འདིས་སྤྱི་གཙུག་གི་སྟེང་དུ་གཟི་བརྗིད་ཕུང་པོའི་འཁོར་ ལོའི་ལག་པ་འདི་བཞག་པས། སྒྲུབ་པ་པོས་དངོས་གྲུབ་ཆེན་པོ་བསྒྲུབ་པར་བསྒོམས་ལ་འདི་བསྒྲུབ་པར་བྱའོ། །གང་གི་རྡོ་རྗེ་སེམས་དཔའི་གཙུག་ཏོར་བསྒྲུབ་པར་བདག་ཉིད་སྦྱོར་བ་ཡིན་པ་དེའི་ཚེ། གཡོན་བརྐྱང་བའི་གནས་པས་གནས་པ་སྐུ་མདོག་སྔོན་པོ་གཡོན་པའི་ཁྲོ་བོའི་ཁུ་ཚུར་ གྱིས་སྙིང་གར་སྡིགས་མཛུབ་བྱེད་པ། དེ་ལས་གཞན་པ་གཡས་པའི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་རྩེ་ལྔ་པ་སྤྱི་གཙུག་ཏུ་འཕངས་ནས་འཛིན་ཅིང་གནས་པར་བདག་ཉིད་བསྒོམས་ལ། གཟི་བརྗིད་ཕུང་པོ་ཡང་སྐུ་མདོག་དམར་པོ། ཕྱག་གཡས་པའི་གུང་མོ་ལ་རྡོ་རྗེ་འཁོར་ལོ་རྩིབས་བརྒྱད་པ་བསྐོར་ཞིང་གནས་ པ། ཕྱག་གཡོན་པ་གདན་ལ་བརྟེན་ཞིང་བཞུགས་པ་རྒྱལ་པོ་ཆེན་པོའི་ཆ་ལུགས་ཅན། ཞབས་གཡས་པ་བརྐྱང་བ། ཞབས་གཡོན་པ་གདན་ལ་ཕྱེད་ཀྲུང་གི་སྦྱོར་བས་བཞུགས་པ་བསམ་པར་བྱའོ། །རྡོ་རྗེ་རིན་པོ་ཆེ་ཅོད་པན་གྱི་དབང་བསྐུར་བ་ཡང་འདིར་ཤེས་པར་བྱའོ། །རྡོ་རྗེ་ཕྱག་རྒྱ་གཉིས་ བཅིངས་ཏེ། །མཐེ་བོ་མཐེའུ་ཆུང་སྦྲེལ་བ་ནི། །ཞེས་བྱ་བ་ནི། རྡོ་རྗེ་ཁུ་ཚུར་གཉིས་དམ་དུ་བཅིངས་ལ་རྡོ་རྗེ་ལག་ངར་གཉིས་བསྙམས་ཏེ། མཐེའུ་ཆུང་གཉིས་དང་། མཐེ་བོ་གཉིས་ལྕགས་ཀྱུ་ལྟར་བཅིང་བ་བྱས་ལ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཨོཾ་ནི་སུཾ་བྷ་བཛྲ་ཧཱུཾ་ཕཊ། ཅེས་བྱ་བའི་སྙིང་ པོ་ནི་འདི་ཡིན་ནོ། །རིག་པ་ཆེན་པོའི་དམ་པ་ཞེས་བྱ་བ་ལ་སོགས་པ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་བཤད་མ་ཐག་པའི་ཕྱག་རྒྱ་དེ་བཅིངས་ཤིང་། མཐེ་བོའི་ངོས་གཉིས་ཀྱིས་བཙིར་བ་ནི་འདོད་པའི་རྒྱལ་པོའོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་ཊཀྐི་ཛཿསྙིང་པོ་འདི་དང་། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་ བས་སྙིང་གར་འདོད་པའི་རྒྱལ་པོ་གཞག་གོ། །དེ་ཉིད་ལས་གུང་མོ་དང་སྲིན་ལག །སོར་མོ་རབ་ཏུ་བསྡམས་པས་ན། །ཞེས་བྱ་བ་ལ་སོགས་པ་ནི། རིག་པ་མཆོག་གི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་སྲིན་ལག་གཉིས་དང་གུང་མོ་གཉིས་ཀྱི་རྒྱབ་བསྐུམ་ནས། རིན་པོ་ཆེ་གཉིས་ཀྱི་ཚུལ་དུ་བྱས་ ཏེ་བསྒྱུར་ནས་སྨིན་མཚམས་ཀྱི་ཕྱོགས་སུ་རིན་པོ་ཆེ་གཉིས་གཞག་པ་ནི་རིན་ཆེན་ཧཱུཾ་མཛད་ཀྱིའོ། །འདིའི་སྙིང་པོ་ནི། ཨོཾ་བཛྲ་རཏྣ་ཨུཏྟ་མ་ཛྭ་ལ་ཧཱུཾ་ཕཊ། ཅེས་བྱ་བའོ། །དེ་ཉིད་ལས་ཞེས་བྱ་བ་ནི། རིག་པ་མཆོག་གི་ཕྱག་རྒྱ་དེ་ཉིད་དོ། །བསྐྱེད་དེ་གཞག་ཅེས་བྱ་བ་ནི། བཀན་ནས་གཞག་པར་ བྱའོ། །གང་དུ་གཞག་པར་བྱ་ཞེ་ན། སྙིང་གར་ཡང་ནི་བསྒྱུར་བར་བྱ། །ཞེས་བྱ་བ་སྨོས་སོ། །རང་གི་སྙིང་གའི་ཕྱོགས་སུ་བསྒྱུར་ཞིང་ཡོངས་སུ་བསྐོར་བར་བྱས་ལ། མཐེ་བོ་དང་མཐེའུ་ཆུང་གཉིས་ལྕགས་སྒྲོག་ལྟར་སྦྲེལ་བར་བྱས་ཏེ་གཞག་པ་འདི་ནི་པདྨའི་རིག་པ་དམ་པ་ཆོས་ཀྱི་ཧཱུཾ་མཛད་ཀྱིའོ། ། འདིའི་སྙིང་པོ་ནི། སྭ་བྷཱ་བ་ཤུདྡྷེ་བཛྲ་པདྨ་ཤོ་དྷ་ཡ་སརྦ་པཱ་པཾ་བིཏྱཱ་ཨུཏྟཱ་མ་ཧཱུཾ་ཕཊ། ཅེས་བྱ་བའོ། །དེ་ཉིད་སྤྱི་བོ་ནས་བརྩམས་ཏེ། །ལུས་ཀྱི་དཀྱིལ་འཁོར་བསྐོར་བར་བྱ། །ཞེས་བྱ་བ་ནི་རིག་པ་ཆེན་པོ་དམ་པའི་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་སྤྱི་བོ་ནས་བརྩམས་ཏེ་དགོད་པའི་སྦྱོར་བས་ལུས་ཐམས་ཅད་ བསྟན་པའི་ཚུལ་གྱིས་བསྐོར་ལ་ཡང་དེ་ཉིད་ཀྱི་སྤྱི་བོར་གཞག་པ་འདི་ནི་སྣ་ཚོགས་རྡོ་རྗེའིའོ། །འདིའི་སྙིང་པོ་ནི། ཨོཾ་བཛྲ་ཀརྨ་ཨུཏྟ་མ་བཛྲ་དྷ་ར་ས་མ་ཡ་མ་ནུ་སྨ་ར་སུཾ་བྷ་ནི་སུཾ་བྷ་ཨཱ་ཀཪྵ་ཡ་པྲ་བེ་ཤ་ཡ། བནྡྷ་ཡ། ས་མ་ཡ་གྷ་དྷ་ཡ་སརྦྦ་ཀརྨ་ནེ་མེ་ཀུ་རུ་མ་ཧཱ་ས་ཏྭ་ཧཱུཾ་ཕཊ་ཅེས་བྱ་བའོ། །སེམས་མ་ རྡོ་རྗེ་དམ་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་དབྱིངས་སུ་གསུངས་པའི་སེམས་མ་རྡོ་རྗེ་མའི་བཅིང་བ་དམ་པོར་བྱས་ཏེ། མཐེའུ་ཆུང་གཉིས་བསྒྲེང་བར་བྱས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱའོ། །འདིའི་སྙིང་པོ་ནི། ཨོཾ་སརྦྦ་བིད་ཅེས་བྱའོ། ། མཐེ་བོ་མཐེ་ཆུང་གཉིས་བཅིངས་ནས། །གཡོན་པའི་སོར་མོ་དབུས་མ་གསུམ། །ཞེས་བྱ་བ་ལ་སོགས་པ་ནི་རིག་པ་ཆེན་པོའི་དམ་པའི་ཕྱག་རྒྱ་ལས་གཡོན་པའི་སོར་མོ་དབུས་མ་གསུམ་མདུང་རྩེ་གསུམ་པའི་སེན་མོ་རྩེ་མོར་བྱས་པ་ནི་རྡོ་རྗེའི་རིག་པ་དམ་པའི་དབང་ཕྱུག་ཆེན་པོའི་རྡོ་རྗེ་ མདུང་གི་ཕྱག་རྒྱའོ། །རྡོ་རྗེ་བཅིང་བ་དམ་བྱས་ཏེ། །གཡོན་པའི་རྡོ་རྗེ་བཙིར་བར་བྱ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལས་བཤད་པའི་རྡོ་རྗེ་བསྡམས་པ་བཅིང་བ་བརྟན་པར་བྱས་ལ། གཡོན་པའི་རྡོ་རྗེ་བཅིང་བ་བྱས་ཏེ། བཤད་མ་ཐག་པའི་རྡོ་རྗེ་བཅིང་བ་གཉིས་སུ་བྱས་པས། རྡོ་རྗེ་ཁུ་ཚུར་ གཉིས་སུ་འགྱུར་རོ། །དེ་ལ་གཡས་པའི་ཁུ་ཚུར་དང་། གཡོན་པའི་ཁུ་ཚུར་བཤད་མ་ཐག་པ་གཉིས་སུ་བཅིང་བ་བྱས་པ་འདི་ནི་ཕྱི་རོལ་གྱི་རྡོ་རྗེ་ཁུ་ཚུར་གྱི་ཕྱག་རྒྱ་སྟེ། ཁྱབ་འཇུག་ལ་སོགས་པའི་ཕྱག་རྒྱ་བསྐྱེད་པའི་རྒྱུར་གྱུར་པ་ཡིན་ནོ། །ཇི་ལྟར་རྡོ་རྗེ་ཁུ་ཚུར་ཞེས་བཤད་དོ། །རྡོ་རྗེ་རིགས་ ནི་ཀུན་གྱི་འདིའོ། །ཞེས་སྨོས་ཏེ། སྒྱུ་མའི་རྡོ་རྗེ་ལ་སོགས་པ་ནས་ཆུ་ཟླའི་མཐར་ཐུག་པའི་རང་གི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་སྤྱོད་ཡུལ་དུ་གྱུར་པ་དེ་རྣམས་ནི་འདི་ཡིན་ནོ་ཞེས་ཤེས་པར་བྱའོ། །བཤད་མ་ཐག་པའི་རྡོ་རྗེ་ཁུ་ཚུར་གྱི་མཚན་ཉིད་གང་ཡིན་པ་འདི་ནི། རྡོ་རྗེ་གཉིས་སུ་བྱས་ནས་ འཇིག་རྟེན་པའི་རྡོ་རྗེ་ཁུ་ཚུར་གཉིས་སུ་འགྱུར་རོ། །མཚན་མ་ཀུན་ནི་དེས་གཞག་གོ། །ཞེས་བྱ་བ་ནི་འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་འཁོར་ལོ་ལ་སོགས་པའི་ཚུལ་གྱི་གཟུགས་སུ་འཇོག་པ་ནི་ཕྱག་རྒྱའོ། །གང་དག་གི་ཞེ་ན། རྡོ་རྗེའི་རིགས་ནི་ཐམས་ཅད་ཀྱི། །ཕྱག་རྒྱ་ རྣམས་ཀྱང་འབྱུང་བ་སྟེ། །ཞེས་བྱ་བ་སྨོས་ཏེ། ཀྱང་ཞེས་བྱ་བ་ནི་ཕྱག་རྒྱ་རྣམས་ཀྱང་འབྱུང་བ་ཞེས་ངེས་པར་གཟུང་བའོ། །འདི་སྐད་སྟོན་པ་ཡིན་ཏེ། འཁོར་ལོ་ལ་སོགས་པའི་མཚན་མ་རྣམས་དགོད་པ་གང་ཡིན་པ་དེ་ནི་རྡོ་རྗེའི་རིགས་ཐམས་ཅད་ཀྱི་རྡོ་རྗེའི་ཕྱག་རྒྱར་འགྱུར་རོ། །དེའི་ཕྱིར་ འཁོར་ལོ་ལ་སོགས་པའི་རང་གི་ཕྱག་རྒྱའི་ཚུལ་གྱིས་དེ་དག་དགོད་པར་བྱའོ། །མདུན་བརྐྱང་སྟེང་དུ་གཞག་པ་དང་། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་བརྐྱང་བ་གཡས་པའི་ཁུ་ཚུར་གྱི་རྒྱབ་ཏུ་གཞག་པ་ནི་རྡོ་རྗེ་སྒྱུ་མའི་དམ་ཚིག་གི་ཕྱག་རྒྱའོ། །མཛུབ་མོ་མཐེབ་གདོང་སྦྱར་བ་ དང་། །ཞེས་བྱ་བ་ནི་གཡོན་པའི་ཁུ་ཚུར་གྱི་མཐེ་བོ་དང་མཛུབ་མོ་གཉིས་ཕན་ཚུན་དུ་གདོང་སྦྱར་ལ་ཟླུམ་པོར་བྱས་ཏེ་ཐུར་དུ་བསྟན་ནས་དྲིལ་བུ་འཛིན་པ་ལྟར་བྱེད་པ་ནི་རྡོ་རྗེ་དྲིལ་བུའོ། །ཨོཾ་ཞེས་བྱ་བ་སྤྱི་བོར་གཞག །ཅེས་བྱ་བ་ནི་གཡོན་པའི་ཁུ་ཚུར། གཡས་པའི་མཐེ་བོང་གི་སྟེང་དུ་གཞག་པ་ནི་ ཐུབ་པ་རྡོ་རྗེའིའོ། །རྡོ་རྗེའི་སྟེང་དུ་གཞག་པའོ། །ཞེས་བྱ་བ་ནི་གཡས་པའི་ཁུ་ཚུར་གཡོན་པའི་ཁུ་ཚུར་གྱི་སྟེང་དུ་གཞག་པ་ནི་རྡོ་རྗེ་མཚོན་ཆའི་ཁུ་ཚུར་གྱི་ཕྱག་རྒྱའོ། །རབ་ཏུ་བརྐྱང་ནས་ལག་གནས་པའོ། །ཞེས་བྱ་བ་ནི་ལག་པ་གཡས་པ་བརྐྱང་བའི་སྟེང་དུ་གཡོན་པའི་ལག་པ་བརྐྱང་ནས་ ཁ་ཐུར་དུ་བསྟན་ནས་གཞག་པ་ནི་རྡོ་རྗེ་འཁྱིལ་པའིའོ། །ལག་པ་རྒྱབ་ཏུ་དེ་བཞིན་ཏེ། །ཞེས་བྱ་བ་ནི། གཡས་པའི་ལག་པ་བརྐྱང་བའི་རྒྱབ་ཏུ་གཡོན་པའི་ལག་པ་བརྐྱང་སྟེ་ཁ་ཕུབ་ནས་གཞག་པ་ནི་རྡོ་རྗེ་འོད་ཀྱིའོ། །ཁུ་ཚུར་བཅིངས་གཞག་ལག་ངར་བསྐུམ། །ཞེས་བྱ་བ་ནི་གཡོན་ པའི་ཁུ་ཚུར་གྱིས་དཔུང་པའི་ཕྱེད་ཙམ་དུ་བསྐུམ་ལ་མདུན་དུ་དབྱུག་པ་འཛིན་པའི་ཚུལ་དུ་བྱས་པ་འདི་ནི་རྡོ་རྗེ་དབྱིག་པའིའོ། །ཁ་ཡི་ཕྱོགས་སུ་བསྐོར་བར་བྱ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་ཁའི་ཕྱོགས་སུ་བསྐོར་བ་འདི་ནི་རྡོ་རྗེ་སེར་སྐྱའིའོ། །གཡོན་པའི་མཐེ་བོའི་སྟེང་དུ་ གཞག །ཅེས་བྱ་བ་ནི་གཡས་པའི་ཁུ་ཚུར་གཡོན་པའི་མཐེ་བོའི་སྟེང་དུ་གཞག་པ་ནི་རྡོ་རྗེ་གླང་སྣའིའོ། །ཕྲེང་བ་འཆིང་བའི་ཐབས་སུ་སྦྱར། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱིས་རང་གི་མགོ་བོ་ལ་ཕྲེང་བ་འཆིང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་ཕྲེང་བའིའོ། །ནོར་སྦྱིན་པར་ནི་གཡས་པ་སྟེ། ། ཞེས་བྱ་བ་ནི། ལག་པ་གཡས་པའི་ཁུ་ཚུར་ཡང་དང་ཡང་ནོར་སྦྱིན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་དབང་གིའོ། །རལ་གྲིའི་ཕྱག་རྒྱ་ཁུ་ཚུར་མཆོག །ཅེས་བྱ་བ་ནི་གཡས་པའི་ཁུ་ཚུར་རལ་གྲི་འཛིན་པའི་ཚུལ་དུ་བྱེད་པ་ནི། རྡོ་རྗེ་རྣམ་པར་རྒྱལ་བའོ། །གཡས་པའི་མདུན་དུ་གཏུན་རིངས་འཛིན། ། ཞེས་བྱ་བ་ནི། གཡས་པའི་ཁུ་ཚུར་གྱིས་གཏུན་རིངས་མདུན་དུ་འཛིན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་གཏུན་རིངས་ཀྱིའོ། །གཡས་པ་བརྐྱང་བ་དེ་བཞིན་ཏེ། །ཞེས་བྱ་བ་ནི། ལག་ངར་གཉིས་བཏེག་སྟེ་བརྐྱང་ལ། རླུང་གིས་ཁྱེར་བའི་དར་འཛིན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་རླུང་ གིའོ། །གཡས་པས་འོད་ནི་འབར་བར་བསྟན། །ཞེས་བྱ་བ་ནི། གཡས་པའི་ཁུ་ཚུར་གྱིས་བརྐྱང་ནས་མེ་འབར་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་མེའིའོ། །རྡོ་རྗེ་ཁུ་ཚུར་བསྐྱོད་པའོ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་བསྐྱོད་ཅིང་མདུན་དུ་གཞག་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱིའོ། །བསྒྱིངས་བཅས་ མཛུབ་མོ་ཁར་མཆེ་བ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་ལྕགས་ཀྱུ་ལྟར་ཁར་མཆེ་བའི་ཚུལ་དུ་བཞག་ནས། གཡས་པའི་ཁུ་ཚུར་རྐེད་པར་གཞག་པ་ནི་རྡོ་རྗེ་ལྕགས་ཀྱུའོ། །དབྱིག་པ་བསྣུན་ཞིང་མནན་པ་དང་། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་སྤྱི་བོར་བཞག་ ནས་བསྣུན་པ་ལྟར་བྱེད་པ་ནི་རྡོ་རྗེ་དུས་ཀྱིའོ། །དཔུང་པ་བསྐུམ་ཞིང་དཔྱང་བ་དང་། །ཞེས་བྱ་བ་ནི། གཡོན་པའི་ལག་ངར་བསྐུམ་ལ་དཔྱང་བ་ལྟར་བྱས་པ་ནི། རྡོ་རྗེ་བགེགས་ཀྱི་གཙོ་བོའིའོ། །གཡས་པ་གཡོན་གྱིས་འདྲེན་པའོ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་ལག་ངར་གྱི་ཞགས་ པ་གཡས་པའི་ཁུ་ཚུར་གྱིས་འདྲེན་པའི་ཚུལ་དུ་བྱེད་པ་ནི་ཀླུ་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱའོ། །ཨུ་མ་ལ་སོགས་པའི་མ་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་གཟུངས་ཀྱི་དཀྱིལ་འཁོར་དུ་འཆད་པར་འགྱུར་རོ། །ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་དམ་ཚིག་གི་ཕྱག་ རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་ཟིན་ཏོ། །རྣམ་པར་སྣང་མཛད་ལ་སོགས་པའི་ཆོས་ཀྱི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་ཟིན་ཏོ། །ཀླུ་རྡོ་རྗེ་ལ་མཐར་ཐུག་པའི་འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱི་ ཆོས་ཀྱི་ཕྱག་རྒྱ་ནི། རང་གི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་སྔགས་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་ལས་ཀྱི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་ཟིན་ཏོ། །དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དང་། མ་མོའི་ ཚོགས་ཀྱི་མཐར་ཐུག་པའི་འཇིག་རྟེན་པའི་ལྷ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་ནི་འཇིག་རྟེན་པའི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་གསུངས་པ་དེ་གཟུང་བར་བྱའོ། །དཀྱིལ་འཁོར་ཀུན་དུ་བརྟག་པ་ནི། །གཡོན་པས་རྡོ་རྗེ་བཟུང་ནས་སོ། །ཞེས་བྱ་བ་ནི། ཐིག་སྐུད་འདེབས་པ་དང་ཚོན་འདྲི་ བའི་དུས་སུ་ཐོག་མར་གཡོན་པའི་རྡོ་རྗེ་ཁུ་ཚུར་བྱས་ལ། ཕྱིས་ཅི་བདེ་བར་བྱའོ། །དེ་ནས་རབ་ཏུ་བཤད་པ་ནི། །ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་ཕྱག་རྒྱའི་ཡེ་ཤེས་བསླབས་ནས། ཕྱག་རྒྱ་བསྒྲུབ་པའི་ལས་བཤད་པར་བྱ་སྟེ། དེ་ལ། སེམས་དཔའ་གང་གི་ཕྱག་རྒྱ་གང་། །ཞེས་བྱ་བ་ནི། རྣམ་ པར་སྣང་མཛད་ལ་སོགས་པ་ནས། མ་མོའི་མཐར་ཐུག་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་རྣམས་སུ་བསྒོམ་པ་ན་དེང་བདག་ཉིད་ཕྱག་རྒྱའི་གཟུགས་སུ་གྱུར་པར་བདག་ཉིད་བསྒོམ་པར་བྱའོ། །ཕྱག་རྒྱ་བསྒྲུབ་པ་དམ་པར་འགྱུར། །ཞེས་བྱ་བ་ནི། འདི་སྐད་སྟོན་པ་ཡིན་ཏེ་རྣམ་པར་ སྣང་མཛད་དང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་བཞིན་དུ་བསྒྲུབ་པ་དང་། ཕྱིའི་རྡོ་རྗེ་རིགས་རྣམས་ཀྱང་རྡོ་རྗེ་ཐལ་མོ་དང་། རྡོ་རྗེ་བསྡམས་པ་བཅིང་བ་དང་དེ་ནས་རྡོ་རྗེ་བསྡམས་པ་སྙིང་གར་ དགྲོལ་ལ། བདག་ཉིད་ལ་དབབ་པ་དང་། དམ་ཚིག་གི་རྡོ་རྗེ་ཁུ་ཚུར་བཅིང་བར་བྱའོ། །དེ་ནས་ཨོཾ་སུཾ་བྷ་ནི་སུཾ་བྷ་རཱ་ཛཱ་བིདྱ་ཨུཏྟ་མ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པའི་སྙིང་གའི་ནང་དུ་རྡོ་རྗེ་ལ་ཡིད་ཀྱིས་བྲིས་ནས། དེ་ཉིད་ཡིད་ཀྱིས་བརྗོད་ཅིང་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ། དེར་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་དང་། དེའི་སྟེང་དུ་ཡང་ཟླ་བའི་དཀྱིལ་འཁོར་གཉིས་པ་ཡང་དེ་དག་སྔགས་དང་བཅས་པ་ལས་རྡོ་རྗེ་རྩེ་ལྔ་པ་འབར་བའི་རྡོ་རྗེའོ། །དེ་ཉིད་ལས་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པ་དེའི་ནང་དུ་སྙིང་པོ་བསམ་པར་བྱའོ། །ཕྱག་རྒྱ་གང་ཡིན་པ་དེ་ནི་ལྷ་ ཡིན་ལ། ལྷ་གང་ཡིན་པ་དེ་ནི་བདག་ཡིན་ནོ་ཞེས་བསྒོམས་ལ། དེ་ནས་ཕྱག་རྒྱའི་གཟུགས་དེ་བཛྲ་སཏྭ་ཧཱུཾ་ཞེས་བརྗོད་པས། རྡོ་རྗེ་སེམས་དཔའི་བདག་ཉིད་དུ་བསྒོམ་པར་བྱའོ། །ཡང་བསྙེམས་པ་དང་བཅས་པས་རྡོ་རྗེ་གསོར་ཞིང་འདི་སྐད་བརྗོད་དོ། །བཛྲ་སཏྭ་ཧཾ་ཞེས་བརྗོད་དེ་རྡོ་རྗེ་ སེམས་དཔའོ། །དེ་ནས་རྡོ་རྗེ་སེམས་དཔའ་དེ་ནི་སུཾ་བྷ་ནི་སུཾ་བྷ་བཛྲ་བིདྱཱ་ཨུཏྟ་མ་ཧཱུཾ་ཕཊ། ཅེས་བྱ་བ་ལ་སོགས་པ་བརྗོད་པས། རྡོ་རྗེ་རིག་པ་མཆོག་ལ་སོགས་པའི་གཟུགས་ཀྱི་བདག་ཉིད་དུ་ངེས་པར་བྱས་ལ། མ་ཧཱ་ས་མ་ཡ་ས་ཏྭཱ་ཧཾ་ཞེས་བརྗོད་དོ། །དེ་ནས་དེའི་དམ་ ཚིག་གི་ཕྱག་རྒྱ་བཅིངས་ལ་ས་མ་ཡོ྅ཧཾ་ཞེས་བརྗོད་དོ། །ཡང་དེ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་དེས་སྙིང་ག་དང་། དཔྲལ་བ་དང་། ལྐོག་མ་དང་། སྤྱི་བོར་བྱིན་གྱིས་བརླབས་པར་བྱས་ཏེ། ས་མ་ཡ་སྟྭཾ་ཏིཥྛ་སྭ་མཾ་ཞེས་བྱའོ། །དེ་ནས་རྩེ་གསུམ་པ་ལ་སོགས་པ་བླངས་ལ་སྙིང་པོ་བརྗོད་ཅིང་། རྡོ་རྗེ་རིག་པ་མཆོག་ལ་སོགས་པའི་དབྱིངས་སུ་དེ་དག་གི་ཕྱག་རྒྱ་ཆེན་པོར་བྱིན་གྱིས་བརླབས་ཏེ། དེ་ནས་མདུན་དུ་རྡོ་རྗེ་མདུང་ལ་སོགས་པ་ཕབ་ལ། བཛྲ་ཤཱུ་ལ་མུ་དྲ་ཧཾ་ཞེས་བྱ་བས་ང་རྒྱལ་བསྐྱེད་ནས་བཛྲ་བིདྱཱ་མ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ལ་སོགས་པ་བརྗོད་པས། རྡོ་རྗེ་རིག་པ་ མཆོག་ལ་སོགས་པའི་གཟུགས་སུ་རང་གི་ཕྱག་རྒྱ་དེ་བསྒོམ་པར་བྱའོ། །དེ་ནས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ས་རྡོ་རྗེ་རིག་པ་མཆོག་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་དམ་ཚིག་ གི་ཕྱག་རྒྱ་རྣམས་ཀྱིས། ཨོཾ་སུཾ་བྷ་ནི་སུཾ་བྷ་བཛྲ་བིདྱཱ་ཨུཏྟ་མ་ཧཱུཾ་ཕཊ་དྲྀ་ཤྱ་ཞེས་བརྗོད་ཅིང་། རྡོ་རྗེ་རིག་པ་མཆོག་ལ་སོགས་པ་བལྟས་ལ། དེ་ཉིད་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ཛ་ཧཱུཾ་བཾ་ཧོཿཞེས་བྱ་བས་རང་གི་ལུས་ལ་བཅུག་ནས་ས་མ་ཡ་སྟྭཾ་ཞེས་བརྗོད་པས། ཟླ་བའི་དཀྱིལ་འཁོར་ བསྐྱེད་ལ་ས་མ་ཡ་སྟྭཾ། ཨ་ཧཾ་ཞེས་བརྗོད་པས། རྡོ་རྗེ་རིག་པ་མཆོག་ལ་སོགས་པའི་གཟུགས་དང་གཅིག་ཏུ་གྱུར་པས་བདག་ཉིད་རྡོ་རྗེ་རིག་པ་མཆོག་ལ་སོགས་པ་བསྒོམ་པར་བྱའོ། །དེ་ནས་རང་གི་ཆོས་དང་ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་བདག་ཉིད་ལ་རྒྱས་བཏབ་ལ་འཇིག་ རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་སྙིང་ག་དང་། མཛོད་སྤུ་དང་། ལྐོག་མ་དང་། སྤྱི་བོར་བདག་ཉིད་བྱིན་གྱིས་བརླབས་ལ་རྡོ་རྗེ་དབྱིངས་ལས་གསུངས་པའི་རྡོ་རྗེ་རིན་ཆེན་གྱི་དམ་ཚིག་གི་ཕྱག་རྒྱས་རིན་པོ་ཆེ་ཅོད་པན་གྱི་དབང་གིས་དབང་བསྐུར་ནས་རྡོ་རྗེ་རིག་པ་མཆོག་གི་རྣལ་འབྱོར་ པས་ཡང་ཟླ་བའི་རི་མོས་བདག་ཉིད་ལ་དབང་བསྐུར་བར་བྱའོ། །དེ་ནས་སྒེག་མོ་ལ་སོགས་པའི་གསང་བའི་མཆོད་པ་བཞིས་བདག་ཉིད་ཡང་དག་པར་མཆོད་ལ་འཇིག་རྟེན་གསུམ་གྱི་ལས་ཀྱི་འཁོར་ལོའི་དཀྱིལ་འཁོར་ལས་བཤད་པའི་རྡོ་རྗེ་གསེར་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ མཆོད་ལ། དེ་ནས་ཕྱག་བཞི་བྱས་ཏེ། རང་གི་ཕྱག་རྒྱ་ཆེན་པོའམ། དམ་ཚིག་གམ། ལས་ཀྱི་ཕྱག་རྒྱ་བསྒོམ་པའམ་བཟླས་པ་བྱའོ། །དེ་ནས་བསྒོམ་པ་དང་བཟླས་པས་སྐྱོ་བ་ན་ཡང་མཆོད་པ་དང་། ཕྱག་བྱ་བ་དང་། འདོད་པའི་དོན་གྱི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་བསྔོ་བ་དང་། ཕྱག་རྒྱ་དགྲོལ་བར་འདོད་པས་ཡང་དང་ཡང་དུ་བཛྲ་སཏྭ་ཞེས་བཟླས་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་ལ། རྡོ་རྗེ་འཆང་ གི་ཕྱག་རྒྱ་གྱེན་དུ་བཀྲོལ་ཏེ། ཧཱུཾ་མུཿཞེས་བྱའོ། །དེ་ལྟ་བུས་ནི་རང་གི་ལྷ་གཤེགས་སུ་གསོལ་བར་འགྱུར་རོ། །དེ་ནས་རྡོ་རྗེ་སྲུང་བ་དང་། གནོད་སྦྱིན་དང་། ཁུ་ཚུར་རྣམས་ཀྱིས་བདག་ཉིད་བསྲུངས་ལ། ཡི་གེ་བརྒྱ་པ་དང་། བཛྲ་སཏྭ་ཞེས་བརྗོད་ཅིང་ལྡང་བར་བྱའོ། །དེ་ལྟར་ཉིན་རེ་ཞིང་བྱས་ ལ། ཇི་སྲིད་མཚན་མ་མཐོང་བར་འགྱུར་བའམ། བཟླས་པའི་གྲངས་ཡོངས་སུ་རྫོགས་པར་བྱས་ནས། དེ་ནས་མཚན་ཐོག་ཐག་བསྒོམ་པ་དང་བཟླས་པ་བྱས་ན། རྡོ་རྗེ་རིག་པ་མཆོག་ལ་སོགས་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལྟར་སྒྲུབ་པ་རྒྱས་པར་བསྟན་ནས། ད་ནི་ ཕྱག་རྒྱ་རྣམས་ཀྱི་ལས་བསྟན་པར་བྱ་སྟེ། གཙུག་ཏོར་ཆེན་པོ་སྲུང་བ་ཆེ། །ཞེས་བྱ་བ་དེ་ལ་གཙུག་ཏོར་ཆེན་པོ་ནི་རྡོ་རྗེ་སེམས་དཔའི་གཙུག་ཏོར་རོ། །སྲུང་བ་ཆེ་ནི་སྲུང་བ་དམ་པའོ། །གཟི་བརྗིད་ཕུང་པོ་རབ་སྒྲུབ་སྟེར། །ཞེས་བྱ་བ་ནི་དངོས་གྲུབ་བཟང་པོ་སྟེར་བའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་ཀུན་ བྱེད། །ཅེས་བྱ་བ་ནི་ལས་ཐམས་ཅད་བྱེད་པས་ན་བྱ་བ་ཀུན་བྱེད་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བརྒྱ་རྩ་བརྒྱད་བསྟན་པ་དེས་ལས་ཐམས་ཅད་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སྙིང་གར་བཞག་པས་ཐམས་ཅད་འགུགས། །ཞེས་བྱ་བ་ནི་ཁྲོ་བོ་འདོད་པའི་རྒྱལ་པོའི་ཕྱག་རྒྱས་ཐམས་ཅད་ འགུགས་པར་བྱེད་པའོ། །ཐམས་ཅད་རིག་པས་ཐམས་ཅད་འགྲུབ། །ཅེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱས་དེའི་དངོས་གྲུབ་ཐམས་ཅད་སྟེར་བའོ། །རྡོ་རྗེ་རིག་པ་དམ་པའོ། །ཞེས་བྱ་བ་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ་བཛྲ་བིདྱཱ་ཨུཏྟ་མ་ཧཱུཾ་ཕཊ། ཅེས་བྱ་ བའི་སྔགས་དང་ཕྱག་རྒྱ་འདིས་ཕྱི་རོལ་གྱི་རྡོ་རྗེ་ཐམས་ཅད་ལ་ཁྱབ་པར་གྱུར་པས་རིག་པ་དམ་པའོ། །རྡོ་རྗེ་རིག་པ་དམ་པས་དངོས་གྲུབ་དམ་པ་སྟེར་བའོ། །རྡོ་རྗེ་མདུང་གི་ཕྱག་རྒྱ་ཆེས། །གྲུབ་པ་ཆེན་པོ་སྦྱིན་པར་བྱེད། །ཨོཾ་ཧཱུཾ་བཛྲ་ཤཱུ་ལ་ཞེས་བྱ་བས་ལྷ་ཆེན་པོ་འཇིགས་བྱེད་ཀྱི་གཟུགས་འཛིན་ པའི་ཁྲོ་བོ་རྡོ་རྗེ་རིག་པའི་རྒྱལ་པོའི་ཕྱག་རྒྱ་དེ་ཡང་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཐམས་ཅད་ལས་མཆོག་ཏུ་གྱུར་པའི་དངོས་གྲུབ་སྟེར་བའོ། །སྒྱུ་མའི་རྡོ་རྗེ་རབ་གྲུབ་སྟེ། །ཞེས་བྱ་བ་ནི་སྒྱུ་མའི་རྡོ་རྗེ་དེས་དགེ་ཞིང་བཟང་པོའི་དངོས་གྲུབ་སྟེར་རོ། །དྲིལ་བུ་ཡིས་ནི་ཡང་དག་འབེབས། །ཞེས་བྱ་བ་ནི། རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་རྒྱ་གང་ཡིན་པ་དེས་འབེབས་པའི་ལས་བྱེད་དོ། །དབྱུག་པའི་ཤིང་གི་ཚངས་པའི་ཕྱག་རྒྱ་གང་ཡིན་པ་དེས་མྱ་ངན་ལས་འདས་པ་སྟེར་བའོ། །རྡོ་རྗེ་ནི་རྡོ་རྗེ་མཚོན་ཆའི་གང་ཡིན་པ་དེས་གདུག་ཅིང་མ་རུངས་པ་རྣམས་གསོད་པའོ། །འབར་བའི་མཆོག་ནི་རྡོ་རྗེ་ འཁྱིལ་པའི་ཕྱག་རྒྱ་གང་ཡིན་པ་དེས་གདུག་ཅིང་མ་རུངས་པ་རྣམས་འདུལ་བར་བྱེད་པའོ། །ཞི་བའི་མཆོག་གི་རྡོ་རྗེ་འོད་ཀྱི་ཕྱག་རྒྱ་གང་ཡིན་པ་དེས་ཐམས་ཅད་གསོད་པར་བྱེད་དོ། །དབྱུག་པ་མཆོག་ནི་རྡོ་རྗེ་གླང་སྣའི་ཕྱག་རྒྱ་གང་ཡིན་པ་དེས་ཐམས་ཅད་འཚོག་པར་བྱེད་དོ། །འཇིགས་པའི་ མིག་ནི་རྡོ་རྗེ་སེར་སྐྱའི་ཕྱག་རྒྱ་གང་ཡིན་པ་དེས་འཇིགས་ཤིང་སྐྲག་པར་བྱེད་དོ། །མྱོས་པའི་རྡོ་རྗེ་གླང་སྣའི་ཕྱག་རྒྱ་གང་ཡིན་པ་དེས་རབ་ཏུ་མྱོས་པའི་ལས་བྱེད་དོ། །ཕྲེང་བ་ནི་རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་གང་ཡིན་པ་དེས་དབང་དང་འཆིང་བ་ལ་སོགས་པའི་ལས་རྣམས་བྱེད་དོ། །འདོད་པར་བྱེད་པའི་ རྡོ་རྗེ་དབང་གི་ཕྱག་རྒྱ་སྟེ། དེས་ཁྲོ་བ་ཞི་བར་བྱེད་ཅིང་དགའ་བ་སྐྱེད་པར་བྱེད་དོ། །གསོད་པ་ནི་རྣམ་པར་རྒྱལ་བའི་རྡོ་རྗེ་སྟེ། ཕྱག་རྒྱ་གང་ཡིན་པ་དེས་ཐམས་ཅད་གསོད་པར་བྱེད་དོ། །ཐོ་བས་གདུག་པ་འཇོམས་པར་བྱེད། །ཅེས་བྱ་བ་ནི། རྡོ་རྗེ་གཏུན་རིངས་ཀྱི་ཕྱག་རྒྱ་དེས་གདུག་པ་ རྣམས་འཇོམས་པར་བྱེད་དོ། །རྡོ་རྗེ་རླུང་གི་ཕྱག་རྒྱ་སྟེ། །རས་ཀྱི་རྒྱུའི་དར་གྱིས་དངོས་གྲུབ་སྟེར་རོ། །འབར་བའི་མཆོག་ནི་རྡོ་རྗེ་མེའི་ཕྱག་རྒྱ་སྟེ། དེས་གདུག་པ་རྣམས་སྲེག་པར་བྱེད་དོ། །རྡོ་རྗེ་མཆེ་བ་ཟ་བ་སྟེ། །ཞེས་བྱ་བ་ནི། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དེས་ཐམས་ཅད་ཟ་བར་བྱེད་དོ། །གསོད་ པ་ནི་རྡོ་རྗེ་དུས་ཀྱི་ཕྱག་རྒྱ་སྟེ། དེས་ཐམས་ཅད་གསོད་པར་བྱེད་དོ། །བགེགས་བཟང་པོ་ནི་རྡོ་རྗེ་བགེགས་ཀྱི་གཙོ་བོ་སྟེ། ཕྱག་རྒྱ་གང་ཡིན་པ་དེས་ཐམས་ཅད་ཀྱི་བགེགས་སྐྱེད་པར་བྱེད་དོ། །འཕྲོག་མ་ནི་རྡོ་རྗེ་ཀླུ་རྡོ་རྗེ་སྟེ། ཕྱག་རྒྱ་གང་ཡིན་པ་དེས་ཐམས་ཅད་འཕྲོག་པར་བྱེད་དོ། །དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གང་ཡིན་པ་དེ་ལས་སོ། །རྟོག་པ་ཡང་ཡིན་ལ་འདི་རྒྱལ་པོ་ཆེན་པོ་ཡང་ཡིན་པས་དེའི་ཕྱིར་རྟོག་པའི་རྒྱལ་པོ་ཆེན་པོའོ། །འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ཆེན་པོའི་ཆོ་གའི་རྒྱལ་པོ་རྫོགས་ སོ་ཞེས་བྱ་བ་ནི་མཐར་ཐུག་པའོ། །འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ཆེན་པོའི་འགྲེལ་པ་རྫོགས་སོ།། །།དེ་ལྟར་ཕྱག་རྒྱ་ཆེན་པོ་གཙོར་གྱུར་པའི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོས་འདུལ་བའི་སྐྱེ་བོ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དེ་བསྟན་ ནས། ད་ནི་དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པའི་འཇིག་རྟེན་གསུམ་གྱི་གཟུངས་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་ སྦྱོར་བའི་རྗེས་ཐོགས་ལ། །ཞེས་བྱ་བའི་དོན་ཏོ། །འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པ་གཟུང་བར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །དེ་ནས་ཡང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་ འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པས་ན་ཡང་ཞེས་སྨོས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེའི་རྡོ་རྗེའི་གཟུངས་ནི་དྲན་པ་དང་། ཤེས་རབ་དང་ཡང་དག་པར་ལྡན་པའི་སེམས་སོ། །དེའི་དམ་ཚིག་ནི་རྣམ་པར་སྣང་མཛད་ཀྱི་ དཀྱིལ་འཁོར་བསྒོམ་པའོ། །དེ་ལས་བྱུང་བ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་གནས་པའི་ཐུགས་ཀྱི་རྡོ་རྗེ་གང་ཡིན་པ་དེས། བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། རང་གི་རིག་པ་དམ་ པ་འདི་གསུངས་པ་ནི་བཤད་པའོ། །དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །དེ་ནས་ཞེས་བྱ་བ་ནས་བརྩམས་ནས། རྡོ་རྗེ་བྲན་གྱི་ཕྱག་རྒྱ་རྣམས་སོ་ཞེས་བྱ་བའི་བར་གྱི་གཞུང་འདི་ཙམ་གྱིས་ནི། འཇིག་རྟེན་གསུམ་གྱི་འཁོར་ལོའི་ གཟུངས་ཀྱི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པའོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་པ་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་ འཁོར་དུ་གསུངས་པའི་དངོས་གྲུབ་རྣམས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ ཆོ་ག་རྒྱས་པར་གསུངས་སོ། །དེ་ནས་