Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 57
Văn bản gốc(Tây Tạng)
Trang 2 / 23 (50.000 ký tự/trang)
ོ་རྗེ་ལས་སྤྲུལ་པའི་མཐར་ཐུག་པ་ཡིན་པར་ཤེས་པར་བྱའོ། །དེ་ནས་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནས། འགྲོ་བའི་དོན་དུ་འདིར་འགྱུར་རོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་དོན་ཐམས་ཅད་ གྲུབ་པའི་དཀྱིལ་འཁོར་ཆེན་པོའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་སྟོན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ལ་སོགས་པ་ནི་སྔ་མ་བཞིན་དུ་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་ལས་ཀྱི་མཆོག་ཅེས་བྱ་བའི་ཏིང་ངེ་ འཛིན་གསུམ་པ་ཡིན་པར་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་དབང་བསྐུར་བ་དང་དམ་ཚིག་ཐོབ་པས་དེ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པ་ལ་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས་བྱ་བ་ནས། དཀྱིལ་འཁོར་ཆེན་པོ་བསྟན་པར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་འཇུག་པའི་ཆོ་ག་སྟོན་ཏོ། ། དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་དམ་ཚིག་དང་། དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་ཇི་ལྟར་འདོད་པའི་དངོས་གྲུབ་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཅི་འབྱོར་པས་མཆོད་པ་བྱས་ནས་ཞེས་བྱ་བ་ནས་ བརྩམས་ཏེ། ཨོཾ་སརྦྦ་སྥོ་ཊ་ས་ན་ཡོ་ག་ཅེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ ལྟ་བ་བཞིན་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། སྒྲུབ་པ་པོ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་ཕྱག་རྒྱའི་འབྲས་བུ་བརྗོད་པར་བྱའོ་ཞེས་བྱ་བའི་དོན་གཉིས་པ་འདི་དག་བསྟན་པར་བྱ་བའི་ཕྱིར། དེ་ནས་ནོར་བུ་ཆེན་པོའི་ཕྱག་རྒྱའི་ཡེ་ཤེས་བསླབ་བོ་ཞེས་བྱ་བ་ནས། རིན་ཆེན་ཁུ་ཚུར་གཉིས་བྱས་ལ། །ལས་ཀྱི་ཕྱག་རྒྱ་བྲི་བར་བྱ། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོའི་བསྡུས་པའི་དོན་བསྟན་པའོ། །དམ་ཚིག་གི་ཕྱག་རྒྱ་གཙོ་བོར་གྱུར་པ་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་ འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་སརྦྦ་ཨ་བྷི་ཥེ་ཀ་པཱུ་ཛ་ས་མ་ཡེ་ཧཱུཾ་ཞེས་བྱ་བའི་བར་ གྱི་གཞུང་གིས་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་སྟོན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བ་འདིས་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ཡིན་པར་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ ལས་གསུངས་པའི་བསྒྲུབ་པ་ནི་དེའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས། ཁྱོད་རབ་ཏུ་དབུལ་བ་དང་། དུས་བྱས་ནས་སེམས་ཅན་དམྱལ་བར་ལྟུང་ང་རེ་ཞེས་བསྒོ་ལ་ ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་དང་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དམ་ཚིག་དང་དབང་བསྐུར་བ་ཐོབ་པ་དེ་རྣམས་ལ་སློབ་དཔོན་གྱིས་དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཇི་ ལྟར་འདོད་པའི་དངོས་གྲུབ་རྣམས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་བར་བྱ་བའི་ཕྱིར་རང་གི་ནོར་བུའི་རིགས་ཀྱི་དམ་ཚིག་གི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ནས། ཨོཾ་ཀརྨ་སིདྡྷི་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་གཟུངས་ཀྱི་དཀྱིལ་ འཁོར་ལས་གསུངས་པའི་དངོས་གྲུབ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་དཀྱིལ་འཁོར་ཆེན་པོ་འདིའི་ཕྱག་རྒྱ་ ཆེན་པོ་བཅིང་བ་བཤད་དེ་ཞེས་བྱ་བ་ནས། གསང་བ་གསང་བའི་ཁུ་ཚུར་མཆོག །གཉིས་སུ་བྱས་ན་ལས་ཀུན་བྱེད། །ཅེས་བྱ་བའི་བར་གྱི་གཞུང་གིས་གསུངས་སོ། །ནོར་བུའི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །ཆོས་ཀྱི་ཕྱག་ རྒྱ་གཙོ་བོར་གྱུར་པ་ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་གཟུང་བར་བྱའོ། །དེ་ནས་ཡང་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ ཏེ། ཨོཾ་སརྦ་ཨ་བྷི་ཥེ་ཀ་ཛྙཱ་ན་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་སྟོན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བ་ནི་ལས་ཀྱི་རྒྱལ་པོ་མཆོག་གི་ཏིང་ངེ་འཛིན་ཡིན་པར་སྔ་མ་བཞིན་ དུ་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་གྲུབ་པ་ནི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་ མཁའི་སྙིང་པོས་ཞེས་བྱ་བ་ནས། ཁྱོད་ཀྱིས་ཆོས་ཀྱི་དཀྱིལ་འཁོར་མ་མཐོང་བ་ལ་མ་བརྗོད་ཅིག །ཁྱོད་དངོས་གྲུབ་མ་ཐོབ་པར་མྱུར་དུ་ཤི་བར་གྱུར་ཏ་རེ་ཞེས་བསྒོ་ལ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་ འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་ལ་སློབ་དཔོན་གྱིས་དེ་ལས་གསུངས་པའི་དངོས་གྲུབ་ཇི་ལྟར་འདོད་པ་བཞིན་དུ་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། ནོར་བུའི་ རིགས་ཀྱི་ཆོས་ཀྱི་ཡེ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ནས། སརྦྦ་གུ་ཧྱ་ཛྙཱ་ན་སརྦྦ་སིདྡྷིཾ་མེ་པྲ་ཡཙྪ་ཧཱུཾ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་ པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞི་རང་གི་ལྷའི་རྣལ་འབྱོར་བྱས་ནས་དེའི་རྗེས་ལ་དོན་ཐམས་ཅད་གྲུབ་པའི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཆེན་པོ་ཇི་ལྟ་བ་བཞིན་དུ་བཅིང་བར་བྱའོ་ཞེས་བྱ་བ་ནས། གནས་ཇི་ལྟ་བ་བཞིན་གཞག་པར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ནོར་བུའི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །ལས་ཀྱི་ཕྱག་རྒྱ་གཙོ་བོར་གྱུར་པ་ནོར་བུའི་ རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་ནོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་བཛྲ་བི་ཤྭ་ཨ་བྷི་ཥེ་ཀེ་ཧཱུཾ་ ཞེས་བྱ་བའི་བར་གྱི་གཞུང་གིས་ནི་ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་སྟོན་ཏོ། །དེ་ནས་བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གསུམ་པ་ཡིན་ པར་ཤེས་པར་བྱའོ། །ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བསྒྲུབ་པ་ནི་ནོར་བུའི་རིགས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ ནམ་མཁའི་སྙིང་པོས་ཞེས་བྱ་བ་ནས། ཤི་བར་གྱུར་ཏ་རེ་ཞེས་བསྒོ་ལ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། དོན་ཐམས་ཅད་གྲུབ་པའི་ལས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་ལས་ཀྱི་དཀྱིལ་འཁོར་ལས་ གསུངས་པའི་དངོས་གྲུབ་ཀྱི་ཡེ་ཤེས་ནི། དཀྱིལ་འཁོར་དེར་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་བཤད་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། ནོར་བུའི་རིགས་ཀྱི་ལས་ཀྱི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བ་ནས། འཇིག་རྟེན་ཐམས་ཅད་དེས་ མགུར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་པའི་རྗེས་ལ། ལས་ཀྱི་དཀྱིལ་འཁོར་ ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིངས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་ཆེན་པོ་ཡེ་ཤེས་ཀྱི་དངོས་གྲུབ་དམ་པར་འགྱུར་རོ་ཞེས་བྱ་བ་ནས་ལས་ཀྱི་ཕྱག་རྒྱ་དེ་བསྒྲུབ་བོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། ། ནོར་བུའི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །ནོར་བུའི་རིགས་ཀྱི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་གྱི་དངོས་གྲུབ་བསྡུས་པར་གྱུར་པ་བར་མ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ བསྡུས་པའི་དོན་བརྗོད་པར་བྱ་སྟེ། དེ་ལ་དང་པོའི་སྦྱོར་བ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོར་བཤད་པ་ཉིད་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ནས་བརྩམས་ཏེ། ཨོཾ་བི་ཤྭ་དཥྚི་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་ རྒྱ་བཞི་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་པོ་གསུངས་པ་ཡིན་ནོ། །བསྡུ་བ་དང་བྱིན་གྱིས་བརླབས་པ་ནས་བརྩམས་ཏེ། སྔ་མ་བཞིན་དུ་ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ལྔ་པོ་ཡིན་པར་ཤེས་པར་བྱའོ། །དོན་ཐམས་ཅད་གྲུབ་ པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་ཞེས་བྱ་བ་ནས་ཁྱོད་ ཀྱིས་སུ་ལ་ཡང་མ་སྨྲ་ཞིག་ཅེས་བསྒོ་བར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་། ནོར་བུའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་བཞི་པའི་དཀྱིལ་ འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ། སློབ་དཔོན་གྱིས་དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཡེ་ཤེས་བསྐྱེད་པར་བྱ་སྟེ་ཞེས་བྱ་བ་ནས། ཧི་ཧི་ཧ་ཧ་ཧ་ཊ་ཞེས་ བྱ་བའི་སྔགས་ཀྱི་བར་གྱི་གཞུང་གིས་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་བཞི་ཇི་ལྟ་བ་བཞིན་བཅིང་བ་དང་། རྣམ་པ་བཞི་དེ་བཞིན་དུ་བསླབ་པར་བྱའོ། །དངོས་གྲུབ་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བའི་གཞུང་གིས་སྟོན་ཏོ། །ནོར་བུའི་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་བསྡུས་ པའི་དོན་བསྟན་པའོ། །དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པ་མདོར་བསྡུས་པ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་འཛིན་པར་བྱེད་པ་དོན་ཐམས་ཅད་གྲུབ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་བསྡུས་པའི་ དོན་བརྗོད་པར་བྱ་སྟེ། དེ་ལ་འདིར་དང་པོ་སྦྱོར་བ་ནི་འཕགས་པ་ནམ་མཁའི་སྙིང་པོའི་དཀྱིལ་འཁོར་ཆེན་པོར་བཤད་པའི་རྣལ་འབྱོར་ཆེན་པོ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནམ་མཁའི་སྙིང་པོས་ཞེས་བྱ་བ་ནས་བརྩམས་ཏེ། བཛྲ་རཏྣ་ཧཱུཾ་ཞེས་ བྱ་བའི་བར་གྱི་གཞུང་གིས་ནི། འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་བསྟན་ཏོ། །ལས་ཀྱི་མཆོག་གི་ཏིང་ངེ་འཛིན་ནི་སྔ་མ་བཞིན་དུ་བསྡུ་བ་དང་བྱིན་གྱིས་བརླབས་པ་སྔོན་དུ་འགྲོ་བ་ཉིད་ཡིན་ ནོ། །དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ དཀྱིལ་འཁོར་ནི་འདི་ཡིན་ཏེ་ཞེས་བྱ་བ་ནས། དངོས་གྲུབ་ཀྱི་དཀྱིལ་འཁོར་ནི་ཇི་བཞིན་པར་ནི་བྲི་བར་བྱའོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་སློབ་དཔོན་གྱི་ལས་དང་དཀྱིལ་འཁོར་དུ་འཇུག་པའི་ཆོ་ག་སྟོན་ ཏོ། །འཕགས་པ་ནམ་མཁའི་སྙིང་པོའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པ་རྣམས་ལ་སློབ་དཔོན་གྱིས་བསྒྲུབ་པའི་ཡེ་ཤེས་བསླབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་འདིར་ཡེ་ཤེས་གསང་བའི་ཞེས་བྱ་ བ་ནས། ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དེ་ནས་དོན་ཐམས་ཅད་གྲུབ་པའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་རྣམས་ནི་དོན་ཐམས་ཅད་གྲུབ་པའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་གསལ་བར་བྱ་བའི་ཕྱིར། དེ་ནས་ཕྱག་རྒྱ་བཞིའི་ཡེ་ཤེས་བསླབ་པར་བྱའོ། །རས་ལ་སོགས་པ་ལ་ཡང་སེམས་དཔའ་དང་ཕྱག་རྒྱའི་དཀྱིལ་འཁོར་བྲིས་ཏེ་བསྒྲུབ་པར་བྱའོ་ཞེས་བྱ་བའི་ གཞུང་གིས་སྟོན་ཏོ། །དོན་ཐམས་ཅད་གྲུབ་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གྱི་བསྡུས་པའི་དོན་བསྟན་པའོ། །ནོར་བུའི་རིགས་ཀྱི་དམ་ཚིག་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཐམས་ཅད་རྫོགས་པར་བྱེད་པའི་ལས་ཅན་ཡིན་ཏེ་དེ་བས་ན་ལས་ཀྱི་རིགས་ ལ་ལས་ཀྱི་དམ་ཚིག་ཅེས་བཤད་པ་ཡིན་ནོ། །དེ་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་ངོ་བོ་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་དུ་འགྱུར་བའི་རྩ་བའི་རྒྱུད་ཀྱི་བསྡུས་པའི་དོན་བཤད་པ་ཡིན་ནོ། །ད་ནི་འཇིག་རྟེན་དང་འཇིག་རྟེན་ལས་ འདས་པའི་དངོས་གྲུབ་སྒྲུབ་པར་བྱེད་པའི་སེམས་ཅན་གོང་མའི་ཡང་གོང་མ་རྗེས་སུ་འཛིན་པར་བྱེད་པ་ཐོག་མ་དང་ཐ་མ་མེད་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐོབ་པའི་རྒྱུར་གྱུར་པ། རྒྱུད་ཕྱི་མའི་བསྡུས་ པའི་དོན་བརྗོད་པར་བྱའོ། །དེ་ལ་དང་པོར་རེ་ཞིག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་ཉིད་གྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། པདྨ་དང་། ནོར་བུའི་རིགས་རྣམས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་དང་དམ་ཚིག་དང་། ཆོས་དང་ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་བསྒོམ་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བརྩམས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དངོས་གྲུབ་དམ་པ་ཐོབ་པའི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་ བའི་བར་གྱི་གཞུང་གིས་སྟོན་ཏོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པ་ནི་དམ་ཚིག་ལ་གནས་པས་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། དམ་ཚིག་གི་དངོས་གྲུབ་ ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དངོས་པོ་ལ་མངོན་པར་ཞེན་པ་སྤང་བར་བྱ་བའི་ཕྱིར། གཟུགས་བརྙན་དང་འདྲ་བ་ཉིད་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་སྒྲུབ་པར་བྱེད་པ་པོས་ལས་ཀྱི་དཀྱིལ་འཁོར་ལས་ གསུངས་པའི་མཆོད་པ་རྣམ་པ་བཅུ་དྲུག་རབ་ཏུ་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བའི་མཚན་ཉིད་ཅན་དང་། དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པའི་མཚན་ཉིད་ཅན་གྱི་ལས་ནམ་མཁའི་ཁམས་ཐམས་ཅད་དུ་སྤྲོས་པ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་འདི་ བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། རིགས་ཐམས་ཅད་ཀྱི་ལས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ ལས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་བཞིན་གཤེགས་པ་ལ་སོགས་པ་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་ཆོས་དང་། ལས་ཀྱི་ཕྱག་རྒྱ་རྣམས་ཀྱི་སྤྱིའི་སྒྲུབ་པ་ཁྱད་པར་གྱིས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། རིགས་ཐམས་ཅད་ཀྱི་ཆོས་ཉིད་མཁྱེན་པའི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱིས་ཆོས་ཉིད་ཀྱི་རྒྱུད་སྟོན་ཏོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱ་བའི་ཕྱིར། ངེས་པ་བསྐྱེད་ནས་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། རིགས་ཐམས་ཅད་ཀྱི་མཁྱེན་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་དོ་ཞེས་བྱ་བའི་བར་གྱི་གཞུང་ གིས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམ་པ་ནི། གང་གི་ཚེ་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་ཤེས་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། མདུན་མཐོང་ནའོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱའི་རྒྱུད་སྟོན་ཏོ། །ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་ ནས་ཀྱང་མཚན་མ་ཐོབ་པར་གྱུར་པས་མངོན་པར་ཤེས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། མངོན་པར་ཤེས་པ་ལྔ་ནི་དེས་ཐོབ་བོ་ཞེས་བཅོམ་ལྡན་ འདས་ནམ་མཁའི་སྙིང་པོས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མངོན་པར་ཤེས་པའི་སྒྲུབ་པའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏོ། །མནའདོར་བའི་བརྟུལ་ཞུགས་ལ་རྗེས་སུ་འཇུག་པས་ཕྱག་རྒྱ་ཆེན་པོ་ ལ་སོགས་པ་གྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བཅོམ་ལྡན་འདས་སངས་རྒྱས་མཆོད་པས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་བདེན་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ ཏོ། །ས་མ་ཡ་སྟྭཾ་ཞེས་བྱ་བ་ལ་སོགས་པ་བརྗོད་དེ། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས། རང་བྱུང་ཉིད་ལ་མཆོད་པར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དམ་ཚིག་གི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །རང་གི་ལྷའི་རྣལ་འབྱོར་བྱས་ལ་རས་རིས་ལ་སོགས་པ་ལ་ཡང་རང་གི་ལྷ་སྤྱན་དྲངས་ཏེ་སྒོམ་པར་བྱེད་ཅིང་རང་གི་ལྷ་རྗེས་སུ་དྲན་པས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་བཞི་ འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། ཉི་རིམ་དུ་ནི་ཡང་དག་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ཕྱག་རྒྱའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །ཕྱག་རྒྱ་ ཆེན་པོ་ལ་སོགས་པ་ལ་རང་གི་ལྷའི་ཕྱག་རྒྱ་བཞི་པོ་ནི་རང་གི་ལྷའི་ང་རྒྱལ་གྱིས་སྙིང་པོ་བརྗོད་ཅིང་བསྒྲུབ་པར་བྱའོ་ཞེས་བྱ་བའི་ངེས་པ་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་དངོས་གྲུབ་ཐམས་ཅད་སྟོན་པའི་རྒྱུད་སྟོན་ཏོ། །སྒྲུབ་པ་པོས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་རང་རང་གི་ལྷའི་ཕྱག་རྒྱ་བཞི་ལ་དང་པོ་ཁོ་ནར་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། མཆོད་པ་བྱས་ལ་ཏིང་ངེ་ འཛིན་གྱིས་བཟླས་བརྗོད་དང་བསྒོམ་པ་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་བྱིན་གྱིས་བརླབས་པ་དང་། དབང་བསྐུར་བ་དང་། ཏིང་ ངེ་འཛིན་དང་མཆོད་པའི་རྒྱུད་སྟོན་ཏོ། །གང་གི་ཚེ་སྔར་བཤད་པའི་ཚུལ་གྱིས་མངོན་པར་ཤེས་པ་ལ་སོགས་པ་སྐྱེས་པར་མ་གྱུར་ན། དེའི་ཚེ་དཀྱིལ་འཁོར་ལ་སོགས་པ་རང་གི་ལྷའི་ཕྱག་རྒྱ་བཞིར་མཚན་ཐོག་ཐག་བསྒོམས་པས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་ བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རིགས་ཐམས་ཅད་ཀྱི་མངོན་པར་ཤེས་པའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །སྔོན་དུ་བསྙེན་པ་ལ་སོགས་པའི་ དུས་སུ་ཡང་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས། བསྒོམས་ན་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་བྱང་ཆུབ་ ཆེན་པོའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །མཚན་མ་ཐོབ་པས་སྔར་བཤད་པའི་ཚུལ་གྱིས་མངོན་པར་ཤེས་པ་སྐྱེས་པར་མ་གྱུར་ན། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་གསུངས་པའི་ཆོ་གས་སངས་རྒྱས་ལ་སོགས་པའི་ཆ་ལུགས་ཀྱི་བརྟུལ་ཞུགས་ ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་རིགས་ཐམས་ཅད་མཉེས་པར་བྱ་བ་དང་དབང་དུ་བྱ་བ་བྱས་ལ་དེ་བཞིན་གཤེགས་པ་ལ་སོགས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་གཉིས་པོ་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། སངས་རྒྱས་ཐམས་ཅད་དབང་དུ་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་མཉེས་པར་བྱ་བ་དང་དབང་དུ་བྱ་བའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །གང་གི་ཚེ་ཇི་སྐད་བཤད་པའི་ཆོ་གས་ལན་བདུན་བསྒྲུབས་ན་ཡང་ དངོས་གྲུབ་ཐོབ་པར་མ་གྱུར་ན། དེའི་ཚེ་རིགས་པ་ལ་མངོན་སྤྱོད་བྱ་བའི་ཆོ་གས་རང་གི་ལྷའི་མངོན་སྤྱོད་བྱས་ན་དེ་ནས་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས། ཀུན་དུ་བཟང་པོས་གསུངས་སོ་ཞེས་ བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རྣལ་འབྱོར་པས་བདག་ཉིད་ལ་སོགས་པ་བསྲུང་བར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་སྲུང་བས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་བསྲུང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་པ་ཡིན་ནོ། །རྒྱུད་ཕྱི་མ་ལས་རིགས་ ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོ་དང་འབྲེལ་བའི་དངོས་གྲུབ་བསྒྲུབ་པའི་བསྡུས་པའི་དོན་བསྟན་པའོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞི་བསྒོམ་པ་ནི་རང་གི་རིགས་ཀྱི་དཀྱིལ་འཁོར་ ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་བྱས་པའི་རྗེས་ལ་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པའི་བཅིང་བ་རྒྱུད་ཕྱི་མ་ལ་ཡང་བྱའོ་ཞེས་བྱ་བའི་ཆོ་ག་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བརྩམས་ཏེ། སྐད་ཅིག་གིས་ཕབ་གང་བྱེད་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །དེ་ནས་དཀྱིལ་འཁོར་ཆེན་པོའི་དབང་དུ་བྱས་ནས་གསུངས་པའི་རྒྱུད་ཕྱི་མའི་ཚོགས་མཚན་མ་ཐོབ་ པ་དང་མངོན་པར་ཤེས་པ་ཐོབ་པས་སྒྲུབ་པའི་དཀྱིལ་འཁོར་བྲིས་ལ་གཟུངས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་ཁོང་དུ་ཆུད་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བའི་ བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་དག་པའི་དངོས་གྲུབ་གསང་བའི་རྒྱུད་སྟོན་ཏོ། །སྒྲུབ་པ་དང་པོས་མ་གྲུབ་ན་སྒྲུབ་པ་གཉིས་པ་ལ་ཡང་དེ་ཁོ་ན་ཉིད་ཀྱིས་བསྐུལ་བས་ཡང་དག་པར་བསྐུལ་ལ། གཟུངས་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་ བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་ནམ་མཁའི་སྙིང་པོས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །སྔོན་དུ་བསྙེན་པ་ལ་སོགས་པའི་དུས་སུ་ ཡང་། མུ་སྟེགས་རྣམས་ལ་ཕན་གདགས་ཕྱིར། །རི་མོའི་ཕྱག་རྒྱའི་ཚུལ་དུ་ནི། །སངས་རྒྱས་བཙུན་མོ་རབ་སྦྱངས་པར། །ཤེས་ན་རབ་ཏུ་འགྲུབ་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་གསང་བའི་ཡེ་ཤེས་ཀྱི་གཟུངས་ཀྱི་ཕྱག་རྒྱར་བསྐྱེད་དེ་བསྒོམ་པར་བྱའོ་ཞེས་བྱ་ བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་མཛད་པར་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རིགས་ཐམས་ཅད་ཀྱི་དམ་ཚིག་གསང་བའི་དངོས་ གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །གཟུགས་དང་ཡང་དག་པར་སྦྱོར་བར་བསྒོམས་པ་ལས་བྱུང་བའི་བདེ་བ་དབུལ་བའི་ཡང་དག་པར་སྦྱོར་བ་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་གྱིས་གསུངས་ སོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །བདག་ཉིད་རྣལ་འབྱོར་གྲུབ་པ་ཙམ་དུ་གཟུངས་སྒྲུབ་པར་བྱེད་པས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་སྒེག་མོ་ལ་སོགས་པའི་གསང་ བའི་མཆོད་པ་བཞིས་མཆོད་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་གསང་བའི་མཆོད་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། ། དེ་ཁོ་ན་ཉིད་བརྗོད་པ་དང་མཚན་མ་མངོན་པར་བརྗོད་པ་དང་ཕྱག་རྒྱ་བཅིང་བ་སྐྱེ་བའི་ཡེ་ཤེས་ཀྱི་རྒྱུད་ནི་རང་གི་སེམས་ཡོངས་སུ་སྦྱང་བའི་ལས་བསྟན་པའི་ཕྱིར། རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷའི་རྣལ་འབྱོར་གསུངས་པ་ཡིན་ནོ། །རིགས་ ཐམས་ཅད་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་རྣམས་ཀྱི་རྒྱུད་ཕྱི་མ་བསྒྲུབ་པའི་ཆོ་ག་བསྡུས་པའི་དོན་བསྟན་ཏོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞི་པོ་བསྒོམ་པ་ན། རང་གི་ རིགས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་ལ། དེའི་རྗེས་ལ་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་རྒྱུད་ཕྱི་མ་ལ་ཡང་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་ བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་རིན་པོ་ཆེའི་རྒྱལ་མཚན་གྱིས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་ཏིང་ངེ་འཛིན་ལས་ཀྱི་དངོས་གྲུབ་ཀྱི་ཆོ་ག་ རྒྱས་པ་ཞེས་བྱ་བའི་བར་གྱི་རྒྱུད་ཀྱིས་སྟོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བསྒོམས་པས་གང་གི་ཚེ་མཚན་མ་ཐོབ་པར་གྱུར་པ་དེའི་ཚེ་རྡོ་རྗེ་ཕྲ་མོ་བསྒོམས་པས་མངོན་པར་ཤེས་པ་ལྔ་བསྐྱེད་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་ པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་ནོར་བུས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་ནི་རིགས་ཐམས་ཅད་ཀྱི་ཕྲ་མོའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་ པ་བསྒོམས་ན་མཚན་མ་འདི་དག་འབྱུང་བར་འགྱུར་ན་མངོན་པར་ཤེས་པ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་གསལ་བར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་སོ་ཞེས་བྱ་ བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་སྤྱིའི་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་པ་ཡིན་ནོ། །རིགས་ཐམས་ཅད་ཀྱི་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྒྱུད་ཕྱི་མ་སྒྲུབ་པའི་བསྡུས་པའི་དོན་བསྟན་པའོ། །དེ་བཞིན་གཤེགས་པ་ལ་སོགས་ པའི་རིགས་ཐམས་ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ནི་རང་གི་རིགས་ཀྱི་ཆོས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ཕྱག་རྒྱ་བཞིས་རང་གི་ལྷའི་རྣལ་འབྱོར་ཇི་ལྟ་བ་བཞིན་དུ་བྱས་པའི་རྗེས་ལ་ལས་ཀྱི་དཀྱིལ་འཁོར་ལས་ གསུངས་པའི་ཕྱག་རྒྱ་ཆེན་པོ་ལ་སོགས་པ་བཅིང་བ་རྒྱུད་ཕྱི་མ་ལས་ཀྱང་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བརྩམས་ཏེ། བཅོམ་ལྡན་འདས་རྡོ་རྗེ་སྙིང་པོས་གསུངས་ སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་དང་། རིགས་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་གསང་བའི་དངོས་གྲུབ་དང་རིགས་ཐམས་ཅད་ཀྱི་ལས་ཀྱི་ཆོས་ཉིད་དང་རིགས་ཐམས་ཅད་ཀྱི་ལས་ཀྱི་དགོས་པའི་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་རྣམས་ སྟོན་ཏོ། །དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་ལྷའི་རྣལ་འབྱོར་བྱས་པ་ལ་ཡང་། དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་རྣལ་འབྱོར་གྱི་རྒྱུད་ཀྱིས་བྱའོ་ཞེས་བྱ་བའི་དོན་འདི་ བསྟན་པར་བྱ་བའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་ལས་ཀྱིས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་ཕྱག་རྒྱ་བསྒོམ་པའི་དངོས་གྲུབ་ཀྱི་རྒྱུད་སྟོན་པ་ཡིན་ནོ། །རིགས་ཐམས་ ཅད་ཀྱི་ལས་ཀྱི་དཀྱིལ་འཁོར་དང་འབྲེལ་བའི་རྒྱུད་ཕྱི་མའི་ཆོ་ག་རྒྱས་པའི་བསྡུས་པའི་དོན་བསྟན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ལས་རྟོག་པ་ཐམས་ཅད་ཀྱི་གསང་བའི་རྒྱུད་ཕྱི་མའི་བསྡུས་པའི་དོན་རྫོགས་སོ།། །།བསྒོམས་ པས་འཇིགས་སྐྲག་ཅིང་བྱ་བ་ལ་མངོན་པར་ཞེན་པའི་སེམས་ཅན་རྗེས་སུ་འཛིན་པར་བྱེད་པ་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཀྱི་ཕྱི་མའི་ཕྱི་མ་བསྡུས་པའི་དོན་བརྗོད་པར་བྱ་སྟེ། འདིར་ཡང་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་ཕྱི་མའི་རྒྱུད་དུ་རང་གི་རིགས་ཀྱི་དཀྱིལ་ འཁོར་ཆེན་པོ་མཐོང་བ་ཙམ་གྱིས་ཀྱང་རང་གི་རིགས་ལས་གསུངས་པའི་སྙིང་པོ་དང་ཕྱག་རྒྱ་དང་། གསང་སྔགས་དང་། རིག་པ་བསྒྲུབ་པ་ནི་རྒྱ་ཆེན་པོས་འཇིགས་ཤིང་སྐྲག་ལ་བསོད་ནམས་ཆུང་བའི་སེམས་ཅན་རྗེས་སུ་གཟུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ བ་མཛད་པ་ཡིན་ནོ། །རང་གི་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་བསྒྲུབ་པར་བྱ་བའི་དངོས་པོ་ཐམས་ཅད་དང་སྒྲ་ནི་སྙིང་པོ་ཞེས་བྱའོ། །རང་གི་རིགས་ཀྱི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཐམས་ཅད་དང་སྒྲ་ནི་ཕྱག་རྒྱའོ། །རང་གི་རིགས་ཀྱི་ལས་ ཀྱི་དཀྱིལ་འཁོར་ལས་གསུངས་པ་ཐམས་ཅད་དང་སྒྲ་ནི་གསང་སྔགས་སོ། །རང་གི་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་བསྒྲུབ་པར་བྱ་བ་ཐམས་ཅད་དང་། རིག་པའི་སྒྲའི་བདག་ཉིད་ཅན་ནི་བཅོམ་ལྡན་འདས་ཀྱིས་རིག་པ་ཞེས་བྱ་བར་བསྟན་ཏོ། །དེ་ལ་ དཀྱིལ་འཁོར་ཆེན་པོ་མཐོང་བའི་དུས་ཀྱི་ངེས་པ་དང་སྔགས་བཟླས་པའི་གྲངས་དང་། རས་རིས་དང་ཕྱིའི་མཆོད་པ་ལྔ་ལ་སོགས་པའི་མཆོད་པ་དང་ཕྱག་རྒྱའི་མཆོད་པ་དང་། སྐྱིལ་མོ་ཀྲུང་ལ་སོགས་པའི་ངེས་པ་ནི་ཡོ་བྱད་དེ་དེ་ལ་མངོན་པར་ཞེན་པ་རྣམས་ཀྱིས་དབུལ་བར་བྱའོ་ ཞེས་བྱ་བའི་དོན་འདི་རྟོགས་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་འཛིན་པས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །རིགས་ཐམས་ཅད་ཀྱི་ཟློས་པ་པོས་སྙིང་པོ་ཡིད་ལ་ འདོད་པ་ཞེས་བྱ་བ་ལ་སོགས་པ་རབ་ཏུ་ཤིས་པའི་སྒྲ་བརྗོད་ལ། སྙིང་པོ་དང་ཕྱག་རྒྱ་དང་། སྔགས་དང་། རིག་པ་བཟླས་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར་དེ་ནས་ཞེས་བྱ་བ་ནས། རྡོ་རྗེ་འཛིན་པས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ ཅད་ཀྱི་ཐུན་མོང་དུ་སྒྲུབ་པའི་ཡོ་བྱད་ཀྱི་ཆོ་ག་སྟོན་ཏོ། །བཛྲ་སཏྭ་ཞེས་བྱ་བ་ལ་སོགས་པའི་སྒྲ་བརྗོད་ལ་དེའི་དོན་གྱི་བདག་ཉིད་རང་གི་ལྷའི་སྐུར་བསྒོམ་པའམ། མདུན་དུ་བསྒོམས་ལ་སྙིང་པོ་དང་། སྔགས་དང་། ཕྱག་རྒྱ་དང་། རིག་པ་བཟླས་པར་བྱའོ་ཞེས་བྱ་བའི་ དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་བཟླས་པའི་ཆོ་ག་སྟོན་ཏོ། །ཟློས་པ་པོ་རྣམས་ལ་སྤྲོ་བ་བསྐྱེད་པར་བྱ་བའི་ཕྱིར་བཟླས་བརྗོད་ཀྱི་འབྲས་བུ་ བརྗོད་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་རིན་པོ་ཆེས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཐུན་མོང་གི་དངོས་གྲུབ་ཀྱི་ཆོ་ག་སྟོན་ཏོ། །ཐབས་མེད་པར་སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་། རིག་པ་རྣམས་འགྲུབ་པར་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་རྟོག་པ་ཐམས་ཅད་ཀྱི་ཐབས་ཀྱི་རྒྱུད་ཅེས་བྱ་བ་ནས། དངོས་གྲུབ་ཀུན་གྱི་མཆོག་ཐོབ་བོ། །ཞེས་བྱ་བའི་བར་གྱི་གཞུང་གིས་རྟོག་ པ་ཐམས་ཅད་ཀྱི་ཐབས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་རྣམས་ཉིད་ནི་བསོད་ནམས་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། མྱུར་དུ་སངས་རྒྱས་ཉིད་དུ་འགྲུབ། །ཅེས་བྱ་བའི་བར་གྱི་གཞུང་གིས་རྟོག་པ་ཐམས་ཅད་ཀྱི་ བསོད་ནམས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་རྣམས་ཉིད་ནི་ཤེས་རབ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་དང་། ཡེ་ཤེས་ཀྱིས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་ གིས་རྟོག་པ་ཐམས་ཅད་ཀྱི་ཤེས་རབ་དང་ཡེ་ཤེས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་རྣམས་ཉིད་ནི་ཚོགས་མེད་པར་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་ རྟོག་པ་ཐམས་ཅད་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱི་རྒྱུད་སྟོན་ཏོ། །དེ་རྣམས་ཉིད་ནི་མཚན་མ་འབྱུང་བའི་ཡེ་ཤེས་མེད་ན་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ ཞེས་བྱ་བ་ནས། རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཚན་མ་བྱུང་བའི་ཡེ་ཤེས་ཀྱི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །དེ་རྣམས་ཉིད་ནི་རྟོག་པ་འབྱུང་བའི་ཡེ་ཤེས་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་བསྟན་ པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། རྡོ་རྗེ་རིན་ཆེན་གྱིས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་རྟོག་པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏོ། །སྙིང་པོ་དང་། ཕྱག་རྒྱ་དང་། སྔགས་དང་ཡེ་ཤེས་མེད་པར། སྙིང་པོ་དང་། ཕྱག་ རྒྱ་དང་། སྔགས་དང་། རིག་པའི་དངོས་གྲུབ་ཏུ་མི་འགྱུར་རོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས་བརྩམས་ཏེ། རྡོ་རྗེ་འཛིན་པས་གསུངས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་རིགས་ཐམས་ཅད་ཀྱི་རྟོག་པའི་སྙིང་པོ་ལ་སོགས་ པ་འབྱུང་བའི་ཡེ་ཤེས་ཀྱི་རྒྱུད་སྟོན་ཏོ། །རིགས་ཐམས་ཅད་ཀྱི་ཟློས་པ་པོས་རང་གི་ཚིག་ལས་སྐལ་བ་དང་ལྡན་པ་དང་། སྐལ་བ་དང་མི་ལྡན་པ་བརྟག་པར་བྱས་ནས་འཇུག་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་ནས། ཡིད་ཀྱིས་དེ་ནི་ཤེས་པར་ འགྱུར། །ཞེས་བྱ་བའི་བར་གྱི་གཞུང་གིས་རྟོག་པ་ཐམས་ཅད་ཀྱི་ཡེ་ཤེས་སྐྱེད་པའི་ཆོ་ག་རྒྱས་པའི་རྒྱུད་སྟོན་ཏོ། །དེ་ཉིད་ཀྱིས་ན་གདུལ་བྱ་དེ་རྣམས་རྟོག་པ་སྣ་ཚོགས་ཀྱིས་ཉེ་བར་བཅོམ་པའི་ཕྱིར། ལྟ་བ་ངན་པ་དང་ཞེན་པ་དང་མ་བྲལ་བ་ཡིན་ནོ་ཞེས་གསུངས་པས། དེ་ བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་ཀྱི་ཟློས་པ་པོས་ཐུན་མོང་དང་ཁྱད་པར་གྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་ཕྱག་རྒྱ་བསྒྲུབ་པ་ཉམས་སུ་བླང་བར་བྱའོ་ཞེས་བྱ་བའི་དོན་འདི་རྟོགས་པར་བྱ་བའི་ཕྱིར། དེ་ནས་རིགས་ཐམས་ཅད་ཀྱི་ཐུན་མོང་བའི་ཞེས་བྱ་བ་ནས། རྡོ་རྗེ་སེམས་དཔས་གསུངས་སོ་ཞེས་བྱ་བའི་བར་གྱིས་རིགས་ཐམས་ཅད་ཀྱི་གསང་བའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་ཕྱག་རྒྱའི་རྒྱུད་སྟོན་པ་ཡིན་ནོ། །རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མའི་ཕྱི་མའི་བསྡུས་པའི་དོན་བསྟན་པའོ། །ཇི་སྐད་དུ་གསུངས་པའི་དཀྱིལ་འཁོར་དུ་ སློབ་མ་བཅུག་ནས་དབང་བསྐུར་བ་ཐམས་ཅད་ཀྱིས་དབང་བསྐུར་ནས། ལྷ་རྣམས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་བ་བྱས་ལ། སྤྲུལ་པ་རྣམས་རང་གི་ལུས་སུ་བཅུག་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའི་རང་གི་ཐུགས་ཀ་ན་གནས་པའི་རྡོ་རྗེ་སེམས་དཔའ་ ལ་མཚན་བརྒྱ་རྩ་བརྒྱད་པས་ཡང་དག་པར་བསྟོད་ནས་ཅི་ལྟར་བདེ་བའི་སྤྱོད་ལམ་གྱིས་གནས་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ནས་ཞེས་བྱ་བ་ནས་བརྩམས་ཏེ། དེ་བཞིན་ གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཐེག་པ་ཆེན་པོ་མངོན་པར་བསྡུས་པ་ཞེས་བྱ་བའི་བར་གྱི་གཞུང་གིས་སྟོན་ཏོ། །ཇི་སྐད་དུ་བཤད་པའི་བསྡུས་པའི་དོན་ཐམས་ཅད་བསྟན་པས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་རྣམ་པར་སྣང་མཛད་དང་རྣམ་པར་སྣང་མཛད་ཆེན་པོར་གྱུར་པའི་ རང་བཞིན་ནི་བརྗོད་པར་བྱ་བ་བཤད་པ་ཡིན་ལ། དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཡིན་ནོ། །རྒྱུད་དང་བརྗོད་པར་བྱ་བ་གཉིས་ཀྱི་བརྗོད་པར་བྱ་བ་དང་རྗོད་པར་བྱེད་པའི་མཚན་ཉིད་དུ་འབྲེལ་པ་ནི་འབྲེལ་བའོ། །ཐབས་དང་ཤེས་རབ་ཀྱི་ངོ་བོ་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་བརྗོད་པར་བྱ་བ་བསྟན་པས་གདུལ་བྱ་རྣམས་ཀྱི་མངོན་པར་འདོད་པ་སྐྱེད་པ་ནི་དགོས་པའོ། །མངོན་པར་འདོད་པ་སྐྱེད་པ་དེ་རྣམས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པས་དེའི་རང་བཞིན་མངོན་སུམ་དུ་བྱེད་པ་ནི་དགོས་པའི་ཡང་དགོས་པ་ཡིན་ ནོ། །རྒྱུད་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པའི་ཐེག་པ་ཆེན་པོ་མངོན་པར་རྟོགས་པ་ཞེས་བྱའོ་ཞེས་གསུངས་སོ། །དེ་ལ་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་ རབ་དང་མཉམ་པ་རྣམས་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་གཉིས་སུ་མེད་དེ་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་དེ་ཁོ་ན་ཉིད་ནི་རྣམ་པ་བཅུ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། དཀྱིལ་འཁོར་དང་སྔགས་དང་ ཕྱག་རྒྱ་དང་བདག་དང་གནས་ལ་སོགས་པ་བསྲུང་བ་དང་། ལྷ་རྣམས་སྤྱན་དྲང་བའི་ཆོ་ག་དང་། བཟླས་བརྗོད་དང་སྒོམ་པ་དང་། ཕྱི་དང་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག་དང་ཉེ་བར་བསྡུ་བ་དང་། མཆོད་ནས་གཤེགས་སུ་གསོལ་བའོ། །དེ་ལ་དཀྱིལ་འཁོར་གྱི་གྲངས་བརྗོད་ པར་བྱ་སྟེ། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ལ་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་ནི་བཅུའོ། །ཁམས་གསུམ་རྣམ་པར་རྒྱལ་བའི་དུམ་བུ་ལ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ནི་བཅུ་བཞིའོ། །པདྨའི་རིགས་དང་ནོར་བུའི་རིགས་གཉིས་ལ་ཡང་གྲངས་དེ་བཞིན་གཤེགས་ པའི་རིགས་དང་འདྲའོ། །ཡང་དེ་བཞིན་གཤེགས་པའི་རིགས་ཀྱི་རྒྱུད་ཕྱི་མ་ལ་སྒྲུབ་པའི་དཀྱིལ་འཁོར་སུམ་ཅུ་རྩ་བདུན་ནོ། །རྡོ་རྗེའི་རིགས་ལ་ལྔ་བཅུ་རྩ་བརྒྱད་དོ། །པདྨའི་རིགས་དང་ནོར་བུའི་རིགས་གཉིས་ལ་ཡང་གྲངས་དེ་བཞིན་གཤེགས་པའི་རིགས་དང་འདྲའོ། ། སྔགས་ལ་སོགས་པའི་དེ་ཁོ་ན་ཉིད་ནི་འདིའི་རྒྱུད་ཕྱི་མའི་བཤད་པ་ལས་ཁོང་དུ་ཆུད་པར་བྱའོ། །ཡང་ན་རྒྱུ་དང་འབྲས་བུ་དང་དོན་དམ་པའི་དེ་ཁོ་ན་ཉིད་ལས་བཅུ་པོར་གྱུར་པ། དེ་དག་ཉིད་རྣམ་པ་གསུམ་གསུམ་དུ་ཡང་འགྱུར་རོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ དང་། ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུ་པོ་དེ་དག་ཉིད་རྣམ་པ་གཉིས་སུ་འཇོག་པ་ཡང་ཡིན་ནོ། །ཇི་སྐད་དུ་བཤད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བཅུ་པོ་དེ་དག་ཉིད་ཐོས་པ་དང་བསམ་པའི་ཤེས་རབ་གཉིས་ཀྱིས་ཡང་དག་པར་བཟུང་ བས་ན་བསྡུས་པའོ། །དེ་ཉིད་ནི་ཐེག་པ་ཆེན་པོའོ། །དེ་ཁོང་དུ་ཆུད་པ་ནི་མངོན་པར་རྟོགས་པ་སྟེ། མངོན་སུམ་དུ་བྱེད་པའོ། །དེ་སྟོན་པར་བྱེད་པའི་སྒྲའི་ཚོགས་ནི་རྒྱུད་ཅེས་བྱ་བར་བཤད་དོ། །ཡང་རྣམ་པར་སྣང་མཛད་དང་། རྣམ་པར་སྣང་མཛད་ཆེན་པོ་བསྟན་པ་ནི་གླེང་ གཞིའོ། །འདི་ཉིད་ཀྱི་མངོན་པར་བྱང་ཆུབ་པ་ལྔ་ནས་བརྩམས་ཏེ་དུམ་བུ་བཞིར་བསྟན་པ་ནི་རྩ་བའི་རྒྱུད་དོ། །ཡང་འདིའི་མཆོག་གི་དངོས་གྲུབ་ཀྱི་ཁྱད་པར་བརྗོད་པ་ནི་རྒྱུད་ཕྱི་མའོ། །གཞན་ཡང་མཆོག་གི་དངོས་གྲུབ་བསྒྲུབ་པའི་ཁྱད་པར་ལ་འཇུག་མི་ནུས་པ་ལ་དམིགས་ པ་དང་བཅས་པར་རྟོག་པ་དང་བཅས་པའི་རྒྱུད་ཕྱི་མའི་ཕྱི་མ་བསྟན་པར་མཛད་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་མདོའི་བསྡུས་པའི་དོན་བསྟན་པ་རྫོགས་སོ།། །།དེ་ལྟ་བུའི་དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་བསྡུས་པ་ཐེག་པ་ཆེན་པོ་མངོན་པར་རྟོགས་པའི་མདོ་བློ་ལ་གནས་པར་བྱས་ནས། སྡུད་པར་བྱེད་པས་ས་བཅུའི་དབང་ཕྱུག་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའི་རྡོ་རྗེ་འཛིན་པས་འདི་སྐད་ཅེས་བྱ་བ་ལ་སོགས་པ་སྨྲས་པ་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱ་བ་ནི་བཤད་མ་ཐག་པའི་ཡང་དག་པར་བསྡུས་པའི་གཞུང་གི་ཚུལ་ཞེས་བྱ་བའི་དོན་ཏོ། །བདག་གིས་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །བདག་ཉིད་ཀྱིས་ཐོས་ཀྱི་གཞན་དག་ལས་བརྒྱུད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོས་པ་ ཞེས་བྱ་བ་ནི་འདིར་ཐོས་པའི་རང་བཞིན་གྱི་ཤེས་པས་ཐོས་པ་ཡིན་གྱི་རྟོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་བདག་ཉིད་ཀྱིས་མངོན་སུམ་དུ་ཐོས་པ་དང་མ་ཡེངས་པ་ཉིད་དུ་སྟོན་པ་ཡིན་ནོ། །ཁྱེད་ཀྱིས་དེ་གང་གི་ཚེ་ཐོས་ཤེ་ན། དུས་གཅིག་ནི་ཞེས་བྱ་བ་སྨོས་ ཏེ། དུས་གཅིག་ནི་དུས་གཅིག་གི་ཚེ་སྟེ། གཞན་དག་གི་ཚེ་དང་གཞན་དག་ཀྱང་བདག་གིས་ཐོས་སོ་ཞེས་བྱ་བ་སྟེ། འདིས་ཀྱང་བདག་ཉིད་ཐོས་པ་མང་བར་སྟོན་པ་ཡིན་ནོ། །ཡང་ན་དུས་གཅིག་ན་ནི་སྐད་ཅིག་མ་གཅིག་ཉིད་ལ་སྟེ། འདིས་ཀྱང་རྣམ་པར་ཐར་ པ་བསམ་གྱིས་མི་ཁྱབ་པ་ཐོབ་པ་ཉིད་ཀྱིས་སྐད་ཅིག་མ་གཅིག་ཉིད་ལ་དུས་གསུམ་གྱི་བསྐལ་པ་སོ་སོར་སྣང་བས་བདག་ཉིད་ཚད་མའི་སྐྱེས་བུ་ཉིད་ཡིན་པར་སྟོན་ཏོ། །ཁྱེད་ཀྱིས་གང་ལས་གང་དུ་ཐོས་ཞེས་རྟོག་པ་འདི་བསལ་བའི་ཕྱིར། བཅོམ་ལྡན་འདས་ཞེས་བྱ་བ་ ལ་སོགས་པ་སྨོས་པ་ཡིན་ཏེ། འདིར་བཅོམ་ལྡན་འདས་ལྷའི་རྒྱལ་པོའི་གནས་ན་བཞུགས་ཏེ་ཞེས་བྱ་བ་འདི་དང་སྦྱར་བར་བྱའོ། །དེ་བས་ན་དོན་འདི་སྐད་སྟོན་ཏེ། བཅོམ་ལྡན་འདས་འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་ཏེ། དེ་ལས་ དེར་བདག་གིས་ཐོས་སོ་ཞེས་བྱ་བ་སྟེ། ཉོན་མོངས་པ་དང་། ལྷའི་བུ་དང་། ཕུང་པོ་དང་། འཆི་བདག་གི་མཚན་ཉིད་ཅན་གྱི་བདུད་བཞི་བཅོམ་པས་ན། བཅོམ་ལྡན་འདས་སོ། །ཁྱད་པར་ཇི་ལྟ་བུའི་བཅོམ་ལྡན་འདས་འདི་ལས་ཁྱེད་ཀྱིས་ཐོས་ཤེ་ན། དེ་བཞིན་གཤེགས་ པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་རང་ བཞིན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་ཉིད་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པས་བསྐྱོད་པར་མི་ནུས་པས་ན་རྡོ་རྗེའོ། །དེ་རྣམས་བྱིན་གྱིས་བརླབས་པ་ནི་སྔོན་གྱི་འཕེན་པའི་ཤུགས་སོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པའི་རིགས་དེ་ལས་སྐྱེས་པའོ། ། འདི་གང་ལས་ཤེ་ན། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་བྱུང་། །སྨོན་ལམ་གྲུབ་པ་མི་འགག་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་མཐའ་ཡས་ལྷུར་མཛད་པ། །ཐུགས་རྗེའི་བདག་ཉིད་རྟག་ཏུ་རྣམ་པར་སྣང་། །ཞེས་གསུངས་པའི་ཕྱིར་རོ། །དམ་ཚིག་དེ་དག་གི་ཡེ་ཤེས་ ནི་དེར་ངེས་པའོ། །དེའི་རྣམ་པ་སྣ་ཚོགས་ཀྱི་ཁྱད་པར་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པར་ངེས་པའི་རང་བཞིན་ནོ། །དེ་རྣམས་དང་ཡང་དག་པར་ལྡན་པ་ནི་བཅས་པའོ། །འདིས་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་རིགས་ཐུགས་སུ་ཆུད་པ་དང་དམ་ཚིག་མཁྱེན་པ་ཉིད་དུ་སྟོན་ཏོ། །གསང་ སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་ཀྱང་དམ་ཚིག་ཤེས་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་ངོ་བོ་ཉིད་དུ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་སྟེ། དེ་ལས་བྱུང་བའི་རིན་པོ་ཆེའི་དབུ་རྒྱན་དེས། འདོད་པ་དང་ གཟུགས་དང་། གཟུགས་མེད་པའི་མཚན་ཉིད་ཅན་གྱི་ཁམས་གསུམ་པར་ཆོས་ཀྱི་རྒྱལ་པོའི་རྒྱུར་དབང་བསྐུར་བ་སྟེ། དེས་བརྙེས་པ་ནི་ཁམས་གསུམ་ན་སྤྱོད་པའི་སེམས་ཅན་རྣམས་འཇིག་རྟེན་ལས་འདས་པའི་ལམ་ལ་ངེས་པར་སྦྱོར་བའི་ཆོས་ཀྱི་རྒྱལ་སྲིད་དོ། །འདིས་ནི་བཅོམ་ལྡན་འདས་རིན་ པོ་ཆེའི་རིགས་ཐུགས་སུ་ཆུད་པ་དང་དབང་བསྐུར་བར་བརྙེས་པར་ཡང་སྟོན་ཏེ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་ཀྱང་དབང་བསྐུར་བ་ཐོབ་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཉིས་སུ་མེད་པའི་ སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་ཉིད་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ཉིད་ནི་རྣལ་འབྱོར་ཆེན་པོ་སྟེ་དེ་གང་ལ་མངའ་བ་དེ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་རྣལ་འབྱོར་ཆེན་པོའོ། །དེ་དག་ཀྱང་ཡིན་ལ་དབང་ཕྱུག་ཀྱང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ ཅད་མཁྱེན་པའི་ཡེ་ཤེས་རྣལ་འབྱོར་ཆེན་པོའི་དབང་ཕྱུག་གོ། །འདིས་ཀྱང་བཅོམ་ལྡན་འདས་པདྨའི་རིགས་ཐུགས་སུ་ཆུད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྙེན་བས་རྣལ་འབྱོར་ཆེན་པོའི་དབང་ཕྱུག་ཡིན་པར་སྟོན་ལ། གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པས་ཀྱང་རྣལ་འབྱོར་ ལ་དབང་དུ་གྱུར་པར་བྱའོ་ཞེས་སྟོན་ཏོ། །འདིས་ཇི་ལྟར་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣལ་འབྱོར་ཆེན་པོའི་དབང་ཕྱུག་བརྙེས་པས་ཉིད་ཀྱི་དོན་ཕུན་སུམ་ཚོགས་པ་རྙེད་པ་དེ་བཞིན་དུ་གཞན་གྱི་དོན་ཀྱང་མཛད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནོ། །དེ་ཉིད་ནི་ཕྱག་རྒྱ་ཐམས་ཅད་དེ་སེམས་ཅན་གྱི་ཁམས་ཐམས་ཅད་བྱང་ཆུབ་པར་བརྩོན་འགྲུས་ཀྱི་གཟུགས་བརྙན་བསྐྱེད་པར་རྒྱས་འདེབས་པའི་ཕྱིར་རོ། །དེ་ཉིད་ནི་མཉམ་པ་ཉིད་དོ། ། དེ་ཐུགས་སུ་ཆུད་པ་ནི་བརྙེས་པའོ། །ཐམས་ཅད་ནི་སེམས་ཅན་གྱི་ཁམས་སྣ་ཚོགས་པའོ། །དེའི་དགོས་པ་མཛད་པ་ནི་མངོན་པར་འདོད་པའི་དོན་མཛད་པའོ། །དགོས་པ་མཛད་པ་ཉིད་ཡིན་པས་ན། དགོས་པ་མཛད་པ་ཉིད་དེ་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཐམས་ ཅད་ཀྱི་རེ་བ་ཐམས་ཅད་དེ་རྣམ་པ་ཐམས་ཅད་དུ་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཐོབ་པར་སྲེད་པ་དེ་ཡོངས་སུ་སྐོང་བ་ནི་མངོན་པར་འདོད་པའི་དོན་ཐོབ་པར་མཛད་པའོ། །དེ་ཉིད་ནི་ཕྲིན་ལས་ཏེ་དེ་མཛད་པས་ན་རེ་བ་ཐམས་ཅད་སྐོང་བའི་ཕྲིན་ལས་མཛད་པའོ། ། མ་ལུས་པའི་སྒྲ་ཟད་པར་གྱི་མིང་ལ་ཡང་འཇུག་སྲིད་དེ། དེས་ན་ལུས་པ་མེད་པ་ཞེས་བྱ་བའི་སྒྲས་ཟད་པར་གྱི་དོན་སྟོན་པར་བྱེད་པ་ཡིན་ནོ། །འདིས་ཀྱང་བཅོམ་ལྡན་འདས་ལས་ཀྱི་རིགས་ཐུགས་སུ་ཆུད་པ་དང་གཞན་གྱི་དོན་ཕུན་སུམ་ཚོགས་པར་སྟོན་པ། གསང་སྔགས་ཀྱི་ སྒོའི་སྤྱད་པ་སྤྱོད་པར་འདོད་པས་ཀྱང་སེམས་ཅན་རྣམས་རྗེས་སུ་བཟུང་ཞིང་། རིག་པ་གྲུབ་པས་དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་རྣམས་ལ་འཇུག་པར་བྱའོ་ཞེས་བྱ་བར་སྟོན་ཏོ། །དེ་ལྟ་བུ་དེ་སུ་ཞིག་ཡིན་ཞེ་ན། ཐུགས་རྗེ་ཆེ་བ་རྣམ་པར་སྣང་མཛད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་རང་གི་ངང་གིས་འཇུག་པ་འདི་ལ་མངའ་བས་ན་ཐུགས་རྗེ་ཆེ་བའོ། །དེ་བཞིན་གཤེགས་པའི་རིགས་ལ་སོགས་པའི་རིགས་ཀྱི་ཚུལ་གྱིས་རྣམ་པར་སྣང་ཞིང་འབར་བར་གྱུར་པས་ན་རྣམ་པར་སྣང་མཛད་དོ། །དེ་ཉིད་ནི་ཆོས་དང་ལོངས་སྤྱོད་རྫོགས་པ་ དང་། རྣམ་པར་སྨིན་པའི་སྐུས་རྟག་པ་ཡིན་ཞིང་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་གསུམ་པོ་ནི་དུས་གསུམ་སྟེ་དུས་གསུམ་པོ་དེ་དག་ཏུ་ཀུན་རྫོབ་ཏུ་སྤྲུལ་པའི་སྐུས་བཞུགས་པའོ། །ཡང་ན་དུས་གསུམ་པོ་རྣམས་སུ་ནི་ཀུན་རྫོབ་ཀྱི་ཚུལ་གྱིས་བཞུགས་ལ། དོན་དམ་པར་ ནི་དུས་ཡོད་པ་མ་ཡིན་པས་དུས་གསུམ་དུ་བཞུགས་པའོ། །སྐུ་ཐམས་ཅད་ནི་ངོ་བོ་ཉིད་དང་། རྣམ་པར་སྨིན་པ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་དབྱེ་བས་རྣམ་པ་བཞིའོ། །དེ་ལ་གང་དག་དུ་མ་རྒྱ་ཆེན་པོ། །ཁ་དོག་དང་ནི་དབྱིབས་དང་གདན། །ཕྱག་མཚན་ལ་སོགས་ དབྱེ་བ་འདི། །སྐུ་ཡི་གསང་བར་རིག་པར་བྱ། །གསུང་ཐམས་ཅད་ནི་རྡོ་རྗེ་དང་། ཁྲོ་བོ་དང་། ཆོས་དང་། གསལ་བའི་དབྱེ་བས་ཕྱེ་བའོ། །ཐུགས་ཐམས་ཅད་ནི་ཐུགས་ཀའི་ཟླ་བར། དང་པོའི་རྡོ་རྗེ་དང་། ཁྲོ་བོའི་རྡོ་རྗེ་དང་། རྡོ་རྗེ་པདྨ་དང་། རྡོ་རྗེ་རིན་ཆེན་དང་། སྣ་ཚོགས་རྡོ་རྗེ་སྟེ། འདི་དག་གང་ ལ་མངའ་བ་དེ་ནི་སྐུ་དང་གསུང་དང་། ཐུགས་རྡོ་རྗེའོ། །དེ་ཉིད་ནི་དེ་བཞིན་གཤེགས་པ་ཡིན་པས་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་སྟེ། དངོས་པོ་ཐམས་ཅད་ཇི་ལྟར་གནས་པ་དེ་བཞིན་ཐུགས་སུ་ཆུད་པ་དང་། དེ་བཞིན་དུ་གཞན་དག་ལ་ཡང་སྟོན་པར་མཛད་པས་ཀྱང་ སངས་རྒྱས་ནི། དེ་བཞིན་གཤེགས་པ་ཞེས་བྱའོ། །འདིས་ཀྱང་གང་ལ་ཐོབ་པའི་སྟོན་པ་པོ་འདི་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་རྣམ་པར་སྣང་མཛད་ཡིན་ནོ་ཞེས་བཤད་དེ། དང་པོ་སྦྱོར་བའི་ཏིང་ངེ་འཛིན་གྱི་མདོ་ལས་དེ་བཞིན་གཤེགས་པ་ལྔའི་ངོ་བོ་ཡིན་ པར་སྟོན་པའི་ཕྱིར་རོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་ཡོན་ཏན་བཤད་པ་སྔོན་དུ་འགྲོ་བས་བསྟན་པར་བྱས་ནས། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བཅོམ་ལྡན་འདས་གང་ན་བཞུགས་ཞེས་རྟོག་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་ སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པ་ནི་བཞུགས་པར་མཛད་པའོ། །དེ་བས་ན་བསྔགས་པ་ཡིན་ལ་བསྔགས་པ་ཉིད་ཀྱིས་ནི་བསྟོད་པའོ། །དེར་ནོར་བུ་ཆེན་པོ་ནི་ཡིད་བཞིན་གྱི་ནོར་བུ་རྣམས་སོ། །རིན་པོ་ཆེ་ནི་རྡོ་རྗེ་ལ་སོགས་པའོ། །དེ་རྣམས་ཀྱིས་སྤྲས་པ་ནི་ གང་དུ་མཛེས་པར་བྱ་བའི་ཕྱིར་སྤེལ་ཞིང་བཀོད་པའོ། །དེར་ཁ་དོག་སྣ་ཚོགས་ཤིང་དྲིལ་བུ་བཏགས་པ་དང་། དར་དང་། འཕན་དང་། མེ་ཏོག་གི་ཕྲེང་བ་དང་། རྔ་མ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། ཟླ་བ་རླུང་གིས་བསྐྱོད་པ་རྣམས་ཀྱིས་མཛེས་པར་བྱས་ཤིང་བརྒྱན་པའོ། ། འོག་མིན་གྱི་ལྷའི་རྒྱལ་པོའི་གནས་ན་བཞུགས་པ་ནི་གནས་པར་མཛད་པའོ། །འོག་མིན་ཀྱང་ཡིན་ལ་ལྷའི་རྒྱལ་པོ་ཡང་ཡིན་པས་ན་འོག་མིན་ལྷའི་རྒྱལ་པོ་དང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་པོའི་ཐུ་བོར་གྱུར་པའི་ཕྱིར་རོ། །གནས་དེ་ནི་དེ་ཉིད་ཀྱི་ཡིན་གྱི་གཞན་ གྱི་མ་ཡིན་ཏེ། དེ་བས་ན་རང་གི་གནས་ན་བཞུགས་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །དེ་ཡང་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དུ་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་རང་བཞིན། མི་མཉམ་པ་མེད་པས་ཟུར་བཞི་པ་ཞེས་བྱ་བ་ལ་སོགས་པས་གཞལ་ཡས་ཁང་སྟོན་པ་ཡིན་ཏེ། འདི་ དག་ཀྱང་འདིའི་འོག་ནས་བཤད་པར་བྱའོ། །དེ་ཡང་གཞན་དག་ལ་མི་སྲིད་དོ། །འདིས་ནི་གང་དུ་ཐོས་པ་དེས་སྟོན་པ་ཡིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱི་བཞུགས་གནས་ཀྱི་ཕུན་སུམ་ཚོགས་པ་བསྟན་ནས། འཁོར་ཕུན་སུམ་ཚོགས་པ་བསྟན་ པའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། འདིའི་ཕྱག་ན་རྡོ་རྗེ་མངའ་བས་ན་ཕྱག་ན་རྡོ་རྗེའོ། །གཟིགས་པས་ན་ཀུན་དུ་སྤྱན་རས་གཟིགས་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་སོ་སོར་རྟོགས་པར་མཛད་པ་དང་། སེམས་ཅན་རྣམས་བསྐྱབ་པའི་ཕྱིར་གཟིགས་པར་མཛད་པའོ། །དེའི་དབང་པོ་ནི་གཙོ་བོའོ། །ནམ་མཁའ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །སྙིང་པོ་ནི་སྐྱེ་བ་མེད་པའི་གནས་ཏེ། དེ་གང་ལ་ཡོད་པ་དེ་ནི་ནམ་མཁའི་སྙིང་པོའོ། །ཆོས་རྣམས་ནི་རང་བཞིན་གྱིས་འོད་གསལ་ བའོ་ཞེས་བྱ་བ་འདིས་ཆོས་ཐམས་ཅད་གཅིག་ཏུ་བྱེད་པའི་མི་ཕྱེད་པའི་ཁུ་ཚུར་གང་ལ་མངའ་བ་དེ་ནི་རྡོ་རྗེ་ཁུ་ཚུར་ཏེ། གང་ཞིག་མི་སླུ་བདེན་དེ་ཉིད། །རྡོ་རྗེའི་ཁུ་ཚུར་དེ་བཤད་དོ། །ཞེས་ལུང་ལས་གསུངས་པ་ཡིན་ནོ། །འཇམ་ཞིང་མཉེན་པའི་དཔལ་གང་ལ་མངའ་བ་དེ་ནི་ འཇམ་དཔལ་ཏེ། གཉིས་སུ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའི་རྒྱུ་ལས་ངེས་པར་འབྱུང་བའི་དེ་ཁོ་ན་ཉིད་ཀྱིས་ཉོན་མོངས་པ་སྲ་ཞིང་རྩུབ་པ་དང་བྲལ་ལ། ན་ཚོད་ལོ་བརྒྱད་པའི་གཞོན་ནུའི་གཟུགས་མངའ་བའི་ཕྱིར་རོ། །སེམས་བསྐྱེད་པའི་རྗེས་ཐོགས་ ཉིད་ལ་ཆོས་ཀྱི་འཁོར་ལོ་དཀྱིལ་འཁོར་དུ་འཇུག་པའི་ངང་ཚུལ་གང་ལ་མངའ་བ་དེ་ནི་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ནམ་མཁའ་ནི་གོ་འབྱེད་པ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ཉིད་ཀྱི་མཛོད་འདི་ལ་མངའ་བས་ན་ནམ་མཁའི་མཛོད་དོ། །ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུ་ནི་བདུད་ཐམས་ཅད་དེ། དེའི་སྟོབས་ནི་ནུས་པའོ། །དེ་རབ་ཏུ་འཇོམས་ཤིང་བཟློག་པར་མཛད་པའི་ངང་ཚུལ་གང་ལ་མངའ་བ་དེ་ནི་བདུད་ཀྱི་སྟོབས་ཐམས་ཅད་རབ་ཏུ་འཇོམས་པའོ། །བྱང་ཆུབ་སེམས་དཔའ་འདི་རྣམས་ ནི་སྒྲུབ་པའི་ཡན་ལག་ཏུ་གྱུར་པ་ཡིན་ཏེ། ལུང་ལས་དམ་པའི་ཆོས་ཀྱི་གྲོང་ཁྱེར་སྐྱོང་བར་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ཞེས་གསུངས་པ་ཡིན་ནོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་རྣམས་དང་ཞེས་བྱ་བ་འདིས་ཀྱང་སྒྲུབ་པའི་ཡན་ལག་ཏུ་གྱུར་པའི་དེ་ བཞིན་གཤེགས་པ་རྣམས་བསྟན་པ་ཡིན་ཏེ། ཛཿཧཱུཾ་བཾ་ཧོཿཞེས་བརྗོད་དེ། ལུས་ལ་སངས་རྒྱས་ཀུན་གཞུག་གོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་དུས་དེའི་ཚེ་འོག་མིན་གྱི་གནས་ན་ཇི་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་གང་བ་ དང་། ལྷན་ཅིག་བཞུགས་ཤེ་ན། དེ་ཡང་འདི་ལྟར་ཞེས་བྱ་བ་ལ་སོགས་པས་དཔེ་གསུངས་པ་ཡིན་ཏེ། ལྕང་ལོ་ཅན་ན་བཞུགས་པའི་ས་བཅུའི་དབང་ཕྱུག་གི་ཚུལ་འཛིན་པའི་རྡོ་རྗེ་འཆང་བས་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ རྣམས་ལ་ཇི་ལྟར་བདག་ནི་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་ན་ཡང་དག་པར་སྡུད་པའི་དུས་སུ་འཛམ་བུའི་གླིང་ཏིལ་གྱི་གང་བུ་ཏིལ་གྱི་ས་བོན་གྱིས་ཡོངས་སུ་གང་བ་བཞིན་དུ་འཛམ་བུའི་གླིང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་དུ་གང་བར་བདག་ཅག་ལ་སྣང་ལ། འོག་མིན་གྱི་ གནས་སུ་སྟོན་པར་མཛད་པའི་དུས་སུ་ཡང་བདག་ཅག་གིས་དེ་བཞིན་དུ་མཐོང་ངོ་ཞེས་གསུངས་པ་ཡིན་ནོ། །ཅི་དེ་བཞིན་གཤེགས་པའི་སྐུ་གཅིག་ཏུ་བཞུགས་སམ་ཞེ་ན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ཚད་མེད་པ་ཞེས་བྱ་བ་སྨོས་ཏེ། ཇི་ལྟ་བུ་ཞེ་ན་དེ་རྣམས་དང་ ཞེས་བྱ་བ་སྨོས་སོ། །ཀྱང་ཞེས་བྱ་བའི་སྒྲས་ནི་གཞན་དག་ཀྱང་ཞེས་སྟོན་ཏེ། འདི་ཉིད་བཤད་པ་ན་དེ་བཞིན་གཤེགས་པ་རེ་རེའི་སྐུ་ལས་ཀྱང་ཞེས་བྱ་བ་སྨོས་པ་ཡིན་ནོ། །ཡང་ན་ཇི་བཞིན་ཐུན་མོང་དུ་གྱུར་པས་ན་ཐབས་ཅིག་པ་ཡིན་ཞེ་ན། སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་ ལ་སོགས་པ་སྨོས་ཏེ། དེ་དག་ནི་ཞེས་བྱ་བ་བྱེད་པ་པོར་གྱུར་པ་དེ་རྣམས་ཀྱི་དབང་ལས་ཞེས་བྱ་བའི་བར་དུའོ། །ཇི་ལྟར་ན་དེ་དག་གི་དབང་ལས་རག་ལས་པ་ཡིན་ཞེ་ན། དེ་བཞིན་གཤེགས་པ་རེ་རེའི་སྐུ་ལས་ཀྱང་ཞེས་པ་ལ་སོགས་པ་དང་། ཆོས་ཀྱི་ཚུལ་འདི་ཉིད་འཆད་དོ་ཞེས་བྱ་ ལ་སོགས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཅེས་སྨོས་པ་ནི་རྒྱུད་དེ་དེ་བཞིན་གཤེགས་པ་རྣམས་དགོངས་པ་གཅིག་གིས་སྟོན་པར་མཛད་པ་ཡིན་ནོ། །གསང་སྔགས་ཀྱི་སྒོའི་སྤྱད་པ་སྤྱོད་པར་འདོད་པ་རྣམས་ཀྱིས་ཀྱང་མན་ངག་ཕན་ཚུན་ལས་ངེས་ པ་སྐྱེད་དེ་བསམ་པ་གཅིག་གིས་དཀྱིལ་འཁོར་འདྲི་བ་ལ་སོགས་པ་ལ་འཇུག་པར་བྱའོ་ཞེས་སྟོན་ཏོ། །རང་ཉིད་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་དང་ལྡན་པའི་རྣམ་པར་སྣང་མཛད་བསྟན་ནས། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་ པ་ཐམས་ཅད་ཀྱི་ཐུགས་ལ་གནས་སོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དང་རྣམ་པར་སྣང་མཛད་ཆེན་པོ་སྨོས་པ་ཡིན་ནོ། །འདི་གཉིས་ཀྱི་ཁྱད་པར་ཅི་ཞིག་ཡིན་ཞེ་ན། འོག་མིན་གྱི་གནས་སུ་མངོན་པར་རྫོགས་པར་སངས་རྒྱས་པ་དེ་བཞིན་གཤེགས་པ་ལྔའི་སྐུའི་ངོ་བོ་ཉིད་ནི་ རྣམ་པར་སྣང་མཛད་ཡིན་ལ། དེ་ཉིད་ཀྱིས་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཚུལ་བསྐྱེད་པའི་རྒྱུར་གྱུར་པ། ཆོས་ཀྱི་དབྱིངས་ཐོག་མ་དང་ཐ་མ་མེད་པའི་མཚན་ཉིད་ཅན་ནི་རྣམ་པར་སྣང་ མཛད་ཆེན་པོ་ཡིན་ནོ། །དེ་ནི་དམིགས་སུ་མེད་པའི་ཐུགས་རྗེ་ཆེན་པོའི་རང་བཞིན་ཆོས་བདག་མེད་པའི་ཡེ་ཤེས་ཀྱི་མཐུས་སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། ཕྱི་མའི་མཐར་ཐུག་པ་མེད་པའི་བར་གྱི་དུས་ཐམས་ཅད་དུ་རྣམ་པར་སྣང་ མཛད་ལ་སོགས་པའི་སྐུས་བཞུགས་པར་མཛད་པས་དེའི་ཕྱིར་ནམ་མཁའི་དབྱིངས་བཞིན་དུ་རྟག་པར་བཞུགས་ཤིང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། རྟག་ཏུ་དྲི་མེད་ཐུགས་རྗེའི་ཤུགས་ལས་འབྱུང་། །ཞེས་བྱ་བ་ལ་སོགས་པས་གསུངས་སོ། །ནམ་མཁའི་ དབྱིངས་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན། ནམ་མཁའི་དབྱིངས་ཐམས་ཅད་དེ། དེར་རྟག་པར་བཞུགས་ཤིང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་བཞིན་དུ་རྟག་པར་བཞུགས་ཤིང་སྐུ་དང་གསུང་དང་ ཐུགས་རྡོ་རྗེ་ལྟ་བུར་གྱུར་པ་ཞེས་བྱའོ། །ཇི་ལྟར་ན་འདི་ནམ་མཁའི་དབྱིངས་བཞིན་དུ་རྟག་ཏུ་བཞུགས་ཤིང་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལྟ་བུ་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྣམ་པར་སྣང་མཛད་ལ་སོགས་པ་དང་གདུལ་བྱ་ རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དེ། དེ་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པའི་རིགས་ཀྱི་ཚུལ་གྱིས་བཞུགས་པར་གྱུར་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ ཉིད་དུ་འཇུག་པར་གྱུར་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་མཉམ་པ་ཉིད་དུ་འཇུག་པ་ཉིད་དེ་ད་རྒྱུར་གྱུར་པས་སོ། །དེ་བཞིན་གཤེགས་པ་རྣམས་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ནི་རྡོ་རྗེའི་དབྱིངས་སོ། །རྡོ་རྗེའི་དབྱིངས་ཀྱང་ཡིན་ ལ་ཐམས་ཅད་ཀྱང་ཡིན་པས་ན། རྡོ་རྗེའི་དབྱིངས་ཐམས་ཅད་དེ། དེ་རྣམས་ཀྱི་ཐུགས་སུ་ཆུད་པ་ནི་གདུལ་བྱ་རྣམས་ཀྱི་རྒྱུད་རྟོགས་པའོ། །ཡེ་ཤེས་སེམས་དཔའ་ནི་གང་གི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན་ལ། དེ་བས་ན་བཅོམ་ལྡན་འདས་འདི་ནི་ནམ་མཁའི་དབྱིངས་ ཐམས་ཅད་བཞིན་དུ་རྟག་པར་བཞུགས་ཤིང་། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡིན་ནོ། །ཇི་སྐད་དུ་བཤད་པའི་བཅོམ་ལྡན་འདས་འདི་ནི་རྡོ་རྗེ་སེམས་དཔའི་ཚུལ་འབའ་ཞིག་ཏུ་མ་ཟད་ཀྱི། རྡོ་རྗེ་རིན་ཆེན་གྱི་ཚུལ་གྱིས་ཀྱང་བཞུགས་པས་ནམ་མཁའི་དབྱིངས་ཞེས་བྱ་བ་ལ་ སོགས་པ་སྨོས་པ་ཡིན་ཏེ། ནམ་མཁའི་དབྱིངས་ཐམས་ཅད་ནི་ནམ་མཁའ་སྔོ་བ་དང་། དམར་བ་དང་། སེར་བ་དང་། ཤེལ་གྱི་མདོག་ཅན་གྱི་འོད་ཟེར་རྣམས་ཏེ། དེ་རྣམས་ཀྱི་ཤིན་ཏུ་ཕྲ་མོ་ནི་ཕྲ་རབ་རྣམས་སོ། །དེ་ཉིད་ནི་རྡུལ་ཏེ་གཅིག་ཏུ་བྱས་ནས་རྡོ་རྗེ་རིན་ཆེན་ གྱི་གཟུགས་སུ་བསྐྱེད་པ་ནི་རྡོ་རྗེའི་བྱིན་གྱི་རླབས་སོ། །དེ་འབྱུང་བའི་ཡེ་ཤེས་དེ་ནི་ནམ་མཁའི་དབྱིངས་ཐམས་ཅད་ཀྱི་རྡུལ་ཤིན་ཏུ་ཕྲ་མོའི་རྡོ་རྗེའི་བྱིན་གྱི་རླབས་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཉིད་ནི་སྙིང་པོ་སྟེ། བསྐྱེད་པའི་གནས་སུ་གྱུར་པ་གང་ཡིན་པ་དེ་ནི་ནམ་མཁའི་ དབྱིངས་ཐམས་ཅད་ཀྱི་རྡུལ་ཕྲ་མོ་རྡོ་རྗེའི་བྱིན་གྱི་རླབས་ལས་བྱུང་བའི་ཡེ་ཤེས་ཀྱི་སྙིང་པོ་སྟེ། རྡོ་རྗེ་རྩེ་ལྔ་པས་མཚན་པའི་ཡིད་བཞིན་གྱི་ནོར་བུའི་གཟུགས་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱའི་རང་བཞིན་ནོ། །རྡོ་རྗེ་རིན་ཆེན་དེ་ལས་འཇིག་རྟེན་གྱི་ཁམས་ཐམས་ ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་དེ་བཞིན་གཤེགས་པ་རྣམས་འབྱུང་བར་འགྱུར་ལ། དེས་ཀྱང་སེམས་ཅན་གྱི་དོན་མཛད་ནས་གཅིག་ཏུ་གྱུར་པ་སྟེ་ནམ་མཁའི་སྙིང་པོའི་སྐུས་རིན་པོ་ཆེའི་རིགས་ཀྱི་འཁོར་ལོས་སྒྱུར་བར་མཛད་དོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་ པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ནི་ཇི་སྐད་དུ་བཤད་པ་རྣམས་སོ། །དེ་རྣམས་ཀྱི་མཐའ་ཡས་པ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་མཐའ་ཡས་པ་ཉིད་དེ། དེ་རྒྱུར་གྱུར་པ་ཉིད་ཀྱིས་ན། རྡོ་རྗེ་ཆེན་པོའི་ཡེ་ཤེས་ དབང་བསྐུར་བའི་རིན་པོ་ཆེ་ཡིན་ཏེ། རིན་པོ་ཆེའི་རིགས་ནི་རྡོ་རྗེ་རིན་པོ་ཆེའི་ཡེ་ཤེས་ཀྱི་དབང་བསྐུར་བའོ། །དེའི་རྒྱུའི་རིན་པོ་ཆེ་ནི་འཕགས་པ་ནམ་མཁའི་སྙིང་པོའི་རིགས་ཀྱི་བདག་པོའི་ཚུལ་ཏེ་འདི་དག་ཐམས་ཅད་ཡིན་པར་ཤེས་པར་བྱའོ། །ཇི་སྐད་དུ་བཤད་པའི་ བཅོམ་ལྡན་འདས་འདི་ནི་པདྨའི་རིགས་ཀྱི་བདག་པོའི་རང་བཞིན་ཡིན་ནོ་ཞེས་བྱ་བ་བསྟན་པར་བྱ་བའི་ཕྱིར། ནམ་མཁའི་དབྱིངས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་ཤིང་ཁྱབ་པ་ཡང་ཡིན་ལ། དེ་བཞིན་ཉིད་ ཀྱང་ཡིན་པས་ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་པའི་དེ་བཞིན་ཉིད་དོ། །དེའི་ཡེ་ཤེས་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ། པདྨ་ལྟ་བུའི་འོད་ཟེར་གྱི་ཚུལ་གྱིས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་ཅིང་དངོས་པོ་ཐམས་ཅད་ ངེས་པར་བསྐྱེད་པའོ། །དེའི་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་པ་ནི་མངོན་སུམ་དུ་མཛད་པའོ། །དེས་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་པ་ནི་མངོན་པར་བྱང་ཆུབ་པའི་རང་བཞིན་རྡོ་རྗེ་པདྨའི་ཕྱག་རྒྱའི་གཟུགས་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱའི་གཟུགས་དེ་ལས་ དེ་བཞིན་གཤེགས་པ་མཐའ་ཡས་པ་བྱུང་ནས་འགྲོ་བའི་དོན་རྣམས་མཛད་དེ། གཅིག་ཏུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་ཏུ་གྱུར་ཏོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་ངོ་བོ་ཉིད་ནི་འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོའོ། །དེའི་དག་པ་ནི་བག་ཆགས་དང་བཅས་པའི་ཉོན་མོངས་པ་མེད་པའོ། །དེའི་ངོ་བོ་ཉིད་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་ཉིད་དག་པའོ། །ངོ་བོ་ཉིད་དག་པ་དེས་འགྲོ་བའི་དོན་གྱི་བྱ་བ་དང་། སངས་རྒྱས་ལ་མཆོད་པའི་མཚན་ཉིད་ཅན་གྱི་ཆོས་ཐམས་ཅད་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། འདིས་ནི་ཆོས་ཀྱི་སྐུར་དབང་བསྐུར་བ་དང་། པདྨའི་རིགས་ཀྱི་བདག་པོའི་རང་བཞིན་ཡིན་པར་སྟོན་ཏོ། །དེ་ནི་པདྨའི་རིགས་ཀྱི་སྤྲུལ་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ གདུལ་བྱའི་སྤྱོད་པའི་གཞུང་གིས་སེམས་ཅན་གྱི་དོན་མཛད་པར་སྟོན་པ་ནི་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ནི་ནམ་མཁའི་ཁམས་ཐམས་ཅད་དུ་ཁྱབ་པ་ཡང་ཡིན་ལ། གཟུགས་ཐམས་ཅད་དུ་ཡང་དག་པར་བསྟན་པ་ ཡང་ཡིན་པས་དེ་སྐད་ཅེས་བྱ་བ་དང་། དེ་མཁྱེན་པ་ནི་དེར་ངེས་པའོ། །དེས་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་རྣམས་འདུལ་བ་ནི་ཕན་པ་མ་ཡིན་པ་ལས་བཟློག་ནས་ཕན་པ་ལ་ངེས་པར་སྦྱོར་བའོ། །དེ་ཉིད་ནི་སྤྱོད་པའོ། །དེའི་མཆོག་ཏུ་གྱུར་པ་ནི་ཟླ་མེད་ པའོ། །འདིས་ནི་བཅོམ་ལྡན་འདས་པདྨའི་རིགས་ཀྱི་རང་བཞིན་ཡིན་པར་སྟོན་ཏོ། །ལས་ཀྱི་རིགས་ཀྱི་འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་པས་ཀྱང་། དེ་ནམ་མཁའ་ཐམས་ཅད་ཁྱབ་པར་བསྟན་པ་ནི། དེ་བཞིན་གཤེགས་པ་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དོན་ཡོད་པ་ནི་འབྲས་བུ་ཡོད་པའི་བཀའ་སྟེ། སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ཤིག །མཆོད་པ་ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་ཅིག་ཅེས་བྱ་བའོ། །དེ་མཛད་པའི་ངང་ཚུལ་གང་ལ་ཡོད་ པ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའི་དོན་ཡོད་པར་མཛད་པ་སྟེ། དེའི་ངོ་བོ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་དོན་ཡོད་པར་མཛད་པ་ཉིད་དོ། །དེས་ཐམས་ཅད་མཉམ་པ་མེད་པ་ཡིན་ལ་མཉམ་པ་མེད་པ་ཉིད་ཀྱིས་ན་ བླ་ན་མེད་པ་ཡང་ཡིན་ཏེ། རྣམ་པ་ཐམས་ཅད་པའི་ཕྲིན་ལས་འདི་ལ་མངའ་བས་ན་ཐམས་ཅད་དང་མཉམ་པ་མེད་ཅིང་བླ་ན་མེད་པའི་ཕྲིན་ལས་སྣ་ཚོགས་མཛད་པའོ། །འདིས་ནི་འདི་ན་སྣ་ཚོགས་རྡོ་རྗེ་བསྣམས་ཤིང་ལས་ཀྱི་རིགས་སུ་ལས་ཀྱི་དཀྱིལ་འཁོར་གྱི་འཁོར་ལོས་སྒྱུར་བ་ ཡིན་པར་སྟོན་ཏོ། །དེ་བཞིན་དུ་སྣ་ཚོགས་རྡོ་རྗེ་བསྣམས་ཏེ་དེར་སེམས་ཅན་སྣ་ཚོགས་ཀྱི་བྱ་བ་མཛད་དོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ལ་སོགས་པས་རྡོ་རྗེ་སེམས་དཔའ་ལ་སོགས་པ་སྙིང་པོའི་དོན་བསྟན་པའི་སྒོ་ནས་དེའི་སྙིང་པོ་རྣམས་བསྟན་པ་ དང་། ཚུལ་དེས་རྣམ་པར་སྣང་མཛད་ཆེན་པོ་ཡིན་པར་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའོ། །བྱང་ཆུབ་ཆེན་པོ་ནི་མི་བསྐྱོད་པའི་རང་བཞིན་དུ་གཉིས་སུ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ ཏེ། དེའི་ངོ་བོ་ཉིད་དུ་སེམས་དཔའ་བརྟན་པའི་སེམས་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སེམས་དཔའ་བརྟན་པ་སྟེ། རྡོ་རྗེ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་དེ་ཉིད་ནི་བརྟན་ཞིང་མི་གཡོ་བ་སྟེ། དེ་ལས་སྤྲུལ་པའི་སེམས་ དཔའ་ནི་བརྟན་པའི་སེམས་དཔའ་སྟེ། བཛྲ་སཏྭ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བ་ནི་སྤྱན་འདྲེན་པའོ། །དེའི་དམ་ཚིག་ནི་འདའ་བར་མི་བྱ་སྟེ། བཛྲ་རཱ་ཛ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྒོམ་པ་ནི་དེའི་རྗེས་སུ་མཉེས་པར་བྱ་བ་ སྟེ། དེའི་ཡེ་ཤེས་ནི་ངེས་པའོ། །དེའི་དབང་ཕྱུག་ནི་གཙོ་བོ་སྟེ། བཛྲ་རཱ་ག་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་ཅིང་ཡང་དག་པའི་བྱང་ཆུབ་ཀྱི་སྤྱོད་པའི་ཚུལ་གྱིས་ཏེ། བཛྲ་སཱ་དྷུ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ ཐམས་ཅད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་འཁོར་གསུམ་ཡོངས་སུ་དག་པའི་ངོ་བོ་ཉིད་རིན་ཆེན་འབྱུང་ལྡན་གྱི་ཚུལ་གྱིས་སེར་སྣའི་དྲི་མ་སྤངས་པ་ནི་དབང་བསྐུར་བ་ཆེན་པོ་དེའི་དོན་གྱིས་རིན་པོ་ཆེ་ནི་བཅོམ་ལྡན་འདས་བཛྲ་རཏྣ་ཞེས་བྱ་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ནི་ བཤད་མ་ཐག་པའི་དེ་ཉིད་ཡིན་ནོ། །དེའི་ཡེ་ཤེས་ནི་མུན་པ་ཐམས་ཅད་སེལ་བའི་ཚུལ་གྱིས་ཉི་མའི་འོད་ཀྱི་དཀྱིལ་འཁོར་དུ་གྱུར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་དཀྱིལ་འཁོར་ཏེ། དེ་ནི་བཛྲ་ཏེ་ཛ་ཞེས་བྱ་བའོ། །སྒྲིབ་པ་ མེད་པའི་ཡེ་ཤེས་དེ་ཉིད་ནི་དེ་བཞིན་གཤེགས་པ་ཐམས་ཅད་དོ། །དེ་རྣམས་ཀྱི་བསམ་པ་ནི་ཆོས་རྟོགས་པར་བྱེད་པར་བཞེད་པའོ། །བསམ་པ་དེའི་སྟོབས་དང་། མི་འཇིགས་པ་ལ་སོགས་པའི་ཆོས་རྣམས་བརྙེས་པ་ནི་འབར་ཞིང་མཛེས་པས་ན་བསམ་པའི་རྒྱལ་པོའོ། །དེ་ལས་ བ