Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 57

Văn bản gốc(Tây Tạng)

Trang 6 / 23 (50.000 ký tự/trang)
ིད་ཡིན་པས། དེ་རྣམས་ལ་གཟུགས་ཀྱི་སྐུ་མི་མངའ་བ་ཉིད་ཡིན་ན། གདུལ་བྱ་རྣམས་ལ་འདི་ལྟར་རྡོ་རྗེ་བསྲུང་བས་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་རྡོ་རྗེ་དང་མཉམ་པར་བྱེད་དོ་སྙམ་དུ་སེམས་པ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི། །ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའི་གཡས་ཕྱོགས་སུའོ། །བཀའ་ནོད་ཅིང་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་བསྲུང་བའི་དོན་དུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་ཆོ་ག་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་
རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་གོ་ཆའི་ཕྱག་རྒྱ་ནི་རྡོ་རྗེ་བརྟན་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བརྟན་པ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་གོ་ཆ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་
བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བཅོམ་ལྡན་འདས་རྡོ་རྗེ་བསྲུང་བའོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུའོ། །དེ་ཅིའི་ཕྱིར་བྱིན་ཞེ་ན། སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཅན་གྱི་ཁམས་
མ་ལུས་ཤིང་ལུས་པ་མེད་པ་རྣམས་ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི་རྡོ་རྗེ་བསྲུང་བའི་ཕྱག་རྒྱས་ཐེག་པ་གཞན་འདོད་པ་ལས་བཟློག་པ་དང་། ཕྱི་རོལ་གྱི་འཚེ་བ་རྣམས་བཟློག་པའོ། །དེས་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་བ་དང་ཡིད་བདེ་བ་ཐམས་ཅད་
མྱོང་བའི་དོན་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ཐོབ་པའི་མཆོག་གྲུབ་པར་བྱ་བ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་སྐུ་ནི་རྡོ་རྗེ་བསྲུང་བའི་སྐུའོ། །བར་དུ་ཞེས་བྱ་བའི་སྒྲས་ནི་མ་སྨོས་པ་རྣམས་ཀྱང་བསྡུའོ། །རྡོ་རྗེ་གྲོགས་པོ་ཞེས་བྱ་

བ་ནི། ཇི་སྐད་དུ་བཤད་པའི་ཉེས་པ་བཟློག་པས་མཛའ་བོའི་དོན་རྫོགས་པར་བྱེད་པ་དང་། མི་ཕྱེད་པ་ཉིད་ཀྱིས་ན་རྡོ་རྗེ་གྲོགས་པོ་ཞེས་བཤད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་གོ་ཆ་བསྐོན་ཞིང་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་རྣམས་རྣམ་པར་སྣང་མཛད་ལ་སོགས་
པའི་ངོ་བོར་བྱེད་ཅིང་ངོ་། །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི་རང་གི་ཕྱག་ན་གནས་པའི་གོ་ཆ་གསུངས་པའོ། །བྱམས་པའི་གོ་ཆ་དམ་པ་སྟེ། །ཞེས་བྱ་བ་ནི། བྱམས་པའི་དོན་རྫོགས་པར་བྱེད་པས་ན། བྱམས་པའི་གོ་ཆ་ཞེས་གསུངས་སོ། །དེ་ཡང་གང་
གི་ཕྱིར་བརྩོན་འགྲུས་བརྟན་པས་བསྲུང་བ་ཞེས་བྱ་བ་གསུངས་ཏེ། འཁོར་གསུམ་ཡོངས་སུ་དག་པ་རྣམ་པར་སྦྱངས་པའི་བརྩོན་འགྲུས་ཀྱི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་གྲོགས་པོ་ཆེན་པོར་བརྗོད་པ་ཡིན་ཞེས་བྱའོ། །དེ་ལྟར་རྡོ་རྗེ་བསྲུང་བས་དེ་བཞིན་
གཤེགས་པ་ཐམས་ཅད་བསྲུངས་ནས། རྡོ་རྗེ་གནོད་སྦྱིན་གྱིས་བསྲུང་བའི་ཡོངས་སུ་བསྐྱངས་པས་ཡོངས་སུ་བསྲུང་བར་བྱའོ་ཞེས་བྱ་བའི་དོན་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་
ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་ལ། བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཡང་ཡིན་པས། བྱང་ཆུབ་སེམས་དཔའ་ཆེན་པོ་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །བདུད་ཀྱང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་བདུད་ཐམས་ཅད་དེ། དེ་རྣམས་
རབ་ཏུ་འཇོམས་པ་ནི་ཤིན་ཏུ་མི་སྣང་བར་མཛད་པའོ། །དེ་གང་ལ་མངའ་བ་དེ་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །ཇི་སྐད་དུ་བཤད་པའི་རྡོ་རྗེ་སེམས་དཔའི་ཚུལ་ནི། བྱང་ཆུབ་སེམས་དཔའ་ཆེན་པོའོ། །དེའི་དམ་ཚིག་ནི་མཆེ་བ་ཆེན་པོ་ལ་སོགས་པའི་གཟུགས་སོ། །དེ་ལས་
བྱུང་བ་ནི་སེམས་དཔའ་རྡོ་རྗེའི་ཚུལ་གང་ལས་བྱུང་བར་གྱུར་པའོ། །དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བ་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་པ་ནི་མཆེ་བ་མཚོན་ཆའི་རྣམ་པར་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་

མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཏེ། འདོད་ཆགས་ལ་སོགས་པ་ཟ་བར་མཛད་པ་བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ།
བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་མཆེ་བའི་དབྱིབས་སུ་གྱུར་ཏེ་བྱུང་ནས་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་སེམས་དཔའ་རྡོ་རྗེའི་གཟུགས་སོ། །རྡོ་རྗེ་མཆེ་བའི་མཚོན་ཆ་ཆེན་པོར་གྱུར་ཏེ་ཞེས་བྱ་བ་ནི་མཆེ་བས་མཚོན་ཆའི་
དོན་རྫོགས་པར་བྱེད་པས་མཚོན་ཆ་ཞེས་གསུངས་སོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོའི་ལུས་སུ་གྱུར་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུག་པ་འདུལ་བ་ལ་སོགས་པས་སངས་རྒྱས་
ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུག་པ་ཡང་ཡིན་ལ། གདུལ་བྱ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གདུག་པ་འདུལ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་གནོད་སྦྱིན་ནོ། །འདིས་གདུག་
པ་ཐམས་ཅད་འདུལ་བས་ན་འདུལ་བའོ། །སོགས་པའི་སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྡུའོ། །དེ་ལྟར་གདུག་པ་འདུལ་བ་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་དེས་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་
རྡོ་རྗེ་གནོད་སྦྱིན་གྱི་ལུས་གཅིག་ཏུ་གྱུར་ཏོ། །རྒྱུ་གང་གི་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཉིད་ཅེས་བྱ་བ་གསུངས་ཏེ། བདུད་ཐམས་ཅད་ཤིན་ཏུ་རབ་ཏུ་འཇོམས་པའི་ངང་ཚུལ་ཅན་གང་ཡིན་པ་དེ་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པའོ། །བདུད་
ཐམས་ཅད་རབ་ཏུ་འཇོམས་པའི་ངོ་བོ་ཡིན་པས་ན། བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཉིད་དོ། །གང་གིས་ཤེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་གྱིས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་མཛད་ནས་རྡོ་རྗེ་གནོད་སྦྱིན་གྱི་གཟུགས་སུ་སྐྱེད་པར་བྱེད་པ་གང་ཡིན་པ་འདི་ནི།

རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་བདུད་ཐམས་ཅད་རབ་ཏུ་འཇོམས་པ་ཞེས་བྱའོ། །ཨེ་མའོ་བདག་ནི་སངས་རྒྱས་རྣམས། །ཐུགས་རྗེ་ཅན་གྱི་ཐབས་ཡིན་ཏེ། །ཞེས་བྱ་བ་ལ། བདག་ནི་ཞེས་བྱ་བ་ནི་བདག་ཉིད་ཡིན་པར་སྟོན་ཏོ། །སངས་རྒྱས་རྣམས་ཐུགས་རྗེ་ཅན་གྱི་ཞེས་
བྱ་བ་ནི་མི་དམིགས་པའི་ཐུགས་རྗེའི་རང་བཞིན་ཅན་གྱི་སངས་རྒྱས་རྣམས་ཀྱིའོ། །ཐབས་ཀྱང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ཐབས་ཆེན་ནོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། ཞི་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཞི་བ་སྟེ་བག་ཆགས་དང་བཅས་པའི་ཉོན་
མོངས་པ་དང་བྲལ་བ་ཡང་། སེམས་ཅན་གྱི་དོན་བྱ་བ་ཉིད་ཡིན་པའི་ཕྱིར། མ་རུངས་པ་ཡང་སྟོན་པར་གྱུར། །ཞེས་བྱ་བས་གདུག་པ་འདུལ་བ་རྣམས་ལ་དྲག་ཅིང་གཏུམ་པར་ཡང་སྟོན་པར་བྱེད་དེ། གང་ཞིག་སྲེད་དང་གང་ཞིག་རྣོ། །གང་ཞིག་གདུག་གང་ཉེར་གདུང་ལྡན། །ཤ་དང་
ཁྲག་དང་རྐང་ཟ་བ། །གང་ཡིན་མ་རུངས་པར་དེ་བཤད། །ཅེས་བྱ་སྟེ། དྲག་པོའི་རྣམ་པར་འགྱུར་བ་ནི་མ་རུངས་པ་ཉིད་དེ། དེ་ནི་སྨད་པ་ཡིན་དུ་ཟིན་ཀྱང་སེམས་ཅན་གྱི་དོན་མ་རུངས་པར་སྟོན་པ་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། འདི་དག་ཡོད་པ་མ་ཡིན་དུ་
ཟིན་ཀྱང་སྔོན་གྱི་འཕེན་པའི་སྟོབས་ཀྱིས། སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་མ་རུངས་ཤིང་གདུག་པ་ཉིད་དུ་མཐོང་བར་ཟད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཅེས་བྱ་བ་ནི་དོན་ཡོད་པར་གྲུབ་པ་སྟེ། དེའི་གཡོན་ཕྱོགས་སུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་
ལ། བཅོམ་ལྡན་འདས་ཀྱིས་མཆེ་བའི་མཚོན་ཆ་དེ་དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གཏུམ་པའི་རྡོ་རྗེ་ནི་མཆེ་བའི་ཕྱག་རྒྱའི་གཟུགས་སོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རབ་ཏུ་གཏུམ་པའི་
རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་མཆེ་བ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་འདུལ་བའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མ་རུངས་པ་འདུལ་བ་ནི་

རྡོ་རྗེ་གནོད་སྦྱིན་ནོ། །དེའི་དམ་ཚིག་ནི་རྒྱུའོ། །སེམས་ཅན་གྱི་ཁམས་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་གྱི་ཁམས་ཐམས་ཅད་འཇིགས་པ་མེད་པར་བྱ་བ་ནི་འཇིགས་པ་དང་བྲལ་བའོ། །དེ་ཉིད་ཀྱིས་ཀྱང་བདེ་བ་དང་ཡིད་བདེ་བ་མྱོང་བར་བྱ་བའི་དོན་དུའོ། །དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་ཐབས་ཆེན་པོ་ནི། རྡོ་རྗེ་གནོད་སྦྱིན་དང་ཡེ་ཤེས་དང་མངོན་པར་ཤེས་པ་རྣམས་ཐོབ་ཅིང་དངོས་གྲུབ་དམ་པའི་འབྲས་བུ་དེ་དག་ཐོབ་པའི་ཕྱིར་རོ། །བར་དུ་ཞེས་བྱ་བའི་སྒྲས་ནི་ས་དང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྡུའོ། །དེ་བཞིན་དུ་ཞེས་བྱ་བ་
ནི། སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་བའོ། །རྡོ་རྗེ་ཁྲོ་བོ་ཞེས་བྱ་བ་ནི། མི་ཕྱེད་པའི་ཡེ་ཤེས་ལས་བྱུང་བས་ནི། རྡོ་རྗེ་ཡང་ཡིན་ལ་ཁྲོ་ཞིང་གཏུམ་པ་ཡང་ཡིན་པས་ན་རྡོ་རྗེ་ཁྲོ་བོ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་
བསྡིགས་ཤིང་ཞེས་བྱ་བ་ནི་སེམས་ཅན་གྱི་ཁམས་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དུ་བྱེད་ཅིང་། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཞེས་བྱ་བ་ནི། རང་གི་ཕྱག་ན་གནས་པའི་མཆེ་བའི་ཕྱག་རྒྱ་གསུངས་པའོ། །མ་རུངས་ཐམས་ཅད་འདུལ་བའི་
མཆོག །ཅེས་བྱ་བ་ནི། མ་རུངས་པ་ཡང་ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་མ་རུངས་པ་ཐམས་ཅད་དེ། ལྷའི་བུའི་བདུད་ལ་སོགས་པ་ཡིན་ལ། དེ་རྣམས་འདུལ་བའི་མཆོག་ཡིན་པས་ན་དེ་སྐད་ཅེས་བྱའོ། །དེ་གང་ཞིག་ཡིན་ཞེ་ན། རྡོ་རྗེ་མཆེ་བའི་མཚོན་རྣོ་སྟེ། །ཞེས་
བྱ་བ་གསུངས་ཏེ། མཚོན་ཆ་ནི་དོན་རྫོགས་པར་བྱེད་པས་ན་མཚོན་ཆའོ། །རྣོ་ཞེས་བྱ་བ་ནི་གཞིག་པར་དཀའ་བ་འཇིག་པ་ཉིད་ཀྱིས་སོ། །གདུག་པ་འདུལ་བའི་ཐབས་སུ་གྱུར་པ་ཉིད་ཀྱིས་ན་ཐབས་སོ། །དེ་ལྟར་རྡོ་རྗེ་གནོད་སྦྱིན་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་བསྲུང་བ་
ཡོངས་སུ་བསྐྱང་བར་བྱས་པ་ཡིན་ལ། དེ་ནས་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་གྱིས་རྡོ་རྗེ་ཁུ་ཚུར་གྱིས་བསྒྲུབས་པས་ན། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྙིང་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་

པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་། ཐུགས་རྡོ་རྗེ་སྐྱེ་བ་མེད་པའི་དེ་བཞིན་ཉིད་དུ་ཐུགས་སུ་ཆུད་པས་གཅིག་ཏུ་མཛད་པ་ནི་ཁུ་ཚུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཡང་ཡིན་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་བྱང་ཆུབ་སེམས་དཔའ་ཆེན་པོའི་ཁུ་ཚུར་རོ། །དེ་ཉིད་ནི་སེམས་དཔའ་རྡོ་རྗེའི་གཟུགས་ཅན་གྱི་རྡོ་རྗེ་སེམས་དཔའོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བ་ལ་སོགས་པའི་ཚུལ་ལོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེའི་ཚུལ་གང་
ལས་ལས་སུ་གྱུར་པ་སྟེ། དེ་བྱིན་གྱིས་བརླབ་ཅིང་བརྟན་པར་བྱ་བའི་ཕྱིར། རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་སྐད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་ནས། ཕྱག་རྒྱ་ཐམས་ཅད་བཅིང་བ་ལ་སོགས་པའི་སྤྲུལ་པ་སྐྱེ་བའི་རྣམ་པར་ཐུགས་རྩེ་གཅིག་ཏུ་
མཛད་ཅེས་བྱ་བའི་བར་དུའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཅིང་བ་ནི། བཅོམ་ལྡན་འདས་རྡོ་རྗེའི་ཁུ་ཚུར་རོ། །དེའི་དམ་ཚིག་ནི་བསྐྱེད་པའི་རྒྱུའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་ཉིད་རྡོ་རྗེ་བཅིངས་
པའི་དབྱིབས་སུ་གྱུར་ཏེ་ཕྱག་གཉིས་སུ་གནས་སོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེའི་གཟུགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་པར་གྱུར་ཏོ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཕྱག་རྒྱ་བཅིངས་པ་ནི་དམ་ཚིག་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་བཙིར་བ་ལྟ་བུའོ། །དེ་དག་ཐམས་ཅད་ཀྱང་གཅིག་ཏུ་གྱུར་ནས་རྡོ་རྗེ་བཅིངས་པའི་དབྱིབས་གཅིག་ཏུ་གྱུར་ཏོ། །ཕྱག་གཉིས་སུ་གནས་པ་ནི། དམ་ཚིག་གི་ཁུ་ཚུར་གྱིས་གཟུང་བའི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ཉིད་
འདིར་བཅིངས་པའི་དབྱིབས་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའི་སྐུར་གྱུར་ནས་ཐུགས་ལ་གནས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ལ་སོགས་པ་དང་།

སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་ཏེ་དེ་ནི་ཡེ་ཤེས་སོ། །དེ་ལ་སོགས་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་
དང་ཡེ་ཤེས་ལ་སོགས་པ། སངས་རྒྱས་ཐམས་ཅད་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་རྣམས་བྱས་ནས། དེ་ཐམས་ཅད་གཅིག་ཏུ་གྱུར་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཁུ་ཚུར་གྱི་སྐུར་གྱུར་ཏོ། །ཅིའི་ཕྱིར་ཞེ་ན། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་
པ་ཐམས་ཅད་ཀྱི་ཁུ་ཚུར་ནི་བཅོམ་ལྡན་འདས་རྡོ་རྗེ་ཁུ་ཚུར་རོ། །དེ་ཉིད་ཤིན་ཏུ་བཅིངས་པ་གང་ཡིན་པ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་པ་སྟེ་དེའི་ངོ་བོ་ཉིད་ཡིན་པས་ན་བཅིངས་པ་ཉིད་དོ། །གང་གི་ཞེ་ན། རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ནི་ཞེས་བྱ་བ་
སྟེ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་མཛད་ནས་བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ཁུ་ཚུར་གྱི་སྐུར་སྐྱེད་པར་བྱེད་པ་གང་ཡིན་པ་དེ་ནི་འདིར་རྡོ་རྗེ་སེམས་དཔའི་ཏིང་ངེ་འཛིན་ཏོ། །ཨེ་མའོ་རབ་ཏུ་བརྟན་བཅིངས་པས། །ཞེས་བྱ་བ་ལ། རབ་ཏུ་བརྟན་པ་ནི་མི་ཕྱེད་པའོ། །
འདི་ནི་ཅི་ཞིག་ཡིན་ཞེ་ན་བཅིངས་པའོ། །ཇི་ལྟ་བུ་ཞེ་ན་དམ་ཚིག་ཅེས་བྱ་བ་སྟེ། འདའ་བར་མི་བྱ་བའི་དོན་ཏོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། བསམ་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར། བསམ་པ་ཐམས་ཅད་རབ་གྲུབ་ཕྱིར། །ཞེས་བྱ་བ།
སྲེད་པའི་རྣམ་པ་ཐམས་ཅད་ནི་བསམ་པ་ཐམས་ཅད་དེ། བདག་གིས་དེ་བཞིན་གཤེགས་པ་ཉིད་རྟོགས་པར་བྱས་ནས་ཐམས་ཅད་ཀྱིས་སེམས་ཅན་ཐམས་ཅད་རྫོགས་པར་བྱའོ་ཞེས་བྱ་བའི་སྨོན་ལམ་རྫོགས་པར་གྱུར་པ་ནི་རབ་ཏུ་གྲུབ་པ་སྟེ། དོན་དེའི་ཕྱིར་གྲོལ་བ་རྣམས་ཞེས་བྱ་
བ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་འཆིང་བ་ལས་ཐར་པ་རྣམས་ཀྱང་། མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་འཁོར་བར་ཞུགས་པར་བྱེད་པ་ནི་འཆིང་བར་བྱེད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱབ་ན་ཞེས་བྱ་བ་ནི་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པའིའོ། །

དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་བཅིངས་པ་དེ་དེའི་ལག་པ་གཉིས་སུ་བྱིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཀུན་རྫོབ་ཀྱི་རྡོ་རྗེ་ཁུ་ཚུར་གྱི་བདག་ཉིད་ཅན་ནི་རྡོ་རྗེ་འཆིང་བའོ། །དེ་ཉིད་ནི་དམ་ཚིག་གོ། །དེ་ཉིད་ནི་མི་ཕྱེད་པས་
ན་རྡོ་རྗེ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཆིང་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བ། དེ་ལ་སྙོམས་པར་ཞུགས་པ་ནི། རྡོ་རྗེ་བཅིངས་པའི་ཕྱག་རྒྱ་སྦྱིན་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་
ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་པའི་དམ་ཚིག་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་རིགས་ཐམས་ཅད་ལས་བྱུང་བའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའོ། །དེ་བཅིངས་པ་ནི་བདག་མེད་པའི་ཚུལ་གྱིས་གཅིག་ཏུ་བྱ་བ་སྟེ། རྡོ་རྗེ་ཁུ་ཚུར་ཉིད་ལ་བྱ་བར་བཤད་
དོ། །དེའི་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེ་བཅིངས་པའི་ཕྱག་རྒྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། ལྷ་རྣམས་ཀྱིས་དགོངས་པར་བརྟག་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ནི་སེམས་དང་སེམས་ལས་བྱུང་བ་གཉིས་སུ་མེད་པའོ། །དེ་རྣམས་ཀྱི་ལྷ་རྣམས་
ནི་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་རིགས་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བའི་ཕྱག་རྒྱའོ། །དེའི་དགོངས་པ་བརྟག་པ་ནི་ཆོ་འཕྲུལ་གྱི་རྣམ་པ་བརྒྱ་རྩ་བརྒྱད་བསྐྱེད་པའི་ཏིང་ངེ་འཛིན་གྱིས་དགོངས་པར་བརྟགས་པས་སེམས་ཅན་གྱི་ཁམས་ཐམས་ཅད་བདེ་བ་དང་ཡིད་
བདེ་བ་ཐམས་ཅད་མྱོང་བར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཕྱག་རྒྱའི་དབང་དམ་པ་གྲུབ་པའི་བར་དུ་སྟེ་འབྲས་བུ་དེ་དག་གི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཆོས་བདག་
མེད་པའི་ཡེ་ཤེས་སོ། །དེ་ཉིད་ཕྱག་རྒྱ་ཡིན་ལ་དེ་ལ་དབང་བ་ནི་བདག་པོར་གྱུར་པའོ། །དེ་ཉིད་ནི་དམ་པ་གྲུབ་པ་སྟེ་དེ་ཁོ་ན་ཉིད་ནི་འབྲས་བུ་ཡིན་ཏེ། དེ་དག་གི་ཕྱིར་ནི་རྒྱུར་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་གྲུབ་པའི་དོན་དུ་ཞེས་བྱ་བའི་ཐ་ཚིག་གོ། །བར་དུ་ཞེས་བྱ་བའི་

སྒྲས་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་བསྡུའོ། །དེའི་ལག་ཏུ་བྱིན་ནོ་ཞེས་བྱ་བ་ནི་སངས་རྒྱས་ལྔའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་ནས་སོ། །རྡོ་རྗེ་ཁུ་ཚུར་རྡོ་རྗེ་ཁུ་ཚུར་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་ཁུ་ཚུར་གྱིས་ཉེ་བར་
མཚོན་པའི་ཕྱིར་དེ་བས་ན་རྡོ་རྗེ་ཁུ་ཚུར་ཞེས་བྱའོ། །རྡོ་རྗེ་བཅིངས་པ་དེས་ཞེས་བྱ་བ་ནི། རང་གི་ལག་ན་གནས་པའི་ཆོས་བདག་མེད་པའི་རྡོ་རྗེ་བཅིངས་པ་སྟེ། དེས་རྣམ་པར་སྣང་མཛད་ལ་སོགས་པ་འདི་དེ་བཞིན་གཤེགས་པ་ཐམས་ཅད་འཆིང་ཞིང་ཞེས་བྱ་བ། མི་གནས་པའི་
མྱ་ངན་ལས་འདས་པ་ལ་འཇོག་ཅིང་སེམས་ཅན་གྱི་དོན་དུ་འཁོར་བ་ཇི་སྲིད་པར་བཞུགས་པར་བྱེད་པའོ། །འདི་དེ་ཞེས་བྱ་བ་ནི་གང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བདག་ལ་སྩལ་བ་གང་ཡིན་པ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱ་བཅིངས་བ་ཡིན་ནོ། །ཇི་ལྟ་བུ་ཞིག་
ཅེ་ན། ཆེ་ཞིང་བརྟན་ཞེས་བྱ་བ་ནི། ཆོས་ཀྱི་དབྱིངས་གཉིས་སུ་མེད་པའི་ཚུལ་ཉིད་ཀྱིས་ན་མི་ཕྱེད་པ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཕྱག་རྒྱ་བཅིངས་པ་ཆེ་ཞིང་བརྟན་པ་ཡིན་ཞེ་ན། སངས་རྒྱས་ཀུན་ནི་མྱུར་གྲུབ་ཕྱིར། །ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ལ་སོགས་པའི་
ཟློས་པ་པོས། རྡོ་རྗེ་འབེབས་པའི་ཕྱག་རྒྱ་བཅིངས་ནས་བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། བཛྲ་སནྡྷི་ཞེས་བརྗོད་དོ། །དེ་ནས་དེ་རྣམས་ཕྱག་རྒྱ་བཅིངས་ན། དེས་མྱུར་དུ་འགྲུབ་པར་འགྱུར་རོ། །དེ་ནས་བཛྲ་ཨཱ་བེ་ཤ་ཞེས་བྱ་བས། རྡོ་རྗེ་
འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཅིངས་ལ། ཨཿཞེས་བྱ་བས་བདག་ཉིད་ལ་དབབ་པར་བྱའོ། །དེ་ནས་བཛྲ་མུཥྚི་ཞེས་བྱ་བས་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་འགྲུབ་པར་འགྱུར་རོ། །གལ་ཏེ་དེ་ལྟར་མི་བྱེད་ན་ས་མ་ཡ་
སྟྭཾ་ཞེས་བྱ་བས་ཕྱག་རྒྱ་ཆེན་པོ་ལ་སོགས་པ་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ་ཞེས་བཤད་པ་ཡིན་ནོ། །དམ་ཚིག་ཤིན་ཏུའང་འདའ་བར་དཀའ། །ཞེས་བྱ་བ་ནི་འདའ་བར་བྱ་བ་མ་ཡིན་པས་ན་དམ་ཚིག་སྟེ། འདི་ཉིད་ཀྱིས་ན་འདའ་བར་དཀའ་བའོ། །དེས་ནི་འདི་སྐད་སྟོན་པ་

ཡིན་ཏེ། གང་གིས་ན་སངས་རྒྱས་ཐམས་ཅད་མྱུར་དུ་གྲུབ་པའི་ཕྱིར། འདི་ནི་འདའ་བར་མི་བྱ་བའི་དམ་ཚིག་ཡིན་ལ། དེ་བས་ན་བདག་གི་རྡོ་རྗེ་ཁུ་ཚུར་བཅིངས་པའི་ཚུལ་འདི་ནི་ཆེ་ཞིང་བརྟན་པ་ཡིན་ནོ། །དེ་ནས་ཞེས་བྱ་བ་ལ་སོགས་པས་ནི་སྡོམ་པ་གསུངས་པ་ཡིན་ཏེ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ཆོ་ག་རྒྱས་པའི་ལས་ཀྱི་རང་བཞིན་ནི་རྡོ་རྗེའི་ལས་སོ། །བརྩོན་འགྲུས་ཆེན་པོ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་པར་སྤྲོ་བའོ། །དེ་ཉིད་ནི་གོ་ཆ་བརྟན་པ་སྟེ། གོ་ཆ་ནི་རྡོ་རྗེ་བསྲུང་བའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
ཐབས་ཆེན་པོ་ནི་རྡོ་རྗེ་གནོད་སྦྱིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་བཅིངས་པའི་ཡེ་ཤེས་ནི་རྡོ་རྗེ་ཁུ་ཚུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཆེན་པོའི་སེམས་དཔའ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བརྩོན་འགྲུས་
ཆེན་པོའི་རང་བཞིན་གྱི་ཕྲིན་ལས་ལས་བྱུང་བའི་སེམས་དཔའ་རྣམས་སོ། །དེ་ཡང་བཅོམ་ལྡན་འདས་ཀྱིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྲིན་ལས་ནི་དོན་ཡོད་པར་གྲུབ་པའོ། །བརྩོན་འགྲུས་ཀྱི་རང་བཞིན་གྱི་ལས་དེ་ཡང་རྣམ་པ་བཞིར་འགྱུར་ཏེ། བརྩམ་པ་དང་།
ཡོངས་སུ་སྦྱོང་བ་དང་། སོ་སོར་རྟོག་པ་དང་། བསྒྲུབ་པ་ལྷུར་ལེན་པའོ། །དེ་ལ་རྩོམ་པའི་བརྩོན་འགྲུས་ནི་དང་པོ་འཇུག་པ་སྟེ། སངས་རྒྱས་ཀྱི་སྤྲུལ་པས་འགྲོ་བའི་དོན་བྱེད་པར་སྤྲོ་བའི་རྩོམ་པའི་བརྩོན་འགྲུས་ནི་རྡོ་རྗེ་ལས་སོ། །དེ་ཉིད་གོང་ནས་
གོང་དུ་མངོན་པར་འཕེལ་བར་བྱ་བའི་ཕྱིར་མ་ཞུམ་པའི་སྦྱོར་བས་ཡོངས་སུ་སྦྱོང་བའི་བརྩོན་འགྲུས་ནི་རྡོ་རྗེ་བསྲུང་བའོ། །འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གོམས་པ་ཐམས་ཅད་ཉེ་བར་མ་དམིགས་པ་སོ་སོར་རྟོག་པའི་
བརྩོན་འགྲུས་ནི་རྡོ་རྗེ་གནོད་སྦྱིན་ནོ། །རང་བཞིན་མེད་པ་དེ་མངོན་སུམ་དུ་བྱེད་པ་སྒྲུབ་པ་ལྷུར་ལེན་པའི་བརྩོན་འགྲུས་ནི་རྡོ་རྗེ་ཁུ་ཚུར་རོ། །དེ་ལྟར་རྡོ་རྗེ་ཁུ་ཚུར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པས་གྲུབ་པར་གྱུར་པ་ནི། བྱང་ཆུབ་ཀྱི་སེམས་

དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་ཤེས་རབ་དང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རྣམས་ནི། རྡོ་རྗེ་སེམས་དཔའ་ལ་སོགས་པ་སྡུད་པར་བྱེད་པ་ཡིན་ནོ། །རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པའི་བར་གྱི་རེ་རེ་ཞིང་ཡང་གྱུར་ཏོ་
ཞེས་བྱ་བ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་བཞིན་གཤེགས་པ་མི་བསྐྱོད་པས་རྡོ་རྗེ་དམ་ཚིག་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་ཏུའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་བསྒྲུབས་ཏེ་ཞེས་བྱ་བ་ནི། སངས་རྒྱས་ཐམས་ཅད་གཅིག་ཏུ་བསྡུས་པ་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་བར་གྱི་ཡེ་ཤེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་
ཕྱག་རྒྱས་གདབ་པའི་ཕྱིར་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པ་བཞག་པ་ནི་ཕྱག་རྒྱས་གདབ་པ་སྟེ་དེའི་ཕྱིར་རོ། །རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ལ། རྡོ་རྗེ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་སེམས་ཏེ། དེའི་ཕ་རོལ་ཏུ་ཕྱིན་ཅིང་འགྲོ་
བས་ན། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་ཡེ་ཤེས་ཀྱི་མཚན་ཉིད་རྡོ་རྗེ་སེམས་མའོ། །དེ་ཡང་། བྱང་ཆུབ་སེམས་ཀྱི་མཐུ་ཡིས་ནི། །ཕ་རོལ་སངས་རྒྱས་ཉིད་དུ་འགྱུར། །དེ་བས་ཕ་རོལ་ཕྱིན་ལྡན་པ། །རྡོ་རྗེ་སེམས་མར་
ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །དེའི་དམ་ཚིག་ནི་རྒྱུ་སྟེ། རྡོ་རྗེའི་འོད་ཟེར་ལ་སོགས་པའི་ཚུལ་ལོ། །དེ་འབྱུང་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ཐུགས་ཀར་གནས་པའི་སེམས་དཔའ་རྡོ་རྗེ་ལས་བྱུང་བའོ། །དེ་བྱིན་གྱིས་བརླབས་པའི་ཏིང་ངེ་འཛིན་གང་ལ་མིང་
འདི་ཉིད་ཅེས་བྱ་བའི་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི། རྡོ་རྗེའི་འོད་ཟེར་ལ་སོགས་པ་སྤྲུལ་ཞིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེའོ། །དེའི་དམ་ཚིག་ནི་

རྒྱུར་གྱུར་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ་རྡོ་རྗེ་སེམས་མའོ། །འདི་ཞེས་བྱ་བ་ནི་ཐུགས་ལ་གནས་པའི་སྒྲའི་ཚུལ་ལོ། །རང་གི་ཐུགས་ཀ་ནས་བྱུང་བ་ནི་ཕྱུང་བར་གྱུར་པའོ། །དེ་ནས་ཞེས་བྱ་བ་ལ་
སོགས་པ་ལ། རྡོ་རྗེ་ཆེན་པོའི་དབྱིབས་སུ་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཡང་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལྔའི་ཐུགས་ལས་སོ། །རྡོ་རྗེའི་འོད་ཟེར་ནི་རྡོ་རྗེ་རྩེ་ལྔ་པ་ལྟ་བུའོ། །
བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི། སེམས་དཔའ་རྡོ་རྗེའི་ཚུལ་ལོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པའི་ཡེ་ཤེས་རྣམས་ལ་ཕྱག་རྒྱས་བཏབ་ནས་ཞེས་བྱ་བ་ལ། རྡོ་རྗེའི་ཕ་རོལ་ཏུ་ཕྱིན་པ་ནི་བཤད་མ་ཐག་པའི་མཚན་ཉིད་དོ། །
དེ་ལས་བྱུང་བའི་རྣམ་པར་སྣང་མཛད་ལ་སོགས་པའི་སྐུའི་གསང་བའི་ཚུལ་ནི་ཡེ་ཤེས་སོ། །སྐུའི་གསང་བའི་ཐུགས་ཀའི་ཟླ་བ་དེ་རྣམས་སུ་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་བསྐྱེད་པ་འདི་ནི་ཕྱག་རྒྱས་བཏབ་པའོ། །ཨེ་མའོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་དཔའ་རྡོ་རྗེ་ཞེས་
པ་ལ་ཟླ་བའི་དཀྱིལ་འཁོར་ནི་སེམས་དཔའོ། །དེའི་སྟེང་གི་རྡོ་རྗེ་རྩེ་ལྔ་པ་ནི་སེམས་དཔའི་རྡོ་རྗེའོ། །བརྟན་པའི་བདག་ཅེས་བྱ་བ་ནི་བྱང་ཆུབ་ཀྱི་མཚན་ཉིད་ཅན་གྱི་ཐུགས་ཀྱི་ཚུལ་ཡིན་པ་ཉིད་ཀྱིས་ན་བརྟན་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། གང་ཕྱིར་བརྟན་པས་ཞེས་བྱ་བ། གཉིས་སུ་མེད་པའི་ཚུལ་གྱིས་མི་ཕྱེད་པ་ཉིད་ཡིན་པས་ལུས་མེད་ཀྱང་ཞེས་བྱ་བ་གཟུགས་མེད་པ་སྟེ། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡིན་པས་ལུས་མེད་དུ་ཟིན་ཀྱང་རྡོ་རྗེའི་ལུས་སུ་སྟེ། རྡོ་རྗེ་རྩེ་ལྔ་པའི་གཟུགས་ཉིད་དུ་
གྱུར་པ་ཡིན་ཞིང་ཐོབ་པ་སྟེ། བདག་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཡིན་པ་ལས། གདུལ་བྱ་རྣམས་ཀྱིས་རྡོ་རྗེ་རྩེ་ལྔ་པའི་གཟུགས་སུ་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་

འབྱུང་ལྡན་གྱིས། རིན་པོ་ཆེའི་དམ་ཚིག་ཅེས་བྱ་བའི་རང་གི་ཕྱག་རྒྱ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བཏབ་པའི་ཕྱིར་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཡེ་ཤེས་ནི་སྔ་མ་དང་འདྲའོ། །རྣམ་པར་སྣང་མཛད་ལ་སོགས་པའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རིན་པོ་ཆེ་བསྐྱེད་པ་ནི། དེ་རྣམས་ལ་ཕྱག་རྒྱས་བཏབ་པའོ། །རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་ཅེས་བྱ་བ་ལ། རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་ནི་
སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཅན་གྱི་རྡོ་རྗེ་རིན་ཆེན་མའོ། །དེ་ཡང་། སྦྱིན་པ་ལ་སྤྱོད་མཐུ་ཡིས་ནི། །ཕ་རོལ་སངས་རྒྱས་ཉིད་དུ་འགྱུར། །དེ་བས་ཕ་རོལ་ཕྱིན་ལྡན་པ། །རྡོ་རྗེ་རིན་ཆེན་མར་ཤེས་བྱ། །ཞེས་བཤད་པ་ཡིན་ནོ། །རིན་པོ་ཆེའི་ཕ་རོལ་ཏུ་ཕྱིན་པ་དེའི་དམ་ཚིག་ནི་
རྒྱུ་སྟེ། རིན་པོ་ཆེ་ལྟ་བུའི་འོད་ཟེར་དང་དེ་བཞིན་གཤེགས་པ་སྤྲུལ་པ་ལ་སོགས་པའོ། །དེ་ལས་བྱུང་བ་ནི་རིན་པོ་ཆེ་ལྟ་བུའི་སེམས་དཔའི་རྡོ་རྗེ་གང་ལས་བྱུང་བ་སྟེ། དེ་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ཏིང་ངེ་འཛིན་གང་ཡིན་པ་དེ་ལ་སྙོམས་པར་ཞུགས་ནས་སོ། །རྡོ་རྗེ་རིན་པོ་
ཆེའི་དམ་ཚིག་ཅེས་བྱ་བ་ལ། རྡོ་རྗེ་རིན་པོ་ཆེ་ནི་རྡོ་རྗེ་རིན་ཆེན་མའོ། །དེའི་དམ་ཚིག་ནི་རྒྱུར་གྱུར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། རིན་པོ་ཆེའི་དབྱིབས་སུ་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །རིན་པོ་ཆེའི་འོད་ཟེར་ཞེས་བྱ་བ་ནི་རིན་པོ་ཆེ་ལྟ་
བུའི་འོད་ཟེར་ནི་རིན་པོ་ཆེའི་འོད་ཟེར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་སེམས་དཔའི་རྡོ་རྗེའི་རྣམ་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བཏབ་ནས་ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པའི་དཔྲལ་བར་ཟླ་བའི་དཀྱིལ་
འཁོར་གྱི་སྟེང་དུ་རྡོ་རྗེ་རིན་པོ་ཆེ་བསྐྱེད་པ་ནི་ཕྱག་རྒྱས་བཏབ་པའོ། །ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་རིན་ཆེན་བདག་ཉིད་གྲགས། །ཞེས་བྱ་བ་ནི། ཨེ་མའོ་ནི་ངོ་མཚར་ཆེ་བ་སྟེ། རྡོ་རྗེ་རྩེ་ལྔ་པས་རྩེ་མོ་མཚན་པའི་ཡིད་བཞིན་གྱི་ནོར་བུ་ནི་རྡོ་རྗེ་རིན་ཆེན་ནོ། །ཅི་ཞིག་ངོ་

མཚར་ཆེ་ཞེ་ན། གང་ཕྱིར་ཕྱག་རྒྱ་ཐམས་ཅད་ནི། །དབང་གི་ཚུལ་ནི་བརྟན་པའོ། །ཞེས་སྨོས་ཏེ། གང་གི་ཕྱིར་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱིས་དབང་བསྐུར་བའི་ཚུལ་བསྟན་པ་ཡིན་ཏེ། མཉམ་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་རིན་པོ་ཆེས་
སེམས་དྲི་མ་མེད་པར་བྱེད་པ་ཡིན་ལ། དེ་ཡང་གཉིས་སུ་མེད་པ་ཡིན་པས་བརྟན་པ་སྟེ། དེ་ཐོབ་པའི་ཐབས་ཀྱི་རྡོ་རྗེ་རིན་པོ་ཆེའི་ཚུལ་ལོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ནི་ནམ་མཁའ་དང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་ཡིན་ན་གདུལ་བྱ་རྣམས་ཀྱིས་རྡོ་རྗེ་རིན་ཆེན་གྱི་གཟུགས་
སུ་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་ཀྱིས་རང་གི་ཕྱག་རྒྱ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །འཇིག་རྟེན་དབང་ཕྱུག་ནི་རྡོ་རྗེ་ཆོས་སོ། །དེ་མཛེས་པར་གྱུར་པས་ན་འཇིག་རྟེན་དབང་ཕྱུག་གི་རྒྱལ་པོ་སྟེ། བཅོམ་ལྡན་འདས་
འོད་དཔག་ཏུ་མེད་པ་དེའི་དབུ་ལ་བཞུགས་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་རྣམ་པར་སྣང་མཛད་ལ་སོགས་པའི་འོ། །ཕྱག་རྒྱས་གདབ་པར་བྱ་བའི་ཕྱིར། །ཞེས་བྱ་བ་ནི་དེ་རྣམས་ཀྱི་ལྐོག་མར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་པདྨ་བསྐྱེད་པའོ། །
ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་རྡོ་རྗེ་ཆོས་མ་སྟེ། དེ་ཡང་། ཤེས་རབ་སྤྱོད་པའི་མཐུ་ཡིས་ནི། །ཕ་རོལ་སངས་རྒྱས་ཉིད་དུ་འགྱུར། །དེ་བས་ཕ་རོལ་ཕྱིན་ལྡན་མ། །རྡོ་རྗེ་ཆོས་མར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཆོས་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་ནི་
རྒྱུ་སྟེ། པདྨའི་འོད་ཟེར་ལ་སོགས་པའོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་ཆོས་སུ་གྱུར་པ་སྟེ། དེ་བྱིན་གྱིས་བརླབ་པའི་ཕྱིར་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་འདི་ཉིད་ཅེས་བྱ་བ་ལ་སྙོམས་པར་ཞུགས་ནས་ཆོས་ཀྱི་དམ་ཚིག་ཅེས་བྱ་བ་པདྨའི་འོད་ཟེར་ལ་
སོགས་པ་ནི་ཆོས་སོ། །དེའི་དམ་ཚིག་ནི་དྷརྨྨཱ་བཛྲཱི་ཞེས་བྱ་བའི་སྒྲའི་ཚུལ་ལོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ་པདྨ་ཆེན་པོའི་དབྱིབས་སུ་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །པདྨའི་འོད་ཟེར་ཞེས་བྱ་བ་ནི་པདྨ་ལྟ་བུའི་འོད་ཟེར་རྣམས་སོ། །བཅོམ་

ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ནི་སེམས་དཔའི་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་ཕྱག་རྒྱས་བཏབ་བོ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་ལྐོག་མའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་པདྨ་བསྐྱེད་པ་ནི་
ཕྱག་རྒྱས་བཏབ་པའོ། །ཆོས་ཀྱི་རྡོ་རྗེ་གཙང་མ་བདག །ཅེས་བྱ་བ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ནི་ཆོས་ཀྱི་རྡོ་རྗེ་བདག་ཡིན་ནོ། །དེ་ཉིད་ཀྱིས་ནི་རང་བཞིན་གྱིས་དག་པ་ཉིད་ཡིན་པའི་ཕྱིར་གཙང་མའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་རང་བཞིན་རྣམ་དག་པས། །འདོད་
ཆགས་ཡིན་ཡང་དྲི་མ་མེད། །ཅེས་བྱ་བ་སྟེ་གང་གི་ཕྱིར་འདོད་ཆགས་ཏེ་ཞེན་པའི་མཚན་ཉིད་ཡིན་ཡང་དྲི་མ་ཐམས་ཅད་དང་བྲལ་བས་ཤིན་ཏུ་དྲི་མ་མེད་པ་ཡིན་པ་འདི་ནི་ངོ་མཚར་ཆེའོ། །ཇི་ལྟར་དེ་དྲི་མ་མེད་པ་ཡིན་ཞེ་ན། རང་བཞིན་རྣམ་པར་དག་པས་ཞེས་བྱ་བ་སྨོས་ཏེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་
ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གདོན་མི་ཟ་བར་གྲུབ་པས་རང་གི་ཕྱག་རྒྱ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ནི་རྣམ་པར་
སྣང་མཛད་ལ་སོགས་པའོ། །དེ་རྣམས་ཀྱི་སྤྱི་བོར་སྣ་ཚོགས་རྡོ་རྗེ་བཞག་པ་ནི་ཕྱག་རྒྱས་བཏབ་པ་སྟེ་དེའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་ཚིག་ཅེས་བྱ་བ་ལ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རྡོ་རྗེ་ལས་མ་ནི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དོ། །དེ་ཡང་།
བརྩོན་འགྲུས་སྤྱོད་པའི་མཐུ་ཡིས་ནི། །ཕ་རོལ་སངས་རྒྱས་ཉིད་དུ་འགྱུར། །དེ་བས་ཕ་རོལ་ཕྱིན་ལྡན་པ། །རྡོ་རྗེ་ལས་མར་ཤེས་པར་བྱ། །ཞེས་གསུངས་པ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱི་དམ་ཚིག་ནི་རྒྱུ་སྟེ། ལས་ཀྱི་འོད་ཟེར་ལ་སོགས་པའོ། །དེ་ལས་བྱུང་
བ་ནི་སེམས་དཔའི་རྡོ་རྗེ་གང་ལས་བྱུང་བ་དེ་བྱིན་གྱིས་བརླབ་པའི་ཕྱིར། མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་འདི་ཉིད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་ནི་ལས་ཀྱི་རྡོ་རྗེ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

ལས་ཀྱི་དམ་ཚིག་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ནི་སྣ་ཚོགས་རྡོ་རྗེས་ཉེ་བར་མཚོན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་ཀྱི་དམ་ཚིག་ནི་རྒྱུར་གྱུར་པ་སྟེ། ཀརྨྨ་བཛྲི་ཞེས་བྱ་བའི་སྒྲའི་ཚུལ་ལོ། །ལས་
ཐམས་ཅད་ཀྱི་འོད་ཟེར་ཞེས་བྱ་བ་ནི་སྣ་ཚོགས་རྡོ་རྗེ་ལྟ་བུའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི། གང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་སེམས་དཔའི་རྡོ་རྗེའི་ཚུལ་གྱིས་གནས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལ་
ཕྱག་རྒྱས་བཏབ་སྟེ་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པའི་སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རྡོ་རྗེ་རྩེ་མོ་བཅུ་གཉིས་པའི་ལས་ཀྱི་རྡོ་རྗེ་བསྐྱེད་པ་ནི་རྒྱས་བཏབ་པའོ། །ཐམས་ཅད་དུ་རྩེ་མོ་བལྟས་པ་ཞེས་བྱ་བ་ནི། རྡོ་རྗེ་རྩེ་གསུམ་པའི་རྩེ་མོ་རེ་རེ་ཞིང་ཕྱོགས་བཞི་ཆར་དུ་ཁ་
བལྟས་པར་གནས་པའི་ཕྱིར་རོ། །ལས་ཀྱི་རྡོ་རྗེ་མང་པོ་བདག །ཅེས་བྱ་བ་ནི་ནམ་མཁའ་ཐམས་ཅད་ཁྱབ་པའི་རྣམ་པར་སྣང་མཛད་ལ་སོགས་པའི་དབུ་ལ་ཐམས་ཅད་གནས་པས་ནི་མང་བའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་
བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚུལ་གྱིས་ན་གཅིག་ཡིན་ཡང་བདག་གསལ་བའི་དབྱེ་བས་སེམས་ཅན་གྱི་ཁམས་མ་ལུས་པར་གདུལ་བྱ་རྣམས་ཀྱིས་དུ་མར་མཐོང་བ་འདི་ནི་ངོ་མཚར་ཆེའོ། །དེ་ཉིད་ཀྱི་སྡོམ་གསུངས་པ་ནི། དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་མཚན་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་དམ་ཚིག་ནི་ཀུན་རྫོབ་ཀྱི་ཚུལ་དུ་སེམས་དཔའི་རྡོ་རྗེའི་ཚུལ་གྱིས་ན་རྡོ་རྗེ་སེམས་མའོ། །དབང་བསྐུར་ཆེན་པོ་ནི་རྡོ་རྗེ་རིན་ཆེན་
མའོ། །རྡོ་རྗེ་ཆོས་ཉིད་ནི་རྡོ་རྗེ་ཆོས་མའོ། །མཆོད་པ་ཐམས་ཅད་ནི་རྡོ་རྗེ་ལས་མའོ། །འདི་དག་ནི་དེ་བཞིན་གཤེགས་པའི་རིགས་བསྡུས་པར་གྱུར་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་རྣམས་སོ་ཞེས་བྱའོ། །བྱང་ཆུབ་ཀྱི་སེམས་ལ་དགའ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་

པ་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་ཆེན་མོ་འདི་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་ནི་དགའ་བའོ། །དེ་ཉིད་ནི་མཆོད་པ་སྟེ་སྒྲུབ་པའི་མཆོད་པའི་ངོ་
བོའོ། །དེའི་དམ་ཚིག་ནི་རྡོ་རྗེའི་ཕྱག་རྒྱ་ལ་སོགས་པའི་ཚུལ་ལོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་གྱུར་པ་སྟེ། དེ་ལ་དམིགས་པ་ནི་རྡོ་རྗེ་ལྟར་མི་ཕྱེད་པའི་ཏིང་ངེ་འཛིན་གང་ལ་མིང་དེ་ཉིད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
རིགས་ཀྱི་ལྷ་མོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ། རིགས་ཐམས་ཅད་ཀྱང་ཡིན་པས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཡིན་ཏེ། རྡོ་རྗེ་སེམས་དཔའ་ལ་སོགས་པའོ། །དེའི་ལྷ་མོ་ཡང་ཡིན་ལ་ཆེན་པོ་ཡང་ཡིན་པས་ན་ལྷ་མོ་ཆེན་མོ་སྟེ། དེའི་བཙུན་མོ་ཞེས་བྱ་བའི་དོན་ཏོ། །
དེ་ཡང་དེས་གསོ་བར་བྱ་ཞིང་མངོན་པར་བསྐྱེད་པར་བྱ་བ་ཉིད་ཀྱིས་ན་དེ་ལ་དེ་སྐད་ཅེས་བྱའོ། །དེ་ནས་ཞེས་བྱ་བ་ལ་ལྷ་མོ་ཆེན་མོ་རྡོ་རྗེ་སྒེག་མོས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེའི་ཕྱག་རྒྱར་གྱུར་ནས་བྱུང་སྟེ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་ལྔ་པར་རོ། །བཅོམ་ལྡན་འདས་
རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །རང་གི་དངོས་པོ་ཐམས་ཅད་རྡོ་རྗེ་སེམས་དཔའ་དང་འདྲ་ཞིང་ཞེས་བྱ་བ་ནི་བདག་ཉིད་ཀྱི་དངོས་པོ་ཐམས་ཅད་ཕལ་ཆེར་རྡོ་རྗེ་སེམས་དཔའ་དང་འདྲ་ཞིང་རྗེས་སུ་མཐུན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །བདག་ཉིད་ཀྱི་ལུས་
ཐམས་ཅད་ཁྱབ་པར་འདྲ་བ་ནི་མ་ཡིན་པའི་ཕྱིར། ཐམས་ཅད་ཅེས་བྱ་བའི་སྒྲས་འདིའི་དོན་ཕལ་ཆེར་ཞེས་བྱ་བའི་ཐ་ཚིག་གོ། །འདི་དག་ཉིད་བསྟན་པར་བྱ་བའི་ཕྱིར། ཁ་དོག་དང་གཟུགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཁ་དོག་སྣ་ཚོགས་པ་ནི་ཁ་དོག་དཀར་
ཞིང་མཛེས་པའོ། །གཟུགས་སྣ་ཚོགས་པ་ནི་ཡན་ལག་གི་དབྱིབས་རྣམས་སོ། །མཚན་མ་སྣ་ཚོགས་པ་ནི་ནུ་མ་དང་སྐྲ་ལ་སོགས་པའོ། །སྤྱོད་པ་སྣ་ཚོགས་པ་ནི་གནས་པ་དང་འགྲོ་བ་ལ་སོགས་པ་འགྲེང་བ་དང་བཅས་པའོ། །ཁ་དོག་སྣ་ཚོགས་པ་འབའ་ཞིག་ཏུ་མ་ཟད་ཀྱི།

དེ་ནི་རྒྱན་ཐམས་ཅད་ཀྱིས་ཀླུབས་པ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་རིན་པོ་ཆེའི་དབུ་རྒྱན་དང་དར་དཔྱངས་ཀྱི་དབང་གིས་དབང་བསྐུར་བ་ལ་སོགས་པས་བརྒྱན་པའོ། །འདིར་རྡོ་རྗེ་སེམས་དཔའ་དང་འདྲ་བ་ལས་ཁྱད་པར་དུ་སྦྱར་བ་ནི། བྱང་ཆུབ་སེམས་དཔའི་བྱང་ཆུབ་སེམས་ལ་
ཇི་ལྟ་བ་བཞིན་དགའ་བས། དེ་བཞིན་གཤེགས་པའི་རིགས་ཐམས་ཅད་སྡུད་པར་གྱུར་པ་སྟེ། དེ་བས་ན་བསྡུས་པར་གྱུར་པར་འདོད་དོ། །རྡོ་རྗེ་སེམས་དཔའི་ལྷ་མོ་ཞེས་བྱ་བ་ནི་བསྡུས་པའོ། །མཆོད་པ་བདག་འདྲ་གཞན་མེད་དེ། །ཞེས་བྱ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་དགའ་བའི་རང་
བཞིན་ཅན་གཞན་དག་ཡོད་པ་མ་ཡིན་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་འདོད་པས་དགའ་མཆོད་པས། །མཆོད་པ་ཐམས་ཅད་བྱས་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། འདོད་པ་ནི་རྡོ་རྗེ་སེམས་དཔའོ། །དེ་ལ་དགའ་བས་ན་འདོད་པ་ལ་དགའ་བའོ། །དེ་ཉིད་ནི་མཆོད་
པ་སྟེ་བསྒྲུབ་པའི་མཆོད་པའི་ཚུལ་དེས་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་མཆོད་པ་ལ་གདུལ་བྱའི་སེམས་ཅན་རྣམས་འཇུག་པར་བྱས་པར་འགྱུར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། འདིར་འདོད་པ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཡིན་ལ། བདག་ནི་ཡུལ་དེ་ལ་དགའ་བའི་བདག་ཉིད་ཅན་ཡིན་གྱི་
འཇིག་རྟེན་ན་གྲགས་པའི་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་དགའ་བ་ནི་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྒྲུབ་པའི་མཆོད་པ་ལ་འཇུག་པར་བྱེད་ན་གདུལ་བྱ་རྣམས་ཀྱིས་བྱིས་པ་ལྟར་གཟུགས་ལ་དགའོ་སྙམ་དུ་སེམས་པ་འདི་ནི་ངོ་མཚར་ཆེའོ། །ཆོས་དང་གང་
ཟག་ཏུ་འཛིན་པའི་ལྟ་བ་དང་བྲལ་བ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ནི་རིན་པོ་ཆེའི་རིགས་སུ་འགྱུར་གྱི་གཞན་ནི་མ་ཡིན་ནོ་ཞེས་ཡང་དག་པའི་ལྟ་བའི་ཚུལ་རིན་པོ་ཆེའི་རིགས་ཐོབ་པར་བྱེད་པའི་ཐབས་སུ་གྱུར་པ་རིན་པོ་ཆེའི་ཕྲེང་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་
ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་ཆེན་མོ་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིན་པོ་ཆེའི་ཕྲེང་བ་ནི་ཡང་དག་པའི་ལྟ་བའོ། །དེས་དེ་བརྒྱན་པའི་ཕྱིར་དེས་དབང་བསྐུར་བ་ནི་གང་ཆོས་དང་གང་ཟག་ཏུ་ལྟ་བའི་དྲི་མ་འཁྲུད་པར་བྱེད་

པའོ། །དེའི་དམ་ཚིག་ནི་རིན་པོ་ཆེའི་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་ཞེས་བྱ་བ་ལ་སོགས་པ་སྔར་བཤད་ཟིན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཞེས་བྱ་བ་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་ཐམས་ཅད་ནི་
དེ་བཞིན་གཤེགས་པའི་རིགས་སོ། །དེའི་ལྷ་མོ་ཆེན་མོ་ནི་ཡང་དག་པའི་ལྟ་བའི་ངོ་བོ་རིན་པོ་ཆེའི་ཕྲེང་བ་ནི་སྔར་བཤད་པའི་ཚུལ་གྱིས་བཙུན་མོའོ། །རིན་པོ་ཆེའི་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་རིན་པོ་ཆེའི་ཕྲེང་བའི་ཕྱག་རྒྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་སྔ་མ་དང་
འདྲའོ། །རིན་ཆེན་མཆོད་པ་ཞེས་གྲགས་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཚུལ་ཁྲིམས་འཆལ་བ་དང་བྲལ་བའི་རིན་པོ་ཆེའི་མཆོད་པ་སྟེ་སྒྲུབ་པའི་མཆོད་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་དང་གང་ཟག་ཏུ་མངོན་པར་ཞེན་པའི་ཚུལ་ཁྲིམས་འཆལ་བའི་ནོར་བུ་མཆིང་བུ་
རྣམ་པར་སྤོང་བས་ཡང་དག་པའི་ལྟ་བ་དེའི་ཚུལ་ཁྲིམས་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཕྲེང་བ་ཡིན་པར་བསྟན་ཏེ། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཡིས། །བརྒྱན་པའི་ཡན་ལག་ཡིད་དུ་འོང་། །ཞེས་གསུངས་པའི་ཕྱིར་རོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཞིག་ཁམས་
གསུམ་རྒྱལ་མཆོག་ཀྱང་། །རབ་ཏུ་མཆོད་པ་བྱེད་པར་འགྱུར། །ཞེས་བྱ་བ་སྟེ་འདོད་པ་དང་གཟུགས་དང་། གཟུགས་མེད་པའི་མཚན་ཉིད་གསུམ་པོ་བསྡུས་པ་ཁམས་གསུམ་པ་སྟེ། ཁམས་གསུམ་པོ་དེར་ཆོས་ཀྱི་རྒྱལ་པོ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་
བཅས་པ་སྤངས་པས་སངས་རྒྱས་བཅོམ་ལྡན་འདས་སོ། །དེ་ཉིད་ཀྱིས་ན་མཆོག་ཡིན་པ་ཉིད་ཀྱིས་མཆོག་སྟེ། ཁམས་གསུམ་པའི་རྒྱལ་མཆོག་དེ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །འདུལ་མཛད་པ་ནི་གདུལ་བྱ་རྣམས་འདུལ་བར་མཛད་ཅིང་རང་གི་སེམས་དབང་དུ་མཛད་
པར་གྱུར་པ་མངོན་སུམ་དུ་མཛད་ཅེས་བྱ་བའི་དོན་ཏོ། །འདི་སྐད་སྟོན་པ་ཡིན་ཏེ། གང་བདག་གིས་མཆོད་པ་དེ་བཞིན་གཤེགས་པ་ཉིད་དུ་གྱུར་པ་གང་ཡིན་པ་དེ་དང་བདག་ནི་ཐ་མི་དད་ན། གདུལ་བྱ་རྣམས་ནི་བདག་ལས་ཐ་དད་པར་རྟོགས་པ་འདི་ནི་ངོ་མཚར་ཆེའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པའི་ཐབས་སུ་གྱུར་པའི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ལྷ་མོ་ཆེན་མོ་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཉིས་སུ་མེད་པའི་སེམས་དང་སེམས་ལས་
བྱུང་བའི་མཚན་ཉིད་ཅན་གྱི་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཆོས་རྣམས་ནི། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ་ཞེས་ཆོས་ལ་དམིགས་པའི་བཟོད་པ་ཀུན་དུ་གཟིགས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་གླུར་བླངས་པ་ནི་གླུའི་
མཆོག་གོ། །དེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ལ་སོགས་པའོ། །དེ་ལས་བྱུང་བ་ནི་སྔ་མ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆོས་ལ་དམིགས་པའི་བཟོད་པ་བསྒོམས་པའོ། །དེའི་ལྷ་མོ་ཆེན་མོ་ནི་བཙུན་མོའི་དོན་ཏེ།
སྔ་མ་བཞིན་དུ་བལྟ་བར་བྱས་ཏེ་ལྷ་མོ་ཆེན་མོ་དེ་བྱུང་བའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་ཆེན་མོས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི་རྡོ་རྗེ་པི་ཝང་ནི་དེ་བཞིན་གཤེགས་པ་ཐམས་
ཅད་ཀྱི་ཆོས་སྟོན་པ་ལ་བརྩོན་པས་ཆོས་ཀྱི་ཕྱག་རྒྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་སྔ་མ་དང་འདྲའོ། །གླུ་མཆོག་རང་བཞིན་ཞེས་བྱ་བ་ནི་གླུར་བླངས་པའི་ངོ་བོ་ཉིད་དོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་ཕྱིར་
སྒྲ་བརྙན་འདྲ་བ་ཡི། །ཞེས་བྱ་བ་ནི། སྒྲ་ཐམས་ཅད་ནི་དོན་དམ་པར་མ་སྐྱེས་པ་བྲག་ཅ་དང་འདྲ་བ་ཡིན་ལ། མཆོད་པ་རྣམས་ཀྱིས་ཞེས་བྱ་བ་ནི་ཐེག་པ་གསུམ་གྱིས་བསྟན་པའི་ཆོས་ཀྱི་མཆོད་པ་རྣམས་ཀྱིས་སོ། །མཉེས་པར་བྱེད་པ་ནི་དེ་བཞིན་གཤེགས་པ་དང་། སེམས་ཅན་གྱི་ཁམས་
རྣམས་སོ། །དེ་ཡང་སྒྲ་རྣམས་བྲག་ཅ་དང་འདྲ་བ་ཡིན་དུ་ཟིན་ཀྱང་དམ་པའི་ཆོས་སྟོན་པ་བདག་གི་པི་ཝང་གི་སྒྲ་ལ་གནས་པས་དེ་བཞིན་གཤེགས་པ་རྣམས་དང་། སེམས་ཅན་གྱི་ཁམས་རྣམས་མཉེས་ཤིང་མགུ་བར་བྱེད་པ་འདི་ནི་ངོ་མཚར་ཆེའོ། །དོན་ཡོད་པར་གྲུབ་པ་ཐོབ་པའི་

ཐབས་སུ་གྱུར་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དོན་ཡོད་པར་གྲུབ་པ་སྔ་མ་དང་འདྲ་བར་ཡང་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་ན། དེ་དང་འདི་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། རྒྱུ་དང་
འབྲས་བུའི་ངོ་བོ་ལས་འདིར་ནི་རྒྱུའི་རང་བཞིན་ཡིན་པས་ཁྱད་པར་ནི་འདི་ཡོད་དོ། །བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་རིགས་ཀྱི་ལྷ་མོ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གར་གྱི་མཆོད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
གསང་བ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོར་སྤྲོ་བ་ནི་འདིར་གར་ཞེས་བྱ་བ་ཡིན་པར་འདོད་དེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེས་གསུངས་པའི་ཕྱིར་རོ། །དེ་ཉིད་ནི་མཆོད་པ་སྟེ། སྒྲུབ་པའི་མཆོད་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་དམ་ཚིག་ནི་གར་གྱི་མཆོད་པའི་ཚུལ་ལོ། །དེ་
ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་ཞེས་བྱ་བ་ལ་སོགས་པ་སྔ་མ་དང་འདྲའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་ལྷ་མོ་ཆེན་མོ་ཞེས་བྱ་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཐམས་ཅད་བསྐྱེད་པ་ཉིད་ཡིན་པས་ན་སྔར་བཤད་པའི་ཚུལ་གྱིས་ལྷ་མོ་ཆེན་མོ་ཞེས་བཤད་དོ། །
དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གར་གྱི་མཆོད་པས་ཞེས་བྱ་བ་ནི་སྔར་བཤད་ཟིན་ཏོ། །དེའི་ཆོ་ག་རྒྱས་པ་ནི་རྡོ་རྗེ་རྩེ་གསུམ་པ་དང་བཅས་པའི་གར་བྱེད་པའི་ཕྱག་རྒྱ་གཉིས་ཀྱིས་ནམ་མཁའ་ཁྱབ་པའོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཅེས་བྱ་བ་ལ་སོགས་པ་ནི་སྔར་བཤད་
ཟིན་ཏོ། །མཆོད་ཀུན་དོན་མཛད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་ཁྱབ་པ་འདི་ཉིད་ནི་མཆོད་པ་ཀུན་ཏེ། དེས་སངས་རྒྱས་ལ་སོགས་པའི་སྤྲུལ་པས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པས་ན། མཆོད་ཀུན་དོན་མཛད་པ་སྟེ་དེ་བཞིན་གཤེགས་པ་རྣམས་སོ། །དེ་རྣམས་ཀྱི། མཆོད་
པ་རྒྱ་ཆེན་བདག་ཡིན་ཏེ། །ཞེས་པ་སྟེ། འཁོར་གསུམ་ཡོངས་སུ་དག་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་སེམས་ཅན་མ་ལུས་པའི་དོན་བྱེད་པའི་ཕྱིར་རོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་རྡོ་རྗེ་གར་ཆོ་གས། །སངས་རྒྱས་མཆོད་པར་རབ་རྟོགས་བྱེད། །

ཅེས་བྱ་བ་གསུངས་ཏེ། གང་གི་ཕྱིར་རྡོ་རྗེ་གར་གྱི་ཚུལ་གྱིས་སངས་རྒྱས་ཀྱི་སྤྲུལ་པས་གདུལ་བྱ་རྣམས་ཀྱི་དོན་བྱེད་ཅིང་། སངས་རྒྱས་ཀྱི་མཆོད་པར་རབ་ཏུ་རྟོགས་པར་བྱེད་དོ། །འདི་སྐད་སྟོན་པ་ཡིན་ཏེ། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་སངས་རྒྱས་རྣམས་དང་
བདག་ཐ་མི་དད་པ་ཡིན་ན། དེ་རྣམས་བདག་དང་ཐ་དད་པར་གྱུར་ནས་མཆོད་པ་བྱེད་དོ་སྙམ་པ་འདི་ནི་ངོ་མཚར་ཆེའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཞེས་བྱ་བ་ལ་སོགས་པས། འདི་རྣམས་ཀྱི་སྡོམ་གསུངས་པ་ཡིན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་
དང་ཡིད་བདེ་བ་བླ་ན་མེད་པའི་རྒྱུན་གང་ཡིན་པ་དེའི་དམ་ཚིག་ནི་དེའི་རང་བཞིན་ཏེ་སྒེག་མོའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བ་བག་ཆགས་དང་བཅས་པའི་ཉོན་མོངས་པ་མེད་པ་དེའི་དོན་གྱི་ཕྲེང་བ་ནི་རྡོ་རྗེ་ཕྲེང་བ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱིས་ཚིགས་སུ་བཅད་པ་ཇི་སྐད་དུ་གསུངས་པ་བཞིན་ཡང་དག་པར་གླུར་ལེན་པའི་གླུ་ནི་ལྷ་མོ་རྡོ་རྗེ་གླུ་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་ལས་བླ་ན་མེད་པ་ནི་གར་གྱི་མཆོད་པ་སྟེ། དེ་ཉིད་ནི་ལས་སུ་བྱེད་པའི་ངང་ཚུལ་ཡིན་པས་ན་མཆོད་
པའི་ལས་བླ་ན་མེད་པ་སྟེ། རྡོ་རྗེ་གར་མའོ། །འདི་དག་ནི་སེམས་དང་ལྡན་པའི་ངོ་བོ་ཡིན་པས་དེའི་ཕྱིར་གསང་བའི་མཆོད་པ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས་བྱང་ཆུབ་ཀྱི་སེམས་ལ་དགའ་བའི་རང་བཞིན་སྐྱེ་བ་ཡིན་པས། དེ་ནས་ཞེས་བྱ་བ་ལ་སོགས་
པས་དེ་སྟོན་ཏོ། །རྡོ་རྗེ་ཆོས་ལ་སོགས་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་ན། དེ་རྣམས་ལས་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེ་རྣམས་ནི་འབྲས་བུའི་ངོ་བོ་ཡིན་ལ། འདི་ནི་རྒྱུའི་ངོ་བོ་ཡིན་པས་འདི་ནི་ཁྱད་པར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གཡོག་མོའི་གཙོ་
མོ་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །མཆོད་པའི་ལན་དུ་སླར་མཆོད་པའི་ཕྱིར་ཞེས་བྱ་བ་ནི། དགའ་བའི་རང་བཞིན་ལྷ་མོ་སྒེག་མོ་ནི་མཆོད་པའོ། །དེའི་མཆོད་པ་ནི་སྒྱུ་མའི་མཆོད་པ་སྟེ། མཆོད་པ་དེ་ནི་ལན་གྱི་མཆོད་པའོ། །བྱང་ཆུབ་ཀྱི་སེམས་ལ་དགའ་བའི་རང་བཞིན་སྒེག་མོ་གང་

ཡིན་པའི་ཤེས་རབ་ལས་བྱུང་བའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ཚིམ་པ་ཞེས་བྱ་བ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་མཆོག་ཏུ་བདེ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་རབ་ཏུ་ཚིམ་པ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་ཡང་
བདུག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་གསུངས་པའི་ཕྱིར་རོ། །ཚིམ་པར་བྱེད་པའི་དམ་ཚིག་ནི་ཚིམ་པའི་དམ་ཚིག་སྟེ། བདུག་པའི་མཆོད་པའི་ཚུལ་ལོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་གྱུར་པ་སྟེ། དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་དེ་བཞིན་
གཤེགས་པ་ཐམས་ཅད་རབ་ཏུ་ཚིམ་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཞེས་བྱ་བ་སྟེ། དེ་ལ་སྙོམས་པར་ཞུགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཡོག་མོའི་གཙོ་བོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོའོ། །ཇི་ལྟར་འཇིག་རྟེན་ན་
གྲགས་པའི་གཡོག་མོས་གང་ལ་བརྟེན་པའི་དཔོན་པོ་དེའི་འཇིག་རྟེན་པའི་བདེ་བ་དང་ཡིད་བདེ་བ་བསྐྱེད་པ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཀྱང་། འཇིག་རྟེན་ལས་འདས་པའི་བདེ་བ་དང་ཡིད་བདེ་བ་བསྐྱེད་པས་དེའི་ཕྱིར་གཡོག་མོའི་གཙོ་མོ་ཞེས་བཤད་དོ། །དེ་ནས་ཞེས་
བྱ་བ་ལ་སོགས་པ་ལ། ལྷ་མོ་རྡོ་རྗེ་བདུག་པ་མའི་ལུས་སུ་གྱུར་ཏེ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་ཅེས་བྱ་བར་སྦྱར་རོ། །དེ་ཉིད་དེ་ཞེས་བྱ་བ་ནི་སེམས་དཔའ་རྡོ་རྗེའོ། །བདུག་པའི་མཆོད་པའི་སྤྲིན་གྱི་བཀོད་པ་ཞེས་བྱ་བ་ནི། ལྷ་དང་མིའི་ལྷན་ཅིག་སྐྱེས་པ་དང་། སྦྱར་བ་ལས་
བྱུང་བ་དང་། ཡོངས་སུ་གྱུར་པའི་བདུག་པའི་ཚོགས་རྣམས་ནི་སྤྲིན་ནོ། །དེ་རྣམས་ཀྱི་ཡང་ཕུང་པོ་ནི་བཀོད་པ་སྟེ། གཞལ་ཡས་ཁང་ལ་སོགས་པ་ལྟ་བུའོ། །རྣམ་པ་དུ་མ་ནི་རྣམ་པ་སྣ་ཚོགས་པའོ། །རྡོ་རྗེ་དབྱིངས་ཐམས་ཅད་ཁྱབ་པར་ཞེས་བྱ་བ་ལ། རྡོ་རྗེ་དབྱིངས་ཐམས་
ཅད་ནི་ཆོས་ཀྱི་དབྱིངས་སོ། །དེར་ཁྱབ་པ་ནི་ཁྱབ་པར་སྤྲོས་པའོ། །དེ་ལྟ་བུའི་བདུག་པའི་མཆོད་པའི་སྤྲིན་གྱི་བཀོད་པ་དུ་མ་རྡོ་རྗེ་དབྱིངས་ཐམས་ཅད་དུ་ཁྱབ་པར་གྱུར་ནས་ཕྱུང་ངོ་། །རབ་ཏུ་སིམ་ལྡན་དགེ་བ་ཡིན། །ཞེས་བྱ་བ་ནི། གང་ལ་ཚིམ་པ་ཡོད་པ་དེ་ནི་སིམ་ལྡན་ཏེ་གང་ལ་

ཟག་པ་མེད་པའི་བདེ་བ་མངའ་བ་ཞེས་བྱ་བའི་ཐ་ཚིག་གོ། །ཟག་པ་མེད་པའི་བདེ་བ་མངའ་བ་ཉིད་ཀྱིས་ན་དགེ་བའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་སེམས་ཅན་དབང་ལྡན་པ། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། བདུག་སྤོས་ཀྱིས་སྐྱེས་བུ་
ལ་སོགས་པའི་ལུས་ཀྱི་རྒྱུད་ཀྱི་ནང་དུ་ལྷ་ལ་སོགས་པ་ཞུགས་པ་ནི་སེམས་ཅན་དབབ་པའོ། །དེས་ཀྱང་རང་དབང་མེད་པར་འགྱུར་ཏེ། དེ་རྣམས་ལས་ཆེན་པོ་སྐྱེ་བར་འགྱུར་རོ། །བདག་ཀྱང་སེམས་དཔའ་སྟེ་སེམས་དཔའི་རྡོ་རྗེ་བབས་པས་མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར་
བ་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་ལ། སེམས་ཅན་ལས་བབས་ཏེ་ཟག་པ་མེད་པའི་བདེ་བ་སྐྱེད་པར་བྱེད་ན། གདུལ་བྱ་རྣམས་ཀྱིས་ནི་བདག་སྡུག་པའི་གཟུགས་སུ་རྟོག་པར་བྱེད་དོ། །བྱང་ཆུབ་ཀྱི་
ཡན་ལག་གི་བསམ་གཏན་ཡང་དག་པའི་ལྟ་བ་སྐྱེ་བར་འགྱུར་བས་ན། ད་ནས་ཞེས་བྱ་བ་ལ་སོགས་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་མེ་ཏོག་གསུངས་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་གསོལ་ཀ་མ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །མཆོད་
པའི་ལན་དུ་སླར་མཆོད་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལྷ་མོ་རྡོ་རྗེ་ཕྲེང་བ་མ་ནི་ཡང་དག་པའི་ལྟ་བའི་རང་བཞིན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཇི་སྐད་དུ་བཤད་པའི་མཆོད་པ་ཡིན་ལ། མཆོད་པ་འདིས་གང་ལ་སླར་མཆོད་པ་ནི། འདིར་བྱང་ཆུབ་ཀྱི་ཡན་ལག་གིས་བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་གང་ལས་ཡང་དག་པའི་ལྟ་བ་བསྐྱེད་པ་ཡིན་ལ། དེ་བས་ན་དེ་ལས་བྱུང་བ་ཡིན་ནོ། །རིན་པོ་ཆེའི་རྒྱན་གྱི་མཆོད་པ་ཞེས་བྱ་བ་ནི་དྲན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་བསམ་གཏན་རྣམས་ནི་རིན་པོ་ཆེ་དང་ཆོས་མཐུན་པས་རིན་པོ་ཆེའོ། །
དེ་ཉིད་ནི་རྒྱན་ཏེ་དེ་ལྟ་བུའི་རང་བཞིན་ཅན་གྱི་མཆོད་པ་ནི་རིན་པོ་ཆེའི་རྒྱན་གྱི་མཆོད་པ་སྟེ། སྒྲུབ་པའི་མཆོད་པ་ཡང་དག་པའི་ལྟ་བ་རྡོ་རྗེ་ཕྲེང་བ་མ་བསྐྱེད་པའི་རྒྱུ་གང་ཡིན་པའོ། །དེའི་དམ་ཚིག་ནི་རིན་པོ་ཆེ་རྒྱན་གྱི་མཆོད་པའི་དམ་ཚིག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་

མེ་ཏོག་ལ་སོགས་པའོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་བྱུང་བའི་རིན་པོ་ཆེ་རྒྱན་གྱི་མཆོད་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་། རིན་པོ་ཆེའི་རྒྱན་གྱི་མཆོད་པའི་དམ་ཚིག་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་སྟེ། ཏིང་
ངེ་འཛིན་དེ་ལ་སྙོམས་པར་ཞུགས་པ་ནི་མ་ཏོག་ལ་སོགས་པ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་ཀ་མ་ཞེས་བྱ་བ་ནི། དཔེར་ན་རྒྱལ་པོའི་མདུན་ན་གནས་ཏེ་རལ་གྲི་ཐོགས་པ་གང་ཡིན་པ་དེ་ནི་འཇིག་རྟེན་
ན་གསོལ་ཀ་མ་ཞེས་གྲགས་ལ། བཅོམ་ལྡན་འདས་མ་འདི་ཡང་བཅོམ་ལྡན་འདས་རྣམ་པར་སྣང་མཛད་སྒེག་མོ་ལ་སོགས་པའི་བཙུན་མོའི་དབུས་ན་བཞུགས་པའི་ཡང་དག་པའི་ལྟ་བའི་རལ་གྲི་ཐོགས་པ་ཡིན་ཏེ། དེ་བས་ན་གསོལ་ཀ་མ་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ལ་
སོགས་པ་ལ། རྡོ་རྗེ་མེ་ཏོག་གི་ལྷ་མོར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་སྔར་བཤད་པའི་སེམས་དཔའི་རྡོ་རྗེའི་རྣམ་པ་གང་ཡིན་པའོ། །མེ་ཏོག་ཐམས་ཅད་ཀྱི་མཆོད་པའི་སྤྲིན་གྱི་བཀོད་པ་
ཞེས་བྱ་བ་མེ་ཏོག་ཐམས་ཅད་ནི་ལྷ་དང་མི་དང་ཡིད་ཀྱི་རང་བཞིན་རྣམས་ཏེ་དེ་ཉིད་ནི་མཆོད་པའོ། །དེ་རྣམས་ཀྱི་ཚོགས་ནི་སྤྲིན་ནོ། །དེ་རྣམས་ཀྱི་ཚོགས་ནི་བཀོད་པ་སྟེ། མེ་ཏོག་གི་ཁང་པ་བརྩེགས་པ་ལ་སོགས་པའི་ཚུལ་ལོ། །ཚད་ཇི་ཙམ་ཞེ་ན། ནམ་མཁའི་ཁམས་ཐམས་
ཅད་ཁྱབ་པར་བྱེད་པའི་ཞེས་བྱ་བ་སྨོས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་སྤྲོས་པའོ། །རྡོ་རྗེ་མེ་ཏོག་གི་ལྷ་མོའི་སྐུར་གྱུར་ནས་ཞེས་བྱ་བ་ནི་རྡོ་རྗེ་མེ་ཏོག་གི་ཆར་འབེབས་པས་ཉེ་བར་མཚོན་པའི་ལྷ་མོའི་སྐུའོ། །ཐམས་ཅད་ཀྱི་ནི་རྒྱན་བྱེད་དེ། །ཞེས་བྱ་བ་ནི་བྱང་ཆུབ་
ཀྱི་ཡན་ལག་གི་མེ་ཏོག་གིས་བྱང་ཆུབ་ཀྱི་སེམས་ལ་སོགས་པ་བརྒྱན་ཅིང་སྤུད་པར་བྱེད་དེ། དེ་བས་ན་ཐམས་ཅད་མཛེས་པར་བྱེད་པ་སྟེ། ཐམས་ཅད་མཛེས་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་མཆོད་ནས་དེ་བཞིན་གཤེགས། །

རིན་ཆེན་ཉིད་དུ་མྱུར་དུ་འགྲུབ། །ཅེས་བྱ་བ་གསུངས་ཏེ། དེའི་དོན་ནི་འདི་ཡིན་ཏེ་ཐ་མི་དད་པར་གྱུར་པ་དག་གིས། དེ་བཞིན་གཤེགས་པ་རྣམས་མེ་ཏོག་གི་མཆོད་པའི་ཚུལ་གྱིས་མཆོད་པ་ནི་དེ་བཞིན་གཤེགས་པ་ཉིད་དུ་མྱུར་དུ་གྲུབ་པ་ཐོབ་པ་འདི་ངོ་མཚར་ཆེའོ། །བདག་བྱང་
ཆུབ་ཀྱི་ཡན་ལག་གི་ངོ་བོ་ཉིད་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངོ་བོ་དང་ཐ་མི་དད་ཀྱང་། གདུལ་བྱ་རྣམས་ནི་བདག་དང་ཐ་དད་པར་རྟོག་པར་བྱེད་དོ་ཞེས་པའོ། །ཆོས་ཀྱི་སྤྱན་གྱིས་ཆོས་རྣམས་མཐོང་བའི་ཆོས་ལ་དམིགས་པའི་བཟོད་པའི་མཚན་ཉིད་ལས་ལྷ་མོ་མར་
མེ་འབྱུང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་ཕོ་ཉ་མོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །མཆོད་པའི་ལན་དུ་མཆོད་པའི་ཕྱིར། །ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་བཟོད་པའི་ཕ་
རོལ་ཏུ་ཕྱིན་པ་ནི་མཆོད་པའོ། །དེའི་མཆོད་པ་གང་ཡིན་པ་དེའི་ལན་དུ་མཆོད་པ་སྟེ། ཇི་ལྟ་ཞེ་ན། དེས་དེ་ལ་སྒྲུབ་པའི་མཆོད་པའོ། །དེ་བསྐྱེད་པའི་རྒྱུ་ཉིད་ཀྱིས་ན་སྒྲུབ་པའི་མཆོད་པའི་རང་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣང་བའི་མཆོད་པའི་
ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ནི་ཆོས་ཀྱི་སྤྱན་གྱི་སྣང་བའོ། །དེ་ཉིད་ནི་མཆོད་པ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣང་བའི་མཆོད་པའོ། །དེ་ལ་བསྟན་པའི་ཆོས་ཀྱི་ཡུལ་ལ་ཐོགས་པ་མེད་པའི་ཡེ་ཤེས་ནི་ཆོས་ཀྱི་སྤྱན་ཏེ་དེའི་སྣང་བའི་མཆོད་པའོ། །
དེའི་དམ་ཚིག་ནི་སྣང་བའི་མཆོད་པ་ལ་སོགས་པ་ཐམས་ཅད་དོ། །དེ་ལས་བྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་གྱུར་པ་དེ་ནི་དམ་ཚིག་ལས་བྱུང་བའི་རྡོ་རྗེ་སྟེ་དེ་ལ་དམིགས་པའི་ཏིང་ངེ་འཛིན་ནི་དམ་ཚིག་ལས་བྱུང་བའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། དེ་ལ་སྙོམས་པར་ཞུགས་པ་ནི་
སྣང་བའི་མཆོད་པ་ཐམས་ཅད་ལ་སོགས་པ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་མོ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་ཆོས་ཀྱི་སྤྱན་རྡོ་རྗེ་སྣང་བ་མོ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕོ་ཉ་

མོ་སྟེ། ཇི་ལྟར་རྒྱལ་པོ་ནི་ཤིན་ཏུ་ཡུན་རིང་དུ་གནས་པ་ལ་བརྟགས་པ་ཕོ་ཉའི་བྱ་བ་ཡིན་ལ། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ཀྱི་སྤྱན་གྱིས་ཡུལ་དང་དུས་ལ་སོགས་པའི་དབྱེ་བས་ཐག་རིང་དུ་གྱུར་པའི་ཆོས་དུ་མ་གཟིགས་པར་བྱེད་པའི་ཚུལ་དུ་གནས་
པས་ཕོ་ཉ་ཞེས་བརྗོད་དོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་རྡོ་རྗེ་སྣང་བ་ཞེས་བྱ་བའི་སྐུར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །སྣང་བ་ཐམས་ཅད་ཅེས་བྱ་བ་ནི་སྣང་བ་ཡང་
ཡིན་ལ་ཐམས་ཅད་ཀྱང་ཡིན་པས་ན་སྣང་བ་ཐམས་ཅད་དེ། ལྷ་དང་མི་དང་ཡིད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེ་ཉི་མ་ལ་སོགས་པའི་ཚུལ་ལོ། །ཚད་ཇི་ཙམ་ཞེ་ན། ཆོས་ཀྱི་དབྱིངས་ཐམས་ཅད་ཁྱབ་པར་བྱེད་པ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་དབྱིངས་རྣམས་ཁྱབ་པར་སྤྲོས་
པའོ། །ལྷ་མོ་རྡོ་རྗེ་སྣང་བ་ཞེས་བྱ་བའི་སྐུར་གྱུར་ནས་ཞེས་བྱ་བ་ནི་རྡོ་རྗེ་སྣང་བས་ཉེ་བར་མཚོན་པའི་ལྷ་མོའི་སྐུར་གྱུར་པའོ། །རྒྱ་ཆེན་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཁྱབ་པའོ། །མར་མེའི་རང་བཞིན་ཞེས་བྱ་བ་ནི་ཆོས་ཀྱི་སྤྱན་ནི་མར་མེ་སྟེ་དེའི་རང་བཞིན་ནོ། །དེ་ཉིད་ཀྱིས་ན་
དགེ་བའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སྣང་བ་དང་བཅས་ཤིང་ཆོས་ཀྱི་སྤྱན་གྱི་རང་བཞིན་གྱི་རྒྱུ་ཉིད་ཡོད་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱ་སྟེ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དེ་མྱུར་ཞིང་རིངས་པར་
ཐོབ་པར་འགྱུར་བ་ནི། གང་གི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་སྤྱན་ཐོབ་པས་ན། ཆོས་ཀྱི་སྤྱན་གྱི་ངོ་བོ་ཉིད་དེ་ལས་ཐོབ་ཅིང་རྙེད་པར་འགྱུར་བའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་དང་ཐ་མི་དད་པའི་སྣང་བའི་ཚུལ་གྱིས་དེ་བཞིན་གཤེགས་པ་རྣམས་མཆོད་ན་བཟོད་པར་
འགྱུར་བ་འདི་ནི་ངོ་མཚར་ཆེའོ། །གང་གི་ཕྱིར་བདག་ཆོས་སོ་སོ་ཡང་དག་པར་རིག་པའི་རང་བཞིན་གྱིས་དེའི་ངོ་བོ་ཉིད་ཡིན་ན། གདུལ་བྱ་རྣམས་ཀྱིས་བདག་ལས་ཐ་དད་པར་མཐོང་གི། ཡང་དག་པར་ན་བདག་ནི་དེ་ལྟ་བུ་མ་ཡིན་ནོ། །དེ་ལྟར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་མར་མེ་

བསྟན་ནས། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པའི་རྡོ་རྗེ་དྲི་ནི། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་པས། དེ་ནས་བཅོམ་ལྡན་འདས་གདོན་མི་ཟ་བར་གྲུབ་པས་བྲན་མོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །མཆོད་པའི་ལན་དུ་སླར་མཆོད་པའི་ཕྱིར་ཞེས་
བྱ་བ་ནི་ཇི་སྐད་དུ་བཤད་པའི་གར་གྱི་མཆོད་པའོ། །མཆོད་པ་དེ་ལ་ལན་དུ་མཆོད་པ་གང་ཡིན་པ་དེ་ནི་མཆོད་པའི་ལན་ཏེ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བས་བརྩོན་འགྲུས་བསྐྱེད་ལ། ཚུལ་
ཁྲིམས་འཆལ་བ་ལ་སོགས་པས་ཀྱང་ལེ་ལོ་ལ་སོགས་པ་བསྐྱེད་པས་དེའི་ཕྱིར་སྒྲུབ་པའི་མཆོད་པ་ནི་བརྩོན་འགྲུས་བསྐྱེད་པའི་རྒྱུ་དྲི་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲིའི་མཆོད་པ་ནི། ཇི་སྐད་བཤད་པའི་དྲིའི་སྒྲུབ་པའི་མཆོད་པའོ། །དེའི་
དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དྲིའི་བཀོད་པ་ལ་སོགས་པའོ། །དེ་འབྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ཡིན་པ་ལས་གྱུར་པ་སྟེ། དེ་ནི་དྲིའི་མཆོད་པའི་དམ་ཚིག་ལས་བྱུང་བའི་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་
དྲིས་མཆོད་པའི་དམ་ཚིག་ལས་བྱུང་བ་རྡོ་རྗེ་ཞེས་བྱ་སྟེ། དེ་ལ་སྙོམས་པར་ཞུགས་པ་ནི་དྲིའི་བཀོད་པ་ལ་སོགས་པ་སྤྲུལ་ཞིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྲན་མོ་ཞེས་བྱ་བ་ནི། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་།
ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་དྲིས། དེ་བཞིན་གཤེགས་པ་རྣམས་བདེ་བར་བྱེད་པ་ལས་བྱེད་པའི་རང་བཞིན་ཉིད་ཀྱིས་ན་བྲན་མོའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། ལྷ་མོ་རྡོ་རྗེ་དྲི་ཞེས་བྱ་བའི་སྐུར་གྱུར་ནས་ཆེད་དུ་བརྗོད་
པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་དོ་ཞེས་བྱ་བ་ནི་སེམས་དཔའི་རྡོ་རྗེའི་རང་བཞིན་ནོ། །དྲི་ཐམས་ཅད་ཀྱི་མཆོད་པའི་བཀོད་པ་ཞེས་བྱ་བ་ནི། ལྷ་དང་། མིའི་དང་། ལྷན་ཅིག་སྐྱེས་པ་དང་། སྦྱར་བ་དང་། ཡིད་ཀྱི་རང་བཞིན་ཅན་དྲི་

ཐམས་ཅད་ཀྱི་མཆོད་པ་ནི་དྲི་ཐམས་ཅད་ཀྱི་མཆོད་པའོ། །ཚད་ཇི་ཙམ་ཞེ་ན། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ཅེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྤྲོས་ཤིང་ཁྱབ་པ་སྟེ། དེ་གང་ལ་ཡོད་པ་དེ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་
ཁྱབ་པའོ། །ལྷ་མོ་རྡོ་རྗེ་དྲི་ཞིམ་ཞེས་བྱ་བའི་སྐུར་གྱུར་ནས་ཞེས་བྱ་བ་ནི་དྲིས་ཉེ་བར་མཚོན་པའོ། །དྲིའི་རང་བཞིན་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་དྲིའི་ངོ་བོ་ཉིད་དོ། །ཇི་སྐད་དུ་བཤད་པའི་དྲིའི་ཚུལ་ཡིན་པ་ཉིད་ཀྱིས་ན་ལྷ་རྫས་ཡིན་ནོ། །ལྷ་རྫས་ཡིན་པ་ཉིད་ཀྱིས་ན་ཡིད་དུ་
འོང་བ་སྟེ། ཡིད་དང་རྗེས་སུ་མཐུན་པའོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱི་དྲི་ནི་ཇི་སྐད་བཤད་པའི་ཚུལ་ཁྲིམས་ལ་སོགས་པའོ། །ལུས་རྣམས་ཀུན་ལ་ཞེས་བྱ་བ་ནི་ཕུང་པོ་ལྔའི་
མཚན་ཉིད་ཅན་ལའོ། །འབྱིན་པར་འགྱུར་ཞེས་བྱ་བ་ནི་སྡོམ་པའི་ཚུལ་ཁྲིམས་ཀྱི་དྲི་འདི་ནི་ངོ་མཚར་ཆེའོ། །འདི་སྐད་སྟོན་པ་ཡིན་ཏེ། བདག་ནི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྟེ།
ཟག་པ་མེད་པའི་ཕུང་པོའི་རང་བཞིན་ཡིན་པས། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཡིན་ན། གདུལ་བྱ་རྣམས་ཀྱིས་བདག་ཐ་དད་པར་གྱུར་པའི་དྲིས་དེ་བཞིན་གཤེགས་པ་ལ་མཆོད་པར་མཐོང་གི །ཁོ་མོ་ནི་འདི་ལྟ་བུ་མ་ཡིན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་
ཀྱི་ཡེ་ཤེས་དབབ་པ་ཞེས་བྱ་བ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དབབ་པ་ནི་བདུག་པ་མའོ། །བྱང་ཆུབ་ཆེན་པོའི་ཡན་ལག་ནི་བྱང་ཆུབ་ཀྱི་ཡན་ལག་བདུན་ནོ། །དེ་རྣམས་ཀྱི་བསགས་པ་ནི་མེ་ཏོག་མའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྤྱན་ནི་
ཀུན་དུ་སྣང་བ་སྟེ། དེའི་རང་བཞིན་ནི་མར་མེའོ། །ཚུལ་ཁྲིམས་ལ་སོགས་པ་དྲིའི་རང་བཞིན་ནི་རྡོ་རྗེ་བྱུག་པ་མའོ། །འདི་དག་ནི་ཇི་སྐད་དུ་གསུངས་པའི་གཡོག་མོ་ལ་སོགས་པའི་ཚུལ་དུ་གྱུར་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བཀའ་བཞིན་བྱེད་པའོ། །བྱང་ཆུབ་ཀྱི་

སེམས་ཀྱི་ལྕགས་ཀྱུས་ཐར་པའི་གྲོང་ཁྱེར་འདིར་དེ་བཞིན་གཤེགས་པ་ལ་སོགས་པ་འགུགས་པར་བྱེད་པ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱའི་ཚོགས་ཐམས་ཅད་ཀྱི་བདག་པོ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །
དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་གི་ལྕགས་ཀྱུ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་ཡིན་ལ་དམ་ཚིག་གི་ལྕགས་ཀྱུ་ཡང་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་ལྕགས་ཀྱུ་སྟེ། སེམས་དཔའི་རྡོ་རྗེ་ལྟ་བུའི་རྡོ་རྗེ་འཛིན་པ་ཆེན་པོའོ། །
དེའི་དམ་ཚིག་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚུལ་ལོ། །དེའི་འབྱུང་བ་ནི་སེམས་དཔའི་རྡོ་རྗེའི་ཚུལ་གང་ལས་འདི་བྱུང་བའོ། །དམ་ཚིག་ལས་བྱུང་བ་ཡང་ཡིན་ལ་སེམས་དཔའི་རྡོ་རྗེ་ཡང་ཡིན་པས་ཞེས་བྱ་བར་སྦྱར་རོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་
ཀྱང་དམ་ཚིག་ལས་བྱུང་བ་སེམས་དཔའི་རྡོ་རྗེ་ཞེས་བྱ་བ་སྟེ་ཏིང་ངེ་འཛིན་གང་ལ་མིང་དེ་ཉིད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་པ་ནི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་
ཆེན་པོ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་ཚོགས་ནི་མངའ་བ་སྟེ། དེ་བཞིན་གཤེགས་པའི་རིགས་རྒྱས་བཏབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །དེའི་བདག་པོ་ནི་དེའི་དབང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ལ་སོགས་པའི་ཕྱག་རྒྱ་རྣམས་བྱིན་པས་དེ་
བས་ན་དེ་རྣམས་ཀྱི་བདག་པོ་སྟེ་བདག་པོ་དེ་ཕྱུང་བར་གྱུར་ཏོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་སེམས་དཔའ་ཆེན་པོ་རྡོ་རྗེ་ལྕགས་ཀྱུ་ཞེས་བྱ་བའི་སྐུར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱའི་
ཚོགས་ཐམས་ཅད་དུ་གྱུར་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་ནི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེ་རྣམས་ཀྱི་ཚོགས་ནི་འགུགས་པའི་ཚོགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཐམས་ཅད་སྤྱན་འདྲེན་པའི་ཕྱིར་ཚད་མེད་པའི་

རྡོ་རྗེ་ལྕགས་ཀྱུའི་ཚོགས་སུ་གྱུར་ནས་སོ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་ཉིད་དེ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་པའི་སེམས་དཔའི་རྡོ་རྗེའོ། །དེ་བཞིན་གཤེགས་པ་ཐམས་ཅད་དམ་ཚིག་གིས་སྤྱན་འདྲེན་ཅིང་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་ལ་སོགས་པ་
ནི་ཤར་ལ་སོགས་པ་སྒོར་ཉེ་བར་མཛད་ཅིང་། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བ་ནི་བློ་ལ་གནས་པ་གསུངས་པའོ། །ཡང་དག་སྤྱན་འདྲེན་བརྟན་བྱེད་བདག །ཅེས་བྱ་བ་ནི་ཕྱོགས་བཅུ་ཀུན་ནས་སྤྱན་འདྲེན་པས་ན་ཡང་དག་སྤྱན་འདྲེན་པའོ། །བརྟན་པ་ནི་མི་ཕྱེད་པ་སྟེ་
དེ་ནི་བདག་ཡིན་ནོ། །ཅི་ཞིག་ངོ་མཚར་ཆེ་ཞེ་ན། གང་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་བདག་གིས་སྤྱན་དྲངས་ཤིང་བཀུག་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་བྱོན་ཏེ། དཀྱིལ་འཁོར་ཀུན་ལ་སྟོན་པར་གྱུར་པ་ཡིན་ནོ། །འདི་སྐད་སྟོན་ཏེ། དེ་
བཞིན་གཤེགས་པ་ཐམས་ཅད་དང་བདག་ནི་ཚུལ་གཅིག་ཅིང་ཐམས་ཅད་དུ་ཁྱབ་པ་ལྟ་བུ་ཡིན་ན། གང་གིས་དེ་རྣམས་དང་ཐ་དད་པའི་ཚུལ་དུ་སྤྱན་དྲངས་པ་འདི་ནི་ངོ་མཚར་ཆེའོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་ཀྱི་ལྕགས་ཀྱུས་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས་ནས།
བྱང་ཆུབ་ཀྱི་སྤྱོད་པའི་ཞགས་པས་དཀྱིལ་འཁོར་དུ་ཞུགས་པར་མཛད་དོ་ཞེས་བྱ་བ་ནི། དེ་ནས་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །བཅོམ་ལྡན་འདས་ཀྱིས་གསོལ་ཀ་བ་འདི་རང་གི་ཐུགས་ཀ་ནས་ཕྱུང་ངོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ནི་ཕ་རོལ་ཏུ་
ཕྱིན་པ་བཅུའི་སྤྱོད་པའི་ཚུལ་ལོ། །དེ་ཉིད་ནི་འཇུག་པ་ཡིན་པས་ན་འཇུག་པ་ཞེས་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པ་ཡང་ཡིན་ལ། སེམས་དཔའ་ཆེན་པོ་ཡང་ཡིན་པས་ན། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་སེམས་དཔའ་ཆེན་
པོ་སྟེ། ཇི་སྐད་དུ་གསུངས་པའི་སེམས་དཔའ་རྡོ་རྗེའོ། །དེའི་དམ་ཚིག་ནི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་ཀྱི་ཚུལ་ལོ། །དེ་འབྱུང་བ་ནི་སེམས་དཔའི་རྡོ་རྗེ་གང་ལས་གྱུར་པ་དེ་ནི་དམ་ཚིག་ལས་བྱུང་བའི་རྡོ་རྗེའོ། །དེ་ལ་དམིགས་པའི་ཏིང་ངེ་འཛིན་ལ་ཡང་མིང་དེ་སྐད་ཅེས་

བྱའོ། །དེ་ལ་སྙོམས་པར་ཞུགས་པ་ནི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་ལ་སོགས་པ་སྤྲུལ་ཅིང་བསྐྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ཅེས་བྱ་བའི་དོན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ལ་འཇུག་པའི་གསོལ་ཀ་བ་ཞེས་བྱ་བ་ལ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ལ་སོགས་པའོ། །དེ་ལ་འཇུག་པའི་གསོལ་ཀ་བ་ཡིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱར་འཇུག་པའི་གསོལ་ཀ་བ་སྟེ། དེ་ཕྱུང་བར་གྱུར་པའོ། །དེ་ནས་ཞེས་བྱ་བ་ལ་སོགས་པ་
ལ། བྱང་ཆུབ་སེམས་དཔའི་རྡོ་རྗེ་ཞགས་པ་ཞེས་བྱ་བའི་སྐུར་གྱུར་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ལ་འཇུག་པའི་ཕྱག་རྒྱའི་ཚོགས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་