Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 57
Văn bản gốc(Tây Tạng)
Trang 7 / 23 (50.000 ký tự/trang)
ཅད་ཀྱི་དམ་ཚིག་ལ་འཇུག་པའི་ དོན་གྱི་ཕྱག་རྒྱ་སྟེ། ཞགས་པའི་ཕྱག་རྒྱའོ། །དེའི་ཚོགས་ནི་མང་པོ་སྟེ་དེར་གྱུར་ནས་བྱུང་བའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེའི་ཚུལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་འཇུག །ཅེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རང་གི་ སྒོ་ནས་འཇུག་པར་མཛད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པར་འགྱུར་རོ། །རྡོ་རྗེ་ཞགས་པ་དམ་པོ་བདག །ཅེས་བྱ་བ་ནི་རྡོ་རྗེ་ཞགས་པའི་ཕྱག་རྒྱས་ཉེ་བར་མཚོན་པ་ཉིད་ཀྱིས་ན་རྡོ་རྗེ་ཞགས་པའོ། །དམ་པོ་ནི་བརྟན་པ་སྟེ། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་མི་ཕྱེད་ པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། རྡུལ་ཕྲན་བཞུགས་པ་ཐམས་ཅད་ཀྱང་། །བདག་གིས་སླར་ཡང་དྲང་བར་བྱ། །ཞེས་བྱ་བ་གསུངས་ཏེ། འདི་སྐད་སྟོན་པ་ཡིན་ཏེ། ནམ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་ནི་ཐམས་ཅད་དུ་ཁྱབ་པ་ཡིན་ ལ། དེ་ལས་བྱུང་བ་རྣམས་ཀྱང་དེའི་ངོ་བོ་ཡིན་པས་ཐམས་ཅད་དུ་ཁྱབ་པའོ། །དེ་བས་ན་དེ་དག་ཐམས་ཅད་ཀྱང་རྡུལ་ཕྲན་དུ་ཞུགས་པ་ཡིན་ལ། དེ་རྣམས་དང་བདག་ཐ་མི་དད་ན། གདུལ་བྱ་རྣམས་ཀྱིས་དེ་དང་བདག་ཐ་དད་པར་གྱུར་ནས། ཐམས་ཅད་ལ་ཁྱབ་པ་ལྟ་བུར་འཇུག་པར་ བྱེད་པ་དེ་ལྟར་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་ལྟར་རྡོ་རྗེ་ཞགས་པས་དེ་བཞིན་གཤེགས་པ་ཐམས་ཅད་བཅུག་ནས་རྡོ་རྗེ་ལྕགས་སྒོག་གིས་ཐེག་པ་གཞན་ལ་འདོད་པའི་སེམས་དྲལ་བར་བྱེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསམ་གཏན་གྱིས་འཆིང་ བར་བྱེད་དོ་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་འདི་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་སྒྲོག་ཅེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་དམ་ཚིག་ནི་འདའ་བར་མི་བྱའོ། །དེ་ཉིད་ནི་ཐེག་པ་གཞན་འདོད་པའི་སེམས་དྲལ་བས་ལྕགས་སྒྲོག་གོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསམ་གཏན་གྱིས་ཐམས་ཅད་དུ་ཁྱབ་པས་ན་སེམས་དཔའ་ཆེན་པོ་སྟེ། སེམས་དཔའི་རྡོ་རྗེའི་རང་ བཞིན་ཅན་གྱི་རྡོ་རྗེ་འཛིན་པའོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པའི་ཕྱག་རྒྱ་ལ་སོགས་པའོ། །དེའི་དམ་ཚིག་ནི་སེམས་དཔའི་རྡོ་རྗེ་གང་ལས་གྱུར་པ་སྟེ། དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་སྒྲོག་སེམས་ དཔའ་ཆེན་པོའི་དམ་ཚིག་ལས་བྱུང་པ་རྡོ་རྗེ་སྟེ། མིང་འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་ཕྱུང་ངོ་། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པ་ཞེས་བྱ་བ་ ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པ་ནི། ཇི་སྐད་དུ་བཤད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསམ་གཏན་གྱིས་ཐེག་པ་ཆེན་པོར་བཅིངས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་ རྣལ་འབྱོར་གྱི་གནས་ན་བཞུགས་པ་རྣམས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསམ་གཏན་གྱི་ཕོ་ཉ་འདིས་ཐག་རིང་ན་གནས་པའི་དངོས་པོ་ཐམས་ཅད་གཟིགས་པས། ཕོ་ཉ་དང་ཆོས་མཐུན་པའི་ཕྱིར་ཕོ་ཉའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་ པོ་རྡོ་རྗེ་ལྕགས་སྒྲོག་གི་སྐུར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བསྡམས་པའི་ཕྱག་རྒྱའི་ཚོགས་མང་པོར་གྱུར་ནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་འདའ་བར་མི་བྱ་བའི་བསྡམས་པའི་ ཕྱག་རྒྱ་ནི་ལྕགས་སྒྲོག་གི་ཕྱག་རྒྱའོ། །དེའི་ཚོགས་ནི་མང་པོར་གྱུར་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །རྡོ་རྗེ་ལྕགས་སྒྲོག་དམ་པོ་བདག །ཅེས་བྱ་བ་ནི་རྡོ་རྗེ་ལྕགས་སྒྲོག་གི་ཕྱག་རྒྱས་ཉེ་བར་མཚོན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་ པོ་རྡོ་རྗེ་ལྕགས་སྒྲོག་གི་སྐུ་ནི་བདག་གོ། །དམ་པོ་ནི་མི་ཕྱེད་པའོ། །གལ་ཏེ་ཁྱེད་དེ་ལྟར་གྱུར་པ་ལ་ངོ་མཚར་ཅི་ཞིག་ཡོད་ཅེ་ན། འཆིང་བ་ཀུན་ལས་གྲོལ་བས་ན། །སེམས་ཅན་དོན་དུ་འཆིང་བར་འདོད། །ཅེས་བྱ་བ་གསུངས་སོ། །དེའི་དོན་ནི་འདི་ཡིན་ཏེ། ཉོན་མོངས་པ་བག་ཆགས་ དང་བཅས་པ་སྤངས་པས་འཆིང་བ་ལས་གྲོལ་བ་ནི་དེ་བཞིན་གཤེགས་པ་རྣམས་དང་། བདག་ཐ་མི་དད་པ་ཡིན་ཡང་། དེ་རྣམས་དང་ཐ་དད་པ་ལྟ་བུ་དེ་རྣམས་བདག་གིས་བཅིངས་པར་ཤེས་པ་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་ཏེ། གདུལ་བྱས་དེ་ལྟར་མཐོང་གི་བདག་ནི་དེ་ལྟ་ མ་ཡིན་ནོ་ཞེས་པའོ། །འཆིང་བ་འདིས་བཅིངས་པའི་དེ་བཞིན་གཤེགས་པ་རྣམས་རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་དབབ་པས་རྡོ་རྗེ་འབེབས་པས་དབང་དུ་བྱས་པ་ཡིན་ནོ་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཐམས་ ཅད་ཀྱི་བྲན་འདི་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཞེས་བྱ་བའི་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་རྣམས་རང་བཞིན་གྱིས་འོད་གསལ་བའོ་ཞེས་བྱ་བའི་ངེས་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ དབབ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཡང་ཡིན་ལ། སེམས་དཔའ་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་དབབ་པ་ཞེས་བྱ་བའི་སེམས་དཔའ་ཆེན་པོ་སྟེ། ཐམས་ཅད་དུ་ཁྱབ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་ ཞུགས་པའི་སེམས་དཔའ་ཆེན་པོ་རྡོ་རྗེའི་རང་བཞིན་རྡོ་རྗེ་འཛིན་པ་ཆེན་པོའོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་འབེབས་པའི་ཕྱག་རྒྱའི་ཚོགས་ལ་སོགས་པའོ། །དེའི་འབྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་གྱུར་པ་སྟེ། དེ་ལ་ དམིགས་པའི་ཏིང་ངེ་འཛིན་ལ་ཡང་མིང་འདི་ཉིད་ཅེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་བྲན་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ངོ་བོའོ། །དེ་རྣམས་མཉེས་པར་བྱེད་པའི་ལས་བྱེད་པས་བྲན་དང་ཆོས་མཐུན་ པའི་ཕྱིར་བྲན་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་རྡོ་རྗེ་དབབ་པའི་སྐུར་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱའི་ཚོགས་སུ་གྱུར་ནས་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ ཚིག་དབབ་ཅིང་དབང་དུ་བྱ་བའི་དོན་གྱི་ཕྱིར་ཕྱག་རྒྱ་ནི་དྲིལ་བུའི་ཕྱག་རྒྱ་སྟེ། དེ་རྣམས་ཀྱིས་ཕྱག་རྒྱའི་ཚོགས་དེར་གྱུར་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གནས་པའི་སེམས་དཔའི་རྡོ་རྗེའི་ངོ་བོར་སྔར་བསྟན་པ་ གང་ཡིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་འབེབས་ཤིང་ཞེས་བྱ་བ་ནི། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་བསྐྱེད་པས་དབང་དུ་བྱེད་ཅིང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པར་གྱུར་པའོ། །རྡོ་རྗེ་དབབ་པ་བརྟན་པའི་བདག །ཅེས་བྱ་བ་ལ། རྡོ་རྗེ་འབེབས་པ་ནི་རྡོ་རྗེ་དྲིལ་ བུ་ལ་བྱ་ལ། དེས་ཉེ་བར་མཚོན་པའི་བྱང་ཆུབ་སེམས་དཔའ་ནི་རྡོ་རྗེ་འབེབས་པའོ། །བརྟན་པ་ནི་མི་ཕྱེད་པའོ། །གལ་ཏེ་ཁྱེད་དེ་ལྟ་བུ་ཡིན་པ་ལ་འདིར་ངོ་མཚར་ཅི་ཞིག་ཡོད་ཅེ་ན། གང་ཕྱིར་ཀུན་གྱི་བདག་གྱུར་ནས། །བྲན་དུ་ཡང་ནི་གྱུར་པ་ཡིན། །ཞེས་བྱ་བ་གསུངས་སོ། ། འདིས་ནི་འདི་སྐད་སྟོན་ཏེ། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་ཐོབ་ཅིང་སྤྲུལ་པས་འགྲོ་བའི་དོན་བྱ་བ་ལ་དབང་བ་ཉིད་ཐོབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་ཞིང་དེ་རྣམས་བདག་དང་ཐ་མི་དད་པའི་རང་བཞིན་ཡིན་པ་ལས་གདུལ་བྱ་རྣམས་ཀྱིས་བདག་དེ་ རྣམས་ཀྱི་ལས་བྱེད་པར་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པས་ནི་སྡོམ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ན་སྤྱན་འདྲེན་པ་སྟེ། རྡོ་རྗེ་ལྕགས་ཀྱུའོ། །དེ་རྣམས་ཉིད་བཞུགས་པ་ནི་རྡོ་རྗེ་ཞགས་པའོ། ། ཞུགས་པ་རྣམས་འཆིང་བ་ནི་རྡོ་རྗེ་ལྕགས་སྒྲོག་གོ། །བཅིངས་པ་རྣམས་དབང་དུ་བྱ་བ་ནི་རྡོ་རྗེ་འབེབས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པ་ཞེས་བྱ་བ་ནི་འདི་དག་ཐམས་ཅད་ནི། ཇི་སྐད་དུ་བཤད་པའི་སྤྱན་འདྲེན་པ་ལ་སོགས་པའི་ཚུལ་གྱིས་བཀའ་བཞིན་ བྱེད་པའོ། །དེ་ལྟར་དཀྱིལ་འཁོར་དུ་དེ་བཞིན་གཤེགས་པ་རྣམས་རྡོ་རྗེ་སེམས་དཔས་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གཞག །རྒྱལ་པོས་སྤྱན་དྲངས། ཆགས་པས་རྗེས་སུ་མཉེས། ལེགས་པས་ལེགས་སོ་ཞེས་བྱ་བས་དགྱེས་པར་བྱས། རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར། གཟི་ བརྗིད་ཀྱིས་འོད་ཀྱིས་སྣང་བར་བྱས། དཔལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྦྱར། བཞད་པས་འཛུམ་པ་རྨད་དུ་བྱུང་བ་ལ་རབ་ཏུ་གཞག །ཆོས་ཀྱིས་ཏིང་ངེ་འཛིན་ལ་སྦྱོར། རྣོན་པོས་དེ་རྣམས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་བཅད། རྡོ་རྗེ་རྒྱུས་དཀྱིལ་འཁོར་དུ་ བཅུག །སྨྲ་བས་སྤྲོས་པ་མེད་པའི་ཆོས་ཉིད་ལ་ངེས་པར་སྦྱར། རྡོ་རྗེ་ལས་ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་མཆོད། རྡོ་རྗེ་བསྲུང་བས་བསྲུངས། རྡོ་རྗེ་གནོད་སྦྱིན་གྱིས་བསྲུང་བ་ཡོངས་སུ་བསྐྱབ་པས་བསྲུངས། རྡོ་རྗེ་ཁུ་ཚུར་གྱིས་གྲུབ་བོ། །དེ་ནས་མི་བསྐྱོད་པ་དང་། རིན་ ཆེན་འབྱུང་ལྡན་དང་འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། རྣམ་པར་སྣང་མཛད་ཀྱི་རང་བཞིན་དུ་གྱུར་ཏེ། རྡོ་རྗེ་སེམས་མ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཚུལ་གྱིས་སོ། །རྡོ་རྗེ་རིན་ཆེན་མ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སོ། །རྡོ་རྗེ་ཆོས་མ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་ པའི་ཚུལ་གྱིས་སོ། །རྡོ་རྗེ་ལས་མ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་རིགས་ཐམས་ཅད་བསྡུས་པ་ཡིན་པར་ཤེས་པར་བྱའོ། །སྒེག་མོ་ལ་སོགས་པ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་ དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་ནོ། །དེ་རྣམས་ཀྱང་བྱང་ཆུབ་ཀྱི་སེམས་ཀྱི་ལྕགས་ཀྱུས་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་དགུག་པ་དང་། བྱང་ཆུབ་ཀྱི་སྤྱོད་པའི་ཞགས་པས་བཅུག་པ་དང་། བསམ་གཏན་ གྱིས་བཅིངས་པ་དང་། བྱང་ཆུབ་ཀྱི་དབབ་པས་དབང་དུ་མཛད་པ་ཡིན་ནོ། །རེ་རེ་ཞིང་ཡང་བསྐྱེད་པ་དང་། སྤྲོ་བ་དང་། བསྡུ་བ་དང་། དེ་ནས་རང་གི་གནས་སུ་ཞུགས་ཏེ་ཆེད་དུ་བརྗོད་པ་དང་། བརྟན་པར་བསྒོམ་པར་ཤེས་པར་བྱའོ། །རྡོ་རྗེ་སེམས་དཔའ་བསྐྱེད་པ་ནས་བརྩམས་ཏེ། རྡོ་རྗེ་འབེབས་པའི་བར་གྱི་གཞུང་གིས་ནི། དཀྱིལ་འཁོར་རྒྱལ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་བསྟན་པ་ཡིན་ནོ། །འདི་དག་ཀྱང་རི་རབ་ཀྱི་སྟེང་དུ་དེ་བཞིན་གཤེགས་པ་ཐམས་ཅད་རྣམ་པར་འཕྲུལ་པར་མཛད་པ་ཡིན་ལ། བཅོམ་ལྡན་འདས་འོག་མིན་གྱི་གནས་སུ་མངོན་ པར་རྫོགས་པར་སངས་རྒྱས་པ་གང་ཡིན་པ་དེ་ནི། ཀུན་དུ་བཟང་པོ་ལ་སོགས་པ་ལས་གཞན་པའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར་དེར་ཞུགས་པ་ཉིད་ཀྱིས་དགའ་ལྡན་ལ་སོགས་པར་རྣམ་པར་འཕྲུལ་པའི་སྤྲུལ་པ་སྟོན་པར་མཛད་པ་ནི་སྤྲུལ་པའི་སྐུ་ཡིན་ནོ་ཞེས་བཤད་པའི་རྒྱུད་ ཀྱི་དོན་བསྟན་པའི་ཕྱིར་དང་གཞུང་གཞན་དག་ལས་འོག་མིན་གྱི་གནས་ལས་བསྐྱོད་པར་མི་མཛད་དོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་བསྐྱེད་པ་དང་། སྤྲོ་བ་དང་། བསྡུ་བ་དང་། གནས་པ་དང་། བརྟན་པར་བསྒོམ་པས་དཀྱིལ་འཁོར་རྒྱལ་པོ་མཆོག་གི་དོན་བསྟན་ནས། སྤྲུལ་པ་བྱིན་གྱིས་ བརླབ་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པའི་གཞུང་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྡུ་བ་ནི། འདུས་པར་མཛད་པའོ། །དེ་སྔོན་དུ་འགྲོ་བའི་བྱིན་གྱིས་བརླབ་པའི་ཕྱིར་ཞེས་པ་ནི་ཡེ་ཤེས་སེམས་དཔའ་བཞུགས་པས་སོ། །དེའི་དོན་དུ་རྡོ་རྗེ་སེ་གོལ་གྱི་ མཚན་མ་མཛད་ནས་ཞེས་བྱ་བ་ནི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་ལྕགས་ཀྱུ་གཉིས་སུ་བྱས་ལ། ལག་པ་གཉིས་རྡོ་རྗེ་བཅིང་བར་བསྣོལ་ཏེ། རྡོ་རྗེ་སེ་གོལ་བརྡབས་པས། སངས་རྒྱས་ཐམས་ཅད་ཀྱང་གཤེགས་པར་གྱུར་ན་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་འདི་རྡོ་རྗེ་སེ་གོལ་ ཏེ། མིང་དེ་སྐད་ཅེས་བྱ་བའི་སྒྲ་མཛད་པའོ། །དེ་ནས་སྐད་ཅིག་མ་དེ་ཉིད་ལ་སྟེ་བསྐུལ་བའི་རྗེས་ཐོགས་ཉིད་ལ་ཞེས་བྱ་བའི་ཐ་ཚིག་གོ། །ཐང་ཅིག་ཡུད་ཙམ་ཞེས་བྱ་བའི་ཚིག་ནི་འཇིག་རྟེན་པའི་ཚིག་གི་ཚུལ་དུ་ཅུང་ཟད་ཅིག་ཏུ་ཉེ་བར་མཚོན་པ་ཡིན་ནོ། །སྐད་ཅིག་ཙམ་དེའི་ཚེ་ ཞེས་བྱ་བ་ནི་འདི་ཉིད་ལ་འཇུག་སྟེ། གང་གི་ཕྱིར་སྐད་ཅིག་མ་གཅིག་ལ་བྱོན་པའོ། །དེ་ཡང་། དེའི་ཚེ་སངས་རྒྱས་ཐམས་ཅད་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བཅས། །དཀྱིལ་འཁོར་ཐམས་ཅད་གང་བ་རྣམས། །དཀྱིལ་འཁོར་རྣམས་སུ་འདུས་པར་གྱུར། །ཞེས་ གསུངས་པ་ཡིན་ནོ། །སེ་གོལ་གྱི་སྒྲའི་མཚན་མས་བསྐུལ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་བཞུགས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་མང་པོ་དང་ བཅས་ཏེ། སྐད་ཅིག་མ་དེ་ཉིད་ལ་འདུས་པར་མཛད་ནས། ཁང་བུ་བརྩེགས་པ་གང་ན་བ་དང་། བཅོམ་ལྡན་འདས་གང་ན་བ་དེར་གཤེགས་ཤིང་བྱོན་ལ། གཤེགས་ནས་ཀྱང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་པཱ་ད་བནྡ་ནཾ་ཀ་རོ་མི་ཞེས་བྱ་བ་འདིས། ཞབས་ ལ་ཕྱག་འཚལ་ནས་ཀྱང་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞབས་ལ་ཕྱག་འཚལ་བས་ནི་དོན་འདི་སྟོན་པ་ཡིན་ཏེ། ཇི་ལྟར་བདག་ཅག་གི་རྣམ་པར་སྣང་མཛད་ལ་སོགས་པའི་ཡེ་ཤེས་སེམས་དཔའ་འོག་མིན་གྱི་གནས་ན་བཞུགས་ པ་ཉིད་ལས་སེམས་ཅན་གྱི་དོན་ལ་གཟིགས་ཏེ་རི་རབ་ཀྱི་སྟེང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་སོགས་པའི་སྤྲུལ་པ་རྫོགས་པར་མཛད་པ་དེ་བཞིན་དུ། བསྡུ་བས་བྱོན་པ་རྣམས་ཀྱང་ཐུགས་གཅིག་པའོ། །ཀུན་དུ་བཟང་པོ་ཞེས་བྱ་བ་ནི་སྐུ་དང་གསུང་དང་ཐུགས་གཅིག་པ་ཉིད་ལ་དགོངས་ ནས། འདིར་རྣམ་པར་སྣང་མཛད་ཉིད་ལ་ཀུན་དུ་བཟང་པོ་ཞེས་བྱ་བར་འདོད་དོ། །ཡང་ན་རྣམ་པར་སྣང་མཛད་ཆེན་པོ་ཉིད་ནི་ཀུན་དུ་བཟང་པོ་སྟེ། དེའི་སྤྱོད་པའི་མཆོག་ནི་མཛེས་པའི་སྤྱོད་པ་ཡིན་པས་སྤྱོད་པའི་མཆོག་སྟེ། ལྷ་སུམ་ཅུ་རྩ་བདུན་དུ་ལྷག་པར་མོས་པའི་རྣམ་པར་ཐར་ པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའོ། །འདིར་ཅི་ཞིག་ངོ་མཚར་ཆེ་ཞེ་ན། དེ་བཞིན་གཤེགས་པའི་འཁོར་ལོ་ཡི། །དབུས་ན་དེ་བཞིན་གཤེགས་པ་མཛེས། །ཞེས་བྱ་བ་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་ལོ་ནི་དེ་བཞིན་གཤེགས་པའི་ འཁོར་ལོ་སྟེ། བསྡུས་ནས་བྱོན་པའི་དཀྱིལ་འཁོར་གྱི་འཁོར་ལོའོ། །དེ་བཞིན་གཤེགས་པ་དེའི་འཁོར་ལོ་དེའི་དབུས་ན་བཅོམ་ལྡན་འདས་རྣམ་པར་སྣང་མཛད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་མཛེས་ཤིང་འབར་བར་གྱུར་པ་འདི་ནི་ངོ་མཚར་ཆེའོ། །འདིས་ནི་འདི་སྐད་ སྟོན་པ་ཡིན་ཏེ། དངོས་པོ་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པས། འདི་ནི་དེ་བཞིན་གཤེགས་པ་ཡིན་ལ། བདག་ཅག་གིས་ཀྱང་དངོས་པོ་ཐམས་ཅད་ཀྱི་དོན་ཇི་ལྟ་བ་བཞིན་དུ་རྟོགས་པས་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། དེ་རྣམ་པར་སྣང་མཛད་ལ་སོགས་ པ་གཅིག་པུའི་ཚུལ་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་ཡིན་ལ། ཐམས་ཅད་ཀྱི་གང་ཡིན་པ་ནི་གཅིག་གི་ཡང་དེ་ཡིན་ཏེ། ཐམས་ཅད་ཀྱང་ཚོགས་དང་། ཆོས་ཀྱི་སྐུ་དང་། འགྲོ་བའི་དོན་གྱི་བྱ་པས་མཚུངས་པ་ཉིད་ཡིན་པའི་ཕྱིར་རོ། །དེ་བས་ན་ཁོ་བོ་ཅག་ཐམས་ཅད་ཚུལ་འདིས་ གནས་མོད་ཀྱི། གདུལ་བྱ་རྣམས་ཀྱིས་ཀུན་དུ་བཟང་པོ་ཉིད་གཅིག་པུར་མཐོང་བ་འདི་ནི་ངོ་མཚར་ཆེའོ། །ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་འདུས་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ཐམས་ཅད་ནས་འདུས་ཏེ་བྱོན་པ་རྣམས་སོ། །དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བྱིན་གྱི་རླབས་ཀྱིས་ཞེས་བྱ་བ་ནི་མི་བསྐྱོད་པ་ལ་སོགས་པའི་མཐུས་ཏེ། མི་བསྐྱོད་པ་ལ་སོགས་པའི་ཚུལ་གྱིས་སེམས་དང་སེམས་ལས་བྱུང་བ་རྣམས་སྔོན་གྱི་འཕེན་པའི་ཤུགས་ཀྱི་སྟོབས་ཀྱིས་ཡེ་ཤེས་རྟོགས་པ་ཡིན་ནོ། །རྣམ་པར་སྣང་མཛད་ཀྱི་ཐུགས་སུ་ཞུགས་ནས་ཞེས་བྱ་བ་ནི་ དབུས་ན་བཞུགས་པའི་རྣམ་པར་སྣང་མཛད་ཀྱིའོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་ཞེས་བྱ་བ་ནི་རང་རང་གི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རང་རང་གི་ཐུགས་ཀར་ཞུགས་ཤིང་ཆུད་པར་གྱུར་ཏེ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ ཅད་ཀྱི་ཐུགས་ལས་ཞེས་འོག་ནས་བཤད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་ནས། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ལ་སོགས་པའི་ཐུགས་ལས། རང་རང་གི་བྱང་ཆུབ་སེམས་དཔའི་འཁོར་གྱི་ དཀྱིལ་འཁོར་དང་བཅས་ཏེ་བྱུང་ནས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ལས་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་མ་དང་། ཆོས་མ་དང་། ལས་མ་རྣམས་བྱུང་ཞིང་སྤྲུལ་ཏེ། སེམས་མ་རྡོ་རྗེ་མ་ལ་སོགས་པའི་ཚུལ་གྱིས་བཞུགས་པས་བདག་ཉིད་ཀྱི་ཏིང་ངེ་འཛིན་གྱི་ཚུལ་གྱིས་བཞུགས་སོ། ། མི་བསྐྱོད་པའི་ཐུགས་ལས་མི་བསྐྱོད་པ་དང་། རྡོ་རྗེ་སེམས་དཔའ་དང་། རྒྱལ་པོ་དང་། ཆགས་པ་དང་། ལེགས་པ་དང་། སྒེག་མོ་དང་། བདུག་པ་མ་དང་། ལྕགས་ཀྱུ་མ་དང་། བྱམས་པ་ལ་སོགས་པ་ཤར་ཕྱོགས་ཀྱི་ཆ་ལ་བཞུགས་པ་རྣམས་བྱུང་སྟེ། སྤྲུལ་པའི་མི་བསྐྱོད་པ་ལ་སོགས་པའི་ ཚུལ་གྱིས་བཞུགས་པས་རང་རང་གི་ཏིང་ངེ་འཛིན་གྱིས་བཞུགས་སོ། །བྱམས་པ་ལ་སོགས་པ་ཡང་རང་རང་གི་གནས་ཉིད་ནའོ། །གཞན་དག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །ཅིའི་ཕྱིར་རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཐམས་ཅད་ཞུགས་ཤེ་ན། རྣམ་པར་སྣང་མཛད་ནི་སངས་རྒྱས་ ཐམས་ཅད་བསྡུས་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་རོ། །དེའི་ཐུགས་ཀར་ཆུད་ནས་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀ་ནས་ཕྱུང་སྟེ་ལྷག་མ་གཞན་དག་ཀྱང་བྱིན་གྱིས་བརླབ་པ་ནི། དེའི་ཡན་ལག་གི་ཁྱད་པར་དུ་རྟོགས་པར་བྱ་བའི་ཕྱིར་ཡིན་ནོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་ པ་རྣམས་ཀྱིས་ཀྱང་མངོན་པར་འདོད་པའི་དོན་འགྲུབ་པར་བྱ་བའི་ཕྱིར། དཀྱིལ་འཁོར་སྤྲུལ་པ་བྱས་ནས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་མཛད་པ་དེ་ལྟར་རྗེས་སུ་སྤྱད་པར་བྱའོ་ཞེས་སྟོན་པ་ཡིན་ནོ། །རྒྱ་ཆེན་ཆེན་པོ་ཐོག་མེད་སྐྱེས། །ཞེས་བྱ་བ་ནི་རྒྱ་ཆེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་རྒྱ་ཆེན་པོ་ སྟེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་ན་གནས་པ་འཇིག་རྟེན་གསུམ་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་བཞུགས་པ་ཡིན་ནོ། །ཐོག་མེད་སྐྱེས་ཞེས་བྱ་བ་ནི། འདི་ལ་ཐོག་མ་ཡོད་པ་མ་ཡིན་པས་ན་ཐོག་མ་མེད་པ་སྟེ། བཅོམ་ལྡན་ འདས་རྣམ་པར་སྣང་མཛད་ཆེན་པོའོ། །དེ་ཉིད་ལས་སྐྱེས་པ་ནི་འདི་ལྟར་དེ་བཞིན་གཤེགས་པ་གཅིག་གི་ཐུགས་ཀ་ན་སངས་རྒྱས་ཐམས་ཅད་བཞུགས་པའི་ཕྱིར་རོ། །འདིར་ངོ་མཚར་ཅི་ཞིག་ཆེ་ཞེ་ན། རྡུལ་ཕྲ་རབ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། རྣམ་པར་སྣང་མཛད་ཀྱི་ཐུགས་ཀར་ཞུགས་ནས་གཅིག་ཏུ་གྱུར་པ་ཉིད་ཐོབ་པ་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་ཏེ། གདུལ་བྱ་རྣམས་ཀྱིས་དེ་ལྟར་མཐོང་གི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་གྱི་དེ་བཞིན་གཤེགས་པ་རྣམས་ལ་ནི་དོན་དམ་པར་གཅིག་པ་ཉིད་དང་དུ་མ་ཉིད་མངའ་བ་མ་ཡིན་ནོ། ། བསྡུ་བ་དང་བྱིན་གྱིས་བརླབ་པ་ལ་སོགས་པ་ནས། ཆེད་དུ་བརྗོད་པའི་བར་གྱི་གཞུང་འདིས་ནི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་སྟོན་པ་ཡིན་ནོ། །ཏིང་ངེ་འཛིན་གསུམ་པ་འདི་དག་ཀྱང་། གསང་བ་སྲ་ཞིང་མཐོ་བ་ལས་རྣམ་པར་ཕྱེ་སྟེ། བསྟན་པ་ཡིན་པས་སོམ་ ཉི་མི་བྱའོ། །དེ་ལྟར་ཏིང་ངེ་འཛིན་གསུམ་པ་བསྟན་པས། རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་ཐོབ་པའི་ཐབས་བསྟན་ནས། འདིར་དཀྱིལ་འཁོར་དུ་འཇུག་ཅིང་དབང་བསྐུར་བའི་ཐབས་ལ་འཇུག་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་འཛིན་པ་ཆེན་པོ་ལ་མིང་བརྒྱ་རྩ་བརྒྱད་པ་འདིས་གསོལ་བ་བཏབ་བོ་ཞེས་བྱ་བ་འདིར་སྦྱར་རོ། །ཅིའི་ཕྱིར་གསོལ་བ་བཏབ་ཅེ་ན། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་འདི་ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་ བསྟན་པ་འདིའོ། །བྱིན་གྱིས་བརླབ་པར་ཞེས་བྱ་བ་ནི་སློབ་དཔོན་གཅིག་ནས་གཅིག་ཏུ་བརྒྱུད་པའི་བྲི་བའི་ཚོགས་ཡུན་རིང་དུ་གནས་པ་དེས། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཇི་སྐད་དུ་བཤད་པའི་ཡོངས་སུ་བསྐྱབ་པ་ལ་སོགས་པ་འབྲས་བུ་ཐོབ་པའི་ཕྱིར། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པ་རྣམ་པར་སྣང་མཛད་ལ་སོགས་པའི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཆོས་ཀྱི་དབྱིངས་ལ་དམིགས་པའི་སེམས་དང་། མངོན་པར་ཤེས་པ་དྲུག་སྟེ། དེ་རྣམས་ཉིད་ཀྱི་མངོན་པར་ཤེས་པ་ཇི་སྐད་དུ་བཤད་པ་དྲུག་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། མངོན་པར་ཤེས་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་རྟོགས་པ་སྟེ། དེ་ཉིད་དངོས་གྲུབ་དམ་པ་ཞེས་བྱ་བ་སྟེ། དེ་དག་གི་ཕྱིར་གསོལ་བ་འདེབས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་ལ་ཞེས་བྱ་བ་ནི་མི་ དམིགས་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཀུན་དུ་བཟང་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སྟེ། གང་གི་ཕྱིར་འདི་ལས་སྔོན་གྱི་འཕེན་པའི་ཤུགས་ཀྱིས་ཉེ་བར་སྐྱེ་ཞིང་དེ་དག་ཀྱང་དེའི་དབང་གིས་འཇུག་པ་ཡིན་ནོ། །དེ་བས་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱི་བདག་པོ་ཞེས་བྱའོ། །དེ་ཡང་དེ་རྣམས་ཀྱི་བདག་ཉིད་ནི་རྡོ་རྗེ་སེམས་དཔའ་ཡིན་པས་དེའི་ཕྱིར། རང་གི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་གསུངས་ཏེ། དེ་ཡང་རང་བཞིན་གྱིས་འོད་གསལ་བ་ཉིད་ཀྱིས། རྟག་ཏུ་གཉིས་སུ་མེད་པ་ཉིད་ལ། དེ་ནས་ཐོག་མ་དང་ཐ་མ་མེད་པ་ཞེས་ གསུངས་སོ། །དེ་ཉིད་ཀྱིས་ན་དེ་བཞིན་གཤེགས་པའི་རྡོ་རྗེ་ཆེན་པོ་འཛིན་པར་མཛད་དེ། དེའི་ཕྱིར་རྡོ་རྗེ་ཆེན་པོ་འཛིན་པ་ལ་ཞེས་སྨོས་སོ། །འདིས་ཞེས་བྱ་བ་ནི་འོག་ནས་བཤད་པ་ཐུགས་ལ་བཞག་སྟེ་གསུངས་པའོ། །གསོལ་བ་བཏབ་བོ་ཞེས་བྱ་བ་ནི་གསོལ་བ་བཏབ་པར་གྱུར་པའོ། ། དེ་བསྟེན་པ་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ནི་འདིར་བཛྲ་སཏྭ་ཞེས་བྱ་བའི་ཚུལ་ནི་སྙིང་པོར་གསུངས་པ་ཡིན་ཏེ། ཁྱེད་ནི་རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་སྒྲའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་དཔའ་ཆེ་ཞེས་བྱ་བ་ནི་ ཆོས་ཀྱི་དབྱིངས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་སོགས་པར་སྤྲོ་བ་ནི་སེམས་དཔའ་ཆེན་པོའོ། །རྡོ་རྗེ་ནི་འདིར་རྡོ་རྗེ་རྩེ་ལྔ་པའོ། །དེ་བཞིན་གཤེགས་པ་ཀུན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་སངས་རྒྱས་རྣམས་ཀྱི་ཚུལ་གྱིས་ན་དེ་བཞིན་ གཤེགས་པ་ཀུན་ནོ། །རྡོ་རྗེ་རྒྱལ་པོ་ལ་སོགས་པ་རྣམས་ལ་ཐོག་མ་ཁོ་ནར་འཁྲུངས་པས་ན་རྡོ་རྗེ་དང་པོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གཅིག་ཏུ་གྱུར་པ་ལས་བསྐྱེད་པ་ནི་རྡོ་རྗེ་སེམས་དཔའི་སྐུ་ཡིན་པས་ན་ཀུན་དུ་བཟང་པོའོ། །རྡོ་རྗེས་ཉེ་བར་མཚོན་པའི་ཕྱག་མངའ་ བས་ན་ཕྱག་ན་རྡོ་རྗེའོ། །དེ་ལྟར་ན་མཚན་བདུན་ནོ། །བཛྲ་རཱ་ཛ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་སྙིང་པོའོ། །སངས་རྒྱས་མཆོག་ཅེས་བྱ་བ་ནི་དེ་ཉིད་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་འདྲེན་པའི་ལས་ཀྱི་ཤིན་ཏུ་སངས་རྒྱས་རྣམས་ཀྱི་མཆོག་གོ། །རྡོ་རྗེ་ལྕགས་ཀྱུ་ཞེས་ བྱ་བ་ནི་དེ་ཉིད་ཀྱི་མཚན་མའི་ཕྱག་རྒྱ་གང་ཡིན་པ་དེ་ནི་ལྕགས་ཀྱུ་ཡིན་ནོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་ཡིན་པས་དེ་བཞིན་གཤེགས་པའོ། །དོན་ཡོད་རྒྱལ་པོ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་པོའི་སྐུའི་ཚུལ་གྱིས་སོ། །རྡོ་རྗེ་ མཆོག་ཅེས་བྱ་བ་ལ། རྡོ་རྗེ་ནི་དེ་བཞིན་གཤེགས་པ་རྣམས་ཏེ། བསྡུ་བའི་དངོས་པོ་བཞིའི་ཚུལ་གྱིས་དེ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །དེ་ཉིད་གང་གི་ཚེ་དེ་བཞིན་གཤེགས་པ་རྣམས་ཀྱིས་རྡོ་རྗེ་ལྕགས་ཀྱུ་སྩལ་ནས་མིང་གི་དབང་བསྐུར་བས་དབང་བསྐུར་བ་དེའི་ཚེ། རྡོ་རྗེ་འགུགས་པ་ཞེས་ བྱའོ། །དེ་ལྟར་མཚན་བདུན་ནོ། །བཛྲ་རཱ་ག་ཞེས་བྱ་བ་ནི་རྡོ་རྗེ་ཆགས་པའི་སྙིང་པོའོ། །བདེ་བ་ཆེན་པོ་ཞེས་བྱ་བ་ནི་བདེ་བ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་བདེ་བ་ཆེན་པོ་སྟེ། བདེ་བ་ཆེན་པོ་ཉིད་ལ་བདེ་བ་ཆེན་པོ་ཞེས་བྱའོ། །དེ་ཡང་། ཀུན་གྲུབ་མི་འགྱུར་བདེ་བ་ནི། བདེ་བ་ཆེན་ པོ་ཞེས་བཤད་དོ། །ཞེས་གསུངས་པས་ཆོས་བདག་མེད་པའི་ཡེ་ཤེས་ནི་བདེ་བ་ཆེན་པོའོ། །རྡོ་རྗེ་མདའ་ནི་ཞེས་བྱ་བ་ནི་དེའི་མཚན་མའི་ཕྱག་རྒྱའོ། །དབང་བྱེད་པ་ཞེས་བྱ་བ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་དབང་དུ་མཛད་པས་ན་དབང་དུ་ མཛད་པའོ། །བདུད་ཀྱི་འདོད་པ་ཞེས་བྱ་བ་ནི། བདུད་ཀྱང་ཡིན་ལ་འདོད་པ་ཡང་ཡིན་པས་ན་བདུད་ཀྱི་འདོད་པ་སྟེ། ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་གསོད་པས་ན་བདུད་དོ། །དེ་ཉིད་ནི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ན་འདོད་པ་སྟེ། འདི་ནི་མཚན་གཅིག་ཡིན་ནོ། ། འདིས་ནི་རྡོ་རྗེ་ཆགས་པའི་སྐུའི་ཚུལ་བཤད་པ་ཡིན་ནོ། །རྡོ་རྗེ་ཆེ་ཞེས་བྱ་བ་ནི་སྤྲོ་བའི་ཚུལ་གྱིས་སོ། །རྡོ་རྗེ་གཞུ་ཞེས་བྱ་བ་ནི་མཚན་མའི་སྒོ་ནས་ཏེ། དེ་ལྟར་ན་བདུན་ནོ། །བཛྲ་སཱ་དྷུ་ཞེས་བྱ་བའི་མཚན་འདི་ནི་རྡོ་རྗེ་ལེགས་པའི་སྙིང་པོའི་སྒོ་ནས་སོ། །སེམས་དཔའ་མཆོག་ཅེས་བྱ་བ་ ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགྱེས་པ་ཡང་དག་པར་བསྐྱེད་པས་བླ་ན་མེད་པ་ཡིན་པས་སེམས་དཔའ་མཆོག་གོ། །རྡོ་རྗེ་མགུ་བ་ཞེས་བྱ་བ་ནི་དེ་ཉིད་ཀྱི་མཚན་མའི་ཕྱག་རྒྱ་ནི་རྡོ་རྗེ་མགུ་བའོ། །དགའ་བ་ཆེ་ཞེས་བྱ་བ་ནི་མགུ་བའི་ཚུལ་གྱིས་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པས་ སོ། །རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཅེས་བྱ་བ་ནི། རབ་དགྱེས་རྒྱལ་པོ་ཡང་ཡིན་ལ། རྡོ་རྗེ་མཆོག་ཀྱང་ཡིན་པས། རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག་སྟེ། རྡོ་རྗེ་ལེགས་པའི་སྐུའོ། །དེ་ལ་རབ་དགྱེས་ནི་ཡིད་བདེ་བའོ། །དེས་མཛེས་ཤིང་འབར་བས་ན་རབ་དགྱེས་རྒྱལ་པོའོ། །དེ་ ཉིད་ནི་རྡོ་རྗེ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་མཆོག་ཏུ་གྱུར་པས། རབ་དགྱེས་རྒྱལ་པོ་རྡོ་རྗེ་མཆོག །ཅེས་བྱའོ། །རྡོ་རྗེ་དགྱེས་ཁྱོད་ཅེས་བྱ་བའི་མཚན་འདི་ནི་མིང་གི་དབང་བསྐུར་བ་སྟེ་དེ་ལྟར་ན་ལྔའོ། །བཛྲ་རཏྣ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་སྙིང་པོའི་སྒོ་ནས་སོ། ། རྡོ་རྗེའི་དོན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་ཉིད་ཀྱིས་ན་མཆོག་ཏུ་གྱུར་པའི་ཕྱིར་རྡོ་རྗེ་བཟང་པོའི་དོན་ཏེ། རྡོ་རྗེ་རྣམས་ཀྱི་དོན་མཛེས་པའོ། །རྡོ་རྗེ་ནམ་མཁའ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་འབྱུང་གནས་ཡིན་པ་དང་། ནམ་མཁའ་དང་མཉམ་པའི་འོད་ མངའ་བས་ན་རྡོ་རྗེ་ནམ་མཁའོ། །ནོར་བུ་ཆེ་ཞེས་བྱ་བ་ནི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་ནམ་མཁའ་ཁྱབ་པར་སྤྲོས་པས་ན་ནོར་བུ་ཆེའོ། །ནམ་མཁའི་སྙིང་པོ་རྡོ་རྗེས་ཕྱུག །ཅེས་བྱ་བ་ནི། ནམ་མཁའི་སྙིང་པོ་ཡང་ཡིན་ལ། རྡོ་རྗེས་ཕྱུག་པ་ཡང་ཡིན་པས་ན། ནམ་མཁའི་སྙིང་པོ་ རྡོ་རྗེས་ཕྱུག །ཅེས་བྱ་བ་སྟེ། ནམ་མཁའི་སྙིང་པོའི་སྐུ་ནི་ནམ་མཁའི་སྙིང་པོ་ཉིད་ཡིན་པར་ཡང་དག་པར་བརྙེས་པའོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་རྡོ་རྗེ་སྙིང་པོ་ཞེས་བྱ་སྟེ། དེ་ལྟར་ན་མཚན་དྲུག་ཡིན་ནོ། །བཛྲ་ཏེ་ཛ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །ཆེར་ འབར་བ་ཞེས་བྱ་བ་ནི་ནམ་མཁའ་ཁྱབ་པའི་འོད་མངའ་བའོ། །རྡོ་རྗེ་ཉི་མ་ཞེས་བྱ་བ་ནི་རྡོ་རྗེ་ཉི་མའི་ཕྱག་རྒྱའི་ཚུལ་གྱི་སྒོ་ནས་སོ། །རྒྱལ་བའི་འོད་ཅེས་བྱ་བ་ནི་རྒྱལ་བ་རྣམས་ཀྱི་འོད་ཀྱི་མདངས་འདི་ལ་མངའ་བས་ན་རྒྱལ་བའི་འོད་དེ། ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་བྱུང་ བའི་དེ་བཞིན་གཤེགས་པ་ཕྲ་རབ་བསྡུས་པ་ཉིད་ཀྱིས་ནི། དེའི་མདངས་བརྙེས་པས་རྒྱལ་བའི་འོད་ཅེས་བྱའོ། །རྡོ་རྗེའི་འོད་ཟེར་ཞེས་བྱ་བ་ནི་མི་ཕྱེད་པའི་འོད་འདི་ལ་མངའ་བས་ན་རྡོ་རྗེའི་འོད་ཟེར་རོ། །གཟི་བརྗིད་ཆེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་ རྡུལ་ཤིན་ཏུ་ཕྲ་མོ་དང་མཉམ་པའི་ཉི་མ་རྣམ་པར་ལྷག་པའི་འོད་མངའ་བས་ན་གཟི་བརྗིད་ཆེའོ། །རྡོ་རྗེའི་འོད་ཅེས་བྱ་བ་ནི་མིང་གི་དབང་བསྐུར་བའི་མཚན་ཏེ། དེ་ལྟར་ན་མཚན་བདུན་ནོ། །བཛྲ་ཀེ་ཏུ་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །སེམས་ཅན་དོན་རབ་ཅེས་བྱ་བ་ནི་སེམས་ཅན་རྣམས་ ཚིམ་པར་མཛད་པས་ན། སེམས་ཅན་རྣམས་ཀྱི་དོན་མཛད་པ་འདི་ལ་མངའ་བས་ན་སེམས་ཅན་དོན་རབ་བོ། །རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་ནི་མཚན་མའི་ཕྱག་རྒྱའི་ཚུལ་གྱིས་ན་རྡོ་རྗེ་རྒྱལ་མཚན་ཞེས་བྱའོ། །རབ་དགའ་བྱེད་ཅེས་བྱ་བ་ནི་རྡོ་རྗེ་རྒྱལ་མཚན་དེ་ཉིད་ཀྱིས་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་སྦྱོར་བས་ན་རབ་དགའ་བྱེད་དོ། །རྡོ་རྗེ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་རྒྱལ་མཚན་གྱི་ཕྱག་རྒྱས་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པས་ན་རྡོ་རྗེ་ཆེན་པོའོ། །རིན་ཆེན་དབལ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་རིན་ཆེན་དབལ་གྱི་ སྐུ་ལ་བྱ་བར་བཤད་དོ། །རྡོ་རྗེ་དབལ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས། དེ་ལྟར་ན་མཚན་བདུན་ནོ། །བཛྲ་ཧཱ་ས་ཞེས་བྱ་བ་ནི་སྙིང་པོའི་སྒོ་ནས་སོ། །བཞད་པ་ཆེན་པོ་ཞེས་བྱ་བ་ནི། བཞད་པའི་ཕྱག་རྒྱས་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པས་ན་བཞད་པ་ཆེའོ། ། རྡོ་རྗེ་འཛུམ་པ་ཞེས་བྱ་བ་ནི་རྡོ་རྗེ་བཞད་པའི་མཚན་མའི་ཕྱག་རྒྱ་ལ་དེ་སྐད་ཅེས་བྱ་བར་བཤད་དོ། །ཕྱག་རྒྱ་དེ་ཉིད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་འཛུམ་པ་ལ་ངེས་པར་སྦྱོར་བར་མཛད་པས་ན་ངོ་མཚར་ཆེ་ཞེས་བྱ་སྟེ། རྣམ་པར་རྟོག་པ་མི་མངའ་བ་རྣམས་ལ་ནི་བཞད་པ་མི་མངའ་ བའི་ཕྱིར་རོ། །དགའ་ཞིང་རབ་དགའ་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་དགའ་བ་དང་མགུ་བ་གང་ལ་མངའ་བ་དེ་ནི་དགའ་ཞིང་རབ་དགའ་སྟེ། རྡོ་རྗེ་བཞད་པའི་སྐུའོ། །རྡོ་རྗེ་སྟོན་ཞེས་བྱ་བ་ནི་རྡོ་རྗེ་སྟོན་པ་འདི་ལ་མངའ་བས་ན་རྡོ་རྗེ་སྟོན་ཏེ་འཛུམ་པའི་ཁོངས་སུ་གཏོགས་པ་མི་དམིགས་ པའི་ཆོས་ཀྱི་སྦྱིན་པའི་རྡོ་རྗེ་ཉེ་བར་སྟོན་པའོ། །རྡོ་རྗེ་དགའ་བ་ཞེས་བྱ་བའི་མིང་གི་དབང་བསྐུར་བས་ན་དེའི་སྒོ་ནས་འདི་སྐད་ཅེས་བྱ་སྟེ། དེ་ལྟར་མཚན་བདུན་ནོ། །རྡོ་རྗེ་ཆོས་ནི་བཛྲ་དྷརྨྨ་ཞེས་བྱ་བའི་སྙིང་པོའི་སྒོ་ནས་སོ། །རབ་དགའ་དེ་ཉིད་དོན་ནི་མཛེས་པའི་དེ་ཁོ་ན་ཉིད་ནི་དེ་ཉིད་དོན་ ཏེ། རང་བཞིན་གྱིས་དག་པའི་དོན་ལ་འདི་སྐད་ཅེས་བྱའོ། །རྡོ་རྗེ་པདྨོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་པདྨོའི་ཕྱག་རྒྱ་ལ་བྱའོ། །རབ་དགའ་བྱེད་ཅེས་བྱ་བ་ནི་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ཤིན་ཏུ་སྦྱོང་བར་མཛད་པས་ན་རབ་ དགའ་བྱེད་དོ། །འཇིག་རྟེན་དབང་ཕྱུག་ཅེས་བྱ་བ་ལ་འཇིག་རྟེན་ནི་སེམས་ཅན་གྱི་ཁམས་རྣམས་སོ། །དབང་ཕྱུག་ནི་དེའི་གཙོ་བོ་ཡིན་པས་ན་རྡོ་རྗེ་ཆོས་ཀྱི་སྐུའོ། །རྡོ་རྗེ་སྤྱན་ཞེས་བྱ་བ་ནི་རྡོ་རྗེ་སྤྱན་གྱི་ཕྱག་རྒྱ་མཛེས་པ་མངའ་བས་རྡོ་རྗེ་སྤྱན་ནོ། །རྡོ་རྗེ་སྤྱན་ཁྱོད་ཅེས་བྱ་བ་ནི་མིང་གི་དབང་ བསྐུར་བའི་སྒོ་ནས་ཏེ། དེ་ལྟར་ན་མཚན་བདུན་ནོ། །རྡོ་རྗེ་རྣོན་པོ་ནི་བཛྲ་ཏཱིཀྵྞ་ཞེས་བྱ་བ་སྟེ། སྙིང་པོའི་སྒོ་ནས་སོ། །ཐེག་པ་ཆེན་པོ་ཞེས་བྱ་བ་ནི་ཤེས་རབ་དང་ཡེ་ཤེས་ཆེན་པོའི་ངོ་བོ་ཉིད་ཡིན་པས་ན་ཐེག་པ་ཆེན་པོ་ཉིད་དོ། །བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་ལོ། ། རྡོ་རྗེ་རལ་གྲི་ཞེས་བྱ་བ་ནི་རལ་གྲིའི་ཕྱག་མཚན་གྱི་སྒོ་ནས་སོ། །མཚོན་ཆེན་པོ་ཞེས་བྱ་བ་ནི་རལ་གྲིས་ནམ་མཁའ་ཁྱབ་པར་མཛད་པའོ། །འཇམ་དཔལ་ཞེས་བྱ་བ་ནི་འཇམ་དཔལ་གཞོན་ནུའི་སྐུ་མངའ་བས་སོ། །རྡོ་རྗེ་རབ་ཏུ་ཟབ་ཅེས་བྱ་བ་ནི་རྡོ་རྗེ་དང་འདྲ་བའི་ཤེས་རབ་ཟབ་མོ་ འདི་ལ་མངའ་བས་ན་དེ་སྐད་ཅེས་བྱའོ། །རྡོ་རྗེ་བློ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་ཏེ། དེ་ལྟར་ན་མཚན་བདུན་ནོ། །རྡོ་རྗེ་རྒྱུ་ནི་བཛྲ་ཧེ་ཏུ་ཞེས་བྱ་བ་སྟེ། སྙིང་པོའི་སྒོ་ནས་སོ། །སྙིང་པོ་ཆེ་ཞེས་བྱ་བ་ནི་འཁོར་ལོའི་ཕྱག་རྒྱས་ནམ་མཁའ་ཁྱབ་པར་མཛད་པའོ། །རྡོ་རྗེ་འཁོར་ ལོ་ཞེས་བྱ་བ་ནི་འཁོར་ལོའི་ཕྱག་རྒྱའི་སྒོ་ནས་སོ། །ཚུལ་ཆེན་པོ་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནམ་མཁའ་ཁྱབ་པར་སྤྲོས་པས་སོ། །རབ་བསྐོར་ཞེས་བྱ་བ་ནི། དེ་ཉིད་སེམས་བསྐྱེད་པ་ཙམ་གྱིས་རབ་ཏུ་བསྐོར་བར་མཛད་པས་ན་རབ་ བསྐོར་རོ། །རྡོ་རྗེ་ལས་བྱུང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡོ་རྗེ་ལས་བྱུང་བའི་ཕྱིར་རོ། །རྡོ་རྗེ་སྙིང་པོ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་ཏེ། དེ་ལྟར་ན་མཚན་བདུན་ནོ། །རྡོ་རྗེ་གསུང་བ་ཞེས་བྱ་བ་ནི་བཛྲ་བྷཱ་ཥ་སྟེ་སྙིང་པོའི་སྒོ་ནས་སོ། །རང་ རིག་མཆོག་ཅེས་བྱ་བ་ནི་མཛེས་པའི་རིག་པ་ཡིན་པས་ན་རང་རིག་སྟེ། སོ་སོ་ཡང་དག་པར་རིག་པ་བཞིའི་རང་བཞིན་གྱི་སྒྲའི་རྗེས་སུ་འགྲོ་བའི་ཤེས་རབ་པོ། །ཚུལ་དེ་ཉིད་ཀྱིས་ན་མཆོག་ཡིན་པས་ན་རང་རིག་མཆོག་གོ། །རྡོ་རྗེ་ཟློས་པ་ཞེས་བྱ་བ་ནི་ལྗགས་ཀྱི་ཕྱག་རྒྱའི་སྒོ་ནས་སོ། ། རབ་སྒྲུབ་སྦྱིན་ཞེས་བྱ་བ་ནི་ལྗགས་ཀྱི་ཕྱག་རྒྱ་དེས་དངོས་གྲུབ་བཟང་པོ་སྩོལ་བར་མཛད་པས་ན་རབ་སྒྲུབ་སྦྱིན་ནོ། །མི་གསུང་རྡོ་རྗེ་ཞེས་བྱ་བ་ནི་རྡོ་རྗེ་གསུང་གི་སྐུ་ལའོ། །མཆོག་གྲུབ་པ་ཞེས་བྱ་བ་ནི་རྡོ་རྗེ་ལྗགས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལས་རང་གིས་དངོས་གྲུབ་བརྙེས་པས་ན་མཆོག་ གྲུབ་པའོ། །རྡོ་རྗེ་གསུང་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་ཏེ། དེ་ལྟར་ན་མཚན་བདུན་ནོ། །རྡོ་རྗེ་ལས་ནི་བཛྲ་ཀརྨྨ་ཞེས་བྱ་བ་སྟེ་སྙིང་པོའི་སྒོ་ནས་སོ། །རབ་རྡོ་རྗེའི་བཀའ་ཞེས་བྱ་བ་ནི་ཤིན་ཏུ་བཟང་པོའི་རྡོ་རྗེ་ནི་རབ་རྡོ་རྗེ་སྟེ། དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི་བཀའ་ ནི་བསྒོ་བ་སྟེ། སངས་རྒྱས་ཀྱི་སྤྲུལ་པ་དང་། སེམས་ཅན་རྣམས་ཀྱི་དོན་བྱ་བའོ། །དེ་འདི་ལ་མངའ་བས་ན་རབ་རྡོ་རྗེའི་བཀའོ། །ལས་ཀྱི་རྡོ་རྗེ་ཞེས་བྱ་བ་ནི། རྩེ་མོ་བཅུ་གཉིས་པའི་སྣ་ཚོགས་རྡོ་རྗེའི་ཕྱག་རྒྱའི་སྒོ་ནས་སོ། །ཀུན་རབ་འགྲོ་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེས་ནམ་མཁའ་ ཁྱབ་པའོ། །རྡོ་རྗེ་ངེས་པ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྣ་ཚོགས་རྡོ་རྗེའི་སྐུའི་སྒོ་ནས་སོ། །རྒྱ་ཆེ་བ་ཞེས་བྱ་བ་ནི་མཆོད་པ་མ་ལུས་ཤིང་ལུས་པ་མེད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པས་ན་རྒྱ་ཆེ་བའོ། །རྡོ་རྗེ་ཀུན་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་ཏེ། དེ་ལྟར་ ན་མཚན་བདུན་ནོ། །རྡོ་རྗེ་བསྲུང་བ་ནི་བཛྲ་རཀྵ་སྟེ་སྙིང་པོའི་སྒོ་ནས་སོ། །བརྟན་པ་ཆེ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པའི་ལས་ཀྱི་བརྩོན་འགྲུས་ཀྱི་ཚུལ་གྱིས་སོ། །རྡོ་རྗེ་གོ་ཆ་ཞེས་བྱ་བ་ནི་གོ་ཆའི་ཕྱག་རྒྱའི་སྒོ་ནས་སོ། །སྲ་བ་ཆེ་ཞེས་བྱ་བ་ནི་དེ་ཉིད་གཞིག་པར་དཀའ་བ་ཡིན་པའི་ ཕྱིར་རོ། །བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་མཆོག་ཀྱང་ཡིན་ལ་ཐུབ་པར་དཀའ་བ་ཡང་ཡིན་པས་ན། བརྩོན་འགྲུས་མཆོག་ནི་ཐུབ་པར་དཀའ། །ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་བསྲུང་བའི་སྐུའོ། །རྡོ་རྗེ་བརྩོན་འགྲུས་ཞེས་ བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་ཏེ། དེ་ལྟར་ན་མཚན་བདུན་ནོ། །རྡོ་རྗེ་གནོད་སྦྱིན་ནི་བཛྲ་ཡཀྵ་སྟེ་སྙིང་པོའི་སྒོ་ནས་སོ། །ཐབས་ཆེན་པོ་ཞེས་བྱ་བ་ནི་འཁོར་གསུམ་ཡོངས་སུ་དག་པའི་སོ་སོར་རྟོགས་པའི་བརྩོན་འགྲུས་ཀྱིས་བདུད་ཐམས་ཅད་ཉེ་བར་མི་དམིགས་པའི་བརྩོན་འགྲུས་ཆེན་ པོ་མངའ་བའི་ཕྱིར་རོ། །རྡོ་རྗེ་མཆེ་བ་ཞེས་བྱ་བ་ནི་མཆེ་བའི་ཕྱག་རྒྱའི་སྒོ་ནས་སོ། །འཇིགས་པ་ཆེ་ཞེས་བྱ་བ་ནི་མཆེ་བའི་ཕྱག་རྒྱ་དེ་ཉིད་ཀྱིས་ནམ་མཁའ་ཐམས་ཅད་ཁྱབ་པར་མཛད་པས་སོ། །བདུད་འཇོམས་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྡོ་རྗེ་གནོད་སྦྱིན་གྱི་སྐུ་ལའོ། །རྡོ་རྗེ་མི་ བཟད་པ་ཞེས་བྱ་བ་ནི་རྡོ་རྗེ་མཆེ་བའི་ཕྱག་རྒྱས་དེ་བཞིན་གཤེགས་པ་ཐམས་ཅད་འཇིགས་པར་མཛད་པས་ན་རྡོ་རྗེ་མི་བཟད་པའོ། །རྡོ་རྗེ་དྲག་པོ་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་ཏེ། དེ་ལྟར་ན་མཚན་བདུན་ནོ། །རྡོ་རྗེ་མཚམས་སྦྱོར་བ་ནི་བཛྲ་སནྡྷི་སྟེ་སྙིང་པོའི་སྒོ་ནས་སོ། །རབ་ བསྡུས་ཉིད་ཅེས་བྱ་བ་ནི་ཤིན་ཏུ་བསྡུས་པའི་བྱིན་གྱིས་རློབ་པའི་ལས་མཛད་པས་ན་རབ་བསྡུས་ཉིད་དོ། །རྡོ་རྗེ་འཆིང་བ་ཞེས་བྱ་བ་ནི་མཚན་མའི་ཕྱག་རྒྱའི་སྒོ་ནས་སོ། །རབ་གྲོལ་བྱེད་ཅེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་སྦྱོར་བས་སྒྲིབ་པ་ཐམས་ཅད་ལས་རབ་ཏུ་ཐར་བར་མཛད་པས་ན་རབ་གྲོལ་བྱེད་ དོ། །རྡོ་རྗེ་ཁུ་ཚུར་དམ་ཚིག་མཆོག །ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་སྐུའི་སྒོ་ནས་སོ། །རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི་མིང་གི་དབང་བསྐུར་བའི་སྒོ་ནས་ཏེ། འདི་ལ་མཚན་དྲུག་གོ། །དེ་ལྟར་ན་མཚན་བརྒྱ་རྩ་བརྒྱད་དུ་འགྱུར་རོ། །འཆིང་བ་ནི་ཞེས་བྱ་བ་ནི་ཚིག་ དང་དོན་གྱི་སྒོ་ནས་སམ། བཟླས་པ་དང་སྒོམ་པའི་སྒོ་ནས་སོ། །ཞི་བ་ཞེས་བྱ་བ་ནི་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པའི་རྒྱུར་གྱུར་པས་ན་ཞི་བའོ། །རྡོ་རྗེ་མིང་དབང་བསྐུར་ལ་སོགས། །ཞེས་བྱ་བ་ནི་ཇི་ལྟར་རྡོ་རྗེ་འཆང་བ་ཆེན་པོ་ལ་མིང་གི་དབང་བསྐུར་བ་ལ་སོགས་པ་མཚན་བརྒྱ་རྩ་ བརྒྱད་མངའ་བ་དེ་བཞིན་དུ། སྒྲུབ་པ་པོ་འདི་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བར་འགྱུར་རོ། །གང་ཞིག་ཅེས་བྱ་བ་ནི་གང་ལ་ཡོད་པའོ། །ཡོན་ཏན་ཞེས་བྱ་བ་ནི་ཡོན་ཏན་གྱི་རྒྱུར་གྱུར་པས་ན་ཡོན་ཏན་ནོ། །མིང་རྣམས་ཀྱིས་ཞེས་བྱ་བ་ནི་མཚན་ བརྒྱ་རྩ་བརྒྱད་པའོ། །གང་ཞིག་ལ་ཞེ་ན། རྡོ་རྗེ་འཆང་ཆེན་པོ་ལའོ། །རྟག་ཏུ་ཞེས་བྱ་བ་ནི་རྒྱུན་མི་འཆད་པའི་སྦྱོར་བའོ། །དབྱངས་ཀྱིས་བསྟོད་པས་ཞེས་བྱ་བ་ནི་རྣལ་མ་ཉིད་ཡིན་པའི་ཕྱིར་རྡོ་རྗེ་འཆང་ཆེན་པོ་ལ་དེའི་ཡང་དག་པའི་ཡོན་ཏན་བརྗོད་པར་འདོད་པས་སོ། །དེ་ཡང་རྡོ་རྗེ་ འཆང་འདྲར་འགྱུར། །ཞེས་བྱ་བ་ནི། རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་བའོ། །ཐེག་པ་ཆེན་པོ་རྟོགས་པའི་ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་རོ། །ཚུལ་ཆེན་ཡང་ནི་རྒྱས་པར་མཛོད། །ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ལམ་འབྲས་བུ་དང་བཅས་པ་ཐོབ་པའི་རྒྱུར་གྱུར་པའི་ དཀྱིལ་འཁོར་འདི་ནི་ཚུལ་ཆེན་པོ་ཡིན་ཏེ། སེམས་ཅན་སྐལ་པ་ཇི་ལྟ་བ་བཞིན་དུ་ཕྱོགས་བཅུར་རྒྱས་ཤིང་བསྐོར་བར་མཛོད་ཅེས་པའོ། །སངས་རྒྱས་ཀུན་གྱི་འཁོར་ལོ་ཆེ། །ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་རྣམས་ཀྱི་ཚོགས་པ་འདིར་མཛད་པས་ན་དེ་སྐད་ཅེས་ བྱའོ། །ཆོ་གའི་མཆོག་ནི་བཤད་པར་གསོལ། །ཞེས་བྱ་བ་ནི་མདོ་སྡེའི་སྤྱོད་པའི་ཆོ་ག་ལ་ལྟོས་ན་སྔགས་ཀྱི་ཚུལ་གྱི་ཆོ་ག་ཁྱད་པར་དུ་འཕགས་པ་ཡིན་པས་ཆོ་གའི་མཆོག་ཅེས་བྱ་སྟེ། གང་གི་ཕྱིར་མདོ་སྡེ་ལ་སྤྱོད་པ་རྣམས་བསྐལ་པ་གྲངས་མེད་པ་གསུམ་གྱིས་མངོན་པར་འཚང་རྒྱ་བ་ ཡིན་ལ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་ཚེ་འདི་ཉིད་ལ་རབ་ཏུ་དགའ་བའི་ས་ཐོབ་ནས་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་ དཀྱིལ་འཁོར་ཆེན་པོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གོ། །དེ་འབྱུང་བ་ནི་རྡོ་རྗེ་གང་ལས་བྱུང་བ་སྟེ། དེ་བྱིན་གྱིས་བརླབ་པའི་ཕྱིར་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་སྟེ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་གསུངས་ པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ནི་འདས་མ་ཐག་པའོ། །གང་ཕྱིར་ཞེས་བྱ་བ་ནི་རྒྱུ་སྟེ་དེས་ན་འདི་འབྱུང་བ་ནི་གང་གི་ཕྱིར་མིང་ལ་སོགས་པ་ཁ་ཅིག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དེ་བཞིན་གཤེགས་པས་རི་རབ་ཀྱི་རྩེ་མོར་སྤྲུལ་ པ་ལྟ་བུའི་སྐལ་པ་དང་མི་ལྡན་པ་ཡིན་ལ། དེ་བས་ན་དེ་རྣམས་ཀྱིས་མཐོང་བས་ཕྱིར་མི་ལྡོག་པའི་ས་བོན་བསྐྱེད་པར་བྱ་བའི་ཕྱིར་ཡང་དག་པར་བཤད་དོ་ཞེས་བྱ་བ་སྟེ། ཡང་དག་པར་རྣམ་པར་ཕྱེ་ནས་རབ་ཏུ་བཤད་ཅིང་བསྟན་པས་ན་ཡང་དག་པར་བཤད་ཅེས་བྱའོ། །དཀྱིལ་འཁོར་ ཆེན་པོ་ཞེས་བྱ་བ་ནི། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་སྐུའི་གསང་བ་གཙོ་བོར་གྱུར་པ་ཡིན་གྱི། ཐུགས་ལ་སོགས་པ་གཙོ་བོར་གྱུར་པ་གཟུགས་ཀྱི་དཀྱིལ་འཁོར་ལ་སོགས་པ་ནི་མ་ཡིན་ནོ། །དེ་ཉིད་མཆོག་ཏུ་གྱུར་པས་ན་དམ་པ་སྟེ། གང་གི་ཕྱིར་ཚེ་འདི་ཉིད་ལ་ས་ཐོབ་ པར་སྒྲུབ་པ་བྱེད་པ་ཡིན་ནོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི། རི་རབ་ཀྱི་སྟེང་གི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་འདྲ་བའོ། །མིང་ཇི་སྐད་ཅེས་བྱ་ཞེ་ན། རྡོ་རྗེ་དབྱིངས་ཞེས་བགྱི་བར་གྲགས། །ཞེས་བྱ་བ་གསུངས་ཏེ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དབྱིངས་ཀྱིས་ཉེ་བར་མཚོན་པས་ན། རྡོ་རྗེ་དབྱིངས་ཞེས་བགྱི་བར་གྲགས། །ཞེས་བཤད་དོ། །སེམས་དཔའ་ཆེན་པོའི་ཕྱག་རྒྱ་ཆེར། །ཞེས་བྱ་བ་ལ་སོགས་པ་ལ། ལངས་ནས་བསྒྱིངས་པའི་ཚུལ་གྱིས་ཡོངས་ སུ་བསྐོར་རོ་ཞེས་བྱ་བར་སྦྱར་རོ། །ཅི་རིགས་པར་ནི་མཆིས་ནས་ཀྱང་། །ཞེས་བྱ་བ་ལ། ཅི་རིགས་པར་ནི་འདི་ཡིན་ཏེ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པས་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་རིག་པའི་བརྟུལ་ཞུགས་སྤྱད་པར་བྱའོ། །དེ་ལ་ཡང་དང་པོ་རེ་ཞིག་ རང་གི་སྡོམ་པ་ལ་གནས་པའི་ནང་གི་བདག་ཉིད་ཅན་གྱི་ཁྲུས་དང་། ཕྱིའི་ཁྲུས་ཀྱང་ཅི་ནུས་པར་བྱའོ། །དེ་ལ་སྡོམ་པ་གསུམ་ལ་རབ་ཏུ་གནས་ཤིང་སྐྱང་བ་ནི་ཁྲུས་གཅིག་གོ། །བཤགས་པ་དང་གསོལ་བ་འདེབས་པ་ལ་སོགས་པ་ནི་གཉིས་པའོ། །ཕྱག་རྒྱ་དགྲོལ་བ་ནི་གསུམ་པའོ། །ཆུའི་ ཁྲུས་ནི་བཞི་པ་སྟེ། འདི་དག་དང་གོས་གསུམ་པ་བརྗེ་བར་ཡང་བྱའོ། །དེ་ལ་སྡོམ་པ་རྣམས་ལ་གནས་པ་ནི་གོས་དང་པོའོ། །ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ནི་གཉིས་པའོ། །ཕྱི་གོས་གཙང་མ་ནི་གསུམ་པ་ཞེས་བྱ་བར་བཤད་དོ། །དེ་ནས་ཕྱག་འཚལ་བ་ལ་སོགས་ པ་སྔོན་དུ་འགྲོ་བས། ཉིན་རེ་ཞིང་སྡོམ་པ་གཟུང་བ་ཡང་ལན་དྲུག་ཏུ་བྱའོ། །དེ་ནས་སྡིག་པ་དྲལ་བ་དང་ཕྱག་རྒྱ་ཐམས་ཅད་དགྲོལ་བ་ཇི་ལྟ་བ་བཞིན་དུ་བྱས་ལ་རྣལ་འབྱོར་ཆེན་པོ་བྱའོ། །དེ་ནས་སྙིང་གར་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བསྒོམ་པར་བྱའོ། །ཡང་ན་རྣལ་འབྱོར་ཆེན་པོ་དང་ ལྡན་པས་དང་པོའི་སྦྱོར་བ་དང་། དཀྱིལ་འཁོར་རྒྱལ་པོ་མཆོག་རྣམ་པར་བསྒོམས་ནས་བསྡུ་བ་བྱས་ལ། ཕྱག་འཚལ་བ་དང་ཆེད་དུ་བརྗོད་པ་དང་། རང་གི་སྙིང་གར་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པར་ལྷག་པར་མོས་པ་ཡང་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ཐུགས་ཀ་ནས་བྱང་ཆུབ་སེམས་དཔའ་རྣམས་བྱུང་ལ་རང་རང་གི་ཏིང་ངེ་འཛིན་གྱིས་གནས་ནས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་བསམ་པར་བྱའོ། །དེ་ནས་དཔལ་རྡོ་རྗེ་སེམས་དཔའ་དང་ལྷན་ཅིག་ཏུ་གྱུར་བའི་རྣལ་འབྱོར་པས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཕྲེང་བའི་དབང་ བསྐུར་བ་ལ་སོགས་པ་དབང་བསྐུར་བ་ཐམས་ཅད་བླངས་ལ། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པས་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ནས། དམ་ཚིག་གི་ཕྱག་རྒྱ་རྣམས་ཀྱིས་བསྒྲུབ་པར་བྱའོ། །དེ་ནས་ཆོས་དང་ ལས་དང་ཕྱག་རྒྱ་ཆེན་པོ་རྣམས་ཀྱིས་རྒྱས་བཏབ་ལ་དབང་བསྐུར་ཏེ། ཕྲིན་ལས་རྣམས་ལ་ངེས་པར་སྦྱར་བར་བྱའོ། །དེ་ལ་དང་པོ་རེ་ཞིག་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པར་མཛོད་ཅིག་ཅེས་རང་གི་ལས་ལ་ངེས་པར་སྦྱར་བར་ བྱའོ། །དེ་བཞིན་དུ་སེམས་མ་དང་། རིན་པོ་ཆེ་དང་། ཆོས་དང་། ལས་ཀྱི་རྡོ་རྗེ་མས་རིགས་ཐམས་ཅད་བསྡུས་པར་རྒྱས་གདབ་པར་མཛོད་ཅིག་ཅེས་བྱ་བ་དང་། མི་བསྐྱོད་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བྱང་ཆུབ་ཏུ་སེམས་བསྐྱེད་པར་མཛོད་ཅིག །རིན་ཆེན་འབྱུང་ལྡན་ལ་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། འོད་དཔག་ཏུ་མེད་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། དོན་ཡོད་པར་གྲུབ་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་མཛོད་ཅིག་ཅེས་བྱ་བ་དང་། རྡོ་རྗེ་སེམས་དཔའ་ལ་དེ་བཞིན་ གཤེགས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གཞག་པར་མཛོད་ཅིག །རྡོ་རྗེ་རྒྱལ་པོ་ལ་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་དང་། ཆགས་པས་རྗེས་སུ་མཉེས་པར་མཛོད་ཅིག །ལེགས་པས་ལེགས་སོ་ཞེས་བྱ་བས་མཉེས་པར་མཛོད་ཅིག །རིན་ཆེན་གྱིས་ དབང་བསྐུར་བར་མཛོད་ཅིག །ཉི་མས་ཉི་མའི་འོད་ཀྱིས་སྣང་བར་མཛོད་ཅིག །རྒྱལ་མཚན་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་འཇོག་པར་མཛོད་ཅིག །བཞད་པས་འཛུམ་པ་རྨད་དུ་བྱུང་བ་ལ་རབ་ཏུ་གཞག་པར་མཛོད་ཅིག །ཆོས་ཀྱིས་ཤིན་ཏུ་རྣམ་པར་དག་པའི་ཏིང་ངེ་ འཛིན་ལ་རབ་ཏུ་འཇོག་པར་མཛོད་ཅིག །རྣོན་པོས་སེམས་ཅན་གྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་གཅོད་པར་མཛོད་ཅིག །འཁོར་ལོས་དེ་རྣམས་དཀྱིལ་འཁོར་དུ་ཞུགས་པར་མཛོད་ཅིག །སྨྲ་བས་སྤྲོས་པ་མེད་པའི་ཆོས་ཉིད་ལ་ངེས་པར་སྦྱོར་བར་མཛོད་ཅིག །རྡོ་རྗེ་ལས་ ཀྱིས་མ་ལུས་ཤིང་ལུས་པ་མེད་པའི་མཆོད་པས་མཆོད་པར་མཛོད་ཅིག །སྲུང་བས་ཐེག་པ་གཞན་ལ་འདོད་པའི་སེམས་ཉིད་ལས་རྗེས་སུ་སྲུངས་ཤིག །གནོད་སྦྱིན་སྲུང་བ་ཡོངས་སུ་བསྐྱངས་པས་དེ་རྣམས་ཡོངས་སུ་སྲུངས་ཤིག །ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་ཁུ་ཚུར་ སྒྲུབས་ཤིག་ཅེས་བྱ་བ་དང་། སྒེག་མོ་ལ་སོགས་པ་ལ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། སྨོན་ལམ་དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་རྣམས་ངེས་པར་སྦྱོར་ཅིག །རྡོ་རྗེ་ལྕགས་ཀྱུས་བྱང་ཆུབ་ཀྱི་ སེམས་ཀྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་དགུག་པར་མཛོད་ཅིག །ཞགས་པས་བྱང་ཆུབ་ཀྱི་སྤྱོད་པའི་ཞགས་པས་གཞུག་ཏུ་གསོལ། ལྕགས་སྒྲོག་གིས་ཐེག་པ་གཞན་འདོད་པའི་སེམས་ལ་དེ་བཞིན་གཤེགས་པ་ཐམས་ཅད་དྲལ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསམ་གཏན་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་བཅིང་དུ་གསོལ། འབེབས་པས་རང་བཞིན་གྱིས་འོད་གསལ་ཞིང་སྐྱེ་བ་མེད་པར་འབེབས་པས་དེ་བཞིན་གཤེགས་པ་རྣམས་འབེབས་པར་མཛོད་ཅིག་ཅེས་བྱ་བ་དང་། བྱམས་པ་ ལ་སོགས་པ་ལ་དམ་པའི་ཆོས་ཀྱི་གྲོང་ཁྱེར་ཡོངས་སུ་སྐྱོངས་ཤིག་ཅེས་བྱའོ། །ཐམས་ཅད་དུ་ཐམས་ཅད་ཀྱི་རང་རང་གི་ཕྱག་རྒྱ་ཆེན་པོ་བཅིངས་ལ། རང་གི་ཕྲིན་ལས་ལ་ངེས་པར་སྦྱར་བ་ཡིན་པར་ཤེས་པར་བྱའོ། །དེ་ལྟར་ལས་ཀྱི་རྒྱལ་པོ་མཆོག་རྣམ་པར་བསྒོམས་ནས་ཡང་རྡོ་རྗེ་ སེམས་དཔའི་སྦྱོར་བས་བསྡུ་བ་བྱས་ཏེ། མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས། ཇི་ལྟ་བ་བཞིན་དུ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་བྱས་ལ། རྡོ་རྗེ་གནོད་སྦྱིན་གྱིས་བགེགས་བསལ་བ་དང་། ཕྱོགས་བཅིང་བ་ལ་སོགས་པ་བྱས་ནས། རྡོ་རྗེ་ ཁུ་ཚུར་གྱིས་སྒོ་བཅད་དེ། རྡོ་རྗེ་གོ་ཆས་སྲུང་བ་ཐམས་ཅད་ཡང་དག་པར་སྲུངས་ལ། མཆོད་ཡོན་ཕུལ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་རྒྱ་བཞིས་རྒྱས་བཏབ་ལ་དབང་བསྐུར་ཏེ། མཆོད་ཡོན་སྔོན་དུ་འགྲོ་བ་དང་ཕྱིའི་ཡོ་བྱད་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ པ་དང་། སྒེག་མོ་ལ་སོགས་པ་དང་། ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་མཆོད་པ་བཅུ་དྲུག་དང་། ཡིད་ཀྱིས་མཆོད་པ་དང་། མཆོད་པའི་ཁྱད་པར་ཐམས་ཅད་ཀྱིས་ཡང་ལེགས་པར་མཆོད་ལ། ཕྱག་བཞི་བྱས་ནས། བཛྲ་ཨཱཏྨ་ཀོ྅ཧཾ། སྭ་བྷཱ་ཝ་ཤུདྡྷོ྅ཧཾ། སརྦྦ་ས་ མོ྅ཧཾ། ཞེས་རྣམ་པར་བསྒོམས་ནས། བཛྲ་ས་ཏྭ་ཞེས་བརྗོད་ལ། ཐམས་ཅད་ཀྱང་བདག་ཁོ་ན་ཡིན་ནོ་ཞེས་བསྒོམ་པར་བྱའོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་བས་བསྟོད་ལ། དེ་བཞིན་དུ་ཡང་དག་པར་མཆོད་དེ། ཇི་ལྟ་བ་བཞིན་དུ་ཕྱག་བྱས་ནས། ཕྱག་རྒྱ་དགྲོལ་བར་བྱས་ལ་དབང་ བསྐུར་ཏེ། གོ་ཆ་བགོས་ནས་མཉམ་པའི་ཐལ་མོས་ཀྱང་མཉེས་པར་བྱས་ལ། བཛྲ་ས་ཏྭ་ཞེས་བྱ་བ་དང་། ཡི་གེ་བརྒྱ་པ་ཡང་བརྗོད་ལ། མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་དགེ་བའི་རྩ་བ་ཡོངས་སུ་བསྔོས་ནས་མཆོད་ཡོན་ཕུལ་ལོ། །སླར་བྱོན་པའི་ཕྱིར་བསྐུལ་ཏེ་གཤེགས་ སུ་གསོལ་བར་བྱའོ། །དེ་ནས་རྡོ་རྗེ་བསྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་གྱིས་བདག་ཉིད་བསྲུང་བ་བྱས་ནས། མཆོད་རྟེན་གྱི་ལས་ལ་སོགས་པའི་བྱ་བ་བྱའོ། །དེ་ལྟར་ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་རིག་པའི་བརྟུལ་ཞུགས་རྫོགས་པར་བྱའོ། །དེ་ལྟར་རྫོགས་ནས་དཀྱིལ་ འཁོར་བྲི་བར་བྱ་བ་ནི། གཙུག་ལག་ཁང་ངམ། ཀུན་དགའ་ར་བའམ། གྲོང་ངམ། གྲོང་ཁྱེར་གྱི་བྱང་ཤར་གྱི་ཕྱོགས་ཀྱི་ཆར་ཡིད་དང་རྗེས་སུ་མཐུན་པར། ཤིན་ཏུ་མཉམ་ཞིང་སྣུམ་པ། ཤར་དུ་གཞོལ་བ་ཤིན་ཏུ་ཚད་དང་ལྡན་པ། ཚྭ་སྒོ་མེད་པའི་སའི་ཆ་དེར་རྒྱལ་པོས་ནི་ཁྲུ་བརྒྱའམ་ ལྔ་བཅུའོ། །བློན་པོ་དང་བློན་པོ་ཆེན་པོས་ནི་ཁྲུ་ལྔ་བཅུ་འམ་ཉི་ཤུ་རྩ་ལྔའོ། །ཚོང་དཔོན་ནམ་དེད་དཔོན་གྱིས་ནི་ཁྲུ་ཉི་ཤུ་རྩ་ལྔ་འམ་དེའི་ཕྱེད་དོ། །སྒྲུབ་པ་པོས་ནི་ཁྲུ་བཅུ་གཉིས་སམ་དྲུག་པ་བྱའོ། །དེ་ལ་དང་པོ་རེ་ཞིག་མངོན་པར་འདོད་པའི་དཀྱིལ་འཁོར་གྱི་སའི་དབུས་སུ་མི་རུས་ཀྱི་ཕྱེ་མ་ ཁྲག་དང་དུག་དང་བཅས་པ་དང་། མངོན་སྤྱོད་ཀྱི་སྦྱིན་སྲེག་གི་ཆོ་གས་དཀྱིལ་འཁོར་གྱི་བགེགས་བཟློག་ནས། བདག་དང་། སློབ་མ་དང་། ས་བདག་ལ་སོགས་པ་ཞི་བར་བྱེད་པའི་ཞི་བའི་སྦྱིན་སྲེག་བྱའོ། །དེ་ནས་ས་སྦྱང་དུ་གཞུག་པར་བྱའོ། །འདོམ་གང་ཙམ་ལ་ལྐོག་མ་འམ། ལྟེ་ བའམ། པུས་མོ་ནུབ་ཙམ་དུ་འོག་ཏུ་བརྐོས་ལ། སྤོས་ཆུ་དྲི་ཞིམ་པོས་བྲན་པའི་སས་བཀང་ནས། རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྤོས་ཆུས་ཆག་ཆག་བཏབ་སྟེ། འཐས་པར་བཅགས་ལ། ཤིན་ཏུ་མཉམ་པར་བྱས་ཏེ། ཁང་པ་བརྩེགས་མའི་ནང་དུ་ཆུད་པ། རྟ་བབས་ བཞིས་མཛེས་པར་བྱས་ལ་སྒོ་བཞི་དང་ལྡན་བ་སྐར་ཁུང་གིས་ཡོངས་སུ་བསྐོར་བ། མཐའ་མ་དྲིལ་བུ་བཏགས་པའི་རྒྱལ་མཚན་དང་། བླ་རེ་མཆོག་སྣ་ཚོགས་བྲེས་པས་ཉེ་བར་མཛེས་པར་བྱས་ལ། སངས་རྒྱས་རིན་པོ་ཆེ་ལ་སོགས་པའི་རས་རིས་དང་སྐུ་གཟུགས་ལ་སོགས་པའི་རྒྱན་ གྱིས་བརྒྱན་པ་གྲྭ་བཞིར་གཞག་པའི་སྤོས་སྣོད་རྣམས་ལས་སྤོས་ལེགས་པར་འཐུལ་བ། མེ་ཏོག་དང་། མར་མེ་དང་། གོས་ལ་སོགས་པའི་ཡོ་བྱད་རྣམས་ཀྱིས་མཛེས་པར་བྱས་པའི་སའི་ཆ་དྲིས་ཉེ་བར་བྱུགས་ནས་རྡོ་རྗེ་གནོད་སྦྱིན་ཡོངས་སུ་བཟླས་པའི་སྤོས་ཆུས་བསངས་ལ། ས་ ལ་ལག་པ་བཞག་སྟེ། རྡོ་རྗེ་སེམས་དཔའ་དང་ཡི་གེ་བརྒྱ་པ་ལན་བདུན་བཟླས་པར་བྱའོ། །ས་སྦྱང་བ་དང་ཡོངས་སུ་གཟུང་བའི་ཆོ་གའོ། །དེ་ནས་རང་ཉིད་ཁྲུས་བྱས་ཤིང་ལུས་དྲི་ཞིམ་པོས་བྱུགས་ལ། ཇི་སྙེད་པའི་གོས་དང་རྒྱན་གདགས་ཤིང་། ཤིན་ཏུ་ དམར་བའི་རས་གོས་བགོ་བ་དང་། མེ་ཏོག་གི་ཕྲེང་བ་གདགས་ཤིང་གདོང་དྲི་ཞིམ་པོར་བྱས་ལ། ཡར་གྱི་ངོའི་ཚེས་བརྒྱད་ནས་བརྩམས་ཏེ། ཚེས་བཅུའམ། བཅུ་གསུམ་མམ། བཅུ་བཞི་ནས་བརྩམས་ཏེ། བཅོ་ལྔའི་བར་དུའམ། ཚེས་ལྔའི་སྔ་དྲོའི་ཐུན་མཚམས་ནས་ བརྩམས་ཏེ། དཀྱིལ་འཁོར་གྱི་ལས་བྱའོ། །དེ་ལ་གཉུག་མར་གནས་པའི་སའི་ཆར་ནི་ཕྱག་དར་དང་སྐྱང་ནུལ་ལ་སོགས་པ་བྱས་ལ། དེ་བཞིན་དུ་ལག་པ་ས་ལ་རེག་པར་བྱས་ནས་རྡོ་རྗེ་སེམས་དཔའ་དང་། ཡི་གེ་བརྒྱ་པ་བཟླས་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་སའི་དབུས་སུ་ འདུག་ལ། བདག་ཉིད་བསྲུང་བ་དང་། བགེགས་གཞོམ་པ་ལ་སོགས་པ་བྱའོ། །དེ་ནས་རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྤྲུལ་ལ། ཕྱག་འཚལ་བ་སྔོན་དུ་འགྲོ་བ་དང་། སྡོམ་པ་གཟུང་བ་དང་། རྣལ་འབྱོར་ཆེན་པོ་དང་། གཞལ་ཡས་ཁང་ གདན་དང་བཅས་པ་བསྐྱེད་ལ། སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་སྟེ། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་བྱ་བ་ནས། དེང་བདག་འདུས་པ་མཆོག་ཡིན་ནོ། །ཞེས་བྱ་བའི་བར་གྱིས་བདག་ཉིད་སྤྲོ་བ་བསྐྱེད་པར་བྱའོ། །དེ་ནས་ཡན་ལག་ཐམས་ཅད་ཀྱིས་ཕྱག་བྱས་ལ། སྤོས་ སྣོད་ལག་ཏུ་ཐོགས་ཏེ། མ་ལུས་ཕྱོགས་ན་བཞུགས་པ་ཡི། །ཞེས་བྱ་བ་ནས། དངོས་གྲུབ་འདི་ནི་སྩལ་དུ་གསོལ། །ཞེས་བྱ་བའི་བར་གྱིས་སངས་རྒྱས་ཐམས་ཅད་སྤྱན་དྲང་བར་བྱའོ། །དེ་ནས་ཡང་དང་པོ་སྦྱོར་བ་དང་། དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་དང་། ལས་ཀྱི་རྒྱལ་པོ་མཆོག་ རྣམས་བསྒོམས་ལ། རྡོ་རྗེ་སེམས་དཔའི་གནས་ན་དཔལ་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་གནས་ཤིང་། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཟློས་པ་ལ་བརྩོན་པ་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་བྲི་བའི་ཕྱིར། སྒྲུབ་པའི་གྲོགས་མཆོག་དེ་བཞིན་གཤེགས་པའི་ང་རྒྱལ་དང་ལྡན་པས་མཚན་བརྒྱ་རྩ་ བརྒྱད་པས་གསོལ་བ་གདབ་པར་བྱའོ། །དེ་ལྟར་ན་འདི་ནི་ཅི་རིགས་པ་ཡིན་ཏེ། ཚུལ་འདིས་སེམས་དཔའི་སྐྱིལ་མོ་ཀྲུང་དུ་འདུག་པ་ལས་ལངས་ནས་ཡོངས་སུ་བསྐོར་བར་བྱའོ། །འོན་ཏེ་སྤྲོས་པར་འདོད་ན་སྤྲོས་པ་དང་བཅས་པའི་སྦྱོར་བ་ཉིད་བྱ་བར་ཤེས་པར་བྱའོ། །སེམས་དཔའ་ ཆེན་པོ་ནི་ཕྱག་རྒྱ་ཆེར་བསྒོམ་ཞིང་བྱིན་གྱིས་རློབ་བགྱིད་ཅིང་ཞེས་བྱ་བ་ནི་དེ་ནས་གསོལ་བ་བཏབ་པའི་རྗེས་ཐོགས་ཉིད་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ནམ་མཁའ་གང་བར་བསམས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དཀྱིལ་འཁོར་ལྔ་པས་ཕྱག་བྱས་ལ། བཅོམ་ ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། འདི་སྐད་ཅེས་བརྗོད་པར་བྱ་སྟེ། བདག་ཉིད་རང་ཉིད་རྡོ་རྗེ་ཅན། །རྡོ་རྗེ་སེམས་དཔའ་བདག་རང་ཉིད། །བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཉིད། །བདག་ནི་རྣལ་འབྱོར་དབང་ཕྱུག་རྒྱལ། །ཕྱག་ ན་རྡོ་རྗེ་བརྟན་བདག་ཡིན། །བདག་པོ་རྡོ་རྗེ་ཆེན་པོ་བདག །བྱིན་གྱིས་རློབ་པ་མི་འདོར་རོ། །ཨོཾ་བཛྲ་སཏྭ་ཧཱུཾ། དེ་ནས་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་རྒྱས་ཇི་ལྟར་ཡོངས་སུ་བསྒོམས་པའི་དཀྱིལ་འཁོར་བཏེག་སྟེ་ནམ་མཁར་བཞག་ལ། རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཕྱག་ རྒྱ་དེ་ཉིད་ཀྱིས་བཛྲ་ས་ཏྭ་ཞེས་ཟློས་ཤིང་བདག་ཉིད་ཀྱང་བྱིན་གྱིས་བརླབས་ལ། རྡོ་རྗེ་སེམས་དཔའི་ང་རྒྱལ་བསྐྱེད་དེ། བཛྲ་དྲྀཥྚི་མ་ཊ་ཅེས་བྱ་བ་མིག་གཉིས་སུ་བཀོད་ལ། ཨ་ཞེས་བྱ་བས་རྐང་པ་གཉིས་སུ་སྣ་ཚོགས་རྡོ་རྗེ་བསྐྱེད་ལ། ཡང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་ པོར་བསམ་པར་བྱའོ། །འདི་ཙམ་གྱིས་ནི། སེམས་དཔའ་ཆེ་ཡི་ཕྱག་རྒྱ་ཆེར། །སྒོམ་ཞིང་བྱིན་གྱིས་རློབ་བགྱིད་ཅིང་། །ཞེས་པ་འདིའི་དོན་སྟོན་པ་ཡིན་ནོ། །ཕྱག་རྒྱ་ལ་གནས་དེ་བཞིན་ལངས། །ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་མོ་མ་བཀྲོལ་བས་སེམས་དཔའི་སྐྱིལ་མོ་ཀྲུང་བཤིག་ ལ་ལངས་ཏེ། ཕྱག་རྒྱས་གནས་པས་ན་ཕྱག་རྒྱ་ལ་གནས་ཞེས་བྱ་བ་སྟེ། ཕྱག་རྒྱ་ཆེན་པོ་བཅིངས་པ་ཉིད་ཀྱིས་གནས་པའོ། །ཀུན་དུ་རྣམ་པར་བལྟས་ནས་ནི། །ཞེས་བྱ་བ་ནི་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། གཡོན་ཕྱོགས་ནས་བལྟས་པས་བགེགས་བསྐྲད་པར་བྱས་ལ། ཡང་ དེ་བཞིན་དུ་གཡས་ཕྱོགས་ནས་བལྟས་ནས་ཕྱོགས་མཚམས་དང་། དཀྱིལ་འཁོར་ནམ་མཁའ་དང་ས་བཅིང་བ་དང་ར་བ་དང་དྲ་བ་བྱས་ལ། རྐང་མཐིལ་གྱིས་ཡོངས་སུ་བཟུང་བས་ས་བཞི་བརྟན་པ་ནས་བརྩམས་ཏེ་རི་རབ་ཀྱི་སྟེང་གི་བར་དུ་རྡོ་རྗེའི་རང་བཞིན་དུ་བྱེད་ ཅིང་། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་བཅིངས་ལ། དེའི་ང་རྒྱལ་དང་ལྡན་པས་བཛྲ་སཏྭ་ཧཱུཾ་ཞེས་ཟློས་ཤིང་གཡས་ཕྱོགས་ནས་ཡོངས་སུ་བསྐོར་ནས། ཡང་དཀྱིལ་འཁོར་གྱི་ཆོ་ག་ལས་བཤད་པའི་ཚུལ་གྱིས་བགེགས་གཞོམ་པ་ལ་སོགས་པ་བྱ་བ་ནས། ལྷག་པར་གནས་པའི་ཆོ་ག་ རྣམས་རྗེས་སུ་སྤྱད་པར་བྱའོ། །དེ་ནས་ཉི་མ་འཆར་བའི་དུས་སུ་དཀྱིལ་འཁོར་དེ་དམ་ཚིག་གི་ཕྱག་རྒྱ་དེ་ཉིད་ཀྱིས་ནམ་མཁར་བཞག་ལ་ཐིག་གིས་ཐིག་གདབ་པར་བྱའོ། །སར་པ་ཞེས་བྱ་བ་ནི་དཀྱིལ་འཁོར་གཞན་དུ་ཡོངས་སུ་མ་སྤྱད་པའོ། །ལེགས་པར་བཀལ་ནས་ཀྱང་ཞེས་བྱ་བ་ནི་དྲིས་ བྱུག་པའི་གསེར་ལ་སོགས་པའི་སྣོད་དུ་གཞག་གོ། །ཚད་དང་ལྡན་པ་ཞེས་བྱ་བ་ནི་དཀྱིལ་འཁོར་ཁྲུ་དྲུག་པ་ལ་སྦོམས་སུ་མཐེའུ་ཆུང་གི་ཚད་ལ་ཆུར་དཀྱིལ་འཁོར་ཉིས་འགྱུར་གྱི་ཚད་ཀྱིས་སོ། །མཛེས་པའི་ཐིག་གིས་ཞེས་བྱ་བ་ནི་ཚོན་སྣ་ལྔ་པོས་ལྟ་ན་སྡུག་པའི་ཐིག་གིས་ཐིག་གདབ་པའོ། ། མཁས་པས་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་མདོག་དང་དབྱིབས་དང་བྱ་བ་ལ་སྦྱང་བའོ། །ཅི་ནུས་ཀྱིས་ཞེས་བྱ་བ་ནི་ཚད་དཔག་ཚད་ནས་བརྩམས་ཏེ། ཁྲུ་དྲུག་པའི་ཚད་ཀྱི་མཐར་ཐུག་པའི་བར་དུ་ནུས་པའི་ཚད་ལས་དཔགས་ཏེ། དཀྱིལ་འཁོར་གྱི་ཐིག་གིས་གདབ་པར་བྱའོ། །གྲུ་བཞིར་བགྱི་ ཞིང་སྒོ་བཞི་དང་། །ཞེས་བྱ་བ་ནི་ཤར་དང་ནུབ་དང་བྱང་དང་ལྷོའི་ངོས་ཀྱི་རི་མོས་ཟུར་བཞིར་བྱས་པའི་ཕྱིར་གྲུ་བཞིའོ། །སྒོ་བཞི་དང་ཞེས་བྱ་བ་ནི་ཤར་དང་ལྷོ་དང་ནུབ་དང་བྱང་གི་ངོས་ཀྱི་དབུས་སུ་རེ་རེ་ཞིང་སྒོ་བཏོད་པ་ཡོད་དེ་དེས་ན་སྒོ་བཞིའོ། །རྟ་བབས་བཞིས་ནི་མཛེས་བགྱིས་ལ། །ཞེས་བྱ་ བ་ནི་གོ་བར་ཟད་དོ། །ཐིག་བཞི་དང་ནི་ལྡན་གྱུར་པ། །ཞེས་བྱ་བ་ནི་ཚངས་པའི་ཐིག་གཉིས་དང་མཚམས་ཀྱི་ཐིག་གཉིས་ཏེ། དེ་དག་དང་ཡང་དག་པར་ལྡན་པར་གྱུར་པ་ནི་མཉམ་པོར་བྱ་བའི་ཕྱིར་ཞེས་བྱ་བའི་བར་དུའོ། །དར་དང་མེ་ཏོག་ཕྲེང་བས་བརྒྱན། །ཞེས་བྱ་བ་ནི་དར་གྱི་ཕྲེང་བ་དང་། མེ་ཏོག་གི་ཕྲེང་བས་བརྒྱན་པའོ། །གྲྭ་ཡི་ཕྱོགས་ནི་ཐམས་ཅད་དང་། །སྒོ་ཁྱུད་ཀྱི་ནི་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་སྤྲས་པར་ནི། །དཀྱིལ་འཁོར་ཕྱི་རིམ་ཐིག་གདབ་བོ། །ཞེས་བྱ་བ་ནི་དཀྱིལ་འཁོར་གྲྭའི་ཕྱོགས་བཞི་ཆར་དུ་ཡང་ཟླ་བ་ཕྱེད་པ། དེའི་སྟེང་དུ་རྡོ་རྗེ་རིན་ཆེན་ཡོད་པར་ ཐིག་གདབ་པར་བྱའོ། །སྒོ་རྣམས་ཀྱི་སྒོ་ཁྱུད་ནི་སྒོ་ཁྱུད་དེ། །དེ་རྣམས་ཀྱི་མཚམས་ནི་རི་མོ་གཉིས་ཕྲད་པའི་ཚུལ་ཏེ། དེ་རྣམས་སུ་ཡང་ཟླ་བ་ཕྱེད་པའི་སྟེང་དུ་རྡོ་རྗེ་རིན་པོ་ཆེ་ཡོད་པར་ཐིག་གདབ་པར་བྱའོ། །དེ་ཡི་རིམ་པའི་ནང་ཞུགས་ལ། །འཁོར་ལོ་འདྲ་བར་ཞེས་བྱ་བ་ནི་ཕྱིའི་ དཀྱིལ་འཁོར་དེའི་རིམ་པའི་ནང་དུ་ཞུགས་ལ། །འཁོར་ལོ་འདྲ་བར་དཀྱིལ་འཁོར་གྱི་གནས་གྲུ་བཞི་དང་སྒོ་བཞི་ལ་སོགས་པ་ཇི་སྐད་དུ་བཤད་པའི་ཕྱིའི་དཀྱིལ་འཁོར་དང་འདྲ་བ་ལ་རྟ་བབས་མེད་པར་ཐིག་གདབ་པར་བྱའོ། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར། །ཞེས་བྱ་བ་ནི་རྩེ་གསུམ་ པའི་རྡོ་རྗེ་ཕྲེང་བས་བསྐོར་བའོ། །ཀ་བ་བརྒྱད་ཀྱིས་མཛེས་བགྱིས་པ། །ཞེས་བྱ་བ་ནི་ཕྱོགས་ཀྱི་ཆ་རེ་རེ་ཞིང་རྩིག་པ་ལ་བརྟེན་པའི་རྡོ་རྗེ་ཀ་བ་གཉིས་གཉིས་ཡོད་པ་དེའི་ཕྱིར། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པར་བྱས་པ་ཡིན་ནོ། །རྡོ་རྗེ་ཀ་བའི་ནང་ལོགས་སུ་འང་། །ཟླ་བའི་དཀྱིལ་འཁོར་ ལྔས་བརྒྱན་པ། །ཞེས་བྱ་བ་ནི་རྡོ་རྗེ་ཀ་བ་རྣམས་ཀྱི་མཆོག་སྟེ་གནས་དམ་པ་ཡིན་པས་ན་རྡོ་རྗེ་ཀ་བའི་མཆོག་གི་གནས་སུའོ། །རྡོ་རྗེ་ཀ་བའི་མཆོག་གི་གནས་དེ་རྣམས་སུ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། འོད་དཔག་ཏུ་ མེད་པ་དང་། དོན་ཡོད་གྲུབ་པའི་གནས་རྣམས་སུ་ནི་ཉི་མའི་དཀྱིལ་འཁོར་ཟླུམ་པོ་ལྔའི་ཐིག་བཏབ་ལ། ཡང་རེ་རེ་ཞིང་ཟླ་བའི་དཀྱིལ་འཁོར་ལྔ་ལྔ་ཡོད་པའི་རྡོ་རྗེ་རི་མོས་ཡོངས་སུ་བསྐོར་བར་ཐིག་བཏབ་ལ། ཟུར་བཞི་པ་ལ་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་མཛེས་བྱས་ཤིང་། རྡོ་རྗེ་ཕྲེང་ བས་ཡོངས་བསྐོར་བར། །དཀྱིལ་འཁོར་དབུས་མ་བྲི་བར་བྱ། །ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རྩེ་མོ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ཆ་བགོ་བ་མཛད་པ་ཡིན་པས་ཐེ་ཚོམ་མི་བྱའོ། །འདིར་ཡང་དེའི་འཁོར་ལོ་འདྲ་བར་ཞེས་བསྟན་པ་ནི་འཁོར་ ལོ་ལྟར་ཟླུམ་པོ་ཡིན་ཏེ། འདིར་ཟླུམ་པོ་ཁོ་ན་ཡིན་ནོ་ཞེས་བསྟན་པར་ནུས་པ་ནི་མ་ཡིན་ཏེ། དཀྱིལ་འཁོར་འཁོར་ལོ་ཡིན་པར་བཤད། །ཅེས་བྱ་བ་ལ་སོགས་པ་ལ། སྤྱིར་དཀྱིལ་འཁོར་འཁོར་ལོ་ཡིན་པར་བཤད་པས་ངེས་པ་མེད་ལ། རྡོ་རྗེ་ཐིག་གིས་ཡོངས་ བསྐོར་བས། །ཞེས་བྱ་བ་གསུངས་པ་འདིས་ཀྱང་། འདི་ཐ་དད་པར་གྱུར་པ་ཡིན་པར་ཤེས་པར་བྱའོ། །དེ་ཡང་། གྲུ་བཞིར་བགྱི་ཞིང་སྒོ་བཞི་དང་། །རྟ་བབས་བཞིས་ནི་མཛེས་བགྱིས་ལ། །རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར། །རྡོ་རྗེ་ཕོ་བྲང་ཆེན་པོ་བྲི། །ཞེས་གསུངས་སོ། ། ཡང་ཐིག་གི་ཆོ་ག་གསལ་བར་བྱས་ཏེ། དེ་ལ་དང་པོ་རས་བལ་རིན་ལ་མི་བརྩེགས་པར་ཉོས་ལ། བུ་མོ་གཙང་མས་བཀལ་བའི་སྲད་བུ། ཚོན་རྩི་དྲི་ཞིམ་པོ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། དཀར་པོས་སོ་སོར་ཁ་བསྒྱུར་ལ་གོ་རིམས་འདི་ཉིད་ཀྱིས་ བཞག་པ་ལ། ཧཱུཾ་ཏྲཱཾ་ཧྲཱིཿཨཿཨཱ་ཞེས་བྱ་བའི་རང་གི་ས་བོན་གྱིས་མི་བསྐྱོད་པ་ལ་སོགས་པ་སྲད་བུ་ལ་བཀོད་དེ། དཱིཔྟ་དྲྀཥྚི་ཨ་ཀུ་ཤ་ཛཿཞེས་བྱ་བ། མིག་གཉིས་སུ་བཀོད་ལ། རབ་ཏུ་གཡོ་ཞིང་འབར་བའི་མིག །མིག་གི་རྫི་མ་འདྲེན་པ་ནི། །ཞེས་བྱ་བ་འབར་བའི་ལྟ་བ་དང་། བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ཐིག་གདབ་པར་བྱ་བའི་ཕྱིར་རྡོ་རྗེའི་ཐིག་བདག་ལ་སྩོལ་ཅིག །ཅེས་བརྗོད་པས་མི་བསྐྱོད་པ་ལ་སོགས་པ་ཡང་དག་པར་བསྐུལ་བར་བྱའོ། །དེ་ནས་མི་བསྐྱོད་པ་ལ་སོགས་པ་རང་རང་གི་ས་བོན་གྱི་འོད་ཀྱིས་སྲད་བུ་བཏང་བ་འབར་བའི་ལྟ་བས་ བཀུག་ལ། རང་གི་ལག་ན་གནས་པའི་སྲད་བུ་བཀང་ནས། ཨ་ནྱོ་ནྱཱ་ནུ་ག་ཏ་སརྦ་དྷརྨྨཱཿསྥར་སྥར་ཨ་ནུ་པྲ་བིཥྚ་སརྦ་དྷརྨྨ། ཨ་ཏྱན་ཏ་ཨ་ནུ་པྲ་བིཥྚ་སརྦ་དྷརྨྨ། ཨོཾ་བཛྲ་སཏྭ་ཧཱུཾ་ཞེས་ཟློས་ཤིང་བསྒྲིལ་བར་བྱའོ། །མ་དང་ཊ་གཉིས་ཀྱིས་མིག་གཡས་པ་དང་། གཡོན་པར་ཟླ་བ་དང་ ཉི་མ་བསྐྱེད་ལ། བཛྲ་དྲྀཥྚི་མ་ཊ་ཞེས་བྱ་བས་བརྟན་པར་བྱས་ནས། ཐིག་དེ་གསེར་ལ་སོགས་པའི་སྣོད་དྲིས་བྱུགས་པར་བཞག་ལ། དྲི་དང་མེ་ཏོག་དང་སྤོས་ཀྱིས་ལེགས་པར་མཆོད་ནས་རྡོ་རྗེ་བསྡམས་པས་བཟུང་ལ། ཨོཾ་བཛྲ་ས་མ་ཡ་བྲ་སཱུ་ཏྲཾ་མ་ཏི་ཀྲ་མ་ཧཱུཾ་ཞེས་ལན་བརྒྱ་རྩ་བརྒྱད་ བཟླས་པར་བྱའོ། །དེ་ནས་སེམས་དཔའ་བཅུ་དྲུག་བཟླས་པའི་དྲིས་དཀྱིལ་འཁོར་གྱི་ས་ཡང་བྱུགས་ལ། མེ་ཏོག་གིས་ཀུན་ནས་མཛེས་པར་བྱས་ནས་བར་སྣང་ན་བཞུགས་པའི་རིགས་ཐམས་ཅད་ལ་མཆོད་ཡོན་ཕུལ་ཏེ། མེ་ཏོག་མ་ལ་སོགས་པ་དང་། སྒེག་མོ་ལ་སོགས་པས་ཐམས་ ཅད་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་མིག་གཡས་དང་གཡོན་དུ་ཡི་གེ་ཛཿགཉིས་ལ་ཉི་མ་དང་ཟླ་བ་མདོག་སེར་པོར་སྣང་བ་བསྐྱེད་ལ། གླུ་དང་རོལ་མོའི་མཆོད་པ་དང་བཅས་པས་དཀྱིལ་འཁོར་བརྟག་པར་བྱའོ། །དེ་ལ་རེ་ཞིག་ཚོན་ཁ་དོག་དཀར་པོ་དྲི་ཞིམ་པ་ལ། སྔགས་ བཟླས་ལ་ཐིག་སྦང་བར་བྱའོ། །དེ་ནས་ཡིད་ཀྱིས་བཛྲ་དྷཱ་ཏུ་ཞེས་རྡོ་རྗེའི་ཚིག་ཏུ་བརྗོད་ལ། རྣམ་པར་སྣང་མཛད་དུ་གྱུར་ན། བཛྲ་ཀརྨྨ་ཧཱུཾ་ཞེས་ཟློས་ཤིང་རང་གི་སྙིང་ག་ནས་རྡོ་རྗེ་ལས་སུ་སྒྲུབ་པའི་གྲོགས་མཆོག་སྤྲུལ་པར་བྱའོ། །དེ་ནས་བཛྲ་སཏྭ་ཞེས་ཟློས་ཤིང་བདག་ཉིད་རྡོ་རྗེ་སེམས་ དཔར་བསམས་ལ། ཐིག་དེ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་ཛཿཞེས་བྱ་བས་དེ་རྡོ་རྗེ་ལས་ཀྱི་གཟུགས་ཅན་གྱིས་སྒྲུབ་པའི་གྲོགས་མཆོག་གི་ལག་པར་ཐིག་གཏད་ལ། ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་སྒོམ་ཞིང་ཤར་དུ་བལྟས་ལ་ཚངས་པའི་ཐིག་གདབ་པར་བྱའོ། །དེ་ ནས་ཡང་སློབ་དཔོན་ལྷོ་ཕྱོགས་སུ་འདུག་ལ། བྱང་ཕྱོགས་སུ་བལྟས་ཏེ་གཉིས་པ་གདབ་པར་བྱའོ། །ཡང་མེའི་ཕྱོགས་སུ་འདུག་སྟེ། བྱང་ཕྱོགས་སུ་བལྟས་ཏེ་ཕྱིའི་དཀྱིལ་འཁོར་གྱི་ཤར་གྱི་ཐིག་གདབ་པར་བྱའོ། །རླུང་གི་ཕྱོགས་སུ་འདུག་ལ་ལྷོའི་ཕྱོགས་སུ་བལྟས་ཏེ། ནུབ་ཀྱི་ ཐིག་གདབ་པར་བྱའོ། །དེ་ཉིད་དུ་འདུག་ལ་ཤར་དུ་བལྟས་ཏེ་བྱང་གི་ཐིག་གདབ་པར་བྱའོ། །ཡང་མེའི་ཕྱོགས་སུ་འདུག་སྟེ་ནུབ་ཏུ་བལྟས་ལ་ལྷོའི་ཕྱོགས་ཀྱི་ཐིག་གདབ་བོ། །དེ་བཞིན་དུ་ཁ་ཁྱེར་གྱི་ཐིག་ཀྱང་གདབ་པར་བྱའོ། །དེ་ལྟར་ན་ཕྱིའི་དཀྱིལ་འཁོར་དང་ནང་གི་དཀྱིལ་འཁོར་ཀུན་དུ་ཐིག་ བཏབ་ནས་བྱང་དུ་བལྟས་ཏེ་ཤར་གྱི་ཀ་བའི་ཐིག་གདབ་བོ། །ལྷོར་བལྟས་ཏེ་ནུབ་ཀྱི་ཀ་བའི་ཐིག་གདབ་བོ། །ཤར་དུ་བལྟས་ཏེ་བྱང་གི་ཀ་བའི་ཐིག་གདབ་བོ། །ནུབ་ཏུ་བལྟས་ཏེ་ལྷོའི་ཀ་བའི་ཐིག་གདབ་བོ། །ཡང་ཕྱིའི་དཀྱིལ་འཁོར་གྱི་མེའི་མཚམས་སུ་འདུག་སྟེ་རླུང་གི་མཚམས་ཀྱི་ བར་དང་བདེན་བྲལ་གྱི་མཚམས་སུ་འདུག་སྟེ་དབང་ལྡན་གྱི་མཚམས་ཀྱི་བར་དུ་ཐིག་གདབ་པར་བྱའོ། །སློབ་དཔོན་དང་སྒྲུབ་པའི་གྲོགས་མཆོག་ནི་ཐམས་ཅད་དུ་བསྐོར་ཕྱོགས་སུ་འགྲོ་བར་བྱའོ། །དེ་ལ་ཐིག་གདབ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མ་ ཏི་ཀྲ་མ་ཧཱུཾ་ཞེས་སློབ་དཔོན་གྱིས་བཟླས་པར་བྱའོ། །ཛཿཛཿཛཿཞེས་བྱ་བ་ཛཿགསུམ་གྱིས་སྒྲུབ་པའི་གྲོགས་མཆོག་གིས་ཐིག་དྲང་བར་བྱའོ། །སྒོ་ནི་དབུས་ཀྱི་བརྒྱད་ཆའོ། །སྒོ་ཁྱུད་ནི་སྒོའི་ཚད་དོ། །ཁ་ཁྱེར་ནི་སྒོའི་ཕྱེད་ཀྱི་ཚད་དོ། །སྒོ་འགྲམ་ནི་ཁ་ཁྱེར་གྱི་ཚད་དོ། །ཚོན་སྣ་ལྔའི་ས་ནི་ ཁ་ཁྱེར་གྱི་ཕྱེད་ཀྱི་ཚད་ཡིན་པར་ཤེས་པར་བྱའོ། །རྟ་བབས་ནི་སྒོའི་སུམ་འགྱུར་རོ། །ནང་གི་དཀྱིལ་འཁོར་ནི་ཕྱིའི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་ལ་སྒོ་བཞི་པ་ཟུར་བཞི་པ་ཁ་ཁྱེར་གྱིས་ཡོངས་སུ་བསྐོར་བའི་ཀ་བ་བརྒྱད་དང་ལྡན་པར་ལེགས་པར་ཐིག་བཏབ་ནས་སེང་ལྡེང་གི་ཕུར་བུ་སྨད་ རྡོ་རྗེ་རྩེ་གཅིག་པ་ལྟ་བུ། སྟོད་རྡོ་རྗེ་རྩེ་ལྔ་པ་ལྟ་བུ་ལ། རྡོ་རྗེ་ཕུར་བུའི་སྔགས་ཡོངས་སུ་བཟླས་ཏེ། རྡོ་རྗེས་བརྡུངས་ལ། དེ་ལ་བརྟོད་པའི་སྲད་བུས་ནང་གི་དཀྱིལ་འཁོར་གྱི་ཕྱི་རིམ་དུ། རྡོ་རྗེ་ཕྲེང་བ་དབང་ལྡན་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་ཐིག་གདབ་པར་བྱའོ། །དེ་ནས་ དཀྱིལ་འཁོར་གྱི་ལྟེ་བ་ན་གནས་པའི་ཕུར་བུ་ཡི་གེ་ཧཱུཾ་བཞིས་བཏོན་ལ། འོག་ནས་བཤད་པའི་ཚོན་སྣ་ལྔས་ཕུར་བུའི་བུ་ག་བཀང་ལ་མཉམ་པོར་བྱས་ནས། ཧཱི་ཞེས་བྱ་བས་མིག་གཡས་པ་དང་གཡོན་དུ་ཉི་མ་དང་ཟླ་བ་བསྐྱེད་ལ། ཁྲོ་བོའི་ལྟ་བས་ཀུན་དུ་བལྟས་ལ་སྒོ་རྣམས་བྱའོ། ། ཐིག་གདབ་པའི་ཆོ་གའོ། །ཐིག་དེ་ཚོན་གྱིས་དགང་བ་དང་། ཚོན་གྱི་རིམ་པ་ནི་འདིའི་འོག་ནས་དུམ་བུ་གཉིས་པ་ལས་ཤེས་པར་བྱའོ། །དབུས་ཀྱི་དཀྱིལ་འཁོར་དབུས་སུ་ནི། །སངས་རྒྱས་ཀྱི་ནི་གཟུགས་གཞག་ཅིང་། །ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ། དེའི་ཤར་གྱི་ཕྱོགས་ཀྱི་ཆར་རྡོ་རྗེ་སེམས་མ། ལྷོར་རིན་ཆེན་སེམས་མ། ནུབ་ཏུ་ཆོས་ཀྱི་སེམས་མ། བྱང་དུ་ལས་ཀྱི་སེམས་མ་བྲི་བར་བྱའོ། །རྡོ་རྗེ་ཤུགས་ཀྱིས་སོང་ནས་ནི། །ཞེས་བྱ་བ་ནི་དེ་ལ་རྡོ་རྗེ་ཤུགས་ནི་འདི་ཡིན་ནོ། །ཡིད་ཀྱིས་རི་མོ་བཏེག་ནས་ནི། །རྡོ་རྗེ་སྲད་བུའམ་གཞན་ ཡང་རུང་། །ཕྱིར་བྱུང་ནང་དུ་ཞུགས་ཀྱང་ནི། །དམ་ཚིག་འགལ་བར་དེ་མི་འགྱུར། །དེ་ནས་འདིའི་སྙིང་པོ་ནི་འདི་ཡིན་ཏེ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། མི་གཡོ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་འཛིན་སོགས་མཉམ་པར་གཞག །ཅེས་བྱ་བ་ནི་བཅོམ་ལྡན་འདས་མི་བསྐྱོད་པ་དང་རྡོ་རྗེ་སེམས་ དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་དང་བཅས་པ་བྲི་བར་བྱའོ། །དེ་ལྟར་ན་དེ་དང་མཉམ་པར་གྱུར་ཏེ། ཐུགས་ཀྱི་ངོ་བོ་ཉིད་ཀྱི་རང་བཞིན་ཉིད་ཀྱིས་ནི་མི་མཉམ་པ་མེད་པས་མཉམ་པའོ། །རིན་ཆེན་འབྱུང་བའི་དཀྱིལ་འཁོར་དུ། །རྡོ་རྗེ་སྙིང་སོགས་རྫོགས་ བར་གཞག །ཅེས་བྱ་བ་ནི་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་དང་། རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་རྒྱལ་མཚན་དང་། རྡོ་རྗེ་བཞད་པ་དང་བཅས་པ་བྲི་བར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་དེ་རྡོ་རྗེ་སྙིང་པོ་ལ་སོགས་པས་གང་བར་འགྱུར་རོ། །ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ དུ། །རྡོ་རྗེ་སྤྱན་སོགས་དག་པར་གཞག །ཅེས་བྱ་བ་ནི་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་དང་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་སྨྲ་བ་དང་བཅས་པ་བྲི་བར་བྱའོ། །དེ་ལྟར་ན་དཀྱིལ་འཁོར་དེ་དག་པར་འགྱུར་ཏེ། རང་བཞིན་གྱིས་དག་པའི་ཆོས་ཉིད་ཀྱི་ངོ་བོ་ཉིད་ཡིན་ པས་ཀྱང་དེ་དག་ཡིན་ནོ། །གདོན་མི་ཟ་བའི་དཀྱིལ་འཁོར་དུ། །རྡོ་རྗེ་རྒྱ་གྲམ་ལ་སོགས་གཞག །ཅེས་བྱ་བ་ལ་རྡོ་རྗེ་རྒྱ་གྲམ་ནི་རྡོ་རྗེ་ལས་ཏེ། གང་དུ་དེ་ཉིད་ལ་སོགས་པ་ཡོད་པ་དེ་ནི་རྡོ་རྗེ་རྒྱ་གྲམ་ལ་སོགས་པའི་དཀྱིལ་འཁོར་ཏེ། བཅོམ་ལྡན་འདས་དོན་ཡོད་གྲུབ་པ་དང་། སྣ་ཚོགས་རྡོ་རྗེ་དང་། རྡོ་རྗེ་ སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་དང་བཅས་པ་བྲི་བར་བྱའོ། །འཁོར་ལོ་ཡི་ནི་གྲྭ་རྣམས་སུ། །རྡོ་རྗེ་ལྷ་མོ་རྣམས་ཀྱང་གཞག །ཅེས་བྱ་བ་ནི་ནང་གི་དཀྱིལ་འཁོར་གྱི་མཚམས་མེའི་ཕྱོགས་ནས་བརྩམས་ཏེ། སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་ བྲི་བར་བྱའོ། །དཀྱིལ་འཁོར་ཕྱི་ཡི་གྲྭ་རྣམས་སུ། །སངས་རྒྱས་མཆོད་པ་རྣམས་ཀྱང་གཞག །ཅེས་བྱ་བ་ནི་ཕྱིའི་དཀྱིལ་འཁོར་གྱི་ལྷའི་སྣམ་བུའི་མེའི་ཕྱོགས་ནས་བརྩམས་ཏེ། བསྐོར་ཕྱོགས་སུ་བདུག་པ་མ་དང་། མེ་ཏོག་མ་དང་། མར་མེ་མ་དང་། བྱུག་པ་མ་བྲི་བར་བྱའོ། །སྒོ་ རྣམས་ཀུན་གྱི་ནང་དུ་ནི། །སྒོ་སྲུང་བཞི་ཡང་གཞག་པར་བགྱི། །ཞེས་བྱ་བ་ནི་ཀུན་གྱི་ཞེས་བྱ་བའི་ཚིག་གིས་ཕྱི་དང་ནང་ཐམས་ཅད་ཀྱི་ཤར་ཕྱོགས་ཀྱི་སྒོར་རྡོ་རྗེ་ལྕགས་ཀྱུ། ལྷོར་ཞགས་པ། ནུབ་ཏུ་ལྕགས་སྒྲོག །བྱང་དུ་རྡོ་རྗེ་འབེབས་པ་བྲི་བར་བྱའོ། །འཁོར་ལོ་ཕྱི་རིམ་ཕྱོགས་ སུ་ནི། །སེམས་དཔའ་ཆེན་པོ་རྣམས་ཀྱང་གཞག །ཅེས་བྱ་བ་ནི་ཁྱམས་ཀྱི་ནང་དུ་བྱམས་པ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་རྣམས་བྲི་བར་བྱའོ། །དེ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ནི་སྐུ་མདོག་དཀར་པོ། བྱང་ཆུབ་མཆོག་གི་ཕ