Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 57
Văn bản gốc(Tây Tạng)
Trang 23 / 23 (50.000 ký tự/trang)
ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །ཡང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལ་ལྟོས་པའོ། །རྡོ་རྗེའི་རིགས་ཐམས་ཅད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ རིགས་སོ། །དེའི་རྡོ་རྗེའི་དཀྱིལ་འཁོར་ནི་མཚན་མའི་ཕྱག་རྒྱའི་དཀྱིལ་འཁོར་གསུངས་ཤིང་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་རྗེས་ཐོགས་ལ་སྟེ། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་། དེ་ལས་བཤད་པའི་ རྣལ་འབྱོར་ཆེན་པོས་བྱས་ལ། དེ་ནས་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུགས་རྣམས་ལ། རེ་རེ་ཞིང་ཡང་བཟླས་པ་ཁྲི་བྱ་བའམ། ཏིང་ངེ་འཛིན་གསུམ་བསྒོམ་པ་སྔོན་དུ་འགྲོ་བའི་འཇིག་རྟེན་གསུམ་གྱི་གཟུངས་ཀྱི་དཀྱིལ་འཁོར་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་དུ་བསྒོམ་པར་ བྱའོ། །དེ་ནས་དེའི་རྗེས་ལ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་ཏེ། གང་གི་ཕྱིར་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པས་འདུལ་བའི་སེམས་ཅན་རྣམས་འདུལ་བ་དང་། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར། དེ་ནས་རབ་ཏུ་ བཤད་བྱ་བ། །རྡོ་རྗེ་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་སྨོས་སོ། །དེ་ལ་འཇིག་རྟེན་པའི་དཀྱིལ་འཁོར་ཐམས་ཅད་ཀྱི་མཆོག་ཡིན་པས་ན་དམ་པའོ། །གྲུ་བཞི་པ་ལ་བྱང་ཕྱོགས་སྒོ། །ཕྱི་རོལ་དཀྱིལ་འཁོར་སྲད་བུ་བྲེ། །དེ་ཡི་ནང་དུ་དེར་ཡང་ནི། །ཞེས་བྱ་བ་ནི། དེའི་ཕྱི་རོལ་གྱི་ དཀྱིལ་འཁོར་གྱི་ནང་མའི། དེ་བཞིན་སྒོ་ནི་ཤར་ཕྱོགས་བཏོད། །ཅེས་བྱ་བ་ནི་ནང་གིའོ། །དེ་བཞིན་དུ་ཞེས་བྱ་བ་སྨོས་པ་ནི་ཇི་ལྟར་ཕྱི་རོལ་གྱི་དཀྱིལ་འཁོར་ཟུར་བཞི་པ་སྒོ་གཅིག་བྱང་ཕྱོགས་སུ་བཏོད་པ་དེ་བཞིན་དུ་དབུས་མའི་དཀྱིལ་འཁོར་ལ་ཡང་སྒོ་ཤར་ཕྱོགས་སུ་བཏོད་པ་ཡིན་ནོ་ཞེས་བྱ་ བའི་དོན་ཏོ། །དེའི་དབུས་སུ་ཞེས་བྱ་བ་ནི་བཤད་མ་ཐག་པའི་དཀྱིལ་འཁོར་ནང་མའི་དབུས་སུའོ། །ཅི་རིགས་པར་བྱ་ཞེས་བྱ་བ་ནི། དེ་ནས་སྲད་བུ་བྲེས་ནས་ནི། །དག་པའི་ཚོན་གྱིས་དགང་བར་བྱ། །ཞེས་བྱ་བའི་ཚུལ་གྱིས། སངས་རྒྱས་གཟུགས་ནི་གཞག་པར་བྱ། །ཞེས་བྱའོ། ། འཇིག་རྟེན་གསུམ་རྒྱལ་ལ་སོགས་པ། །ཞེས་བྱ་བ་ནི། རྡོ་རྗེས་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་སྟེ། དེ་དང་པོར་བྱས་པ་གང་ཡིན་པ་དེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའོ། །རིན་ཆེན་ཧཱུཾ་མཛད་དང་། ཆོས་དང་ལས་ཀྱི་ཧཱུཾ་མཛད་ ཀྱི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པའི་བྲི་བའི་ཕྱག་རྒྱ་རྣམ་པ་བཞི་ལ་སོགས་པ་ཡིན་ནོ་ཞེས་བྲི་བ་ངེས་པར་བཤད་པའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེའི་ཕྱོགས་བཞི་པོ་ཀུན་དུ་དེ་རྣམས་སུ་གཞག་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཕྱིའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་ བྲིས་པའི་ནང་དུ་ཆ་དྲུག་ཏུ་བགོས་པ་ལས། ཆ་བཞི་ནི་དཀྱིལ་འཁོར་གཉིས་པ་བྲི་བར་བྱའོ། །དཀྱིལ་འཁོར་གཉིས་པ་དེ་ཡང་དེའི་ཕྱེད་ཀྱི་ཚད་ལ་གྲུ་བཞི་པ། དེའི་དབུས་སུ་རྣམ་པར་སྣང་མཛད་ལ་སོགས་པའི་གནས་སུ་སེང་གེ་དང་། གླང་པོ་ཆེ་དང་། རྟ་དང་། རྨ་བྱ་དང་། མཁའ་ལྡིང་གི་ གདན་ལ་ཟླ་བའི་དཀྱིལ་འཁོར་དང་ལྡན་པ་བྲི་བར་བྱའོ། །དེ་ནས་ཇི་སྐད་བཤད་པའི་སེང་གེའི་གདན་ལ་རྣམ་པར་སྣང་མཛད་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་དུ་གཞག་པར་བྱའོ། །དེའི་ཤར་ཕྱོགས་སུ་གླང་པོ་ཆེའི་གདན་ལ་ མདུང་རྩེ་གསུམ་པའི་རྡོ་རྗེའི་ཕྱག་རྒྱས་མནན་པའོ། །དེའི་གཡས་ཕྱོགས་སུ་རྟའི་གདན་གྱི་སྟེང་དུ་འཁོར་ལོའི་ལྟེ་བར་རྡོ་རྗེ་རིན་པོ་ཆེ། ནུབ་ཕྱོགས་སུ་རྨ་བྱའི་གདན་གྱི་སྟེང་དུ་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་འདབ་མ་བཅུ་དྲུག་པའི་རྡོ་རྗེས་མཚན་པའོ། །བྱང་ཕྱོགས་སུ་མཁའ་ལྡིང་གི་ གདན་ལ་དབང་པོའི་རྡོ་རྗེའི་སྟེང་དུ་མདུང་རྩེ་གསུམ་པ། དེའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དེ་ལ་སྣ་ཚོགས་རྡོ་རྗེ་ཕྲ་མོའི་དཀྱིལ་འཁོར་གྱི་ཚུལ་གྱིས་བསྐོར་བ་བྲི་བར་བྱའོ། །དཀྱིལ་འཁོར་དེ་བཞིན་མཆོག་རྣམས་སུ། །རྡོ་རྗེའི་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་ནི། དཀྱིལ་འཁོར་གཉིས་པའི་ཤར་ ཕྱོགས་ཀྱི་དབུས་ཀྱི་ཆ་རྡོ་རྗེ་རྩེ་ལྔ་པ་འབར་བ་དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་བྲི་བར་བྱའོ། །དེའི་ཕྱོགས་རྣམས་ཐམས་ཅད་དུ། །རིགས་ཀྱི་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བ་ནི། རྡོ་རྗེའི་ཕྱག་རྒྱ་དེའི་ཕྱོགས་རྣམ་པ་བཞིའི་གཡོན་དང་གཡས་ཀྱི་ལོགས་སུ་སྒྱུ་མ་རྡོ་རྗེ་ལ་ སོགས་པའི་ཕྱག་རྒྱ་རྣམས་བྲི་བར་བྱའོ། །རྡོ་རྗེ་གླང་སྣ་ལ་སོགས་པ། །བཞི་པོ་རྣམས་ནི་སྒོ་སྲུང་ངོ་། །ཞེས་བྱ་བ་ནི། དཀྱིལ་འཁོར་ནང་མའི་སྒོ་ལ་རྡོ་རྗེ་གླང་སྣ་དང་རྡོ་རྗེ་ཕྲེང་བ་མ་བྲི་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་སྒོ་ལ་རྡོ་རྗེ་དབང་དང་། རྣམ་པར་རྒྱལ་བའི་རྡོ་རྗེ་བྲི་བར་བྱའོ། །འཇིགས་ མ་དཔལ་དང་སྒྲ་དབང་དང་། །ཞེས་བྱ་བ་ལ་སོགས་པ་ནི། དཀྱིལ་འཁོར་གཉིས་པ་དེའི། ཤར་ལྷོའི་མཚམས་སུ་འཇིགས་མ། ལྷོ་ནུབ་ཀྱི་མཚམས་སུ་དཔལ་མོ། ནུབ་བྱང་གི་མཚམས་སུ་སྒྲའི་དབང་མོ། །བྱང་ཤར་གྱི་མཚམས་སུ་དཀའ་བཟློག་མ། སྔར་བཤད་པའི་མཚན་ཉིད་ ཀྱིས་བྲི་བར་བྱའོ། །ཕྱི་ཡི་གྲྭ་རྣམས་ཕྱག་རྒྱ་ནི། །དེ་རྣམས་ཉིད་ནི་བྲི་བར་བྱ། །ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་གྱི་མེའི་མཚམས་སུ་འཇིགས་མའི་རལ་གྲི། བདེན་བྲལ་གྱི་མཚམས་སུ་དཔལ་མོའི་པདྨ། རླུང་དུ་སྒྲའི་དབང་མོའི་པི་ཝང་། དབང་ལྡན་གྱི་མཚམས་སུ་པ་ཏི་ས་ བྲི་བར་བྱའོ། །ཕྱི་ཡི་དཀྱིལ་འཁོར་རྣམས་སུ་ནི། །ལྷ་མོ་རྣམས་ཀྱང་བྲི་བར་བྱ། །ཞེས་བྱ་བ་ནི། ཕྱིའི་དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ཕྱོགས་ལ་སོགས་པར་སྒྱུ་མ་རྡོ་རྗེ་ལ་སོགས་པ་དང་། ལྷོ་ཕྱོགས་སུ་ཁྲོ་བོ་རྣམས་དང་། ནུབ་ཕྱོགས་སུ་ཕོ་ཉ་རྣམས་བྲི་བར་བྱའོ། །བྱང་ཕྱོགས་སུ་བྲན་རྣམས་བྲི་བར་ བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་གཉིས་པའི་ལྷོའི་ཁྱམས་སུ་ཇི་སྐད་བཤད་པའི་རྡོ་རྗེའི་ཕྱག་རྒྱ་བཞི་བྲི་བར་བྱ་སྟེ། དེའི་ཕྱོགས་བཞི་དང་དབུས་ཀྱི་ཆ་དང་ལྡན་པར་བྲིས་ལ། དེའི་ཤར་ཕྱོགས་ཀྱི་དབུས་སུ་རྡོ་རྗེ། དེའི་བྱང་ཕྱོགས་སུ་སྒྱུ་མ་རྡོ་རྗེའི་འཁོར་ལོ། དེར་ཡང་རྡོ་རྗེ་ དྲིལ་བུ་བྲིས་ལ། རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་ལྷོ་ཕྱོགས་སུ་ཐུབ་པ་རྡོ་རྗེའི་དབྱིག་པ། ཡང་རྡོ་རྗེས་མཚན་པའི་རྡོ་རྗེའོ། །ལྷོ་ཕྱོགས་ཀྱི་རྡོ་རྗེ་ཕྱག་རྒྱ་དེའི་ཤར་ཕྱོགས་སུ་རྡོ་རྗེ་འཁྱིལ་བའི་ཉི་མའི་དཀྱིལ་འཁོར། ཡང་རྡོ་རྗེ་འོད་ཀྱི་ཟླ་བའི་དཀྱིལ་འཁོར། རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་ནུབ་ཕྱོགས་སུ་ རྡོ་རྗེ་དབྱིག་པའི་བེར་ཀ་དང་། ཡང་རྡོ་རྗེ་སེར་སྐྱའི་ཁར་མི་རོ་ཟ་བ་དང་། ནུབ་ཕྱོགས་ཀྱི་རྡོ་རྗེ་ཕྱག་རྒྱའི་ལྷོའི་ཕྱོགས་སུ་རྡོ་རྗེ་གཏུན་ཤིང་གི་གཏུན་རིངས་དང་། ཡང་རྡོ་རྗེ་རླུང་གི་བ་དན་ནོ། །རྡོ་རྗེ་ཕྱག་རྒྱ་དེ་ཉིད་ཀྱི་བྱང་ཕྱོགས་སུ་རྡོ་རྗེ་མེའི་དབྱུ་གུ་དང་། ཡང་རྡོ་རྗེ་འཇིགས་བྱེད་ཀྱི་བེ་ཅོན་ནོ། །བྱང་ ཕྱོགས་ཀྱི་རྡོ་རྗེ་ཕྱག་རྒྱའི་ནུབ་ཕྱོགས་སུ་རྡོ་རྗེ་ལྕགས་ཀྱུའི་ལྕགས་ཀྱུ་དང་། ཡང་རྡོ་རྗེ་དུས་ཀྱི་གཤིན་རྗེའི་དབྱིག་པ་དང་། རྡོ་རྗེའི་ཕྱག་རྒྱ་དེ་ཉིད་ཀྱི་ཤར་ཕྱོགས་སུ་རྡོ་རྗེ་བགེགས་ཀྱི་གཙོ་བོའི་དགྲ་སྟ་དང་། ཡང་རླུང་གི་རྡོ་རྗེའི་ཀླུའི་ཞགས་པ་བྲི་བར་བྱའོ། །དེ་ནས་ཕྱིའི་དཀྱིལ་འཁོར་གྱི་ཤར་ ཕྱོགས་ལ་སོགས་པའི་ལྷའི་ཁྱམས་སུ་དབང་ལྡན་ནས་བརྩམས་ཏེ་གཡས་སྐོར་ཕྱོགས་སུ་བྲི་སྟེ། དེ་དག་གི་རིམ་པ་ནི་སྒྱུ་མ་རྡོ་རྗེ་དང་། དྲིལ་བུ་དང་། ཐུབ་པ་རྡོ་རྗེ་དང་། རྡོ་རྗེ་མཚོན་ཆ་ལ་སོགས་པ་རྣམས་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྙིང་པོ་ཉིད་ བྲི་བར་བྱའོ། །ལྷོ་ཕྱོགས་སུ་མེ་ནས་བརྩམས་ཏེ། རྡོ་རྗེ་འཁྱིལ་པ་དང་། རྡོ་རྗེ་འོད་དང་། རྡོ་རྗེ་དབྱིག་པ་དང་། རྡོ་རྗེ་སེར་སྐྱའོ། །ནུབ་ཕྱོགས་སུ་བདེན་བྲལ་ནས་བརྩམས་ཏེ། རྡོ་རྗེ་གཏུན་ཤིང་དང་། རྡོ་རྗེ་རླུང་དང་། རྡོ་རྗེ་མེ་དང་། རྡོ་རྗེ་འཇིགས་བྱེད་རྣམས་སོ། །བྱང་ཕྱོགས་སུ་རླུང་མཚམས་ ནས་བརྩམས་ཏེ། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་དུས་དང་། རྡོ་རྗེ་བགེགས་ཀྱི་གཙོ་བོ་དང་། ཀླུ་རྡོ་རྗེ་རྣམས་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་སྙིང་པོས་བྲི་བར་བྱའོ། །དེ་ནས་ཆོ་ག་རྒྱས་པ་རྣམས། །ཇི་བཞིན་པར་ནི་བཤད་པར་བྱ། །ཞེས་བྱ་བ་ནི། སློབ་ དཔོན་གྱི་ལས་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་སློབ་དཔོན་གྱིས་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་བྱས་ལ། ཇི་ལྟ་བ་བཞིན་དུ་ བཤད་པའི་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ལ། འཇུག་པ་ལ་སོགས་པའི་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། དེ་ནས་དཀྱིལ་འཁོར་རྡོ་རྗེས་བསྒྲུབས་ལ་བསྡུ་བ་བྱས་ཏེ། མཚན་བརྒྱ་རྩ་བརྒྱད་པས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ལ་བསྟོད་ལ། དེ་ནས་དེའི་རྗེས་ལ་མདུན་གྱི་དཀྱིལ་འཁོར་ གྱི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་དང་བཅས་པའི་དམ་ཚིག་གི་ལས་ཀྱི་རྣམ་པར་སྣང་མཛད་ལ་སོགས་པ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། དམ་ཚིག་དང་། ཆོས་ དང་། ལས་དང་། ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རྒྱས་བཏབ་ལ་དབང་བསྐུར་ཏེ། མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། བཟླས་པ་བྱ་སྟེ། སློབ་མ་གཞུག་པའི་དོན་དུ། གནང་བ་མནོས་པ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ཏེ། ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །ཇི་ སྐད་བཤད་པའི་མཚན་ཉིད་ཀྱིས་རྡོ་རྗེ་འཆང་བའི་ཕྱག་རྒྱ་ཆོ་ག་བཞིན་དུ་ཆིངས་ཤིག་ཅེས་སློབ་མ་ལ་བརྗོད་དོ། །སུའི་མདུན་དུ་ནི་དམ་ཚིག་མ་མཐོང་བ་དང་འཇིག་རྟེན་པའི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་མ་མཐོང་བའི་མདུན་དུའོ། །དམ་ཚིག་གི་ཕྱག་རྒྱ་དེ་རྣམས་ནི་ཇི་ལྟར་བྲིས་པ་ བཞིན་མ་སྨྲ་ཤིག་པའོ། །གསང་བ་འཕེལ་བར་མ་བྱེད་ཅིག །ཅེས་བྱ་བ་ནི། དམ་ཚིག་ཕྱག་རྒྱ་འདི་ཁྱོད་ཀྱི། །རྟག་ཏུ་ལས་ཀུན་བྱེད་པ་སྟེ། །མ་དང་སྲིང་མོ་རྣམས་དང་ནི། །ཆུང་མ་བུ་མོ་རྣམས་རྗེས་འབྲང་། །ཞེས་བྱ་བ་གང་ཡིན་པ་དེ་ཉིད་ཀྱང་བརྗོད་པར་མི་བགྱིའོ། །དེ་ནས་ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི། གང་ གི་ཚེ་སློབ་དཔོན་གྱི་ལག་ན་གནས་པའི་རྡོ་རྗེ་རྩེ་གསུམ་པ་རྡོ་རྗེ་འཆང་བའི་ཕྱག་རྒྱའི་སྟེང་དུ་བཞག་སྟེ། ཆོ་ག་བཞིན་དུ་ཆུག་ཤིག་ཅེས་བྱ་བ་ནི། གདོང་གཡོགས་བཅིང་བ་ལ་སོགས་པ་བྱས་ནས། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་སློབ་མ་གཞུག་པར་བྱའོ། །ཞུགས་ནས་རྡོ་རྗེ་དེ་དེ་བཞིན་དུ་ བོར་ཅིག་ཅེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་དབབ་པ་བྱས་ནས། ཨོཾ་པྲ་ཏཱིཙྪ་ཨ་དྷི་ཏིཥྛ་བཛྲ་ཧོཿཞེས་བྱ་བ་འདིས་རྡོ་རྗེ་དེ་དཀྱིལ་འཁོར་དུ་དོར་བར་བྱའོ། །གང་ལ་དབབ་པའི་དམ་ཚིག་གི་ཕྱག་རྒྱ་དེ་དེའི་དབང་དུ་འགྱུར་རོ་ཞེས་བྱ་བ་ནི་མ་ལ་སོགས་པའི་གཟུགས་ཀྱིས་བསྒྲུབ་བྱ་བསྒྲུབ་པར་འགྱུར་བ་དང་། དེའི་འབྲས་བུ་དབང་དུ་བྱེད་པར་འགྱུར་རོ་ཞེས་ བྱ་བའི་དོན་ཏོ། །དེ་ཉིད་བཤད་པ་ནི་དེས་ལས་ཐམས་ཅད་བྱེད་དོ་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ནི། དེ་ལྟར་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་འཕངས་ཏེ། དེ་ནས་གདོང་གཡོགས་པ་འདིས་བཀྲོལ་ཏེ། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། ། རྡོ་རྗེའི་མིག་ནི་བླ་མེད་པ། །དེ་རིང་ཉིད་དུ་འབྱེད་པར་ཤོག །ཅེས་བྱ་བའི་སྙིང་པོ་འདིས་གདོང་གཡོགས་བཅིངས་པ་དགྲོལ་བར་བྱའོ། །ཡི་གེ་ཧཱུཾ་ལས་མིག་གཉིས་སུ་རྡོ་རྗེ་གཉིས་བསྒོམས་ལ་འདི་སྐད་ཅེས་བརྗོད་དེ། ཧེ་བཛྲ་པ་ཤྱ་ཞེས་པས་སྒོ་སྲུང་ནས་བརྩམས་ཏེ། དཀྱིལ་འཁོར་རིམ་པ་བཞིན་ བསྟན་ལ། དེའི་སྙིང་གར་ཕྱག་རྒྱ་དགྲོལ་བར་བྱ་སྟེ། དེ་ནས་སློབ་མ་དེ་བཞིན་དུ་དབང་བསྐུར་བར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་ལྟ་བ་བཞིན་དུ་སློབ་མ་ལྷག་པར་གནས་པར་བྱས་ནས། ཐོག་མར་ཕྱག་བཞི་ཇི་ལྟ་བ་བཞིན་དུ་བྱས་ལ། དེ་ནས་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། ཕྱི་རོལ་ན་གནས་པ་བུམ་པའི་ཆུས་དབང་བསྐུར་ལ། རང་ཉིད་རྡོ་རྗེ་འཛིན་པའི་ཕྱག་རྒྱ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷ་ར་གྲྀ་ཧ་བཛྲ་ས་མ་ཡ་ཧཱུཾ། ཞེས་བྱ་བ་འདིས་སློབ་མ་ཡང་འཆིང་དུ་གཞུག་གོ། །དེ་ནས་རྡོ་རྗེ་རྩེ་གསུམ་པ་མེ་ཏོག་ཕྲེང་བ་བཅིངས་པ་རྡོ་རྗེ་འཆང་བའི་སྟེང་དུ་གཞུག་པ་སློབ་མས་ དོར་བར་བྱ་སྟེ། ཨོཾ་པྲ་བེ་ཤ་བཛྲ་པྲ་བེ་ཤ་ཡ་བཛྲ་ཨཱ་བེ་ཤ་བཛྲ་ཨ་དྷི་ཏིཥྛ་བཛྲ་ཧཱུཾ་ཞེས་བྱ་བའི་སྙིང་པོ་འདིས་གཞུག་པར་བྱའོ། །དེ་ནས་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་བཞིས་སློབ་མ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བའོ། །དེང་ཁྱོད་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་སུ་ཞུགས་ཀྱིས་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཀྱང་འགྲུབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱས། ཁྱོད་ཀྱིས་ དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་མ་སྨྲ་ཞིག། །ཁྱོད་ཀྱི་དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ། འདི་སྐད་ཅེས་བརྗོད་དོ། །སུའི་མདུན་དུ་ཡང་དམ་ཚིག་གི་ཕྱག་རྒྱ་དེ་རྣམས་མ་སྨྲ་ཤིག །གསང་བ་འཕེལ་བར་མ་བྱེད་ཅིག་ཅེས་བྱའོ། །དེ་ནས་ རྡོ་རྗེ་སློབ་དཔོན་རང་ཉིད་རྡོ་རྗེ་འཛིན་མའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ཏེ། སློབ་མའི་སྤྱི་བོར་བཞག་སྟེ་འདི་སྐད་ཅེས་བརྗོད་པར་བྱའོ། །འདི་ནི་ཁྱོད་ཀྱི་དམ་ཚིག་གི་རྡོ་རྗེ་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་ གི་ཕྱག་རྒྱ་དེ་ཉིད་དང་། མནའི་ཆུའི་སྙིང་པོ་བསྔགས་ལ་དེ་འཐུང་དུ་གཞུག་གོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཨོཾ་བཛྲ་ཨུ་ད་ཀ་ཋཿ། དེ་ ནས་སློབ་མ་ལ་འདི་སྐད་བརྗོད་དོ། །དེང་ཕྱིན་ཆད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། འདི་ སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་བསྒོའོ། །དེ་ནས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་དང་། བཛྲ་ཨཱ་བེ་ཤ་ཨཿཞེས་བྱ་བའི་སྙིང་པོ་འདིས་དབབ་པ་བསྐྱེད་པར་བྱའོ། །དེ་ནས་རྡོ་རྗེ་རྩེ་ གསུམ་གྱིས་དཀྱིལ་འཁོར་དུ་དོར་རོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་པྲ་ཏཱིཙྪ་ཨ་དྷི་ཏིཥྛ་བཛྲ་ཧོཿཞེས་བྱ་བའོ། །དེ་ནས་རྡོ་རྗེ་དེ་བླངས་ཏེ། རང་གི་སྤྱི་བོར་བཞག་ལ་ཕྲེང་བ་བཅིང་བར་བྱའོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་པྲ་ཏི་གྲྀ་ཧྞ་ཏྭཾ་མི་མཾ་སཏྭ་མ་ཧཱ་བ་ལ། དེ་ནས་གདོང་གཡོགས་དེ་དེ་བཞིན་དུ་ བཅིངས་པ་དགྲོལ་ལོ། །སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །རྡོ་རྗེ་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་དེང་འབྱེད་ཤོག །ཧེ་བཛྲ་པཱ་ཤྱ། དེ་ནས་སྒོ་བ་ནས་བརྩམས་ནས། རྣམ་པར་སྣང་མཛད་ཀྱི་བར་དུ་ཐམས་ཅད་ བསྟན་པར་བྱའོ། །དེ་ནས་རྡོ་རྗེ་འཛིན་མའི་ཕྱག་རྒྱ་བཅིངས་ལ་དེའི་སྙིང་གར་དགྲོལ་ལོ། །སྙིང་པོ་ནི་འདི་ཡིན་ཏེ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ། ཧྲྀ་ད་ཡ་མེ་ཨ་དྷི་ཏིཥྛ་སརྦྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿ། དེ་ནས་རྡོ་རྗེ་ཆུས་དབང་བསྐུར་བར་བྱའོ། །སྙིང་པོ་ནི་འདི་ཡིན་ ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཏེ་ས་མ་ཡ་གྲ་གྲ། དེ་ནས་ཕྱག་རྒྱ་ཕྲེང་བའི་དབང་བསྐུར་བ་དང་། མཚན་མའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་སྦྱིན་པར་བྱ་སྟེ། ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བསྟན་པའི་ཆོ་གས་ཤེས་པར་ བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་གཞུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་དངོས་གྲུབ་རྣམས་ནི་འཇིག་རྟེན་གསུམ་གྱི་གཟུངས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་ བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དམ་ཚིག་གི་ཕྱག་རྒྱའི་གསང་བ་འདི་སྨྲོས་ཤིག་ཅེས་བྱ་བ་གསུངས་ཏེ། དེ་ལ་གསང་བའི་སྒྲ་ནི་སྦ་བར་བྱའི་ཞེས་བྱ་བའི་དོན་ཏོ། །ཨུ་མ་ལ་སོགས་པ་བུད་མེད་ཀྱི་གཟུགས་རབ་ཏུ་སྦས་ནས་མདུང་རྩེ་གསུམ་པ་ལ་སོགས་པའི་གཟུགས་སུ་གནས་པས་ གསང་བའོ། །དེའི་ཕྱིར་དེ་ལས་བྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་གསང་བའོ། །གསང་བའི་དངོས་པོ་ནི་གསང་བར་བྱ་སྟེ། དམ་ཚིག་གི་ཕྱག་རྒྱའི་གསང་བ་ནི་དམ་ཚིག་གི་ཕྱག་རྒྱ་གསང་བའི་བཙུན་མོའི་དངོས་གྲུབ་བོ། །དམ་ཚིག་ཕྱག་རྒྱ་འདི་ཁྱོད་ཀྱི། །རྟག་ཏུ་ལས་ཀུན་བྱེད་པས་ན། ། ཞེས་བྱ་བ་ལ་སོགས་པས་གསང་བ་གསུངས་པ་ཡིན་ནོ། །ཇི་སྐད་དུ་བཤད་པའི་རྩེ་གསུམ་པ་ལ་སོགས་པའི་མཚན་མའི་རང་བཞིན་གྱི་ཕྱག་རྒྱ་འདི་དག་ནི། དམ་ཚིག་གི་ཕྱག་རྒྱ་ཡིན་གྱི་སྐུའི་ཕྱག་རྒྱ་ནི་མ་ཡིན་ནོ། །འདི་ཁྱོད་ཀྱི། རྟག་ཏུ་ལས་ཀུན་བྱེད་པ་སྟེ། །ཞེས་བྱ་བ་ནི་ལས་ཐམས་ཅད་དུས་ ཐམས་ཅད་ཀྱི་ཚེ་བྱེད་པའོ། །ཇི་ལྟར་ལས་ཐམས་ཅད་བྱེད་ཅེ་ན། ཆུང་མ་བུ་མོ་རྣམས་རྗེས་འབྲང་། །ཞེས་བྱ་བ་སྨོས་སོ། །འདི་སྐད་སྟོན་པ་ཡིན་ཏེ། སྒྲུབ་པ་པོའི་མངོན་པར་འདོད་པ་ལ་སོགས་པའི་གཟུགས་ཀྱིས་སྒྲུབ་པར་བྱེད་པ་དང་། མའི་ལས་ལ་སོགས་པ་བྱེད་ དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་མ་དང་། སྲིང་མོ་དང་། ཆུང་མ་དང་། བུ་མོ་རྣམས་ནི་གོ་སླའོ། །རྗེས་སུ་འབྲང་བ་ནི་གྲོགས་མོའམ་ཕྱི་བཞིན་འབྲང་བའོ། །དེ་དང་ལྷན་ཅིག་ཏུ་བཟླས་པ་བྱས་པས། བུད་མེད་ཐམས་ཅད་དབང་དུ་བྱེད་པར་འགྱུར་རོ། །བཤད་མ་ཐག་པའི་རིག་པ་འདིས་ཨུ་ མ་ལ་སོགས་པའི་བུད་མེད་ཐམས་ཅད་དབང་དུ་བྱས་ནས། ཆུང་མ་བཞིན་དུ་སྤྱད་པ་དང་། ཆུང་མ་དོན་དུ་གཉེར་བར་བསྒྲུབ་པས་ན་ལོངས་སྤྱོད་པར་བཤད་ཀྱང་ཆོས་མ་ཡིན་པ་དང་། འདོད་པས་ལོག་པར་གཡེམ་པར་མི་འགྱུར་རོ། །རིག་པས་ཨུ་མ་ལ་སོགས་པའི་གཟུགས་སུ་སྤྲུལ་ནས་ སྒྲུབ་པ་པོ་ལ་སྟེར་བར་བྱེད་པ་ནི། ཨུ་མ་ལ་སོགས་པ་བུད་མེད་ཀྱི་གཟུགས་ཀྱི་རྒྱུད་གཞན་མ་ཡིན་པ་དེ་བས་ན། གཞན་གྱི་ཆུང་མ་ཕྲོག་པ་མེད་པས་ཆོས་མ་ཡིན་པར་མི་འགྱུར་རོ། །ཅི་དགའ་བར་ཐམས་ཅད་དུ་སྤྱད་ནས་བསྒྲུབ་པ་བྱས་ན་དཀའ་ཐུབ་ལ་སོགས་པ་མེད་པར་ཡང་འགྲུབ་པར་འགྱུར་རོ་ ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཐམས་ཅད་དག་པ་སེམས་ཀྱིས་རིག་ན་ཞེས་བྱ་བ་ནི། དེ་ནས་དངོས་གྲུབ་ཐོབ་ནས་དུས་ཕྱིས་གང་གི་ཚེ་ཆུང་མའི་ལོངས་སྤྱོད་པས་ཉེ་བར་སྤྱད་པ་དེའི་ཚེ། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པ་དེས་དབང་དུ་བྱས་པ་ལས་ཉེ་བར་སྐྱེས་པས་འདི་ནི་བུད་མེད་དོ། ། བདག་ནི་སྐྱེས་པའོ་ཞེས་བྱ་བ་ཐམས་ཅད་དག་པར་སེམས་ཀྱིས་རིག་ནས། སངས་རྒྱས་དང་ཆུ་ལྷ་ཡང་མཐར་ཐུག་པའི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཐམས་ཅད་ཡིད་ཀྱིས་ཀྱང་རྟོགས་པ་དང་། དམ་པ་ནི་རབ་ཏུ་དགའ་བ་ལ་སོགས་པའི་ས་རྣམས་རྫོགས་པར་བྱེད་པའི་ལས་བསྒྲུབ་པར་ འདོད་པ་བྱེད་པར་འགྱུར་རོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཆང་བས་གསུངས་སོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ་རྡོ་རྗེ་གཙུག་ཏོར་ལ་སོགས་པ་ནས། རྡོ་རྗེ་འབེབས་ པའི་མཐར་ཐུག་པའི་བར་དུ་སྔར་བཤད་པ་བཞིན་དུ་རང་གི་ལུས་ལ་བཀོད་ལ། མདུན་དུ་བཅོམ་ལྡན་འདས་རྡོ་རྗེ་འཛིན་མ་ཨུཏྤལ་སྔོན་པོའི་མདོག་ཅན་ཕྱག་ན་རྡོ་རྗེ་རྩེ་གསུམ་པ་བསྣམས་པ་རྡོ་རྗེ་ཕྲེང་བའི་ཅོད་པན་གྱི་དབང་བསྐུར་བའི་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་དང་། །ཨོཾ་སརྦྦ་བཛྲ་ག་མི་ཎི་བྷཀྵེ་ས་དྷ་ ཡ་ཧཱུཾ་ཧ་བཛྲ་པཱ་ཎི་ཧཱུཾ་ཕཊ་ཅེས་བྱ་བས་སྤྲུལ་ལ་བསྡུ་བ་བྱས་ཏེ། ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། རྡོ་རྗེ་འཛིན་མའི་ཕྱག་རྒྱ་འདི་ཉིད་ཀྱིས་རིག་པ་ལ་བལྟ་ཞིང་བསྒྲུབ་པར་བྱ་སྟེ། ཛཿཧཱུཾ་བཾ་ཧོཿས་ ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་དང་མཐར་རིག་པ་ལན་གསུམ་དུ་བཟླས་བརྗོད་བྱའོ། །དེ་ནས་དེའི་ལྗགས་ལ་ཡི་གེ་ཧཱུཾ་དགོད་པ་དང་། ཡི་གེ་ཨ་ལས་རང་གི་སྙིང་གར་སྣ་ཚོགས་རྡོ་རྗེ་བསམས་ལ། རྡོ་རྗེ་རྩེ་གསུམ་པ་བླངས་ཏེ། རྡོ་རྗེ་འཛིན་མའི་གནས་སུ་འདུག་ལ། བཅོམ་ལྡན་ འདས་མའི་ལས་ཀྱི་ཕྱག་རྒྱ་གར་ལས་བྱུང་བ་འདི་བཤད་མ་ཐག་པའི་རིག་པ་བརྗོད་དོ། །དེ་ནས་ཡི་གེ་ཧཱུཾ་ལས་ཐུགས་ཀར་རྡོ་རྗེ་འབར་བ་བསྒོམས་ཏེ། རྡོ་རྗེ་རྩེ་གསུམ་པ་བླངས་ཏེ། བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོ་བསྟན་ཞིང་དེ་ཉིད་ཀྱི་རིག་པ་བརྗོད་པར་བྱ་སྟེ། གཡོན་པའི་ཁྲོ་ བོ་ཁུ་ཚུར་སྙིང་གར་བཞག་ལ་གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་གསུམ་པ་གསོར་བ་དང་བཅས་པས་གཡོན་བརྐྱང་བའི་གནས་པས་བཞུགས་པ་བཅོམ་ལྡན་འདས་མའི་ཕྱག་རྒྱ་ཆེན་པོའོ། །དེ་ནས་ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ་ཞེས་བྱ་བ་དང་། རྡོ་རྗེ་ཏི་རཱིནྟི་རིའི་ཕྱག་རྒྱས་བཅོམ་ལྡན་ འདས་མ་རང་ཉིད་ལ་རྡོ་རྗེ་ཕྲེང་བའི་དབང་གིས་དབང་བསྐུར་བ་དང་། གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཁྲོ་མོ་སྒེག་མོ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་མཆོད་ལ་ཕྱག་བྱས་ཏེ། དེའི་སྙིང་གར་རྡོ་རྗེ་འབར་བའི་དབུས་སུ་རིག་པའི་ཡི་གེ་བཀོད་ ལ་ཐུན་བཞིའི་སྦྱོར་བས་གནས་ཏེ། རིག་པ་དེ་འབུམ་བཟླས་པར་བྱའོ། །དེ་ནས་མཚན་ཐོག་ཐག་བཟླས་པ་བྱས་ན། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་བྱོན་ནས་སྒྲུབ་པ་པོ་ལ། དེའི་བཅོམ་ལྡན་འདས་མ་ཆུང་མར་སྩོལ་བར་འགྱུར་རོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་ རྒྱལ་བའི་རྡོ་རྗེ་ཧཱུཾ་མཛད་ཀྱི་བཅོམ་ལྡན་འདས་དང་འདྲ་བར་འགྱུར་རོ། །དེ་ནས་ལྷ་མོ་ཨུ་མ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱི་བསྒྲུབ་པ་འབྱུང་སྟེ། དེ་ལ་རྩེ་གསུམ་པ་ལ་སོགས་པའི་ཕྱག་རྒྱ་རས་ལ་བྲིས་ལ། ཨོཾ་བཛྲ་ཤཱུ་ལ་ཨ་གྲེ་སྭཱ་ཧཱ་ཞེས་བྱ་བ་ལ་ སོགས་པའི་རིག་པ་རྣམས་ཀྱིས་ལྷ་མོ་ཨུ་མ་སྤྲུལ་ལ་བསྡུ་བ་བྱ་སྟེ། ཕྱི་རོལ་གྱི་གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་ཕྱག་རྒྱ་རྣམས་ཀྱིས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ། རྡོ་རྗེ་མདུང་ལ་སོགས་པའི་རང་གི་དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་ བསྒྲུབས་ཏེ། ཨོཾ་བཛྲ་ཤཱུ་ལ་ཨ་གྲི་སྭཱ་ཧཱ། དྲྀ་ཤྱ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་ཨ་ཧཾ། ཨོཾ་བཛྲ་ཤཱུ་ལ་ཨ་གྲེ་སྭཱ་ཧཱ། ཞེས་བྱ་བ་ལན་གསུམ་བཟླས་སོ། །དེ་ནས་དེའི་ལྗགས་ལ་ཨོཾ་བཛྲ་ཤཱུ་ལ་ཨ་གྲེ་སྭཱ་ཧཱ། ཞེས་བྱ་བ་དགོད་པ་དང་འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་བཤད་པའི་ ལས་ཀྱི་ཕྱག་རྒྱ་བསྟན་ལ། འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པའི་རང་གི་སྙིང་གར་རྡོ་རྗེ་རྩེ་ལྔ་པ་འབར་བ་བསམས་ལ། དམ་ཚིག་གི་ཕྱག་རྒྱ་བསྟན་པར་བྱའོ། །དེ་ནས་རྡོ་རྗེ་དབྱིངས་སུ་བཤད་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་ལ་འཇིག་རྟེན་ གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་འཆད་པའི་སྒེག་མོ་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམ་པ་བཞི་དང་། རྡོ་རྗེ་གསེར་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་ཡང་དག་པར་མཆོད་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་ བཤད་པའི་རྡོ་རྗེ་རྒྱལ་པོའི་དམ་ཚིག་གི་ཕྱག་རྒྱའི་གསང་བའི་ཕྱག་རྒྱ་བཅིངས་ལ། ཨོཾ་སརྦྦ་བཛྲ་ག་མི་ནི་སརྦྦ་བྷཀྵེ་ཀྲོ་དྷ་བཛྲ་ཨགྣ་ཡེ་སཱ་དྷ་ཡ་གུ་ཧྱ་བཛྲི་ཎི་ཧཱུཾ་ཕཊ་ཅེས་བྱ་བའི་རིག་པ་བརྗོད་ལ། མདུང་རྩེ་གསུམ་པའི་ཕྱག་རྒྱ་ཡོངས་སུ་གྱུར་པ་ལས། ལྷ་མོ་ཨུ་མ་དེ་ཉིད་དང་བཅས་ པ་བསམས་ནས་ཁྲི་བཟླས་ནས། རང་གི་མཚན་མ་ལ་ལྕགས་ཀྱུ་ཁ་དོག་དམར་པོ་འོད་ཟེར་དམར་པོ་འཕྲོ་བ་བསམས་པས་བསྒྲུབ་པར་བྱ་བ་བུད་མེད་ཀྱི་གཟུགས་ཅན་གྱི་རྟགས་ཕུག་ནས་དྲངས་པར་བསམ། དེ་ནས་མཚན་ཐོག་ཐག་བཟླས་པ་བྱས་ན་ལངས་ནས་ཆུང་མ་བྱེད་པར་འགྱུར་ རོ། །གང་ཡང་ལྷའི་བཙུན་མོ་བསྒྲུབ་པར་འདོད་པ་དེ་ཉིད་ཀྱི་སྦྱོར་བ་དེས་བསྒྲུབ་པར་བྱའོ། །མ་དང་སྲིང་མོ་དང་བུ་མོ་ལ་སོགས་པ་བསྒྲུབ་པར་འདོད་ན་སྦྱོར་བའི་དངོས་པོ་མི་བྱའོ། །འོན་ཀྱང་གསང་བའི་ལྕགས་ཀྱུ་བཅིངས་ལ། འོད་ཟེར་དམར་པོ་འབར་བའི་ལྕགས་ཀྱུས་བསྒྲུབ་པར་བྱ་ བའི་བུད་མེད་ཀྱི་པདྨ་ཕུག་ནས་དྲང་བར་བྱའོ། །དེ་ལྟར་ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་ལྷ་མོ་ཐམས་ཅད་བཙུན་མོ་ལ་སོགས་པའི་གཟུགས་ཀྱིས་བསྒྲུབ་པར་བྱའོ། །ཇི་ལྟར་མངོན་པར་འདོད་པ་བཞིན་དུ་བསྒྲུབས་ལ། གང་ལ་ལོངས་སྤྱོད་པར་འདོད་པ་དེའི་ཚེ་གསང་བའི་ལྕགས་ཀྱུ་བཅིངས་ལ། ཇི་སྐད་བཤད་པའི་སྦྱོར་བས་རིག་པ་ལན་ཅིག་བཟླས་པས་དགུག་པ་དང་དབང་དུ་བྱེད་དོ། །དེ་ལྟར་གསང་བའི་དམ་ཚིག་ཕྱག་རྒྱ་བསྟན་ནས། འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་ཕྱག་རྒྱ་བསྒྲུབ་པ་ན། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་ བཞིས་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་བཅིངས་ཏེ། དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་ཆེན་པོས་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་རྣམས་བསྒྲུབ་པར་བྱའོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་ བ་ལ་སོགས་པ་གསུངས་ཏེ། དེ་ནས་ནི་དེའི་ཕྱིར་རོ། །དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པ་བསྟན་པའི་རྗེས་ལ་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པར་བྱའོ། །དམ་ཚིག་ཁྲོ་བོའི་མཛུབ་བཅུག་ལ། །ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱའི་མཛུབ་མོའི་རྩེ་མོ་གཉིས་སྤྱི་ གཙུག་ཏུ་གཞག་པ་འདི་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །དེ་ཉིད་སྙིང་གར་མཛུབ་མོ་གཉིས་བསྡམས་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིའོ། །དེ་ཉིད་ཀྱི་མཛུབ་མོའི་གཡས་ངོས་གཉིས་དཔྲལ་བར་གཞག་པ་ནི་རིན་ཆེན་ཧཱུཾ་མཛད་ཀྱིའོ། །དེ་ཉིད་ཁ་ནས་འདྲེན་པ་ནི་ཆོས་ཀྱི་ ཧཱུཾ་མཛད་ཀྱིའོ། །དེ་ཉིད་སྤྱི་བོར་བཞག་ནས་གཉིས་སུ་བྱས་པ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །གཡོན་པའི་རྡོ་རྗེ་མཛུབ་བཅིངས་ལ། །རྩེ་གསུམ་མཚན་མ་མནན་པར་བྱ། །ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་ཉིད་ལས་གཡས་པའི་སོར་མོ་དབུས་ མ་གསུམ་མདུང་རྩེ་གསུམ་པ་ལྟར་བྱས་ལ། གཡོན་པའི་མཛུབ་མོ་གནོན་པ་ལྟར་བྱེད་པ་འདི་ནི་རྡོ་རྗེ་རིག་པ་མཆོག་གིའོ། །རྡོ་རྗེའི་རིགས་ནི་ཐམས་ཅད་ཀྱི། །གཡོན་པའི་རྡོ་རྗེ་གཙོ་བོར་འདུས། །དམ་ཚིག་ཆོ་ག་ཇི་བཞིན་པར། །ཕྱག་རྒྱ་བཅིངས་པ་བཤད་པར་བྱ། ། ཞེས་བྱ་བ་ནི། སྒྱུ་མ་རྡོ་རྗེ་ལ་སོགས་པ་ནས། ཀླུའི་རྡོ་རྗེའི་མཐར་ཐུག་པའི་རྡོ་རྗེའི་རིགས་གཞན་ཐམས་ཅད་ཀྱིའོ། །ཕྱི་རོལ་པ་དེ་དག་གི་རྡོ་རྗེའི་ཁུ་ཚུར་གཉིས་འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཚུལ་གྱིས་བཅིངས་ལ། གཡོན་པའི་ཁུ་ཚུར་གྱིས་ མཚན་མ་ཐམས་ཅད་ཀྱི་ཚུལ་གྱིས་རྡོ་རྗེ་མཛུབ་མོས་སྡུད་པའི་ཕྱག་རྒྱ་བཅིངས་ཏེ། གཡོན་པའི་རྡོ་རྗེ་མཛུབ་མོ་དེ་ཉིད་ཀྱིས་འདུས་པའི་ཕྱག་རྒྱ་བཅིངས་ལ། འཆད་པར་འགྱུར་བའི་ཚུལ་གྱིས་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །འདིར་ཇི་ལྟ་བུའི་ཆོ་ག་ཡིན་ཞེ་ན། འཇིག་རྟེན་གསུམ་གྱི་འཁོར་ལོའི་ དཀྱིལ་འཁོར་ཆེན་པོར་བཤད་པའི་ཚུལ་གྱིས་རྡོ་རྗེ་བཅིང་བ་གཉིས་སུ་བྱས་ལ། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གཡོན་པའི་རྡོ་རྗེ་ཁུ་ཚུར་བཀན་ནས། ཡང་གཉིས་སུ་བྱས་ཏེ། ཁུ་ཚུར་གཉིས་སུ་བྱེད་པ་འདི་ནི་ཆོ་ག་ཇི་བཞིན་པ་ཞེས་བྱ་བའི་སྒྲའི་དོན་ཡིན་ནོ། །ཐམས་ཅད་འཁོར་ལོ་ སོར་རྩེ་གསུམ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་སོར་མོ་ཐམས་ཅད་བརྐྱང་ལ་མཛུབ་མོ་ཅུང་ཟད་བསྐུམས་ཏེ། འཁོར་ལོ་ལྟ་བུར་གཞག་པ་ནི་སྒྱུ་མ་རྡོ་རྗེའི་གཟུངས་ཀྱི་ཕྱག་རྒྱའོ། །དྲིལ་བུའི་ཕྱག་རྒྱ་དེ་བཞིན་ནོ། །ཞེས་བྱ་བ་ནི་གཡོན་པའི་ཁུ་ཚུར་གྱི་མཛུབ་མོའི་གདོང་དང་མཐེ་ བོང་གི་གདོང་གཉིས་སྦྱར་ལ། ཁ་ཐུར་དུ་བསྟན་ལ་དྲིལ་བུ་འཛིན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་དྲིལ་བུའོ། །དེ་བཞིན་ཨོཾ་གྱི་ཕྱག་རྒྱ་དང་། །ཞེས་བྱ་བ་ནི། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཐུབ་པ་རྡོ་རྗེའི་ཕྱག་རྒྱ་དེ་བཞིན་དུ་འདིར་ཡང་དེ་ལྟར་རྟོགས་པར་བྱའོ། ། གཡས་པའི་ཕྱི་རོལ་གྱི་ཁུ་ཚུར་མཐེ་བོའི་སྟེང་དུ་གཡོན་པའི་ཁུ་ཚུར་གཞག་པ་འདི་ནི་ཐུབ་པ་རྡོ་རྗེ་ཨོཾ་གྱི་སྤྱི་བོར་གཞག་པ་ནི་ཨོཾ་གྱི་ཕྱག་རྒྱའོ། །སེང་གེའི་རྣ་བར་ཡོངས་སུ་གཟུང་། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་མཛུབ་མོ་རང་གི་མཐེ་བོའི་སྟེང་དུ་བཞག་ལ། རྒྱབ་བསྐུམ་པས་ ནི་རྡོ་རྗེ་འཁྱིལ་པ་ལྟ་བུ་སེང་གེའི་རྣ་བར་ཡོངས་སུ་འཛིན་པ་ནི་རྡོ་རྗེ་མཚོན་ཆའིའོ། །འབར་བ་ཀུན་དུ་འཛིན་པ་དང་། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་བརྐྱང་ལ། ཉི་མའི་འོད་ཟེར་ཀུན་དུ་འཛིན་པ་ལྟར་བྱས་ནས། རང་གི་སྙིང་གར་བསྐོར་བ་འདི་ནི་རྡོ་རྗེ་འཁྱིལ་པའིའོ། །འོད་ནི་ཡང་དག་ འདུས་པ་ཉིད། །ཅེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་རྒྱབ་ཏུ་འོད་ཀྱི་དཀྱིལ་འཁོར་དུ་བྱེད་པ་ནི་རྡོ་རྗེ་འོད་ཟེར་གྱིའོ། །དབྱིག་པའི་ཁུ་ཚུར་འཛིན་པ་དང་། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་དཔུང་པའི་ཕྱེད་ཙམ་དུ་བསྐུམས་ལ། དབྱིག་པ་འཛིན་པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་དབྱིག་ པའིའོ། །ཁ་འགྲམ་ཕྱག་རྒྱ་བསྐོར་བའོ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་མིའི་ཤ་ཟ་བའི་ཚུལ་གྱིས་ཁའི་འགྲམ་དུ་ཡོངས་སུ་སྐོར་བ་བྱེད་པ་ནི་རྡོ་རྗེ་སེར་སྐྱའིའོ། །བཏུང་བའི་ཕྱག་རྒྱ་ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་མཐེ་བོ་དང་མཛུབ་མོ་དང་གུང་མོ་རྣམས་ཁམ་ཕོར་ གྱི་ཚུལ་གྱིས་ཁར་འཇོག་པ་དེ་ནི་རྡོ་རྗེ་གླང་སྣའིའོ། །ཕྲེང་བ་ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱིས་རང་གི་མགོ་བོ་ལ་ཕྲེང་བ་འཆིང་བའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་ཕྲེང་བའིའོ། །རྡོ་རྗེ་མནན་ནས་བཏུད་པ་སྟེ། །ཞེས་བྱ་བ་ནི། གཡས་པའི་ཁུ་ཚུར་གྱིས་གཡོན་པའི་ཁུ་ཚུར་གནོན་ པའི་ཚུལ་དུ་བྱེད་པ་ནི་རྡོ་རྗེ་དབང་གིའོ། །སྤྱི་བོར་གཞག་པ་ཚོགས་ཀྱིས་ཏེ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་སྤྱི་བོར་གཞག་པ་ནི་རྣམ་པར་རྒྱལ་བའི་རྡོ་རྗེའིའོ། །ལག་པ་བསྐུམ་པ་ཁར་བཞག་སྟེ། །ཞེས་བྱ་བ་ནི། གཡོན་པའི་ལག་ངར་བསྐུམ་ནས་ཁར་གཞག་པ་ནི་རྡོ་རྗེ་ གཏུན་རིངས་ཀྱིའོ། །རྒྱབ་ཏུ་ཡང་ནི་བསྐོར་བར་བྱ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་ཡོངས་སུ་བསྐོར་ནས་རྒྱབ་ཏུ་གཞག་པ་ནི་རྡོ་རྗེ་རླུང་གིའོ། །འབར་དང་མེ་སྟག་གཏོང་བ་སྟེ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་སོར་མོ་ཐམས་ཅད་བརྐྱང་ལ་འབར་བའི་མེ་སྟག་གཏོང་བའི་ ཚུལ་དུ་བྱེད་པ་ནི་རྡོ་རྗེ་མེའིའོ། །ཕྱེ་ནས་ཁར་ཡང་གནས་པར་བྱ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་ཕྱེ་ནས་ཁར་གཞག་པ་ནི་རྡོ་རྗེ་འཇིགས་བྱེད་ཀྱིའོ། །ཐ་མ་གཉིས་ནི་ཁར་བཅུག་དང་། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱི་མཐེ་བོང་དང་མཐེའུ་ཆུང་གཉིས་བརྐྱང་སྟེ་ཕྱེ་ ནས་རང་གི་ཁར་བཅུག་པ་ནི་རྡོ་རྗེ་ལྕགས་ཀྱུའིའོ། །བཙིར་ཞིང་རབ་ཏུ་གནོན་པའོ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱིས་གཡས་པའི་ཁུ་ཚུར་མནན་ལ་འོག་ཏུ་ལྟུང་བ་ལྟར་བྱེད་པ་ནི་རྡོ་རྗེ་དུས་ཀྱིའོ། །དཔུང་པ་བསྣོལ་བས་བསྣོལ་བ་དང་། །ཞེས་བྱ་བ་ནི། དཔུང་ པ་གཉིས་ཕན་ཚུན་བསྣོལ་ལ་ཁ་ཐུར་དུ་བསྟན་པ་འདི་ནི་རྡོ་རྗེ་བགེགས་ཀྱི་གཙོ་བོའོ། །མྱུར་དུ་འཕྲོག་པའང་དེ་བཞིན་ནོ། །ཞེས་བྱ་བ་ནི། གཡོན་པའི་ཁུ་ཚུར་གྱིས་གཡས་པའི་ཁུ་ཚུར་བཟུང་ནས་འདྲེན་པར་བྱེད་པ་ནི་ཀླུ་རྡོ་རྗེའི་གཟུངས་ཀྱི་དམ་ཚིག་གི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོའི་སྦྱོར་ བས་རྣམ་པར་སྣང་མཛད་ལ་སོགས་པ་ནས་ཀླུ་རྡོ་རྗེའི་མཐར་ཐུག་པ་དེ་དག་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོར་འགྱུར་རོ། །ཆོས་ཀྱི་ཕྱག་རྒྱ་ནི་རྣམ་པར་སྣང་མཛད་ལ་སོགས་པ་ནས་ལས་ཀྱི་བར་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པས་ཞེས་བྱའོ། །ལྷག་མ་ནི་གཟུངས་ཀྱི་རིག་པ་ཉིད་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པའི་ལས་ཀྱི་ཕྱག་རྒྱ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པ་ཉིད་གཟུང་བར་བྱའོ། །ལྷག་མ་ནི་ འཇིག་རྟེན་གསུམ་གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་དུ་བཤད་པ་ཉིད་ཡིན་ནོ། །འཇིགས་མ་དང་། དཔལ་མོ་དང་། དབྱངས་ཅན་མ་དང་། དཀའ་བཟློག་མ་རྣམས་ནི་རྡོ་རྗེ་འཛིན་མའི་ཕྱག་རྒྱའོ། །ཨོཾ་སརྦྦ་བཛྲ་ག་མི་ནི་སརྦྦ་བྷཀྵེ་སཱ་དྷ་ཡ་གུ་ཧྱ་བཛྲི་ཎི་ཧཱུཾ་ཕཊ། ཅེས་བྱ་བའི་རིག་པ་འདི་ ཡང་ཆོས་ཀྱི་ཕྱག་རྒྱ་གཟུང་བར་བྱ་བ་ཉིད་དོ། །དེ་དག་གི་ཕྱག་རྒྱ་ཆེན་པོའི་ཚུལ་གྱི་ལས་ཀྱི་ཕྱག་རྒྱའི་སྦྱོར་བས་འཆིང་བ་ནི། ལས་ཀྱི་ཕྱག་རྒྱར་ཤེས་པར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་ནི་ཀུན་རྫོབ་སྟེ། རྡོ་རྗེ་འབར་བ་ལས་སྐྱེས་པའི་རྡོ་རྗེའི་རིགས་སྟོན་པའི་སྒྲའི་ ཚོགས་ལ་ཡང་དམ་ཚིག་ཅེས་བྱའོ། །དེ་ཉིད་ཀྱི་རྟོག་པའི་རྒྱལ་པོ་ལས་རྡོ་རྗེའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་སྟེ། འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ་མཐར་རྫོགས་པ་ནི་མཐར་ཐུག་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་འཇིག་ རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་གྱིས་འདུལ་བའི་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར་བསྟན་ནས་ད་ནི་འཇིག་རྟེན་གསུམ་གྱི་འཁོར་ལོ་ཆོས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ དེས་འདུལ་བའི་སྐྱེ་བོ་རྗེས་སུ་གཟུང་བའི་ཕྱིར། ཆོས་ཀྱི་དཀྱིལ་འཁོར་ནི། དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །འདིར་ཡང་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་འཇིག་རྟེན་ གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ཉིད་ལས་བཤད་པ་ཉིད་གཟུང་བར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ ནི་རང་བཞིན་གྱིས་རྣམ་པར་དག་པའོ། །ཐམས་ཅད་ཀྱི་ཆོས་ཞེས་བྱ་བ་ནི་ཏིང་ངེ་འཛིན་ཏོ། །དེའི་དམ་ཚིག་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་འཇིག་རྟེན་གསུམ་གྱི་འཁོར་ལོའི་ནང་དུ་ཆུད་པའི་ཆོས་ཀྱི་དཀྱིལ་འཁོར་དེ་ལས་བྱུང་བ་ནི་སྐྱེས་པ་སྟེ། དེའི་རྒྱུ་ལས་བྱུང་བ་ཞེས་བྱའོ། །དེ་གང་ ལས་ཤེ་ན་དེ་ལས་སོ། །བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས་ཀར་ཆུད་པའི་རྡོ་རྗེ་འབར་བ་གང་ཡིན་པ་དེས་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གང་ཡིན་པ་དེའི་དོན་གྱི་རྗེས་སུ་སོང་བའི་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མངོན་སུམ་དུ་མཛད་ པའོ། །འདི་ཞེས་བྱ་བ་ནི་བདག་ཉིད་ཀྱི་བློ་ལ་གནས་པའོ། །རང་གི་རིག་པ་དམ་པ་ནི་མཆོག་ཏུ་གྱུར་པའི་རིག་པ་དམ་པ་སྟེ། དེ་གསུངས་པ་ནི་བཤད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་རང་གི་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་པའི་ཕྱིར། རྡོ་རྗེ་ཧཱུཾ་མཛད་ ཀྱི་ཐུགས་ཀ་ན་གནས་པའི་རྡོ་རྗེ་བྱིན་གྱིས་བརླབས་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་སྟེ། ལྷག་མ་བྲན་རྣམས་ཀྱི་མཐར་ཐུག་པ་བསྟན་པ་ནི་གོ་སླའོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ནས། བྲན་རྣམས་ཀྱིའོ་ཞེས་བྱ་བ་ནི། གཞུང་འདི་ཙམ་གྱིས་ནི་འཇིག་རྟེན་ གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྟན་པ་ཡིན་ནོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་སྔོན་དུ་འགྲོ་བ་ནི། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་དུ་བཤད་པའི་དངོས་གྲུབ་རྣམས་ནི། འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་གྱི་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱ་བའོ་ཞེས་བྱ་བའི་དོན་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡང་ཕྱག་ན་རྡོ་རྗེ་ཞེས་བྱ་ བ་ལ་སོགས་པས། སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ལས་ཀྱི་ཆོ་ག་རྒྱས་པར་གསུངས་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །ཕྱག་ན་རྡོ་རྗེ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །ཡང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་གཟུངས་ཀྱི་དཀྱིལ་ འཁོར་ལ་ལྟོས་པའོ། །རྡོ་རྗེའི་རིགས་ཐམས་ཅད་ནི་འཇིག་རྟེན་ལས་འདས་པའོ། །དེའི་ཆོས་ཀྱི་དམ་ཚིག་གི་དཀྱིལ་འཁོར་བཤད་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཚུལ་གྱིས། རྡོ་རྗེ་ ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ཏེ། དེ་ནས་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྔགས་ཐམས་ཅད་བཟླས་བརྗོད་རེ་རེ་ཞིང་བཟླས་བརྗོད་འབུམ་བྱས་པའམ། འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ ཀྱི་དཀྱིལ་འཁོར་བསྒོམ་པ་ན། ཏིང་ངེ་འཛིན་རྣམ་པ་གསུམ་སྒོམ་པ་སྔོན་དུ་འགྲོ་བས་དེའི་མཚན་མ་ཐོབ་པའི་རྗེས་ཐོགས་ཉིད་ལ་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་རྒྱུ་དེའི་ཕྱིར་ཏེ། གང་གི་ཕྱིར་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་དུ་འཇུག་པ་མེད་ ན་དེས་འདུལ་བའི་སྐྱེ་བོ་རྗེས་སུ་གཟུང་བར་མི་འགྱུར་བ་དེའི་ཕྱིར་རབ་ཏུ་བཤད་པར་བྱའོ། །དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཏེ། །ཞེས་བྱ་བ་ནི། དེ་ལ་དམ་ཚིག་ཀྱང་འདི་ཡིན་ལ་ཆེན་པོ་ཡང་འདི་ཡིན་པས་ན་དམ་ཚིག་ཆེན་པོ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ དག་པའི་ཏིང་ངེ་འཛིན་དེ་ལས་སྐྱེས་པའི་དཀྱིལ་འཁོར་ནི་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཏེ། འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་རོ། །འཇིག་རྟེན་གསུམ་གྱི་འཁོར་ལོ་བཞིན། །དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ དཀྱིལ་འཁོར་ཆེན་པོ་དང་འདྲ་བར་འདིར་ཡང་རིམ་པ་གཉིས་པར་ཕྱིའི་དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཐམས་ཅད་སྙོམས་པར་ཞུགས་པའོ། །ཆོས་ཀྱི་དཀྱིལ་འཁོར་ཚུལ་ལྟ་བུར། །སྙིང་གར་མཚན་མ་ཡང་དག་གཞག །ཅེས་བྱ་བ་ནི། ཇི་ལྟར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ཀྱི་རྡོ་རྗེའི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། སྙིང་གའི་ཕྱི་རོལ་གྱི་ཕྱོགས་སུ་ནས་འབྲས་ཙམ་གྱི་རྡོ་རྗེ་ཕྲ་མོའི་མཚན་མ་བཞག་ལ། རྡོ་རྗེ་བསྡམས་པ་བཀན་ཏེ། སྐྱིལ་ཀྲུང་གི་སྟེང་དུ་སྣོད་ འཛིན་པའི་ཚུལ་གྱིས་བཞག་ནས། མགྲིན་པ་བཀུག་ལ་སྣའི་རྩེ་མོར་གཏད་པའི་ལུས་དྲང་པོར་བསྲང་བའི་རྣམ་པར་སྣང་མཛད་དང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་ནས། ཀླུ་རྡོ་རྗེ་ལ་མཐར་ཐུག་པ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་བཞིན་དུ་བྲི་བར་བྱའོ། ། འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཚུལ་གྱིས། ཇི་ལྟ་བ་བཞིན་གྱི་དཀྱིལ་འཁོར་དབུས་སུ་ཕུར་བུ་བཏབ་ལ་སྐུད་པ་བཏགས་ཏེ། དཀྱིལ་འཁོར་ཟླུམ་པོ་སྒོ་བཞི་དང་ལྡན་པར་ཐིག་བཏབ་ལ། དེའི་ཕྱི་རོལ་ དུ་གཉིས་པ་ཡང་ཟླུམ་པོ་སྒོ་བཞི་དང་ལྡན་པར་ཐིག་གདབ་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་ན་གནས་པའི་ཕུར་བུ་ཧཱུཾ་བཞིས་བཏོན་ལ། ཁུང་བུ་ཚོན་ལྔས་བཀང་སྟེ། ཚོན་སྣ་ལྔས་དཀྱིལ་འཁོར་གཉིས་བྲིས་ལ། དེ་ནས་དཀྱིལ་འཁོར་ གྱི་དབུས་སུ་སེང་གེའི་གདན་གྱི་སྟེང་དུ་རྣམ་པར་སྣང་མཛད་དོ། །དེའི་ཤར་ཕྱོགས་སུ་གླང་པོ་ཆེའི་གདན་གྱི་སྟེང་དུ་རྡོ་རྗེ་ཧཱུཾ་མཛད། དེའི་ཞབས་དང་ཉེ་བའི་མདུན་ཕྱོགས་སུ་རྡོ་རྗེ་རིག་པ་མཆོག་ཡང་དག་པར་བྲི་བའོ། །བཅོམ་ལྡན་འདས་རྣམ་པར་ སྣང་མཛད་ཀྱི་གཡས་ཕྱོགས་སུ་རྟའི་གདན་ལ་རིན་ཆེན་ཧཱུཾ་མཛད། རྒྱབ་ཏུ་རྨ་བྱའི་གདན་ལ་ཆོས་ཀྱི་ཧཱུཾ་མཛད། གཡོན་དུ་མཁའ་ལྡིང་གི་གདན་ལ་ལས་ཀྱི་ཧཱུཾ་མཛད་བྲི་བར་བྱའོ། །ཤར་ཕྱོགས་ཀྱི་སྒོའི་དབུས་སུ་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ། ལྷོ་ཕྱོགས་སུ་ཁྲོ་བོ་རྡོ་རྗེ་ཞགས་པ། ནུབ་ཕྱོགས་སུ་ཁྲོ་བོ་རྡོ་རྗེ་ལྕགས་སྒྲོག །བྱང་ཕྱོགས་ཀྱི་སྒོའི་དབུས་སུ་ཁྲོ་བོ་རྡོ་རྗེ་འབེབས་པ་བྲི་བར་བྱའོ། །ཕྱིའི་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྒྱུ་མ་རྡོ་རྗེ། རྡོ་རྗེ་དྲིལ་བུ། ཐུབ་པ་རྡོ་རྗེ། རྡོ་རྗེ་མཚོན་ཆ་རྣམས་ གོ་རིམས་བཞིན་དུ་བྲི་བར་བྱའོ། ལྷོ་ཕྱོགས་སུ་རྡོ་རྗེ་འཁྱིལ་པ། རྡོ་རྗེ་འོད། རྡོ་རྗེ་དབྱིག་པ། རྡོ་རྗེ་སེར་སྐྱ་རྣམས་བྲིའོ། །ནུབ་ཏུ་རྡོ་རྗེ་གཏུན་རིངས། རྡོ་རྗེ་རླུང་། རྡོ་རྗེ་མེ། རྡོ་རྗེ་འཇིགས་བྱེད་དོ། །བྱང་ཕྱོགས་སུ་རྡོ་རྗེ་ལྕགས་ཀྱུ། རྡོ་རྗེ་དུས། རྡོ་རྗེ་བགེགས་ ཀྱི་གཙོ་བོ། །ཀླུ་རྡོ་རྗེ་བྲི་བར་བྱའོ། །དཀྱིལ་འཁོར་དེ་ཉིད་ཀྱི་ཤར་ཕྱོགས་ཀྱི་སྒོའི་དབུས་སུ་རྡོ་རྗེ་གླང་སྣ། ལྷོ་ཕྱོགས་སུ་རྡོ་རྗེ་ཕྲེང་བ། ནུབ་ཕྱོགས་སུ་རྡོ་རྗེ་དབང་། བྱང་དུ་རྣམ་པར་རྒྱལ་བའི་རྡོ་རྗེ་བྲི་བར་བྱའོ། །དེ་ནས་ཀྱི་སྒྲ་ནི་དེ་མ་ཐག་པ་སྟེ། སློབ་དཔོན་གྱི་ལས་ཀྱི་ རྗེས་ཐོགས་ལའོ། །དེ་ལ་སློབ་དཔོན་གྱི་ལས་ནི། དེ་ལྟར་དཀྱིལ་འཁོར་བྲིས་ལ། དགོངས་ཀའི་དུས་སུ་རང་ཉིད་ཁྲུས་བྱས། ལུས་དྲིས་བྱུགས། ཇི་སྙེད་པའི་རྒྱན་གདགས་ཤིང་། ཤིན་ཏུ་སྔོ་བའི་གོས་བགོས་ལ། དྲི་ཞིམ་ཕྲེང་བས་གདོང་ཡང་བརྒྱན། ཕྲ་མོའི་ རྡོ་རྗེ་དང་། ཕྲ་མོའི་དྲིལ་བུ་བླངས་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དཔལ་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་དང་། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོ་བྱས་ལ། ཕྱིས་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ ཀྱི་དཀྱིལ་འཁོར་ལས་བཤད་པའི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་ནས་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་སྒོ་ཕྱ་ལ། བུམ་པ་ལ་སོགས་པ་བཅུག་ནས། ཇི་ལྟ་བ་བཞིན་དུ་ཕྱག་བཞི་བྱས་ནས་ཞུགས་ལ། དངོས་གྲུབ་ཀྱི་རྡོ་རྗེ་ བརྟུལ་ཞུགས་ཀྱི་མཐར་ཐུག་པར་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཡང་བདག་ལ་བྱིན་གྱིས་རློབ་པ་ལ་སོགས་པ་བྱས་ཏེ། དཀྱིལ་འཁོར་གྱི་ལྷ་ཐམས་ཅད་སྤྱན་དྲངས་ལ། ཕྱག་རྒྱ་བཞིས་རྒྱས་བཏབ་ནས། དབང་བསྐུར་ལ་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་དེ་ཕྱག་ བྱས་ལ་གནང་བ་ནོད་དོ། །དེ་ནས་འདིར་ཆོས་ཀྱི་དམ་ཚིག་གི་དཀྱིལ་འཁོར་གྱི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་གྱི་ལས་བྱས་པར་གྱུར་ནས། དེ་ལྟར་ལས་བྱས་ཏེ། ཇི་ལྟ་བ་བཞིན་དུ་སློབ་མ་གཞུག་པ་ནི། འཇིག་རྟེན་གསུམ་གྱི་འཁོར་ ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཆོ་གས་བྱའོ་ཞེས་བྱ་བའོ། །རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྡོ་རྗེ་འཆང་བའི་ཕྱག་རྒྱ་ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། རྡོ་རྗེ་དྲིལ་བུར་བཅས་པ་བཅིངས་པའོ། །རྡོ་རྗེ་རྩེ་གསུམ་པ་དང་། རྡོ་རྗེ་རྩེ་གསུམ་པས་མཚན་ པའི་དྲིལ་བུ་ནི། འདིར་རྡོ་རྗེ་དང་བཅས་པའི་དྲིལ་བུ་གང་ལ་མངའ་བ་དེ་ནི་རྡོ་རྗེ་དྲིལ་བུ་དང་བཅས་པའོ། །རྡོ་རྗེ་འཆང་བའི་ཕྱག་རྒྱ་བཅིངས་ལ། འཆིང་དུ་བཅུག་སྟེ་ཕྱག་བྱས་ལ། འཇིག་རྟེན་གསུམ་གྱི་འཁོར་ལོར་བཤད་པའི་ཆོ་གས་བཅུག་ལ། འདི་སྐད་ཅེས་བསྒོ་ ཤིག །ཁྱོད་ཀྱིས་དམ་ཚིག་མ་མཐོང་བ་དང་ཞེས་བྱ་བ་ནི། དམ་ཚིག་གི་ཆོས་ཀྱི་དཀྱིལ་འཁོར་འདི་མཐོང་བ་གང་ཡིན་པ་དེ་ནི་དམ་ཚིག་མཐོང་བ་ཡིན་ལ། དམ་ཚིག་མ་མཐོང་བ་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་དུ་གཞུག་པ་ཞེས་བྱ་ བའི་དོན་ཏོ། །ལྷའི་རིགས་མ་མཐོང་བ་ཞེས་བྱ་བ་ནི། སྒོ་སྲུང་ནས་བརྩམས་ནས་རྣམ་པར་སྣང་མཛད་ཀྱི་བར་དུ་ལྷའི་རིགས་རྣམས་མ་མཐོང་བའོ། །གང་གིས་ལྷའི་རིགས་མཐོང་བར་བྱས་པ་དེའི་ལྷའི་རིགས་མཐོང་བ་མེད་པར་ནི་ལྷའི་རིགས་མ་མཐོང་བའོ། ། དེའི་ལྷའི་རིགས་མ་མཐོང་བ་ནི། དེ་ལྟར་བདག་ཉིད་ཀྱི་དཀྱིལ་འཁོར་མཐོང་བ་དེ་བཞིན་དུ། དེ་ལ་ལྷའི་གཟུགས་དང་བཞུགས་ལུགས་འདི་ཡིན་ཞེས་སུ་ལ་ཡང་མ་སྨྲ་ཤིག །ཅེས་བསྒོ་ལ་དྲིལ་བུ་འཁྲོལ་དུ་ཆུགས་ཤིག །འདི་སྐད་བསྒོ་ནས་ཀྱང་ཞེས་བྱ་བ་ནི། ཇི་ ལྟར་དྲིལ་བུ་འདི་དཀྲོལ་བ། །ཞེས་བྱ་བ་ལ་སོགས་པའོ། །ཅི་ཞིག་བྱས་ནས་འདི་སྐད་ཅེས་བསྒོ་ཞེ་ན། མནའ་ཡི་སྙིང་པོ་བྱིན་པ་ལ། །ཞེས་བྱ་བ་སྨོས་སོ། །འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་མནའི་ སྙིང་པོ་འདི་བརྗོད་དོ། །ཇི་ལྟར་དྲིལ་བུ་འདི་དཀྲོལ་བ། །ཞེས་བྱ་བ་ནི། ཇི་ལྟར་རྒྱུ་གང་གིས་དྲིལ་བུ་འདི་དཀྲོལ་བའི་སྒྲ་འདོན་པའོ། །སྒྲ་ཇི་ལྟར་མི་རྟག་པ་དེ་བཞིན་དུ་ལས་ཀྱི་རྡོ་རྗེས་ཁྱོད་མ་རུངས་པར་བྱེད་པའོ། །ཁྱད་པར་ཇི་ལྟ་བུ་ཞིག་ཅེ་ན། མི་རྟག་པ་སྟེ། འཆད་ པར་འགྱུར་བའི་དམ་ཚིག་ལས་འདས་པ་རྣམས་དུས་མ་ཡིན་པར་འཆི་བའོ། །དམ་ཚིག་ལས་འདས་ན་དུས་མ་ཡིན་པར་འཆི་བ་དེས་སུ་ཞིག་ཅེ་ན། རྡོ་རྗེ་སློབ་དཔོན་བསྟི་སྟང་མེད། །དེ་ལ་རྡོ་རྗེ་སློབ་དཔོན་ནི་གསང་སྔགས་ཀྱི་ཐེག་པ་ལ། སངས་རྒྱས་ཀྱི་དཀྱིལ་ འཁོར་བྱེད་པ་ནི་སློབ་དཔོན་ནོ། །དེ་ལ་བསྟི་སྟང་མེད་པ་ནི་ཚུལ་ཁྲིམས་ཉམས་པའོ། །བརྩོན་འགྲུས་ཆུང་བའོ་ཞེས་བྱ་བ་ལ་སོགས་པར་སྨོས་པའོ། །རྡོ་རྗེ་སྤུན་ལ་མི་མཛའ་དང་། །ཞེས་བྱ་བ་ནི། སངས་རྒྱས་ཀྱི་དཀྱིལ་འཁོར་དུ་ཞུགས་པའི་སློབ་མ་ སྟེ། གྲོགས་པོ་དེ་རྣམས་ལ་སྡང་བའོ། །གདུག་ལ་བྱམས་དང་ཆགས་བྲལ་བར། །ཞེས་པ་ནི། དཀོན་མཆོག་གསུམ་ལ་འཁུ་བ་དང་། སེམས་ཅན་མང་པོ་ལ་གནོད་པ་བྱེད་པས་ན་གདུག་པའོ། །དེ་རྣམས་ལ་བྱམས་པ་ནི་བདེ་བས་སྡུད་པའི་བསམ་པའོ། །ཆགས་ པ་དང་བྲལ་བ་ནི་བྱང་ཆུབ་ཀྱི་སེམས་ཆེན་པོ་བཏང་བའོ། །གལ་ཏེ་ཁྱོད་ཀྱིས་འདི་བྱས་ན། དུས་མ་ཡིན་པར་འཆི་བར་འགྱུར་བས། དེའི་ཕྱིར་ཁྱོད་ཀྱིས་འདི་མི་བྱའོ། །དེ་ནས་གདོང་གཡོགས་པ་བཀྲོལ་ལ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་ཆོ་ག་ཐམས་ཅད་བྱས་ཏེ། འཇིག་ རྟེན་གསུམ་གྱི་འཁོར་ལོར་བཤད་པའི་ཆོ་གས་དཀྱིལ་འཁོར་བསྟན་ལ། དེའི་སྙིང་གར་རྡོ་རྗེ་འཆང་བའི་ཕྱག་རྒྱ་དགྲོལ་ལོ། །དེ་ནས་དབང་བསྐུར་བ་ལ་སོགས་པ་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་དུ་བཤད་པའི་ ཆོ་གས་སློབ་མ་ལྷག་པར་གནས་པ་བྱས་ལ། ཇི་ལྟ་བ་བཞིན་དུ་ཕྱག་བཞི་བྱེད་དུ་བཅུག་ནས། དེ་ནས་ཆོས་ཀྱི་དཀྱིལ་འཁོར་དུ་བཤད་པའི་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ཏེ། ཕྱི་རོལ་ན་གནས་པའི་བུམ་པའི་ཆུས་དབང་བསྐུར་ཏེ་རྡོ་རྗེ་ཧཱུཾ་མཛད་དུ་བྱིན་གྱིས་བརླབས་ལ། རྡོ་རྗེ་འཆང་ བའི་ལས་ཀྱི་ཕྱག་རྒྱ་རང་ཉིད་ལ་བཅིངས་ལ་སློབ་མ་འཆིང་དུ་གཞུག་གོ། །སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་དྷ་ར་གྲྀ་ཧྞ་བནྡྷ་ས་མ་ཡ་ཧཱུཾ་ཞེས་བྱ་བའོ། །དེ་ནས་རྡོ་རྗེ་རྩེ་གསུམ་པ་དང་བཅས་པའི་དྲིལ་བུའི་ཕྱག་རྒྱ་དེ་ཉིད་དང་མེ་ཏོག་གི་ཕྲེང་བ་འཛིན་དུ་བཅུག་ལ། འཇིག་ རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་བཅུག་ལ། སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་པྲ་བེ་ཤ་བཛྲ་ཨཱ་བེ་ཤ་བཛྲ་ཨ་དྷི་ཏིཥྛ་བཛྲ་ཧཱུཾ། འཇིག་རྟེན་གསུམ་གྱི་ཆོས་ཀྱི་དཀྱིལ་འཁོར་ལོས་གསུངས་པའི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་ དགུག་པ་དང་། དེ་ནས་ལྷོའི་ཕྱོགས་ཀྱི་སྒོ་ནས་སྔ་མ་བཞིན་དུ་བཅུག་ལ། ཁྲོ་བོ་རྡོ་རྗེ་ཞགས་པའི་ལས་ཀྱི་ཕྱག་རྒྱས་གཞུག་པ་དང་། དེ་ནས་ནུབ་ཕྱོགས་ཀྱི་སྒོ་ནས་བཅུག་ལ། ཁྲོ་བོ་རྡོ་རྗེ་ལྕགས་སྒྲོག་གི་ལས་ཀྱི་ཕྱག་རྒྱས་བཅིང་བ་དང་། དེ་ནས་བྱང་ཕྱོགས་ཀྱི་སྒོ་ ནས་བཅུག་ལ། ཁྲོ་བོ་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱས་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་དུ་བཤད་པའི་ཚུལ་གྱིས་དབབ་པར་བྱའོ། །ཡང་ཤར་ཕྱོགས་ཀྱི་སྒོ་ནས་བཅུག་ལ། འདི་སྐད་བརྗོད་དེ་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ རིགས་སུ་ཞུགས་ཀྱི་ངས་ཁྱོད་ལ་ཡེ་ཤེས་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་རིགས་སུ་གྲུབ་པ་ཡང་ཐོབ་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་བསྐྱེད་པར་བྱའོ། །ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ ལ་མ་སྨྲ་ཤིག །དམ་ཚིག་ཉམས་པར་གྱུར་ཏ་རེ། དེ་ནས་རྡོ་རྗེ་སློབ་དཔོན་རང་ཉིད་ཀྱིས་རྡོ་རྗེ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བཅིངས་ཏེ། འདི་སྐད་བརྗོད་པར་བྱའོ། །ངས་ཁྱོད་ལ་རྡོ་རྗེ་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱས་ཀྱི། ཁྱོད་ཀྱིས་འགའ་ཞིག་ལ་མ་སྨྲ་ཤིག །མི་ བདེ་བ་མ་སྤངས་པར་དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་བར་གྱུར་ཏ་རེ། དེ་ནས་མནའི་སྙིང་པོ་བྱིན་ལ། རྡོ་རྗེ་ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་བསྟན་ནས་སོ། །རྡོ་རྗེ་འདི་ནི་ཁྲོ་བོ་ཆེ། །དམ་ཚིག་ཁྱོད་ཀྱི་རིགས་བསྲེགས་པས། །གལ་ཏེ་འདས་ན་ཀླད་པ་ ནས། །བརྩམས་ཏེ་ལུས་རྣམས་འཇིག་པར་བྱེད། །དམ་ཚིག་བཅིང་བར་བྱའོ། །དེ་ནས་ཡང་སློབ་དཔོན་བདག་ཉིད་ཀྱིས་རྡོ་རྗེ་འཛིན་པའི་ཕྱག་རྒྱ་ཁ་ཐུར་དུ་བསྟན་པ་དང་། གྱེན་དུ་བསྟན་པ་བཅིངས་ཏེ། སློབ་མའི་སྤྱི་བོར་བཞག་ལ་འདི་སྐད་ཅེས་བརྗོད་དོ། །འདི་ནི་ ཁྱོད་ཀྱི་རྡོ་རྗེའི་དམ་ཚིག་ཡིན་གྱིས། གལ་ཏེ་འགའ་ཞིག་ལ་སྨྲས་ན་ཀླད་པ་འགས་པར་འགྱུར་རོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་དང་། མནའི་སྙིང་པོས་བསྔགས་ལ་རྡོ་རྗེ་སློབ་མ་དེ་འཐུང་དུ་གཞུག་གོ། །དེ་ལ་མནའི་སྙིང་པོ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་ དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་བཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །བཛྲ་ཨུ་ད་ཀཿཞེས་བྱ་བའི་ཚིག་གིས་སོ། །དེ་ནས་སློབ་མ་ཡང་རྡོ་རྗེ་འཛིན་མའི་ཕྱག་རྒྱ་རྡོ་རྗེ་དྲིལ་བུ་དང་བཅས་པ་བཅིངས་ལ། འདི་སྐད་ཅེས་བསྒོ་ཤིག །ཁྱོད་ཀྱིས་དམ་ཚིག་མ་མཐོང་བ་དང་། ལྷའི་རིགས་མ་མཐོང་བ་སུ་ལ་ཡང་མ་སྨྲ་ཤིག་ཅེས་བསྒོ་ལ་དྲིལ་བུ་དཀྲོལ་དུ་གཞུག་གོ། །ཇི་ལྟར་དྲིལ་བུ་འདི་དཀྲོལ་བ། །དེའི་སྒྲ་ཇི་ལྟར་མི་རྟག་པ། །དེ་བཞིན་ལས་ཀྱི་རྡོ་རྗེ་ཁྱོད། །མི་ རྟག་པར་ནི་མ་རུང་བྱེད། །ཅེས་དེ་སྐད་དུ་བརྗོད་ལ། རྡོ་རྗེ་སློབ་དཔོན་བསྟི་སྟང་མེད། །རྡོ་རྗེ་སྤུན་ལ་མི་མཛའ་དང་། །གདུག་ལ་བྱམས་དང་ཆགས་བྲལ་བར། །གལ་ཏེ་ཁྱོད་ཀྱིས་བྱས་ནའོ། །ཞེས་བྱ་བ་དང་། དེ་ནས་ཡང་འདི་སྐད་དུ་བརྗོད་དེ། དེང་ ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག །མི་བདེ་བ་མ་སྤངས་པར་ཁྱོད་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་སྨྲས་ལ། འདི་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་གྱུར་ཅིག་ཅེས་སྨྲོས་ཤིག་ཅེས་བསྒོའོ། །དེ་ནས་རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ་དབབ་པ་བསྐྱེད་པར་བྱའོ། །སྙིང་པོ་ནི་འདི་ཡིན་ཏེ། བཛྲ་ ཨཱ་བེ་ཤ་ཨཿ། དེ་ནས་མེ་ཏོག་གི་ཕྲེང་བ་དོར་ཏེ། སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་པྲ་ཏཱིཙྪ་ཨ་དྷི་ཏིཥྛ་བཛྲ་ཧོ། དེ་ནས་མེ་ཏོག་དེ་བླངས་ཏེ་དེའི་སྤྱི་བོར་བཅིང་ངོ་། །འདིའི་སྔགས་ནི། ཨོཾ་པྲ་ཏི་གྲྀ་ཧྞ་ཏྭ་མི་མཾ་སཏྭ་མ་ཧཱ་བ་ལ། དེ་ནས། ཨོཾ་རྡོ་རྗེ་སེམས་དཔའ་དེང་ཁྱོད་ ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་དེང་འབྱེད་ཤོག །ཅེས་བྱ་བ་འདི་དང་དེ་བཞིན་དུ་གདོང་གཡོགས་བཅིངས་པ་དགྲོལ་བར་བྱའོ། །དེ་ནས་སྒོ་གསུམ་ནས་བརྩམས་ནས་རྣམ་པར་སྣང་མཛད་ཀྱི་བར་དུ་བསྟན་ ལ། །ཧེ་བཛྲ་པ་ཤྱ་རྡོ་རྗེ་འཆང་བའི་ཕྱག་རྒྱ་སློབ་མའི་སྙིང་གར་བཀྲོལ་ལ། ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ། ཤཱ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་ཨ་དྷི་ཏིཥྛ་སརྦ་སིདྡྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཞེས་བྱ་བ་འདི་བརྗོད་དོ། །དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལས། རྡོ་རྗེ་ཁུ་ཚུར་གྱིས་ཆུ་ བླངས་ཏེ་དབང་བསྐུར་རོ། །དེའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་ཨ་བྷི་ཥིཉྩ་བཛྲ་དྷ་ར་ཏེ་ས་མ་ཡ་གྲ་གྲ །དེ་ནས་ཕྱག་རྒྱའི་དབང་བསྐུར་བ་དང་། མཚན་མའི་དབང་བསྐུར་བ་དང་། མིང་གི་དབང་བསྐུར་བ་ཇི་ལྟ་བ་བཞིན་དུ་བྱིན་ལ། ཆོ་ག་ལྷག་མ་ནི་འཇིག་རྟེན་གསུམ་ལས་ རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པ་གཟུང་ངོ་། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བསྟན་ནས། ད་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས། འཇིག་ རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་དགོས་པས། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ལྷའི་སྦྱོར་བ་དང་། ཕྱི་རོལ་གྱི་རྡོ་རྗེའི་རིགས་ཀྱི་སྦྱོར་བ་བྱས་ལ། ཕྱི་ནས་འཇིག་རྟེན་ གསུམ་གྱི་འཁོར་ལོ་ནི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ལ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། ཆོས་ཀྱི་དམ་ཚིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཆོས་ཀྱི་དམ་ཚིག་ནི་འཇིག་རྟེན་གསུམ་གྱི་འཁོར་ལོའི་ ཆོས་ཀྱི་དཀྱིལ་འཁོར་རོ། །དེའི་ཕྱག་རྒྱ་ནི་ཏིང་ངེ་འཛིན་དེས་སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པའོ། །དེའི་ཡེ་ཤེས་བསླབ་པ་ནི་དེ་བསྟན་པའོ། །སངས་རྒྱས་རྡོ་རྗེ་འཛིན་ལ་སོགས། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ནས་བརྩམས་ནས་རྡོ་རྗེ་འབེབས་ པའི་བར་རོ། །ཆོས་ཀྱི་དཀྱིལ་འཁོར་དེ་བཞིན་ནོ། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ནས་བརྩམས་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་འཁོར་ལོ་ལྟ་བུའོ། །དེ་ཇི་ལྟ་བུ་ཞེ་ན། བསམ་གཏན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་ནི་ ཏིང་ངེ་འཛིན་ཏོ། །དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། རང་བཞིན་གྱིས་རྣམ་པར་དག་པ་ཆོས་ཀྱི་ཏིང་ངེ་འཛིན་འདི་ནི་རྣམ་པར་སྣང་མཛད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་སློབ་ པ་དང་། འཇིག་པ་དང་། ལྟུང་བ་དང་། འགུགས་པའི་ངོ་བོའི་ཆོས་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དོ། །རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར། འདི་ནི་བསམ་གཏན་ཡིན་ནོ། །དབང་བསྐུར་བའི་དམ་ཚིག་ནི་རིན་ཆེན་ཧཱུཾ་མཛད་ཀྱིའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཞེས་བྱ་བ་ནི། ཆོས་ཀྱི་ཧཱུཾ་མཛད་ཀྱིའོ། །བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བ་ནི་ལས་ཀྱི་ཧཱུཾ་མཛད་ཀྱི་བསམ་གཏན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པར་བྱེད་པ་ཞེས་བྱ་བ་ ནི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའིའོ། །དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་ནི་རྡོ་རྗེ་ཞགས་པའིའོ། །དེ་བཞིན་གཤེགས་པ་ཐམས་ཅད་འཆིང་བར་བྱེད་པ་ནི་རྡོ་རྗེ་ལྕགས་སྒྲོག་གིའོ། །དེ་བཞིན་གཤེགས་པ་ཐམས་ཅད་དབང་དུ་བྱེད་པའི་ཆོས་ཀྱི་རང་བཞིན་གྱིས་རྣམ་པར་དག་པ་ ཞེས་བྱ་བ་ནི་ཁྲོ་བོ་རྡོ་རྗེ་འབེབས་པའི་བསམ་གཏན་ནོ། །ཐམས་ཅད་མཉམ་པ་ཉིད་བསམ་པ། །རྡོ་རྗེ་རིག་པ་དམ་པ་སྟེ། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བའི་དོན་ཏོ། །འགྲོ་བ་འདི་ཀུན་སྒྱུ་མ་བཞིན། །ཞེས་བྱ་བ་ནི་ སྒྱུ་མ་རྡོ་རྗེའིའོ། །དེ་བཞིན་སྡུག་བསྔལ་དྲིལ་བུ་འདྲ། །ཞེས་བྱ་བ་ནི་འབྲས་བུར་གྱུར་པ་ཕུང་པོའི་སྡུག་བསྔལ་ལོ། །དེ་སྐད་ཅིག་མ་ཡིན་ནོ་ཞེས་སྡུག་བསྔལ་དྲིལ་བུའི་སྒྲ་ལྟ་བུར་ཞེས་པ་ནི་དྲིལ་བུའི་བསམ་གཏན་ནོ། །སྡུག་བསྔལ་ཐམས་ཅད་མྱ་ངན་འདས། །ཞེས་བྱ་བ་ནི་ཐུབ་ པ་རྡོ་རྗེ་སྟེ། དེ་ལ་ཐམས་ཅད་ཀྱང་ཡིན་ལ་སྡུག་བསྔལ་ཡང་ཡིན་པས་དེ་སྡུག་བསྔལ་ཐམས་ཅད་དེ། བྱང་ཆུབ་སེམས་དཔའི་ས་ལས་བཤད་པའི་སྡུག་བསྔལ་གྱི་རྣམ་པ་བརྒྱ་རྩ་བཅུའོ། །དེའི་མྱ་ངན་ལས་འདས་པ་ནི་སྡུག་བསྔལ་ཐམས་ཅད་འགོག་པས་འགོག་པའི་བདེན་ པ་སྟེ། ཐུབ་པ་རྡོ་རྗེ་བསམ་གཏན་བཤད་པའོ། །རྡོ་རྗེ་འཇོམས་པ་བླ་ན་མེད། །ཅེས་བྱ་བ་ནི། རྡོ་རྗེ་མཚོན་ཆའི་བསམ་གཏན་ཏེ། སྟོང་པ་ཉིད་ཀྱི་རྡོ་རྗེའི་རྣལ་འབྱོར་བསམ་གཏན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་འདུལ་ཕྱིར་ཁྲོ་བོ་མཆོག །ཅེས་བྱ་བ་ནི་གདུག་ཅིང་མ་རུངས་པའི་སེམས་ ཅན་རྣམས་ཐུགས་རྗེས་འདུལ་བའི་ཕྱིར་ཁྲོ་བོ་མཆོག་གི་གཟུགས་སྟོན་པའི་བསམ་གཏན་ནི་རྡོ་རྗེ་འཁྱིལ་པའོ། །ཞི་བ་ཡིས་ནི་ངེས་པར་གསོད། །ཅེས་བྱ་བ་ནི་ཞི་བར་གྱུར་པ་ནི་ཟླ་བ་སྟེ། རྟག་པ་དང་། ཆད་པ་དང་། ཉོན་མོངས་པ་དང་བཅས་པའི་བག་ཆགས་སྤངས་པས་ན། དེ་ཉིད་གསོད་པ་ཞེས་བྱ་བའི་དོན་བསམ་གཏན་འདི་ནི་རྡོ་རྗེ་འོད་ཀྱིའོ། །དབྱིག་པ་འདྲ་ལ་འཚོག་པ་མེད། །ཅེས་བྱ་བ་ནི་རྡོ་རྗེ་དབྱིག་པའི་བསམ་གཏན་ཏེ་དབྱིག་པ་ནི་ཚར་གཅོད་པའོ། །འཚོག་པ་ནི་མཚོན་ཆ་བསྣུན་པའོ། །འདི་སྐད་སྟོན་པ་ཡིན་ཏེ། ཆོས་བདག་མེད་པ་བསྒོམས་ པས་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ནུབ་པ་འདི་ནི་འདིར་དབྱིག་པས་འཚོག་པ་སྟེ། དེས་རྣམ་པར་རྟོག་པ་རྣམས་ཀྱང་མི་འབྱུང་བར་འགྱུར་རོ། །དེའི་ཕྱིར། དབྱིག་པ་འདྲ་ལ་འཚོག་པ་མེད། །ཅེས་བྱ་བ་འདི་ནི་རྡོ་རྗེ་དབྱིག་པའི་བསམ་གཏན་ནོ། །ལོག་པར་ ལྟ་བ་འཇིགས་པར་བྱེད། །ཅེས་བྱ་བ་ནི། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་མེད་པར་སྟོན་པ་ནི་ལོག་པར་ལྟ་བ་སྟེ། དེས་བྱིས་པའི་སྐྱེ་བོ་སྐྲག་པར་བྱེད་པའི་ཕྱིར་རོ། །ར་རོ་འདྲ་བ་དཔའ་བ་མེད། །ཅེས་བྱ་བ་ནི་རྡོ་རྗེ་གླང་སྣའི་བསམ་ གཏན་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བསྒོམས་པས། གང་གི་ཚེ་དངོས་པོ་ལ་མངོན་པར་ཞེན་པར་གྱུར་པ་དེའི་ཚེ་ཏིང་ངེ་འཛིན་གྱིས་ར་རོ་བར་གྱུར་པ་ཡིན་ཏེ། དེ་ལྟར་གྱུར་པའི་རྣལ་འབྱོར་པ་དེ་ར་རོ་བ་འདྲ་བར་དཔའ་བ་མེད་ཅེས་བྱ་སྟེ། རྣམ་པར་རྟོག་པ་ཐམས་ཅད་མེད་པར་གྱུར་པས་སྲོག་ཆགས་དང་། སྲོག་ཆགས་མ་ཡིན་པས་མི་གཡོས་པའི་ཕྱིར་རོ། །ཕྲེང་བ་འདྲ་བར་འཆིང་བ་མེད། །ཅེས་བྱ་བ་ནི་མེ་ཏོག་གི་ཕྲེང་བ་ཉིད་ལས་གཞན་པ་ནི་འཆིང་བ་མེད་དེ། གང་འདོད་པ་དེས་བཅིངས་པར་གྱུར་ན་ནི། འཆི་བའམ་ འཆི་བ་ལ་ཐུག་པ་ཙམ་གྱི་སྡུག་བསྔལ་འཐོབ་པར་འགྱུར་ཡང་འདོད་པ་ཡོངས་སུ་སྤངས་པར་མི་ནུས་སོ། །དཔེ་དེ་བཞིན་དུ་བྱང་ཆུབ་ཀྱི་ཡན་ལག་གི་མེ་ཏོག་གི་ཕྲེང་བ་བཅིངས་པར་གྱུར་པས། བྱང་ཆུབ་སེམས་དཔའ་ལ་སོགས་པའི་འདོད་པ་ཡོངས་སུ་སྤང་བར་མི་ནུས་སོ་ཞེས་བྱ་ བ་འདི་ནི་རྡོ་རྗེ་ཕྲེང་བའི་བསམ་གཏན་ནོ། །བུད་མེད་འདོད་པས་འགྲོ་དབང་བྱེད། །ཅེས་བྱ་བ་ནི། རྡོ་རྗེ་དབང་གི་བསམ་གཏན་ནི། གསལ་བ་ཐམས་ཅད་ཀྱི་དབྱེ་བ་ཐ་དད་པས་དམ་ཚིག་དང་ཆོས་དང་། ལས་དང་། ཕྱག་རྒྱ་ཆེན་པོའི་མཚན་ཉིད་ཀྱི་བུད་མེད་ལ་ཆགས་པ་དེ་རང་ བཞིན་གྱིས་རྣམ་པར་དག་པ་ལ་མོས་པས། སངས་རྒྱས་ལ་སོགས་པ་སེམས་ཅན་གྱི་ཁམས་ལ་ཆགས་པའོ། །གང་ལ་ཞེ་ན། འགྲོ་དབང་བྱེད་ཅེས་བྱ་བ་སྨོས་སོ། །བརྟན་པ་ཙམ་གྱིས་གཞན་འཕམ་མོ། །ཞེས་བྱ་བ་ནི། རྣམ་པར་རྒྱལ་བའི་རྡོ་རྗེའི་བསམ་གཏན་ཏེ། ཤེས་རབ་ ཀྱི་རལ་གྲི་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་སྐྲག་པས་ན་བརྟན་པ་སྟེ། དེས་ན་གཞན་ལ་ལྟོས་པ་མེད་པས་བརྟན་པ་ཙམ་གྱིས་གཞན་འཕམ་པར་བྱེད་པའོ། །འཚོག་པ་འཆད་པའི་མཚོན་ཡིན་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་གཏུན་རིངས་ཀྱི་བསམ་གཏན་ནོ། ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་བྱ་བ་ཤེས་རབ་ཀྱི་ཏིང་ངེ་འཛིན་གྱི་གཏུན་ཤིང་གིས་ཆོས་ཐམས་ཅད་སྤོང་བས་འཚོག་པ་སྟེ། དེ་ནི་ཚར་གཅོད་པའི་མཆོག་ཡིན་ཏེ། ཏིང་ངེ་འཛིན་ནི་དེ་ཐོབ་པས་དངོས་པོར་འཛིན་པ་མ་སྐྱེས་པའི་ཕྱིར་རོ། །རེག་པ་རྣམས་ནི་རླུང་གིའོ། ། ཞེས་བྱ་བ་ནི་མཆོག་ཅེས་བྱ་བར་སྦྱར་རོ། །འཇིག་རྟེན་ནི་རྡོ་རྗེ་རླུང་གི་བསམ་གཏན་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བ་སེམས་ཀྱི་མཚན་ཉིད་མེད་པའི་བརྩོན་འགྲུས་ཀྱི་ལས་ཀྱི་བདག་ཉིད་དེ་མངོན་སུམ་དུ་བྱེད་པ་ནི་རེག་བྱའོ། །དེའི་ཕྱིར་དེ་ ལྟར་གྱུར་པའི་རེག་བྱ་ལས་གཞན་མཆོག་ཏུ་གྱུར་པ་མེད་དོ། །གཟི་བརྗིད་ཅན་ནི་བྱིན་ཟ་མཆོག །ཅེས་བྱ་བ་འདི་ནི། རྡོ་རྗེ་མེའི་བསམ་གཏན་ཏེ། ཆོས་ཐམས་ཅད་བདག་མེད་པའི་ཡེ་ཤེས་ཀྱི་མེས་རྣམ་པར་རྟོག་པ་རྣམས་བསྲེགས་པས་ཡང་སྐྱེ་བར་མི་འགྱུར་བ་དེའི་ ཕྱིར། དེ་ལས་གཙོ་བོ་དང་མཆོག་ཏུ་གྱུར་པ་མེད་དོ། །ཟས་རྣམས་ཀྱི་ནང་ན་ཁྲག་དམ་པ་ཞེས་བྱ་བ་ནི། རྡོ་རྗེ་འཇིགས་བྱེད་ཀྱི་བསམ་གཏན་ཏེ། ཁྲག་ལ་སེམས་པ་ཞེས་གྲགས་པ་ཡིན་ནོ། །འདིར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ ཞེས་བྱ་བར་ངེས་པའི་ཡེ་ཤེས་གང་ཡིན་པ་དེ་ནི་སངས་རྒྱས་རྣམས་ཀྱི་ཐུགས་ཏེ། དེ་མངོན་སུམ་དུ་བྱེད་པའི་རྣལ་འབྱོར་པ་རྣམས་ཀྱི་བཟའ་བ་ཡིན་ནོ། །མཆེ་བ་དག་པར་ཞུགས་པ་སྟེ། །ཞེས་བྱ་བ་ནི། མཆེ་བ་ཡང་དག་པའི་རྣོ་བ་བརྟན་པར་གྱུར་པ་ གང་ལ་མངའ་བར་གྱུར་པ་དེ་ནི་མཆེ་བ་དག་པའོ། །དེས་གསོད་ཅིང་དངོས་པོ་གཅོད་པས་དེར་ཞུགས་པ་ཡིན་ཏེ། མཆེ་བ་དག་པ་འདི་ནི་མཆེ་བའི་ལྟ་བ་རྣམ་པར་དག་པའོ། །ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ་བའོ་ཞེས་བསྟན་པ་ནི། ལྟ་བ་དེས་རྣམ་ པ་ལྔའི་ཆོས་ཀྱི་བདག་ཉིད་ཀྱི་སངས་རྒྱས་ཀྱི་སར་ཞུགས་པར་གྱུར་ཏེ་འདི་ནི་རྡོ་རྗེ་ལྕགས་ཀྱུའི་བསམ་གཏན་ཏོ། །འཆི་བདག་ཐམས་ཅད་གནས་ན་འདུག །ཅེས་བྱ་བ་ནི། རྡོ་རྗེ་ལུས་ཀྱི་བསམ་གཏན་ཏེ། འདུས་བྱས་ཐམས་ཅད་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་ གོ། །འདི་སྐད་སྟོན་པ་ཡིན་ཏེ། སྐད་ཅིག་རེ་རེ་ཞིང་འཇིག་པར་འགྱུར་བ་དེའི་ཕྱིར། དོན་དམ་པར་ཐམས་ཅད་མེད་པ་ཡིན་ནོ་ཞེས་བྱ་བར་གནས་པའོ། །འཇིགས་ལས་ལྷག་པའི་བགེགས་གཞན་མེད། །ཅེས་བྱ་བ་ནི། རྡོ་རྗེ་བགེགས་ཀྱི་ གཙོ་བོའི་བསམ་གཏན་ཏེ། སེམས་ཅན་ལ་བསྣུན་པར་འདོད་པས་འཇིགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། ཕྱི་རོལ་གྱི་བགེགས་ཀྱི་གཙོ་བོས་བགེགས་བྱེད་དོ་ཞེས་བྱ་བ་འདི་དག་ལོག་པར་རྟོག་པ་སྟེ། གང་གི་ཕྱིར་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ཕྱི་ རོལ་གྱི་དོན་མེད་པ་ཡིན་པ་དེའི་ཕྱིར། རང་གི་རྣམ་པར་རྟོག་པ་ལས་བྱུང་བ་ཁོ་ནའི་བགེགས་དེ་ལས་གཞན་པའི་བགེགས་ཡོད་པ་མ་ཡིན་ནོ་ཞེས་དེ་ལྟར་ཤེས་པའི་བྱང་ཆུབ་ཀྱི་སེམས་གོམས་པ་དེ་ལས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་རོ། །ཆུ་ ལས་ལྷག་པའི་རོ་གཞན་མེད། །ཅེས་བྱ་བ་ནི། ཀླུའི་རྡོ་རྗེའི་བསམ་གཏན་ཏེ། གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་སྤངས་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་འཐུངས་པས་མངོན་དུ་གྱུར་པ་དེས་སྐོམ་པ་ཐམས་ཅད་ བསལ་བ་འདི་དང་མཚུངས་པའི་ཆུ་གཞན་མེད་དོ། །རྡོ་རྗེ་ཆེན་པོའི་རིགས་འདི་དང་། །དེ་ལས་གཞན་པའི་ཕྱི་རོལ་གྱི་རྡོ་རྗེའི་རིགས་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱ་བཟླས་པས། བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར་རོ། །ཇི་ལྟར་བྲིས་པ་དང་། རྗེས་སུ་མཐུན་པར་རྡོ་རྗེ་ཆེན་པོའི་ རིགས་དང་། ཕྱི་རོལ་གྱི་རྡོ་རྗེའི་རིགས་འདི་དག་གིས་འཇིག་རྟེན་གསུམ་གྱི་འཁོར་ལོའི་ཆོས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་དམ་ཚིག་གི་ཕྱག་རྒྱ་དང་། འཇིག་རྟེན་གསུམ་ གྱི་འཁོར་ལོའི་ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་ལས་ཀྱི་ཕྱག་རྒྱ་བལྟ་བར་བྱའོ།། །།འཇིག་རྟེན་གསུམ་གྱི་འཁོར་ལོའི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།