Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 57

Văn bản gốc(Tây Tạng)

Trang 21 / 23 (50.000 ký tự/trang)
ེད་པར་འདོད་ན། ཞི་བའི་ཐབ་ཁུང་དེ་ཉིད་ལ་བཅོམ་ལྡན་འདས་དོན་ཡོད་པར་གྲུབ་པར་བསྒོམས་ལ། འབྲུ་
མར་གྱི་དགང་བླུགས་དེ་བཞིན་དུ་བྱས་ལ་ཀུ་ཤའི་ཡལ་ག་དང་འབྲུ་མར་གྱིས་སྦགས་ལ་སྔར་བཤད་པ་བཞིན་དུ་སྦྱིན་སྲེག་བྱའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་ཆེ་གེ་མོ་རཀྵ་ཀུ་རུ་སྭཱ་ཧཱ་ཞེས་བྱ་བ་ནི། ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མེ་ནི་རབ་ཏུ་སྦར་བྱས་ལ། །ཀུ་ཤའི་ཡལ་ག་འབྲུ་མར་གྱིས། །བསྲེག་
པར་བྱས་ན་ངེས་པར་བསྲུང་། །ཞེས་བྱའོ། །རྡོ་རྗེ་རྩེ་གཅིག་པ་ལྟ་བུའི་ཐབ་ཁུང་དུ། ནིམ་པའི་ཤིང་ལ་སོགས་པ་ནས་བྱུང་བའི་བུད་ཤིང་གིས་མེ་སྦར་ནས་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཁྲོ་བོ་རྡོ་རྗེ་ལྕགས་ཀྱུ་དེར་སྔ་མ་བཞིན་དུ་བསམས་ལ་སྦྱིན་སྲེག་བྱའོ། །ཧཱུཾ་བཛྲ་ཨཱ་ཀཪྵ་ཡ་ཆེ་གེ་མོ་སྭཱ་ཧཱ་
ཞེས་བྱ་བ་ནི། ཡམ་ཤིང་ཚ་བས་དང་པོར་ནི། །རྡོ་རྗེ་ཁྲོ་བོའི་ཏིང་འཛིན་གྱིས། །མེ་སྤར་ནས་ཀྱང་སེ་བ་ཡི། །ཚེར་མ་ཅན་གྱིས་འགུགས་པར་འགྱུར། །ཞེས་བྱའོ། །ཡང་ན་དབང་དུ་བྱེད་པའི་ཐབ་ཁུང་དུ། ནིམ་པ་ལ་སོགས་པའི་བུད་ཤིང་གིས་མེ་སྤར་ལ། དཀྱིལ་འཁོར་གྱི་དབུས་སུ་སྔ་མ་

བཞིན་དུ་བཅོམ་ལྡན་འདས་རྡོ་རྗེ་ཆགས་པ་བསྒོམ་པར་བྱའོ། །པདྨའི་ཁུ་ཚུར་གྱིས་མེ་ཏོག་དམར་པོ་དང་། འབྲས་བུ་དམར་པོའི་སྦྱིན་སྲེག་བྱའོ། །ཧཱུཾ་བཛྲ་རཱ་ག་ཡ་ཆེ་གེ་མོ་སྭཱ་ཧཱ་ཞེས་བྱ་བ་ནི། ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །ཁྲོ་དང་ལྡན་པར་མེ་སྤར་ནས། །མེ་ཏོག་
མར་རམ་འབྲས་བུ་འང་རུང་། །སྦྱིན་སྲེག་བྱས་ན་སྐྱེ་བོ་རེངས། །ཞེས་བྱ་བ་ནི་མངོན་སྤྱོད་ཀྱི་ཐབ་ཁུང་དུ། ཇི་སྐད་བཤད་པའི་ཁའི་ཡམ་ཤིང་ལ་མེ་སྤར་ལ་ཐབ་ཁུང་གི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ལྕགས་སྒྲོག་བསམ་པར་བྱའོ། །ཁྲོ་བོའི་ཁུ་ཚུར་གྱིས་ལྕགས་ཀྱི་ཕྱེ་མའི་སྦྱིན་སྲེག་བྱས་ཏེ།
ཧཱུཾ་བཛྲ་བནྡྷ་ཡ་ཆེ་གེ་མོ་བནྡྷ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི། རྣལ་འབྱོར་ཅན་གྱིས་ཁྲོས་ནས་ཀྱང་། །ཡམ་ཤིང་དེ་ནི་མེ་སྤར་ལ། །ལྕགས་ཀྱི་ཕྱེ་མ་བསྲེགས་ནས་ནི། །རྡོ་རྗེ་བཅིང་བ་ཉིད་དུ་འགྱུར། །ཞེས་བྱའོ། །དེ་བཞིན་དུ་མངོན་སྤྱོད་ཀྱི་ཐབ་ཁུང་དུ་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཇི་ལྟ་བ་བཞིན་དུ་བསམས་ལ།
ཁྲོ་བོའི་ཁུ་ཚུར་གྱིས་ནིམ་པ་ལ་སོགས་པ་ཁ་བའི་འབྲས་བུས་སྦྱིན་སྲེག་བྱ་སྟེ། ཧཱུཾ་བཛྲ་མ་ར་ཎ་ཡ་མ་རི་ཨུཏྤ་ཏ་ཡ་སྭཱ་ཧཱ་ཞེས་བྱ་བ་ནི། ཡམ་ཤིང་དེ་དག་ཉིད་ཀྱིས་ནི། །མཉམ་པར་བཞག་སྟེ་མེ་བུས་ལ། །འབྲས་བུ་ཁ་བ་ཁྲོ་ཞིང་བསྲེག །སྐད་ཅིག་ཏུ་ནི་འཆི་བར་འགྱུར། །ཞེས་བྱའོ། །དབང་
གི་ཐབ་ཁུང་དུ་བུད་ཤིང་སྐྱུར་བ་ལས། ཇི་ལྟ་བ་བཞིན་དུ་མེ་སྤར་ལ་བཅོམ་ལྡན་འདས་རྡོ་རྗེ་ཆགས་པ་ཐབ་ཁུང་གི་དབུས་སུ་བསམས་ལ། པདྨའི་ཁུ་ཚུར་གྱིས་འབྲས་བུ་དང་མེ་ཏོག་སྐྱུར་པོས་སྦྱིན་སྲེག་བྱས་ཏེ། ཨོཾ་བཛྲ་པཱ་ཤ་ཀ་ར་ཡེ་ཆེ་གེ་མོ་པ་ཤཾ་མ་ན་ཡ་སྭཱ་ཧཱ་ཞེས་བྱ་བ་ནི། མཁས་པས་ཡམ་ཤིང་
སྐྱུར་བ་ཡིས། །ཁྲོས་ནས་བྱིན་ཟ་སྦར་ནས་ནི། །འབྲས་བུ་ལོ་མ་སྐྱུར་བསྲེགས་ན། །དབང་དུ་བྱ་བ་དམ་པའོ། །ཞེས་བྱ་བའོ། །འདོད་པའི་འབྲས་བུའི་སྦྱིན་སྲེག་དང་། མི་སྣང་བའི་མེ་ཏོག་གི་སྦྱིན་སྲེག་དང་། ནམ་མཁའི་ལྕུག་མའི་སྦྱིན་སྲེག་རྣམས་ནི། ཞི་བའི་ཐབ་ཁུང་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཇི་ལྟ་བ་
བཞིན་དུ་བསམས་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱས་སྲེག་བླུགས་གསུམ་བྱའོ། །རྡོ་རྗེ་བཀའ་བཞིན་བྱེད་པ་དང་། དཔའ་བོ་དང་། ཕྱག་ན་རྡོ་རྗེ་དང་། སངས་རྒྱས་དབང་དུ་བྱེད་པའི་སྦྱིན་སྲེག་རྣམས་ཀྱང་། དབང་དུ་བྱེད་པའི་ཐབ་ཁུང་གི་དབུས་སུ་བཅོམ་ལྡན་འདས་རྡོ་རྗེ་ཆགས་པ་བསམས་ལ། དེ་ནས་པདྨའི་ཁུ་ཚུར་

གྱིས་དགང་བླུགས་བཞི་དབུལ་བར་བྱའོ། །སྔར་བཤད་པའི་སྦྱིན་སྲེག་ཐམས་ཅད་ཀྱི་ཐུན་མོང་གི་རིམ་པ་ལ་ཁྱད་པར་ནི་འདི་ཡོད་དེ། འདི་ལྟར་ཧཱུཾ་བཛྲ་ཞེས་རིགས་ཀྱི་སྙིང་པོ་བརྗོད་པ་དང་། ཡི་གེ་ཧཱུཾ་གིས་མཆོད་ཡོན་ཕུལ་ལ། རྡོ་རྗེ་ཧཱུཾ་མཛད་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་ལྕགས་ཀྱུའི་ཁྲོ་བོ་རྣམས་
དང་། ཁྲོ་བོ་ཏི་རཱིནྟི་རིའི་ཕྱག་རྒྱ་དང་། ཧཱུཾ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལོ། །ཨོཾ་བཛྲ་སྥོ་ཊ་མ་ཧཱ་ཀྲོ་དྷ་བནྡྷ་བནྡྷ། སརྦ་མ་ཡ་ཧཱུཾ་བཾ་ཞེས་ཡི་གེ་བཾ་དང་བཅས་པས་ཁྲོ་བོ་ཆེན་པོས་རྡོ་རྗེ་ལྕགས་སྒྲོག་བཅིང་བའི་སྦྱོར་བ་བྱའོ། །ཨོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ། གྲྀ་ཧྞ་གྲྀ་ཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ།
ཨཱ་ན་ཡ་ཧོ་བྷ་ག་བཱན། བཛྲ་ཧཱུཾ་ཕཊ་ཧཱུཾ་ཞེས་བྱ་བ་ཡི་གེ་ཧཱུཾ་གི་མཐའ་ཅན་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིས་བསད་པའི་སྦྱོར་བ་བྱའོ། །ཨོཾ་བཛྲ་ཨཾ་གུ་ཤ་མ་ཧཱ་ཀྲོ་དྷ་ཨཱ་ཀཪྵ་ཡ་སརྦྦ་ས་མ་ཡ་ཧཱུཾ་ཛཿཛཿཞེས་ཡི་གེ་ཛཿདང་བཅས་པའི་ཁྲོ་བོ་རྡོ་རྗེ་ལྕགས་ཀྱུར་དགུག་པའི་སྦྱོར་བ་བྱའོ། །ཨོཾ་བཛྲ་དྷཱ་ཏུ་ཨོཾ་ཞེས་བྱ་བ་རྒྱས་
པ་ལ་བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་ཡི་གེ་ཨོཾ་གྱི་མཐའ་ཅན་གྱི་སྦྱོར་བ་ཡང་བྱའོ། །དབང་དུ་བྱ་བ་ལ་ཨོཾ་བཛྲ་རཱ་ག་ཧོ་ཞེས་བྱ་བ་དང་། ཡི་གེ་ཧོ་དང་བཅས་པ་དང་། རྡོ་རྗེ་ཆགས་པས་སྦྱོར་བར་བྱའོ། །པླཀྵ་དང་། ཨུ་དུམྺཱ་ར་དང་། ནྱ་གྲོ་དྷ་དང་། མྱ་ངན་མེད་པ་དང་། ཙུ་ཏ་དང་། ཤ་མི་དང་། པ་
ལ་ཤ་དང་། ཀསྨརྫྱལ་སོགས་པ་མཆོད་སྦྱིན་གྱི་ཤིང་འོ་མ་ཅན་རྣམས་སམ། གཞན་དག་གི་ལྗོན་པ་རློན་པའི་རྩེ་མོའི་ཆ་ལས་བྱུང་བ་མཐོ་གང་གི་ཚད་ཙམ་རྩེ་མོ་གཉི་ག་སྦྲང་རྩི་དང་འོ་མ་དང་མར་ལ་སྤགས་ལ། ཙནྡན་དཀར་པོའི་ཆུར་ཡོངས་སུ་སྦངས་པའི་ཡམ་ཤིང་དང་། ནས་དང་། འོ་མ་དང་།
ཞོ་དང་། འབྲས་ཡོས་དང་། དཱུར་བ་དང་། ཀུ་ཤའི་མྱུ་གུ་དང་། ཙནྡན་དཀར་པོ་དང་། ཙུ་ཏའི་ལོ་མ་དང་། པྲི་ཡང་ཀུའི་མེ་ཏོག་དང་། འབྲས་ཆན་དང་། མེ་ཏོག་དཀར་པོ་དྲི་ཞིམ་པ་དང་། ནཱ་ག་གེ་སར་དང་། སྤོས་ཀྱི་རོང་བུ་དང་། སྦྲང་རྩི་དང་། མར་དང་། ཇི་ལྟར་རྙེད་པའི་རྫས་རྣམས་དང་། ཞི་བའི་
ལས་ལ་སྦྱིན་སྲེག་བྱ་སྟེ། མངར་གསུམ་དང་ནི་སྦྱར་བ་ཡི། །ཟས་མཆོག་གི་ནི་གོང་བུ་དང་། །སྦྲང་རྩི་མར་དང་ཞོ་སྦྱར་ལ། །ཏིལ་ནག་ཞོ་དང་མར་ནག་དང་། །ཤ་ཏ་པུཥྤ་བིལ་བ་དང་། །ཤཱ་ལིའི་འབྲས་དང་འབྲས་དཀར་དང་། །ནཱ་ག་གེ་སར་པདྨ་དང་། །ཀརྞི་ཀ་ཡི་མར་དང་བཅས། །འབྲུ་རྣམས་ཀུན་དང་

ལག་པན་དང་། །དེ་བཞིན་ཡམ་ཤིང་མཆོད་སྦྱིན་བྱ། །དེ་བཞིན་རྒྱས་པ་ལ་སོགས་ཀྱིས། །རྫས་རྣམས་དུ་མའི་སྦྱིན་སྲེག་བྱ། །ཡམ་ཤིང་སྦོམས་ནི་ཆང་པའི་ཚད། །ཆུར་ནི་ཁྲུ་གང་ཙམ་བྱས་ལ། །ཞོ་དང་འོ་མ་མར་སྦགས་ཏེ། །རྒྱས་པའི་ཆོ་གས་སྦྱིན་སྲེག་བྱ། །འདིར་ནི་
ཡམ་ཤིང་སེར་པོ་ཡི། །དྲི་ཡི་ཆུ་ལ་ཡམ་ཤིང་ནི། །དབུས་མའི་ཆ་ལས་བྱུང་བ་སྤང་། །ཞེས་འབྱུང་ངོ་། །ཡུངས་ཀར་ཚ་བའི་ཏིལ་མར་དང་། །རང་གི་ཁྲག་དང་ལན་ཚྭ་དང་། །སྐེ་ཚེ་ནིམ་པའི་ལོ་མ་དང་། །ཐལ་བ་དང་ནི་རྐང་རྗེས་ས། །བོང་བུ་སོགས་ཀྱི་སྦངས་དང་ནི། །རྟུག་པ་སྐྲ་དང་སེན་མོ་
དང་། །བྱ་རོག་སྒྲོ་འམ་རྐང་དང་ནི། །གཅི་བ་འམ་ནི་ཚེར་མ་དང་། །གྱོ་མོག་རུས་པའི་ཕྱེ་མ་དང་། །དེ་བཞིན་ཤ་ཆེན་ལ་སོགས་དང་། །ཀུ་པི་ད་ར་ནིམ་པ་དང་། །དུར་ཁྲོད་སོལ་བ་མགལ་དུམ་དང་། །ཚེར་མ་ཡི་ནི་ལྕུག་མ་དང་། །སེང་ལྡེང་གི་ནི་ཡམ་ཤིང་དང་། །མངོན་སྤྱོད་དོན་དུ་གཉེར་བ་
ཡི། །མཁས་པས་སྦྱིན་སྲེག་ཆོ་ག་བྱ། །དེ་བཞིན་སྲེག་རྫས་ཐམས་ཅད་ལ། །ཁྲག་གིས་བསྐུས་ནས་མངོན་སྤྱོད་བྱ། །ཀུན་ལ་ལན་ཚྭ་སྦྱར་བ་ཡི། །དགྲ་བོའི་མིང་ཡང་སྤེལ་བར་བྱ། །སོར་ནི་བཅུ་པའི་ཚད་དག་ནི། །རྩ་བ་ལས་བྱུང་བཀས་པ་ཡི། །ཡམ་ཤིང་རྩེ་གཉིས་རྣོན་པོ་ལ། །དུག་དང་
ཁྲག་དང་ཏིལ་སྦགས་ནས། །དགྲ་བོའི་གཟུགས་བརྙན་བྱས་ནས་ནི། །ཐལ་བ་སོལ་བ་ཕུབ་མ་སོགས། །ཡང་ན་སྦྱིན་སྲེག་རྫས་རྣམས་ནི། །སྐེ་ཚེ་དང་ནི་ཚྭ་རྣམས་སོ། །རང་གི་མིང་ངམ་གཟུགས་བརྙན་དག །གཏུབས་ཤིང་གཏུབས་ཤིང་སྦྱིན་སྲེག་བྱ། །དེ་ཡི་སྙིང་གར་མནན་ནས་
ཀྱང་། །སྦྱིན་སྲེག་ལས་རྣམས་བརྩམ་པར་བྱ། །པ་ལ་ཤ་དང་ཨུ་དུམྺཱ་ར་པླཀྵ་དང་། །ནྱ་གྲོ་དྷ་དང་སེང་ལྡེང་དང་ནི་ཉི་མ་སྐྱེས། །བྱི་ཏང་ག་དང་ཨ་མྲ་དང་ནི་ཀསྨརྫྱ། །ཤཾམྱ་དང་ནི་ཨ་པ་མརྒ་ལས་སྐྱེས་དང་། །མྱ་ངན་མེད་དང་བཅས་པ་ཡི། །ཡམ་ཤིང་བཅུ་གཉིས་དག་ཏུ་བཤད། །གསར་
དང་ཡལ་ག་གཅིག་པུ་ནི། །ཐམས་ཅད་ལས་ལ་སྦྱིན་སྲེག་བྱ། །གཅུ་དང་དྲང་དང་གསར་བ་དང་། །ལས་རྣམས་ཀུན་ལ་རྩེ་གཅིག་དང་། །རྩེ་མོ་གཉིས་པས་སྦྱིན་སྲེག་བྱ། །དྲི་བཟངས་ཆུ་ཡིས་བསྒོས་ནས་ནི། །ཞི་བའི་རྫས་རྣམས་གང་ཡིན་དང་། །རྒྱས་པ་ལ་ཡང་དེ་བཞིན་བཤད། །

བདག་ཉིད་བཟའ་བའང་གང་རུང་བ། །ལས་རྣམས་ཀུན་ལ་སྦྱིན་སྲེག་བྱ། །ཉིན་རེ་ཞིང་ནི་ཡམ་ཤིང་དང་། །རང་གི་བཟའ་བའང་རྟག་ཏུ་བསྲེག །པུས་མོའི་བར་དུ་རབ་བཞག་ནས། །སྲེག་བླུགས་ཡང་དག་སྤྱད་པར་བྱ། །ཏུ་རུསྐ་ནི་ཉུང་མར་སྦགས། །སོར་བཞི་ཡམ་ཤིང་བསྲེག་
བྱས་ན། །ལྷ་རྣམས་ཀུན་གྱིས་གསང་བ་དང་། །གསལ་དང་ནད་མེད་པ་རུ་གསུངས། །རྟག་ཏུ་གུ་གུལ་མར་ལ་སྤགས། །སྦྱིན་སྲེག་རབ་ཏུ་བསྔགས་པ་ཡིན། །སཱ་ལའི་ཤིང་གི་སྦྱིན་སྲེག་ནི། །སྔགས་རྣམས་ཐ་དད་པ་ལ་བསྔགས། །སྦྱིན་སྲེག་ལས་རྣམས་མཐོང་བ་ཡིས། །སྦྱིན་
སྲེག་ཆོ་ག་བྱ་བ་ཡིན། །ཞེས་གསུངས་པས། རྒྱུད་དང་རྟོག་པ་གཞན་ལ་བལྟ་བར་བྱའོ། །སྦྱིན་སྲེག་བྱེད་པ་ན་མི་སྨྲ་བས་བྱའོ། །དེ་ལ་དཀྱིལ་འཁོར་རམ་ལྷའི་ཁང་པའི་ཤར་ཕྱོགས་ཀྱི་ཆ་ལ་ཞི་བའི་ཐབ་ཁུང་དང་། དབང་གི་ཐབ་ཁུང་བྱའོ། །ལྷོ་ཕྱོགས་སུ་རྒྱས་པའི་ཐབ་ཁུང་དང་།
བྱང་ཕྱོགས་སུ་མངོན་སྤྱོད་ཀྱི་ཐབ་ཁུང་དང་། ནུབ་ཕྱོགས་ཀྱི་ཆ་ལ་རྡོ་རྗེའི་རྣམ་པ་ལྟ་བུའི་ཐབ་ཁུང་དུ་འགུགས་པའི་ལས་བྱའོ། །དེ་སྐད་དུ་ཡང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་མདུན་དུ་ཞི་བ་དང་། དབང་ལ་སོགས་པ་རྣམས་ཀྱི་སྦྱིན་སྲེག་བྱའོ། །བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་
དགུག་པ་དང་། བཅོམ་ལྡན་འདས་ཀྱི་གཡས་སུ་དགའ་ཞིང་མགུ་བས་རྒྱས་པའི་ལས་བྱའོ། །གཡོན་དུ་ཁ་ལྷོར་བལྟས་ལ་མངོན་སྤྱོད་ཀྱི་ལས་བྱའོ་ཞེས་གསུངས་སོ། །སྦྱིན་སྲེག་གི་ཆོ་གའོ། །དེ་ནས་ཡང་གསང་ཞིང་སྦ་བར་བྱ་བ་གསུངས་པ་ནི། ལས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ནི་ལས་
ཀྱི་ཕྱག་རྒྱ་སྟེ། གསང་བ་དེའི་ལས་ཀྱི་ཕྱག་རྒྱ་ནི། གསང་བའི་ལས་ཀྱི་ཕྱག་རྒྱའོ། །དེའི་ཡུལ་གྱི་ཡེ་ཤེས་བསླབ་པར་བྱའོ། །ཡིད་འོང་བུད་མེད་ལྷན་ཅིག་ཏུ། །ཞེས་བྱ་བ་ནི་འདོད་པའི་ལྷའི་ཕྱག་རྒྱ་ཆེན་པོ་ནི། སྒྲུབ་པའི་ཡིད་དུ་འོང་བའི་བུད་མེད་དོ། །དེས་ལྷན་ཅིག་གཞག་པ་ནི། བདག་
ཉིད་དང་ལྷན་ཅིག་པ་སྟེ། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྐུའི་གསང་བ་དང་ལྷན་ཅིག་ཏུ་གྱུར་པར་མོས་པས་རྡོ་རྗེ་ཧཱུཾ་མཛད་དང་ལྷན་ཅིག་ཏུ་གྱུར་པར་མོས་པར་བྱའོ། །གནས་ཤིང་བུ་གར་ཨཉྫ་ན། །བཅུག་ནས་བསྐུལ་བ་བྱས་ནས་ཀྱང་། །ཞེས་བྱ་བ་ནི། བུ་ག་ནི་པདྨའོ། །ཨཉྫ་ན་ནི་ལིག་པུ་

མིག་གོ། །དེར་བཅུག་པ་ནི་བཞག་ནས་བསྒོམས་པའོ། །ཨཉྫ་ན་དེས་མིག་ལ་བསྐུས་ན། དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རང་གི་ལྷ་དང་ལྷ་མོ་རྣམས་དབང་དུ་བྱེད་པར་འགྱུར་རོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་
པོར་གསུངས་པའི་ཕྱག་རྒྱ་བཞིས་དཔལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རང་གི་ལྷའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། དེ་ནས་ཨོཾ་གུ་ཧྱ་ར་ཏི་བཛྲ་ཝ་ཤཾ་ཀ་ར་སིདྡྷི་སིདྡྷི་ཧཱུཾ་ཞེས་བྱ་བའི་སྙིང་པོ་ཡི་གེ་འབུམ་བཟླས་ནས་ཐུན་
བཞིའི་སྦྱོར་བ་ཇི་ལྟ་བ་བཞིན་དུ་བྱའོ། །དེ་ནས་ཟླ་བ་ཉ་ལ་དཀྱིལ་འཁོར་བྲིས་པའམ། རས་རིས་མདུན་དུ་བཞག་ལ། ཤྲཱི་པརྞི་ཀའི་ཤིང་ལ་པདྨ་དང་། རྡོ་རྗེའི་གཟུགས་བྱས་ལ། སྲོ་ཏ་ཨཉྫ་ན་སྟེང་དུ་བཞག་སྟེ། ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ནས། རྡོ་རྗེ་བསྡམས་པ་བཅིངས་ཏེ། ཨོཾ་གུ་
ཧྱ་ར་ཏི་བཛྲ་ཝ་ཤཾ་ཀ་ར་སིདྡྷི་སིདྡྷི་ཧཱུཾ་ཞེས་བྱ་བ་འདི་དང་། མཚན་ཐོག་ཐག་བྱས་ན་དེས་འགྲུབ་པར་འགྱུར་རོ། །རྡོ་རྗེ་སྲུང་བ་དང་། གནོད་སྦྱིན་དང་། ཁྲོ་བོ་སེམས་དཔས་ཡང་དག་པར་བསྲུངས་ལ། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །མིག་ལ་མིག་སྨན་བསྐུ་བར་བྱའོ། །དེ་སྐད་དུ་ཡང་། རང་གི་རིགས་ཀྱི་ལྷ་གང་ཡིན། །དེ་ནི་
ཡིད་འོང་བུད་མེད་བཤད། །མིག་སྨན་ཚོགས་ལ་དེས་བཟླས་ནས། །པདྨའི་སྟེང་དུ་གཞག་པར་བྱའོ། །བྷ་ག་པདྨ་ཞེས་སུ་བཤད། །བཅུག་ལ་བཞག་པར་བརྗོད་པ་ཡིན། །བྷ་གའི་སྦྱོར་བ་འདི་ཡིས་ནི། །མིག་སྨན་ལ་སོགས་བསྒྲུབ་པར་བྱ། །ཞེས་གསུངས་སོ། །ལྡོང་རོས་བུ་གར་བཅུག་
ནས་ནི། །ཞེས་བྱ་བ་ནི། དེ་བཞིན་དུ་ལྡོང་རོས་དང་། གོ་རོ་ཙ་ན་དང་། གུར་གུམ་དང་། ཡིད་དུ་འོང་བའི་བུད་མེད་དང་ལྷན་ཅིག་ཡང་དག་པར་སྦྱར་རོ་ཞེས་ཤེས་པར་བྱའོ། །ལྡོང་རོས་ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་ནོ། །རྡོ་རྗེ་བསྡམས་པས་དེ་གཡོགས་ཏེ། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་བསྡམས་པ་བཅིངས་ལ། དེ་བཟུང་ནས་དེ་ཉིད་དང་མཚན་ཐོག་ཐག་བཟླས་པར་བྱའོ། །མཚན་མ་རྣམ་པ་བཞི་པོས་ནི། །དངོས་གྲུབ་རྣམ་པ་བཞིར་འགྱུར་རོ། །ཞེས་བྱ་བ་ནི་དེ་ལ་མཚན་མ་བཞི་ནི་དྲོ་བ་དང་། དུ་བ་དང་། རྡུལ་བ་དང་། འབར་བའོ། །དྲོ་བས་

ནི་དབང་དུ་བྱེད་དོ། །དུ་བས་ནི་རྐང་མགྱོགས་སོ། །རྡུལ་བས་ནི་མི་སྣང་བའོ། །འབར་བས་ནི་ནམ་མཁའ་ལ་འགྲོ་བའོ། །མིག་སྨན་བྱས་པ་དང་རྐང་པ་ལ་བྱུག་པ་དང་། ཡན་ལག་ལ་བྱུག་པ་དང་། དཔྲལ་བར་ཐིག་ལེ་བྱས་པས་འགྲུབ་པར་འགྱུར་རོ། །གོ་རོ་ཙ་ན་བུ་གར་བཅུག །ཅེས་བྱ་བ་ནི་
སྔ་མ་བཞིན་ནོ། །གསང་བའི་ཁུ་ཚུར་གྱིས་བཙིར་ན། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་དམ་ཚིག་གི་ཕྱག་རྒྱའི་གསང་བའི་ཁུ་ཚུར་དེས་གོ་རོ་ཙ་ན་པདྨའི་སྟེང་དུ་བཞག་ནས། མཚན་ཐོག་ཐག་
བཟླས་ནས་སྔར་བསྟན་པའི་ཚུལ་གྱིས་དངོས་གྲུབ་ཏུ་གྱུར་ཏེ། དཔྲལ་བར་ཐིག་ལེ་བྱས་ནས་ནམ་མཁའ་ལ་འགྲོ་བར་འགྱུར་བ་དང་། རྡོ་རྗེ་ཧཱུཾ་མཛད་དང་འདྲ་བར་འགྱུར་རོ། །གུར་གུམ་བུ་གར་བཅུག་ནས་ནི། །ཞེས་བྱ་བ་སྔ་མ་བཞིན་ནོ། །བུ་གར་སེམས་དཔའི་རྡོ་རྗེ་ཞེས་བྱ་བ་ནི། པདྨའི་
སྟེང་དུ་གུར་གུམ་སྔ་མ་བཞིན་དུ་བཞག་ལ། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རྡོ་རྗེ་སེམས་མའི་ཕྱག་རྒྱ་པདྨ་ལ་བཞག་སྟེ། མཚན་ཐོག་ཐག་བཟླས་ན་དེས་འགྲུབ་པར་འགྱུར་རོ། །དེས་ཐིག་ལེ་བྱས་ན་རྡོ་རྗེ་འཛིན་པ་དང་འདྲ་བར་འགྱུར་རོ། །དེ་ལྟར་དངོས་གྲུབ་ཀྱི་ཡེ་
ཤེས་བསྟན་ནས། ད་ནི་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་དངོས་གྲུབ་རྣམས་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཤད་པའི་ལྷའི་རྣལ་འབྱོར་བྱས་ལ། ཕྱིས་ལས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ལས་ཀྱི་དཀྱིལ་
འཁོར་བྲིས་པ་དང་། བརྐོས་པ་ལ་སོགས་པའི་ལྷ་རྣམས་བསྒྲུབས་ལ་རང་གི་ཕྱག་རྒྱ་བཞིས་རྒྱས་བཏབ་ན་དངོས་གྲུབ་ཏུ་འགྱུར་བའི་ཕྱིར་རོ། །རྒྱས་བཏབ་ནས་ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་དངོས་གྲུབ་ཀྱི་ཡེ་
ཤེས་བསླབ་པའི་རྗེས་ཐོགས་སུའོ། །རྡོ་རྗེ་རིགས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ཕྱག་རྒྱ་ཆེན་པོ་དེའི་ཡེ་ཤེས་བསླབ་པོ། །རྡོ་རྗེ་དགོས་པའི་ཚུལ་གྱིས་ནི། །ཞེས་བྱ་བ་ནི་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་གྱི་ནི་རྡོ་རྗེ་དགོས་པ་སྟེ། དེའི་ཚུལ་གྱིས་ནི་རྡོ་རྗེའི་ཚུལ་གྱིས་ཏེ། དེའི་ཕྱག་རྒྱ་ཆེན་པོའོ། །

རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི། །རྡོ་རྗེ་ཁྲོ་བོ་མཉམ་པར་གཞག །ཅེས་བྱ་བ་ནི་རིམ་གྱིས་བཅིང་བའོ། །འདི་སྐད་སྟོན་པ་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་མཚན་མ་དང་བཅས་པ་བཅིངས་ལ། སྙིང་ག་རྩིབ་ལོགས་རྒྱབ་སྦྱར་བ། །དཔྲལ་བ་ལ་སོགས་དེ་བཞིན་དུ། །ཁ་དང་རྣ་
བ་མགོ་ལྟག་པ། །སྤྱི་བོ་ཕྲག་པ་ཁ་རྐེད་གཞག །ཅེས་བྱ་བའི་རིམ་པ་འདིས། ཁྲོ་བོ་རྡོ་རྗེ་སེམས་དཔའི་གནས་ནས་བརྩམས་ནས། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱི་བར་དུ་བཤད་པའི་ལྷ་མོ་དེ་རྣམས་ཀྱི་ཕྱག་རྒྱ་ཆེན་པོར་འགྱུར་རོ། །ལྷག་མ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་
གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པ་ཉིད་འདིའི་ཕྱག་རྒྱ་ཆེན་པོ་ཡིན་པར་ཤེས་པར་བྱའོ། །ཧཱུཾ་ཞེས་མཛུབ་མོའི་ཚུལ་གྱིས་ནི། །དམ་ཚིག་མཆོག་ནི་འདིར་དེ་བཞིན། །ཞེས་བྱ་བ་ནི་དེ་ཉིད་ཀྱི་རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། མཚན་མ་སྤངས་པའི་སྡིགས་མཛུབ་གཉིས་སོ་སོར་བསྒྲེངས་ཏེ། སྙིང་
ག་རྩིབ་ལོགས་རྒྱབ་སྦྱོར་བ། །དཔྲལ་བ་ལ་སོགས་དེ་བཞིན་དུ། །ཁ་དང་རྣ་བ་མགོ་ལྟག་པ། །སྤྱི་བོ་ཕྲག་པ་ཁ་རྐེད་གཞག །ཅེས་བྱ་བ་འདིས་སྦྱར་བར་བྱའོ། །ལྷག་མ་རྣམས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པ་ཉིད་འདིའི་དམ་
ཚིག་གི་ཕྱག་རྒྱ་ཡིན་ནོ། །ཆོས་ཀྱི་ཕྱག་རྒྱའང་འདིར་དེ་བཞིན། །ཨོཾ་ཞེས་དང་པོའི་ཡི་གེ་ཨ། །ཞེས་བྱ་བ་ནི་ཡི་གེ་ཨས་ཉེ་བར་མཚོན་པའི་ཡི་གེ་གཞན་མ་རྣམས་ཀྱང་ཡི་གེ་ཨ་ཞེས་བྱའོ། །ཡི་གེ་ཨོཾ་ཞེས་བྱ་བ་དང་པོར་གྱུར་པ་གང་ཡིན་པའི་ཡི་གེ་རྣམས་ནི། ཡི་གེ་ཨ་ལ་སོགས་པ་སྟེ། །
ཨའི་ཡི་གེ་ལྷག་མ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ཅེས་བྱ་བའི་དོན་ཏོ། །དབྱངས་ཀྱི་ཡི་གེ་བཅུ་དྲུག་པོ་དེ་དག་གིས་ཡི་གེ་ཨོཾ་དང་བཅས་པ་ནི། ཇི་ལྟར་རྡོ་རྗེ་དབྱིངས་ཀྱི་ལས་ཀྱི་དཀྱིལ་འཁོར་དུ་ཆོས་ཀྱི་ཕྱག་རྒྱར་བསྟན་པ་དེ་བཞིན་དུ་འདིས་ཀྱང་ཤེས་པར་བྱའོ། །དེ་ནི་འདིར་བརྗོད་པར་བྱ་སྟེ། ཨོཾ་ཨོཾ་
ཨོཾ་གྲ་ཨོཾ་ཨ་ཡི་ཨོཾ་ཨཱི། ས་ཨོཾ་ཨི་ཧྲིཿཨོཾ་ཨི་རཾ། ཨོཾ་ཨུ་ཀཾ་ཨོཾ། །རི་ན་ཨོཾ་རི། ཁཾ་ཨོཾ་ལེ་ཤཾ་ཨོཾ་ལཻ་ཧཱུཾ། ཨོཾ་ཨེ་ཧྲི་ཨོཾ་ཨེ། ཤ་ཨོཾ་ཨོཾ། །ནོ་ཨོཾ་ཨོ། །ཤོ་ཨོཾ་ཨཾ། སཾ་ཨོཾ་ཨཿཞེས་བྱ་བ་དང་ལྷག་མ་རྣམས་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་

གསུངས་པ་ཉིད་གཟུང་བར་བྱའོ། །ལས་ཀྱི་ཕྱག་རྒྱ་མདོར་བསྡུས་ན། །ལས་ཀྱི་ཕྱག་རྒྱ་གཉིས་སུ་བྱས། །ཞེས་བྱ་བ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གྱི་གནས་སུ་བཤད་པའི་རྐེད་པར་གཞག་པ་ནི། རྡོ་རྗེ་ཁུ་ཚུར་གཉིས་སུ་བྱས་ལ་ལས་ཀྱི་ཕྱག་རྒྱ་ཐམས་ཅད་བཅིང་བར་བྱའོ། །རིམ་པ་ནི་འདི་ཡིན་ཏེ།
གཡོན་པ་རྡོ་རྗེ་མཛུབ་མོ་ནི། །གཡས་པའི་ནང་དུ་བསྒྲེང་བར་བྱ། །བྱང་ཆུབ་མཆོག་གི་ཕྱག་རྒྱ་སྟེ། །སངས་རྒྱས་བྱང་ཆུབ་སྦྱིན་བྱེད་པའོ། །བསྒྱིངས་བཅས་གསོར་བ་གཉི་གས་ནི་རྡོ་རྗེ་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་སེམས་དཔའ་དང་། སེམས་མ་རྡོ་རྗེ་མའི་གནས་ཀྱིའོ། །ལྕགས་ཀྱུ་འཛིན་
ལྟར་གནས་པ་ཡི། །རྡོ་རྗེ་རྒྱལ་པོའི་གནས་ཀྱིའོ། །མདའ་འཕངས་པ་ཡི་ཚུལ་དང་ནི། །རྡོ་རྗེ་ཆགས་པའི་གནས་ཀྱིའོ། །ལེགས་སོ་ཞེས་པ་སྙིང་གར་གཞག་པ་ནི། རྡོ་རྗེ་ལེགས་པའི་གནས་ཀྱིའོ། །དབང་བསྐུར་བ་ནི་རྡོ་རྗེ་གཉིས་ནི་རིན་ཆེན་ཧཱུཾ་མཛད་དང་། ཁྲོ་བོ་ཁྲོ་གཉེར་དང་། རྡོ་རྗེ་རིན་ཆེན་
མའི་གནས་རྣམས་ཀྱིའོ། །སྙིང་གར་ཉི་མ་བརྟན་པར་བྱ་བ་ནི། རྡོ་རྗེ་ཉི་མའི་གནས་ཀྱིའོ། །གཡོན་པ་ལ་ནི་གྲུ་མོ་གཟུགས་ནི་དཔལ་གྱི་གནས་ཀྱིའོ། །དེ་བཞིན་དུ། ཁ་ཕྱོགས་བསྐོར་བར་བྱ་བ་ནི། བཞད་པའི་གནས་ཀྱིའོ། །གཡས་པ་ཡིས་ནི་གཡོན་པ་དབྱེ་བ་ནི། ཆོས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་
རྡོ་རྗེ་ཆོས་དང་། རྡོ་རྗེ་ཆོས་མའི་གནས་ཀྱེའོ། །སྙིང་གར་གཡོན་པ་རལ་གྲི་མདུད་པ་ནི། རྡོ་རྗེ་རྣོན་པོའི་ལས་ཀྱིའོ། །མགལ་མེའི་འཁོར་ལོ་བསྐོར་བ་དང་། །ཞེས་བྱ་བ་ནི་རྡོ་རྗེ་རྒྱུའི་གནས་ཀྱིའོ། །རྡོ་རྗེ་གཉི་ག་ཁ་ནས་དབྱུང་བ་ནི། །གསུངས་པའི་གནས་ཀྱིའོ། །རྡོ་རྗེ་གར་བསྐོར་བཀྲོལ་བ་ཡིས། །
ཐལ་མོ་འགྲམ་པ་སྤྱི་བོར་གཞག །ལས་ཀྱི་ཧཱུཾ་མཛད་དང་། ཁྲོ་བོ་རྡོ་རྗེ་ལས་དང་། ལས་ཀྱི་རྡོ་རྗེ་མའི་གནས་ཀྱིའོ། །གོ་ཆ་ནི་རྡོ་རྗེ་སྲུང་བའི་གནས་ཀྱིའོ། །མཐེ་ཆུང་མཆེ་བ་དང་ནི་རྡོ་རྗེ་གནོད་སྦྱིན་གྱི་གནས་ཀྱིའོ། །ཁུ་ཚུར་གཉིས་ནི་མནན་པའོ། །ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་གནས་ཀྱིའོ། །རྡོ་རྗེ་བསྒྱིངས་པའི་
ཚུལ་གྱིས་ནི། །བསམ་པ་གཡོས་པར་འདུད་པར་བྱ། །ཕྲེང་བ་བཅིངས་དང་ཁ་ནས་དབྱུང་། །རྡོ་རྗེ་གར་ནི་བསྐོར་བ་ཡིན། །རྡོ་རྗེ་ཁུ་ཚུར་ཚུལ་གྱིས་ནི། །རྡོ་རྗེ་གཉི་ག་ཐུར་དུ་བླུགས། །གྱེན་འཐོར་མཐེ་བོ་བསྙམས་ཏེ་བསྡམས། །རབ་ཏུ་བརྐྱང་ནས་བྱུགས་པ་ཡིས། །མངོན་པར་འདོད་པ་

སྦྱར་བར་བྱ། །མཛུབ་མོ་ལྕགས་ཀྱུ་བཅིང་བ་ནི། །མཐེའུ་ཆུང་ལས་ཏེ་ལྕགས་ཀྱུ་ཆེ། །མཁྲིག་མ་མདུད་པ་མཛུབ་གཉིས་མདུད། །རྒྱབ་གཉིས་ཀྱང་ནི་བསྙམས་ཏེ་མནན། །ཞེས་བྱ་བ་ནི། རྡོ་རྗེ་སྒེག་མོའི་གནས་ནས་བརྩམས་ནས། ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུག་པ་དེ་དག་གི་
ལས་ཀྱི་ཕྱག་རྒྱའོ། །ཐམས་ཅད་འགྲུབ་བྱེད་དག་པ་སྟེ། །རྡོ་རྗེ་ལས་ཀྱི་ཚུལ་གྱིས་སོ། །ཞེས་བྱ་བ་ནི། རྣམ་པར་སྣང་མཛད་ལ་སོགས་པ་ནས་རྡོ་རྗེ་འབེབས་པའི་མཐར་ཐུག་པ་ཇི་སྐད་བཤད་པའི་དངོས་གྲུབ་འདོད་པ་དེས་ལས་ཀྱི་ཕྱག་རྒྱ་འདི་དག་ཐམས་ཅད་ཀྱིས་དངོས་གྲུབ་ཐམས་ཅད་བྱེད་དོ། །
དག་པ་ནི་ཀུན་དུ་ལམ་ངན་པ་སྤངས་པའོ། །རྡོ་རྗེ་ལས་ནི་གར་གྱི་སྦྱོར་བ་ལས་བྱུང་བའི་གར་ནི་དེ་དག་གི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་གྱི་འགྲེལ་པ་རྫོགས་སོ།། །།དེ་ལྟར་རྒྱས་པ་ལ་དགའ་བའི་སེམས་ཅན་རྗེས་
སུ་གཟུང་བའི་ཕྱིར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་དང་། གཟུངས་དང་། ཆོས་དང་ལས་ཀྱི་དཀྱིལ་འཁོར་རྣམས་བསྟན་ནས། ད་ནི་བར་མ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བའི་ཕྱིར། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་
དཀྱིལ་འཁོར་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུར་གསུངས་པའི་དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ནི། དེ་ནས་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་
ཏིང་ངེ་འཛིན་གྱི་རྗེས་ཐོགས་ཉིད་ལའོ། །དེ་ལ་དང་པོ་སྦྱོར་བའི་ཏིང་ངེ་འཛིན་ཉིད་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ཉིད་དུ་གསུངས་པ་ཉིད་གཟུང་བར་བྱའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་པར་སྣང་མཛད་དོ། །ཡང་ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་
རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་ལ་ལྟོས་པས་ན། ཡང་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་ལྟོས་པའི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་དེ་ཉིད་ཀྱིས།

སེམས་ཅན་གྱི་ཁམས་ལ་རྒྱས་འདེབས་པས་ན་ཕྱག་རྒྱའོ། །དེའི་བྱིན་གྱིས་བརླབས་པའི་བརྟན་པར་གྱུར་པའི་ཏིང་ངེ་འཛིན་གང་ཡིན་པ་མིང་དེ་སྐད་ཅེས་བྱ་བ་དེ་ལ་སྙོམས་པར་ཞུགས་ཤིང་མངོན་སུམ་དུ་མཛད་པའོ། །འདི་ཞེས་བྱ་བ་ནི་འཆད་པར་འགྱུར་བ་བློ་ལ་གནས་པའི་རང་གི་རིག་པ་དམ་པ་
གསུངས་པ་དེ་འཆད་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྤྲུལ་པ་ལ་བརྟན་པར་བྱེད་པའི་རྣམ་པར་ཐུགས་རྩེ་གཅིག་ཏུ་མཛད་ནས། རིག་པ་དམ་པ་འདི་གསུངས་སོ། །དེས་དཀྱིལ་འཁོར་བསྐྱེད་པ་བརྟན་པའི་རྒྱུར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །
དེ་ལྟར་རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་ཧཱུཾ་མཛད་དང་། ཆོས་ཀྱི་ཧཱུཾ་མཛད་དང་། ལས་ཀྱི་ཧཱུཾ་མཛད་རྣམས་ཀྱི་རང་གི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྔ་མ་བཞིན་དུ་སྤྲུལ་པས་བརྟན་པར་བྱས་པ་ལ་ཡང་ཤེས་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། དཀྱིལ་འཁོར་གྱི་བདག་པོ་ལྔས་སོ་སོར་རིག་
པ་གསུངས་ནས་གཅིག་ཏུ་གྱུར་ནས་བསྐྱེད་པ་ཡིན་ནོ། །ཇི་ལྟར་དེ་བཞིན་གཤེགས་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྤྲུལ་པའི་ཕྱིར། དང་པོར་སྦྱོར་བའི་ཏིང་ངེ་འཛིན་བསྐྱེད་པར་འདོད་པས་ཀྱང་འོག་མིན་དུ་མངོན་པར་བྱང་ཆུབ་ནས་དེ་བཞིན་གཤེགས་པ་རྣམ་པ་ལྔ་དང་བཅས་པ་
སྟེ། ཇི་སྐད་བཤད་པའི་རྩེ་མོ་རྡོ་རྗེ་དང་ནོར་བུ་རིན་པོ་ཆེ་ལས་བྱས་པའི་ཁང་པ་བརྩེགས་མར་བྱོན་པ་ཡིན་གྱི་གཅིག་པུ་བྱོན་པ་མེད་པའི་ཕྱིར་རོ། །རྡོ་རྗེ་རིགས་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་འདིར་ཡང་བསྐྱེད་པའི་རྒྱུར་གྱུར་པའི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་བསྒོམ་པར་བྱའོ། །དེ་བས་ན་
དེ་བཞིན་གཤེགས་པའི་ཕྱག་རྒྱ་བཞི་པ་སྤྲུལ་ཅིང་བསྐྱེད་པའི་ཕྱིར་ཡེ་ཤེས་བཞིའི་བདག་ཉིད་རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་རྣམས་དགོད་པར་བྱའོ། །ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རྣམ་པ་ལྔ་པ་ཐམས་ཅད་སྤྲུལ་པར་བཤད་པས། རྡོ་རྗེ་ཧཱུཾ་མཛད་ལ་
སོགས་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྤྲུལ་པ་ཐམས་ཅད་དུ་ཡང་བལྟ་བར་བྱའོ། །དཔེར་ན་རྣམ་པར་སྣང་མཛད་ཀྱི་རིག་པ་གསུངས་ནས་ཐམས་ཅད་གཅིག་ཏུ་གྱུར་ཏེ། རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བསྐྱེད་པ་དེ་བཞིན་དུ་ལས་ཀྱི་ཧཱུཾ་མཛད་ཀྱི་རིག་པ་གསུངས་ནས།

ཐམས་ཅད་གཅིག་ཏུ་གྱུར་ཏེ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་བསྐྱེད་པ་ཡིན་ནོ་ཞེས་བྱ་བའི་བར་དུ་འགྱུར་རོ། །གཞུང་འདི་ཙམ་གྱིས་ནི། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་པོ་གསུངས་པ་ཡིན་ནོ། །དེ་ནས་བསྡུ་བ་བྱ་བ་
ནས་བརྩམས་པ་ནི། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་ལས་ཀྱི་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་ལྔ་པོ་ཤེས་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཞི་པའི་
དཀྱིལ་འཁོར་དུ་དམ་ཚིག་དང་དབང་བསྐུར་བ་ཐོབ་པར་བསྒྲུབ་པར་བྱ་བའི་ཕྱིར། དེ་ནས་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་ཆོ་ག་དང་སློབ་མ་འཇུག་པའི་ཆོ་ག་རྒྱས་པ་གསུངས་སོ། །དེ་ནས་ཞེས་བྱ་བ་ནི་གནས་སྐབས་ཏེ། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་སྟོན་
པ་ཞེས་བྱ་བའི་དོན་ཏོ། །ཡང་ཞེས་བྱ་བ་ནི་ལས་ཀྱི་དཀྱིལ་འཁོར་ལ་ལྟོས་པའོ། །དེ་ནས་ཞེས་བྱ་བ་ནི་དེ་མ་ཐག་པ་སྟེ། ཕྱག་རྒྱ་བཞི་བསྒོམ་པའི་བརྟུལ་ཞུགས་སྤྱད་པ་དེའི་རྗེས་ཐོགས་ལ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྒྱུ་དེའི་ཕྱིར་རོ་ཞེས་བྱ་
བའི་དོན་སྟོན་ཏོ། །གང་གི་ཕྱིར་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་འདུན་པ་མེད་ན་བར་མ་ལ་དགའ་བའི་སེམས་ཅན་རྣམས་རྗེས་སུ་གཟུང་བ་མེད་པ་དེའི་ཕྱིར་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རབ་ཏུ་བཤད་པར་བྱས་པའོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་སྤྲུལ་པའི་ཕྱག་རྒྱ་བཞི་
པའི་དཀྱིལ་འཁོར་དང་འདྲའོ། །རྡོ་རྗེ་ཁྲོ་བོ་ཞེས་སུ་བཤད། །ཅེས་བྱ་བ་ནི་དེ་བཤད་ཟིན་ཏོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །དཀྱིལ་འཁོར་ཐམས་ཅད་སྲད་བུ་བྲེ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ། དཀྱིལ་འཁོར་
འདི་ཐམས་ཅད་ཀྱི་ཐིག་ཀྱང་བཏབ་ལ། ཉེ་བའི་ཁྱམས་སྤངས་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བཞིན་དུ་བྲི་བར་བྱའོ། །སངས་རྒྱས་ཀྱི་ནི་ཕྱོགས་ཀུན་དུ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་

དུ་མདུང་རྩེ་གསུམ་པའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་འབར་བ་ལ་སོགས་པ་གང་ལ་ཡོད་པ་དེ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རིན་པོ་ཆེ་དང་། ཆོས་དང་ལས་ཀྱི་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་ནི་འཇིག་རྟེན་གསུམ་ལས་རྒྱལ་བ་ལ་སོགས་པའོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་
ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཚུལ་གྱིས་དཀྱིལ་འཁོར་གྱི་དབུས་སུ་རྣམ་པར་སྣང་མཛད། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ནས་གཞག་པར་བྱའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་གནས་སུ་གླང་པོ་ཆེའི་གདན་ལ་ཟླ་བའི་དཀྱིལ་འཁོར་ལ་མདུང་རྩེ་གསུམ་པའི་སྟེང་དུ་ཡི་གེ་
ཛྷི་ལས་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེ་རྩེ་ལྔ་པ་འབར་བ། རིན་ཆེན་འབྱུང་ལྡན་གྱི་གནས་སུ་རྟའི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་ཡི་གེ་ཛྷི་ལས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྩེ་མོ་རྡོ་རྗེ་རྩེ་ལྔ་པས་མཚན་པ། འོད་དཔག་ཏུ་མེད་པའི་གནས་སུ་
རྨ་བྱའི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཡི་གེ་དྷི་ལས་པདྨ་འདབ་མ་བཅུ་དྲུག་པ་རྡོ་རྗེས་མཚན་པ། དོན་ཡོད་པར་གྲུབ་པའི་གནས་སུ་མཁའ་ལྡིང་གི་གདན་གྱི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བརྒྱ་བྱིན་གྱི་རྡོ་རྗེ་རྩེ་གསུམ་པ། དེའི་སྟེང་དུ་ཡི་གེ་ཧྲཱིཿལས་སྣ་ཚོགས་
རྡོ་རྗེ་ལ་སྣ་ཚོགས་རྡོ་རྗེ་ཕྲ་མོས་ཡོངས་སུ་བསྐོར་བ་བྲི་བར་བྱའོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་སྦྱོར་བས་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྗེས་སུ་སྤྱད་ལ་ཇི་ལྟ་བ་བཞིན་བསྡུ་བར་བྱའོ། །དེ་ནས་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པ་བྱས་ལ། དེ་ལྟར་དཀྱིལ་
འཁོར་འདིར་ཡང་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་སྤྱན་དྲངས་པ་ལ་སོགས་པའི་ཆོ་ག་རྒྱས་པར་བྱའོ། །དེ་ནས་ཞེས་བྱ་བའི་སྒྲ་ནི་དེ་མ་ཐག་པའོ། །ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ་མཚན་བརྒྱ་རྩ་བརྒྱད་པས་བསྟོད་པའི་རྗེས་ཐོགས་ལ་ཞེས་བྱའོ། །ཇི་ལྟར་འཇིག་རྟེན་གསུམ་ལས་རྣམ་པར་
རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས། ཁྲོ་བོ་རྡོ་རྗེ་ལྕགས་ཀྱུའི་ལས་ཀྱི་ཕྱག་རྒྱས་དགུག་པར་བཤད་པ་དེ་བཞིན་དུ་འདིར་ཡང་དགུག་པ་དང་། ཞགས་པས་གཞུག་པ་དང་། ལྕགས་སྒྲོག་གིས་བཅིང་བ་དང་། ཁྲོ་བོ་རྡོ་རྗེ་འབེབས་པའི་ལས་ཀྱི་ཕྱག་རྒྱས་དབང་དུ་བྱས་ཏེ། རྡོ་རྗེ་གནོད་

སྦྱིན་གྱིས་བགེགས་བསྐྲད་ནས་ཕྱོགས་བཅིང་བ་ལ་སོགས་པ་བྱས་ནས། ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱིས་སྒོ་བཅད་ལ་ཁྲོ་བོ་རྡོ་རྗེ་སྲུང་བས་སྲུང་བ་ཐམས་ཅད་ཡང་དག་པར་བསྲུངས་ལ། ཕྱག་རྒྱ་བཞིའི་དཀྱིལ་འཁོར་ལྔ་ལས་བཤད་པའི་རིག་པས་མཆོད་ཡོན་ཕུལ་ལ།
དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དུ་བྱས་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཕྱག་རྒྱ་བཞིས་མདུང་
རྩེ་གསུམ་པ་རྡོ་རྗེའི་ཕྱག་རྒྱས་མནན་པ་ལ་སོགས་པ་ཕྱག་རྒྱ་བཞིས་རྒྱས་གདབ་པར་བྱའོ། །བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་རྡོ་རྗེ་དབྱིངས་སུ་བཤད་པའི་རྡོ་རྗེ་རིན་ཆེན་གྱི་ཕྱག་རྒྱས་དབང་བསྐུར་བ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་ཕྱག་རྒྱ་བཞི་
ལ་དེ་བཞིན་གཤེགས་པའི་སྐུ་ལྔ་དང་རྡོ་རྗེ་རིན་པོ་ཆེའི་ཕྲེང་བའི་དབང་བསྐུར་བས་དབང་བསྐུར་ལ། སྔ་མ་བཞིན་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་གཟུངས་ཀྱི་དཀྱིལ་འཁོར་དུ་གསུངས་པའི་ཆོ་གས་སློབ་མ་འཇུག་
པའི་ཆོ་ག་རྒྱས་པར་བྱའོ། །དེ་ལྟར་སློབ་དཔོན་གྱི་ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བཤད་ནས། དམ་ཚིག་དང་དབང་བསྐུར་བ་ཐོབ་པའི་སློབ་དཔོན་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལས་གསུངས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ་ཞེས་བསྟན་
པའི་ཕྱིར། བཅུག་ནས་ཕྱག་རྒྱ་བཞི་ཡི་དཀྱིལ་འཁོར་གྱི། །ཞེས་བྱ་བ་སྨོས་སོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་གསང་བའི་ཕྱག་རྒྱ་རྣམ་པ་བཞི་བསྒོམས་ནས་བུད་མེད་དང་ལྷན་ཅིག་ཏུ་གནས་པར་བྱའོ་ཞེས་བྱ་བ་དེའི་ངོ་བོའི་ཡེ་ཤེས་བསླབ་པའོ། །རང་གི་ཕྱག་རྒྱ་བཞིའི་དཀྱིལ་འཁོར་བྲིས་ནས་
ཆོས་ཉིད་དག་བརྗོད་ལ་ཞེས་བྱ་བ་ནི། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བི་ཤུདྡྷ་དྷརྨྨ་ཏེ་ཧོ་ཞེས་བྱ་བ་དང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བས་རིག་པ་འདི་བཟླས་ནས། ཇི་སྲིད་དུ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཐུན་བཞིར་སྒོམ་པའི་སྦྱོར་བས་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་དཀྱིལ་

འཁོར་དེ་མངོན་སུམ་དུ་མཐོང་བ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་ཟླ་བ་ཉ་བ་ལ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་རང་ཉིད་ཀྱིས་བྲིས་ཏེ། གཞན་གྱིས་བྲི་བར་མི་བྱའོ། །དེ་ལྟར་བདག་ཉིད་ཀྱིས་རྣམ་པར་སྣང་མཛད་ལ་སོགས་པའི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲིའོ། །ཆོས་ཉིད་
དག་པ་བརྗོད་ཅེས་བྱ་བ་ནི། བཤད་མ་ཐག་པའི་རིག་པ་བཟླས་པའོ། །བུད་མེད་ལྷན་ཅིག་གནས་ན་ཡང་། །གྲུབ་པ་ཡང་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་ཆེན་པོས། བུད་མེད་དང་ལྷན་ཅིག་ཏུ་གྱུར་པར་ལྷག་པར་མོས་ནས་ལྷན་ཅིག་ཏུ་གནས་པ་
དེས་དངོས་གྲུབ་ཐོབ་པར་འགྱུར་རོ། །རང་ཉིད་ཀྱིས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲིས་ནས་ཞུགས་ལ་མཚན་ཐོག་ཐག་བསྒོམ་པར་བྱའོ། །དེ་ནས་ཉི་མ་ཤར་བའི་དུས་སུ་རྡོ་རྗེ་ཧཱུཾ་མཛད་དང་འདྲ་བར་འགྱུར་རོ། །རང་གི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲིས་པ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །
ཆོས་ཉིད་དག་པ་བརྗོད་ལ་ཞེས་བྱ་བ་ནི། ཨོཾ་བཛྲ་བི་ཤུདྡྷ་དྲྀཥྚ་ཛཿཞེས་བརྗོད་ཅིང་། ཆགས་པས་བུད་མེད་བལྟས་ནས་ནི། །གྲུབ་པ་ཡང་ནི་ཐོབ་པར་འགྱུར། །ཞེས་བྱ་བ་ལ་ཤིན་ཏུ་བུད་མེད་ལ་ཆགས་པ་ནི་དེས་རང་གི་ཕྱག་རྒྱ་ཆེན་པོ་ལ་བལྟས་ལ་བསྒོམས་ཏེ། སྔར་བཤད་པའི་ཚུལ་གྱིས་
བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར་རོ། །གང་གི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲིས་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཉིད་དག་པ་བརྗོད་ལ་ཞེས་བྱ་བ་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷ་མུ་ཁཱི་ཧཱུཾ་ཞེས་བརྗོད་དོ། །བུད་མེད་མཛེས་ལ་འཕྲད་པས་འགྲུབ། །ཅེས་བྱ་བ་ནི་འཇིག་རྟེན་གསུམ་
གྱི་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོའི་ཕྱག་རྒྱ་ཆེན་པོ་སྦྱོར་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་དུ་བྱས་ལ། འཇིག་རྟེན་དབང་ཕྱུག་གི་ཕྱག་རྒྱ་ཆེན་པོ་མངོན་སུམ་དུ་གྱུར་པ་ནི་དངོས་གྲུབ་ཐོབ་པའོ། །རང་གི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་བྲིས་ནས་ཞེས་བྱ་བ་ནི་སྔ་མ་བཞིན་ནོ། །ཆོས་ཉིད་དག་པ་
བརྗོད་ལ་ཞེས་བྱ་བ་ནི། ཨོཾ་སྭ་བྷཱ་བ་བི་ཤུདྡྷ་ཀཱ་ཡ་བཱཀ་མ་ན་ཀརྨ་བཛྲི་ཧཾ་ཞེས་བརྗོད་དོ། །བཅོམ་ལྡན་འདས་ལས་ཀྱི་ཧཱུཾ་མཛད་དུ་བྱས་ལ། མདུན་དུ་གནས་པའི་རང་གི་ཕྱག་རྒྱ་ཆེན་པོ་ལ་འཁྱུད་ནས། རང་བཞིན་གྱིས་རྣམ་པར་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦྱོར་བ་བྱའོ། །དེས་

ཅིར་འགྱུར་ཞེ་ན། དངོས་གྲུབ་ཐོབ་པར་འགྱུར་ཏེ། ལས་ཀྱི་ཧཱུཾ་མཛད་དུ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞེས་བྱ་བ་ནི། གཞན་ཡང་ཞེས་བྱ་བའི་དོན་ཏོ། །ཕྱག་རྒྱ་བཞིའི་དཀྱིལ་འཁོར་གྱི་གསང་བ་སྦས་པའོ། །ཕྱག་རྒྱ་ནི་རིགས་ལྔ་བསྒོམ་པའོ། །རིགས་ལྔ་
བསྒོམས་པ་དེ་བསླབ་པར་བྱའོ། །དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་། །ཞེས་བྱ་བ་ནི། སྔར་བཤད་པའི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་ཞུགས་ནས་ཕྱིས། འདོད་པའི་ཡོན་ཏན་ལྔ་ཡིས་ནི། །ཞེས་བྱ་བ་ནི་སྒྲུབ་པ་པོའི་ཡིད་དུ་འོང་བའི་རྒྱུར་
གྱུར་པའོ། །གཞན་གྱི་བུད་མེད་མཆོག་ཅེས་བྱ་བ་ནི། དེ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་ཕྱག་རྒྱ་སྟེ། བུད་མེད་མཆོག་མཛེས་པར་གྱུར་པའོ། །ཡིད་དུ་འོང་བ་དེས་ཤིན་ཏུ་གྲུབ་པ་ཐོབ་པར་འགྱུར་ཞེས་བྱ་བའོ། །དེ་ལ་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་།
སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་རིག་པ་རྣམས་ནི་འདོད་པའི་ཡོན་ཏན་ལྔའོ། །འདོད་པར་བྱས་པས་ན་འདོད་པ་སྟེ། མངོན་པར་འདོད་ཅེས་བྱ་བའི་དོན་ཏོ། །དེ་ནི་དགེ་བ་སྟེ། ཡིད་ཀྱིས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྤངས་པའི་ཕྱིར། ཡོན་ཏན་ཞེས་བྱ་བ་ནི། དཔལ་
གྱི་དོན་ཏེ་སྐལ་བ་དང་ལྡན་པར་འགྱུར་ཞེས་བྱ་བའི་དོན་ཏོ། །འདོད་པ་དམ་པར་གྱུར་པའི་དངོས་གྲུབ་ཐོབ། །ཅེས་བྱའོ། །དེ་སྐད་དུ་ཡང་། གསང་བ་སྲ་ཞིང་མཐོ་བ་ལས། །གསང་བ་ལྔ་ཡིས་བསྒྲུབ་པས་ནི། །འདོད་པའི་ཡོན་ཏན་ལྔ་ཞེས་བཤད། །དེ་བཞིན་གཤེགས་པའི་རིགས་
ལ་སོགས། །རོལ་པ་བསྒྲུབ་པ་ཉིད་ཡིན་ནོ། །གཞན་ཡང་མི་བསྐྱོད་ཡེ་ཤེས་རིགས། །རིན་ཆེན་ལ་གནས་དེ་བཞིན་རིགས། །འོད་དཔག་མེད་པའི་རིགས་རྣམས་དང་། །དེ་བཞིན་དོན་ཡོད་གྲུབ་པ་དང་། །འདིར་ནི་འདོད་ཡོན་ཞེས་སུ་བཤད། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །
སེམས་ཅན་རྣམས་ལ་ཐུགས་བརྩེ་བ། །ཞེས་ཡང་དང་ཡང་དུ་རྒྱས་པར་བཤད་དོ། །ཧོ་བཛྲ་ཀརྨ་ཞེས་ལན་གསུམ་གྱི་བར་དུ་བརྗོད་ནས་འདོད་པའི་ཡོན་ཏན་རྣམ་པ་ལྔ་ལ་བསྒོམ་པར་བྱའོ། །འདི་སྐད་སྟོན་པ་ཡིན་ཏེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་

གསུངས་པའི་ཚུལ་གྱིས། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པའི་སྦྱོར་བས་ཇི་སྐད་གསུངས་པའི་རྣལ་འབྱོར་ཆེན་པོ་བྱས་ལ། རང་གི་སྙིང་གར་སྟོང་གསུམ་པའི་སངས་རྒྱས་ཀྱི་ཞིང་གི་ཚད་དང་མཉམ་པའི་ཟླ་བའི་དཀྱིལ་འཁོར་ལ། ནམ་མཁའ་དང་མཉམ་པའི་སྦྱོར་བས་ཞུགས་ཏེ། ཡིད་ཀྱིས་རྡོ་རྗེ་
ཧཱུཾ་མཛད་དུ་བསྐྱེད་ལ། ཧཱུཾ་ཞེས་བྱ་བས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སྤྲུལ་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་ས་མ་ཡེ་ཧཱུཾ་ཞེས་བྱ་བས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་སྤྲུལ་ལ། བདག་
ཉིད་རྣམ་པར་སྣང་མཛད་དུ་གྱུར་པར་བྱའོ། །ཧཱུཾ་བཛྲ་མ་ཊ་ཅེས་བྱ་བས། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཨོཾ་བྷྲྀ་ཀུ་ཊི་བཛྲ་རཏྣ་ཞེས་བྱ་བས་རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་བར་བྱའོ། །ཧཱུཾ་པདྨ་བཛྲི་དྷྲྀཀ་ཅེས་བྱ་བས་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིང་ངོ་། །ཧཱུཾ་བཛྲ་
ཀརྨྨ་ཨ་ཀྲྀད་ཅེས་བྱ་བས། ལས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བདག་ཉིད་ཀྱིས་སྤྲུལ་པར་བྱའོ། །ཨོཾ་བཛྲ་ཛྭ་ལ་ཨགྣ་པྲ་དཱི་པྟ་ཨཱ་ཀཪྵ་ཡ་སརྦྦ་ཏ་ཐཱ་ག་ཏཾ་མ་ཧཱ་ས་མ་ཡ་ཧཱུཾ་ཛཿཞེས་བྱ་བ་ནས། ཨོཾ་བཛྲ་ཨ་བྷི་ཤ་མ་ཧཱ་ཀྲོ་
དྷ་སརྦྦ་ས་མ་ཡ་ཧཱུཾ་ཨཿཞེས་བྱ་བའི་བར་དུ་ཚིག་ཙམ་གྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ལྷ་ཐམས་ཅད་སྙིང་པོས་བཞུགས་སུ་གསོལ་ལ། ཨོཾ་བཛྲ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་ལྷ་ཐམས་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེའི་བདག་ཉིད་དུ་བསྒོམ་
པར་བྱའོ། །ཨོཾ་སྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་རང་བཞིན་གྱིས་རྣམ་པར་དག་པར་བསྒོམས་ལ། བདག་ཉིད་གཟུགས་བརྙན་དང་མཚུངས་པར་བསམ་པར་བྱའོ། །ཨོཾ་སརྦ་ས་མོ྅ཧཾ་ཞེས་བརྗོད་པས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་བདག་མེད་པའི་རང་བཞིན་དུ་བདག་གིས་བསམ་པར་
བྱའོ། །དེ་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་རང་བཞིན་ནི་ང་ཉིད་ཡིན་ནོ་ཞེས་ང་རྒྱལ་བསྐྱེད་ལ་འདི་སྐད་ཅེས་ལན་གསུམ་བརྗོད་དོ། །ཧོ་བཛྲ་ཀརྨྨ་ཞེས་བརྗོད་དོ། །དེ་ནས་རང་འདོད་པའི་ལྷའི་ཁྲོ་བོ་ཧཱུཾ་མཛད་བཞིའི་སྔགས་ཡིད་ཀྱིས་བསམ། རྡོ་རྗེའི་

ཚིག་གམ། ཁྲོ་བོའི་བཟླས་བརྗོད་བྱས་ལ། རང་གི་སྙིང་གའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་བསྒོམས་ཏེ། ཇི་སྲིད་མངོན་དུ་མཐོང་བར་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་དཀྱིལ་འཁོར་ཆེན་པོ་བྲིས་ལ་མཚན་ཐོག་ཐག་
བསྒོམས་ནས། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཔལ་རྡོ་རྗེ་ཧཱུཾ་མཛད་ཉིད་དུ་འགྱུར་རོ། །གལ་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་བསྒྲུབ་པར་འདོད་ན་རྣམ་པར་སྣང་མཛད་དང་། དེ་བཞིན་དུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་རིན་ཆེན་ཧཱུཾ་མཛད་
དང་། ལས་ཀྱི་ཧཱུཾ་མཛད་མ་རྣམས་ཀྱི་གཟུངས་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ཨོཾ་སརྦྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡེ་ཧཱུཾ་ཞེས་བྱ་བ་ལ་སོགས་པ། ཕྱག་རྒྱ་རྣམ་པ་ལྔས་སྔར་བཤད་པ་བཞིན་དུ་རང་གི་སྙིང་གར་གཟུངས་ཀྱི་དཀྱིལ་འཁོར་སྤྲུལ་ལ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་
ཀྱི་དཀྱིལ་འཁོར་ལས་གསུངས་པའི་རིག་པས་རང་གི་གནས་རྣམས་སུ་གཟུངས་ཐམས་ཅད་བཀོད་ནས། སྔར་བཤད་པའི་སྙིང་པོ་བརྗོད་པའི་རིམ་གྱིས་སྒོམ་པ་རྣམ་པ་བཞི་བྱས་ཏེ། རེ་རེ་ཞིང་བཟླས་བརྗོད་ཁྲི་བྱས་ནས་དེས་འགྲུབ་པར་འགྱུར་རོ། །དེ་ནས་གཟུངས་ཀྱི་དཀྱིལ་འཁོར་ཇི་ལྟ་
བ་བཞིན་དུ་བྲིས་ལ། མཚན་ཐོག་ཐག་སྒོམ་པ་བྱས་ན་འགྲུབ་པར་འགྱུར་རོ། །གལ་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དཀྱིལ་འཁོར་བསྒྲུབ་པར་འདོད་ན་སྔ་མ་བཞིན་ཕྱག་རྒྱ་རྣམ་པ་ལྔས་རང་གི་སྙིང་གར་ཆོས་ཀྱི་དཀྱིལ་འཁོར་སྤྲུལ་ལ། ཆོས་ཀྱི་དཀྱིལ་འཁོར་ལས་
གསུངས་པའི་སྔགས་རྣམས་བརྗོད་པ་ཙམ་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་ནས། ཁྲོ་བོ་རྡོ་རྗེ་འབེབས་པའི་མཐར་ཐུག་པ་རང་གི་གནས་སུ་བཀོད་ལ། སྔ་མ་བཞིན་དུ་སྙིང་པོ་བརྗོད་པའི་རིམ་གྱིས་དོན་རྣམ་པ་བཞི་བསྒོམས་ཏེ། དེ་ནས་སྣའི་རྩེ་མོར་སྙིང་ག་ན་གནས་པའི་ཆོས་
ཀྱི་འཁོར་ལོ་བཏེག་སྟེ། སྣའི་རྩེ་མོར་ཆོས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྔགས་ཡིད་ཀྱིས་བརྗོད་ཅིང་ཐམས་ཅད་བདག་ཡིན་ནོ་ཞེས་བསྒོམ་ཞིང་ཇི་སྲིད་མངོན་སུམ་དུ་གྱུར་པ་དེ་སྲིད་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ནས་སྤྲོ་བ་དང་། བསྡུ་བའི་སྦྱོར་བས་ཟླ་བ་གཅིག་བསྒོམས་ལ།

དེ་ནས་ཆོས་ཀྱི་དཀྱིལ་འཁོར་བྲིས་ཏེ། མཚན་ཐོག་ཐག་བསྒོམས་ན་ཏིང་ངེ་འཛིན་ཐམས་ཅད་ཐོབ་པར་འགྱུར་རོ། །གལ་ཏེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ལས་ཀྱི་དཀྱིལ་འཁོར་འགྲུབ་པར་འདོད་ན། དེ་བཞིན་དུ་ཆོ་ག་ཐམས་ཅད་རྗེས་སུ་སྤྱད་ལ། ཨོཾ་བཛྲ་པཱ་ཎི་བཛྲ་ཀརྨྨ་ཀ་རོདྦྷ་
བ་ཞེས་བྱ་བའི་སྙིང་པོ་འདི་དང་། སྣ་ཚོགས་རྡོ་རྗེ་ཕྱག་རྒྱ་འདིས་གཟུང་ངོ་། །དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། རྡོ་རྗེའི་ཕྱག་རྒྱ་གཉིས་བཅིངས་པས། །དེ་གཉིས་རྡོ་རྗེ་དམ་དུ་གཟུང་། །མཛུབ་མོ་མཐེའུ་ཆུང་བསྣོལ་བ་ནི། །རྡོ་རྗེ་གོས་མཆོག་དཀྱིལ་འཁོར་རོ། །ཞེས་བྱ་བའོ། །དེ་ལྟར་སྣ་
ཚོགས་རྡོ་རྗེ་བླངས་ནས། ཡིད་ཀྱིས་དེ་བཞིན་དུ་སྙིང་གར་ཞུགས་ཏེ། སྔ་མ་བཞིན་དུ་རིག་པ་རྣམ་པ་ལྔས་རང་གི་སྙིང་གར་ལས་ཀྱི་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲུལ་ལ། ལས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རིག་པ་རྣམས་ཀྱིས་རང་གི་གནས་སུ་བཞག་ལ་སྔར་བཤད་པའི་སྙིང་པོ་
བརྗོད་པའི་རིམ་གྱིས་དོན་རྣམ་པ་བཞི་བསྒོམས་ཏེ། རེ་རེ་ཞིང་བཟླས་པ་ཁྲི་བྱས་པས། དེ་ལྟར་ལས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར་རོ། །དེ་ནས་དཀྱིལ་འཁོར་བྲིས་ལ་མཚན་ཐོག་ཐག་བསྒོམས་ན་འགྲུབ་པར་འགྱུར་རོ། །ཉིན་རེ་ཞིང་རྣམ་འབྱོར་ཆེན་པོ་ལན་རེ་བྱས་ལ་ཐུན་བཞི་རུ་
བསྒོམས་ལ་ཇི་སྐད་བཤད་པ་བཞིན་དུ་བྱའོ། །ཇི་ལྟར་རྡོ་རྗེ་རིགས་ཀྱི་སྒྲུབ་པ་བཤད་པ་ཉིད་ཀྱིས་དེ་བཞིན་གཤེགས་པ་ལ་སོགས་པའི་སྒྲུབ་པ་ལ་ཡང་ཤེས་པར་བྱའོ། །དེའི་དོན་ནི་འདི་སྐད་འཆད་པ་ཡིན་ཏེ། འདིར་དབང་བསྐུར་བ་ཐམས་ཅད་ཀྱི་སློབ་དཔོན་དུ་གྱུར་ཏེ། རིགས་ཐམས་
ཅད་ཀྱི་སྒྲུབ་པ་གནང་བའི་ཕྱིར་རོ། །དེ་ལྟར་འདིར། འདོད་པའི་ཡོན་ཏན་ལྔ་ཡིས་ནི། །བུད་མེད་མཆོག་ནི་མགུ་བྱས་ན། །ཤིན་ཏུ་གྲུབ་པ་ཐོབ་པར་འགྱུར། །ཞེས་བྱ་བའི་རིགས་ཐམས་ཅད་སྒྲུབ་པའི་རྗེས་སུ་གནང་བའི་ཕྱིར་རོ། །ཐམས་ཅད་དུ་ཡང་ཧོ་བཛྲ་ཀརྨཱ་ཞེས་ལན་གསུམ་
བརྗོད་ཅིང་བསྒོམ་པ་དང་བཟླས་པ་བྱའོ། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་དམ་ཚིག་སྨྲོས་ཤིག །བདག་ཉིད་ཆེན་པོ་གང་གང་གི །ཕྱག་རྒྱ་གང་དང་གང་བཅིང་བ། །བཟླས་པའི་སྙིང་པོའི་དོན་དུ་ནི། །དེར་ནི་བདག་ཉིད་བསྒོམ་པར་བྱ། །ཡེ་ཤེས་འདི་ཡི་ཚུལ་གྱིས་ནི། །ཕྱག་ན་རྡོ་རྗེས་

གསུངས་པ་བཞིན། །བདག་ཉིད་ཆེན་པོའི་ཕྱག་རྒྱ་ཀུན། །དེ་དག་ཀུན་གྱིས་འགྲུབ་པར་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་བརྗོད་པར་བྱའོ། །རང་གི་དབང་པོ་བཤིག་ནས་ནི། །རྡོ་རྗེ་བཅིང་བས་གཟུང་བར་བྱ། །དེ་ཡིས་ཕྱག་རྒྱ་གང་རེག་པ། །དེ་མ་ཐག་
ཏུ་དེ་དབང་འགྱུར། །དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་ཆོས་ཉིད་བརྗོད་པར་བྱའོ། །རྡོ་རྗེ་ཕྲ་མོའི་ཚུལ་སྦྱར་ལ། །ཡེ་ཤེས་ཕྱག་རྒྱ་བཅིང་བར་བྱ། །ཆོ་ག་འདི་ཡི་ཚུལ་གྱིས་ནི། །ཡེ་ཤེས་ཕྱག་རྒྱ་དབང་དུ་འགྱུར། །དེ་ནས་ཕྱག་རྒྱ་ཀུན་གྱི་ལས་བརྗོད་པར་བྱའོ། །གླུ་དང་གར་དང་ཟས་དང་བྲོ། །
སྤྱོད་པ་ལ་སོགས་བདེ་བ་རྣམས། །སངས་རྒྱས་རྣམས་ལ་ཕུལ་བྱས་ན། །ལས་ཀྱི་ཕྱག་རྒྱ་དབང་དུ་འགྱུར། །ཞེས་བྱའོ། །དེ་ལྟར་རིག་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཡེ་ཤེས་བཤད་ནས། ད་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུར་གསུངས་པའི་དངོས་གྲུབ་རྣམས་འཇིག་
རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ལྷའི་རྣལ་འབྱོར་བྱས་ལ། དེར་བཤད་པའི་རང་གི་ལྷའི་ཕྱག་རྒྱ་བཞིས་རྒྱས་བཏབ་ནས། ཇི་ལྟ་བ་བཞིན་དུ་བསྒྲུབ་པར་བྱའོ་ཞེས་བྱ་བའི་དོན་འདི་བསྟན་པར་བྱ་བའི་ཕྱིར། དེ་ནས་ཞེས་བྱ་བ་གསུངས་ཏེ།
དེ་ནས་ཞེས་བྱ་བ་ནི། དེ་བས་ན་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟ་བ་བཞིན་དུ་དེ་ལ་འདིར་ཡང་ཞེས་བྱ་བའི་སྒྲའི་དོན་ཏོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བ་བྱས་ནས། དེ་ལས་བཤད་པའི་
རྣལ་འབྱོར་ཆེན་པོ་བྱས་ལ། དེ་ལ་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་དུ་བྲི་བར་བྱའོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་བཤད་པའི་ཕྱག་རྒྱ་བཞི་པོ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ། ཕྱག་རྒྱ་
བཞིས་རྒྱས་བཏབ་ནས། དེ་ནས་རྡོ་རྗེ་མནན་པའི་མདུང་རྩེ་གསུམ་པའི་ཕྱག་རྒྱ་བཞི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་པའི་རང་གི་དམ་ཚིག་གི་ཕྱག་རྒྱ་བཞི་པོ་རྣམས་ཀྱིས་རྒྱས་གདབ་པར་བྱ་སྟེ། རང་ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་སྨོས་པས་དཀྱིལ་

འཁོར་གྱི་སློབ་དཔོན་གྱི་དོན་འདི་བྱའོ་ཞེས་གསུངས་པ་ཡིན་ནོ། །ཁ་ཅིག་ན་རེ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་རང་གི་ཁྲོ་བོའི་ལྷའི་རྣལ་འབྱོར་བྱས་ལ་ཕྱིས་ལྷ་རྣམས་ཀྱི་ཕྱག་རྒྱ་བཅིང་བར་བྱ་བ་འདི་ནི་ཇི་ལྟ་བ་བཞིན་ནོ་ཞེས་བྱ་བའི་སྒྲའི་
དོན་བཤད་པ་དེ་ཡིན་ནོ་ཞེས་ཟེར་རོ། །འདི་ཡང་རྒྱུད་ཕྱི་མ་དང་བཤད་པའི་རྒྱུད་ལས་བཅོམ་ལྡན་འདས་ཀྱིས་གསུངས་པས། དེས་སྒྲུབ་པ་ཉམས་པས་དངོས་གྲུབ་ཐོབ་པར་མི་འགྱུར་རོ་ཞེས་བསམས་ནས། དེ་བས་ན་ཐམས་ཅད་དྲན་པར་བྱའོ་ཞེས་བརྗོད་དོ། །ཇི་སྐད་བཤད་པའི་
རྡོ་རྗེས་མནན་པའི་རྩེ་གསུམ་པ་དེ་ནི། རྡོ་རྗེས་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་སྟེ། དེ་ལ་སོགས་པ་གང་ཡིན་པ་དེ་ནི་རྡོ་རྗེས་མནན་པའི་རྩེ་གསུམ་པའི་ཕྱག་རྒྱ་ཕྱོགས་བཞིར་གནས་པའོ། །དེ་གང་ཡིན་ཞེ་ན། དམ་ཚིག་གི་ཕྱག་རྒྱ་ཞེས་བྱ་བ་སྨོས་ཏེ། འཇིག་རྟེན་གསུམ་ལས་
རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཞེས་བྱ་བའི་དོན་ཏོ། །ཆོ་ག་རྒྱས་པ་དང་ལྡན་པ་ན་ཉེ་བར་མཚོན་པ་སྟེ། མནའ་བསྒག་པའི་བྱ་བ་སྔོན་དུ་འགྲོ་བའི་གཟུངས་ཀྱི་དཀྱིལ་འཁོར་ལས་བཤད་
པའི་ཆོ་ག་རྒྱས་པ་འདི་ནི་འདིར་ཆོ་ག་རྒྱས་པ་ཞེས་བརྗོད་དོ། །དེ་ལ་འདིའི་མཚན་ཉིད་ནི་འདི་ཡིན་ཏེ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས། །དཔུང་པའི་རྡོ་རྗེ་གཉིས་བསྙམས་ལ། །མཐེའུ་ཆུང་གཉིས་ལྕགས་ཀྱུར་བཅིང་བ་བྱས་ནས། གཡོན་པའི་ཁུ་ཚུར་གྱི་སོར་མོ་གསུམ་མདུང་རྩེ་
གསུམ་པ་ལྟར་བྱས་ལ། མདུང་རྩེ་གསུམ་པའི་རྒྱབ་ཏུ་གཡས་པའི་མཛུབ་མོ་བརྐྱང་ལ་གཞག །འདི་ནི་རྡོ་རྗེས་མནན་པའི་རྩེ་གསུམ་པའི་ཕྱག་རྒྱའོ། །ཕྱག་རྒྱ་ཆེན་པོ་ནི་དམ་ཚིག་གི་ཕྱག་རྒྱ་ལྟར་སྦྱོར་བས་དམ་ཚིག་གི་ཕྱག་རྒྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བཅིངས་
ཏེ། གཡོན་པའི་ཁུ་ཚུར་ཐང་གར་གཞག་པ་ནི་གཟུངས་ཀྱི་རིན་ཆེན་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོའོ། །དམ་ཚིག་གི་ཕྱག་རྒྱའི་ཁུ་ཚུར་གྱིས་ནི་དམ་ཚིག་གི་ཕྱག་རྒྱ་ཆེན་པོའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་ལག་ངར་གཉིས་ཀྱི་རྡོ་རྗེ་བསྙམས་ནས། མཐེའུ་ཆུང་དང་མཐེ་བོ་གཉིས་ལུ་གུ་རྒྱུད་དུ་

སྦྲེལ་ལ། ཕྱག་རྒྱ་ཡོངས་སུ་བསྒྱུར་ལ་མཛུབ་མོ་ཁ་གྱེན་དུ་བསྟན་ཏེ། ཕན་ཚུན་བཅིངས་ལ་གུང་མོ་དང་སྲིན་མཛུབ་གཉིས་ཕན་ཚུན་རྒྱབ་སྦྱར་ལ་བཞི་ཀ་བསྒྲེངས་ནས་གཞག་པ་ནི། གཟུངས་ཀྱི་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོའི་དམ་ཚིག་གི་ཕྱག་རྒྱའི་ཚུལ་གྱིས་ནི་དམ་ཚིག་གི་
ཕྱག་རྒྱའོ། །དེ་བཞིན་དུ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་བྱས་ལ། ཡོངས་སུ་བསྐོར་བ་དེ་ལས་གཡོན་པའི་མཛུབ་མོ་ཐད་གར་བཞག་ལ། གཡོན་པའི་མཛུབ་མོ་དེའི་སྟེང་དུ་གཡས་པའི་མཛུབ་མོ་གཞག་པ་ནི་གཟུངས་ཀྱི་ལས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ། དམ་ཚིག་གིས་ནི་དམ་ཚིག་གི་ཕྱག་
རྒྱའོ། །ཡི་གེ་ཧཱུཾ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱའོ། །ཡི་གེ་ཏྲཱཾ་ནི་རིན་ཆེན་ཧཱུཾ་མཛད་ཀྱིའོ། །ཡི་གེ་ཧྲཱིཿནི་ཆོས་ཀྱི་ཧཱུཾ་མཛད་ཀྱིའོ། །ཡི་གེ་ཨཿནི་ལས་ཀྱི་ཧཱུཾ་མཛད་ཀྱི་སྟེ། གཟུངས་རྣམས་ཀྱི་ཆོས་ཀྱི་ཕྱག་རྒྱའོ། །རྡོ་རྗེ་བསྡམས་པ་ནང་དུ་བཅིངས་ལ་མདུན་དུ་བཞག་ནས་གཉིས་སུ་བྱས་ནས་རྡོ་རྗེ་ཁུ་ཚུར་
གཉིས་སུ་འགྱུར་རོ། །འདི་བསྙེམས་བཅས་གསོར་བ་འདི་ཡིས་ནི། རྡོ་རྗེ་ཧཱུཾ་མཛད་ཀྱི་ལས་ཀྱི་ཕྱག་རྒྱའོ། །དབང་བསྐུར་བ་ནི་རྡོ་རྗེ་གཉིས། །རིན་ཆེན་ཧཱུཾ་མཛད་ཀྱིའོ། །གཡས་པ་ཡིས་ནི་གཡོན་པ་དབྱེ། །ཆོས་ཀྱི་ཧཱུཾ་མཛད་ཀྱིའོ། །རྡོ་རྗེ་གར་བསྐོར་དགྲོལ་བ་ཡིས། །ཐལ་མོ་འགྲམ་པ་སྤྱི་བོར་
གཞག །ལས་ཀྱི་ཧཱུཾ་མཛད་ཀྱིའོ། །གཟུངས་ཀྱི་ལས་ཀྱི་ཕྱག་རྒྱ་རྣམས་ཡིན་ཏེ། ཐམས་ཅད་ཀྱང་གར་ལས་བྱུང་བས་བྱའོ། །དེ་ལྟར་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་དམ་ཚིག་གི་ཕྱག་རྒྱ་བཞི་བསླབ་པའོ། །ཕྱག་རྒྱ་བཞི་པའི་ཚུལ་འདིས་ནི། །འཆད་པར་འགྱུར་བའི་རྡོ་རྗེའི་སིལ་སྙན་དང་། རྔ་
བརྡུང་བ་བརྡབ་ནས་སོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པའི་སྒེག་མོ་ལ་སོགས་པ་མཆོད་པ་བརྒྱད་ཀྱི་ལས་ཀྱི་ཕྱག་རྒྱས། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་དུ་མཆོད་པ་བྱས་ཏེ། རྡོ་རྗེ་སེམས་དཔའ་བསྡུས་པས་ནི། །ཞེས་བྱ་བ་ནི། ཨོཾ་རྡོ་རྗེ་
སེམས་དཔའ་བསྡུས་པས་ནི། །རྡོ་རྗེ་རིན་ཆེན་བླ་ན་མེད། །རྡོ་རྗེ་ཆོས་ནི་གླུར་བླངས་པས། །རྡོ་རྗེ་ལས་རྣམས་བྱེད་པར་འགྱུར། །ཞེས་བྱ་བའི་རྡོ་རྗེ་གླུ་འདིས། དྲིལ་བུ་དཀྲོལ་ལ་བསྟོད་པ་ཐམས་ཅད་བྱས་ཏེ། སློབ་དཔོན་གྱི་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡས་པའི་སེམས་མ་རྡོ་རྗེ་མ་དྲལ་ཞིང་

སློབ་མ་ཐམས་ཅད་ལ་དབབ་པར་བྱ་སྟེ། བཛྲ་ཨཱ་བེ་ཤ་ཨཿཞེས་བརྗོད་དོ། །དེ་ནས་གཞུག་པའི་ཕྱག་རྒྱ་རྣམས་ཀྱིས་དབབ་པར་བྱའོ། །དེ་ནས་དེ་ལ་ཕྱག་རྒྱ་དང་། ལན་གྱི་ཕྱག་རྒྱ་དང་། ཉེ་བའི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱས་གར་གྱི་མཆོད་པས་མཆོད་པ་གྱིས་ཤིག་ཅེས་བྱའོ། །དེ་
ཐམས་ཅད་ཇི་ལྟར་བྱ་ཞེ་ན། དེ་ལ་གར་གྱི་མཆོད་པ་ཞེས་བྱ་བ་སྨོས་ཏེ། གར་གྱི་མཆོད་པའི་ཕྱག་རྒྱ་གར་ལས་བྱུང་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་བཅིངས་ཏེ། སིདྡྷ་བཛྲ་ཞེས་བརྗོད་ཅིང་མཆོད་པ་བྱའོ། །ལན་གྱི་ཕྱག་རྒྱའི་མཆོད་པ་ནི། །ཨ་ཧེ་བཛྲ་ཞེས་བྱའོ། །
ཉེ་བའི་ཕྱག་རྒྱའི་མཆོད་པ་ནི། ཀརྨྨ་བཛྲ་ཞེས་བྱའོ། །ཡེ་ཤེས་ཀྱི་ཕྱག་རྒྱའི་མཆོད་པ་ནི། ནྲྀ་ཏྱ་བཛྲ་ཞེས་བརྗོད་ལ་མཆོད་པར་བྱའོ། །དེ་ལ་གར་གྱི་མཆོད་པས་མཆོད་པ་ནི་འདི་ཡིན་ནོ་ཞེས་བྱ་བ་ནི། གར་གྱི་མཆོད་པས་མཆོད་པའི་མཚན་ཉིད་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་གར་གྱི་
སྦྱོར་བ་ཡིས། །ཞེས་བྱ་བ་ལ་སོགས་པ་ལ་ནི། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ལ་མཛུབ་མོ་གཉིས་བརྐྱང་ལ། སིདྡྷ་བཛྲི་བཛྲ་ཞེས་བརྗོད་ཅིང་གར་བྱས་པ་ལ། རང་གི་སྙིང་གར་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་བཅིངས་ལ། དེ་ནས་གཟུངས་ཀྱི་དཀྱིལ་འཁོར་ལས་གསུངས་པའི་ཆོ་གས་སམ། ཕྱག་རྒྱ་
དགྲོལ་བ་ཇི་ལྟ་བ་བཞིན་དུ་བྱས་ལ། མཉམ་པའི་ཐལ་མོས་མཉེས་པའི་བར་དུའོ། །དེ་བཞིན་ཡང་ཁྲོ་བོའི་ཁུ་ཚུར་གཉིས་བཅིངས་ཏེ། གཉིས་ཀར་བྱས་ནས། གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་གཡོན་པའི་མཛུབ་མོ་བཟུང་སྟེ་ཡོངས་སུ་བསྒྱུར་ནས་དཔྲལ་བའི་ཕྱོགས་སུ་གཡས་པའི་མཛུབ་
མོའི་རྩེ་མོ་ཨ་ཧེ་བཛྲ་ཞེས་བྱ་བའི་སྙིང་པོ་འདིས་གཞག་པ་འདི་ནི་ལན་གྱི་ཕྱག་རྒྱའོ། །དེ་བཞིན་གར་ཡང་དཀྲོལ་ནས་ནི། །ཞེས་བྱ་བ་ལ་སོགས་པ་ནི་སྔ་མ་བཞིན་དུ་གར་བྱས་ལ། མཛུབ་མོ་གཉིས་པདྨའི་འདབ་མ་འདྲ་བ་བྱས་ལ་རང་གི་སྙིང་གར་གཞག་པར་བྱའོ། །བསམ་པ་གཡོས་པས་
འདུད་པ་ཞེས་བྱ་བ་ནི་རབ་ཏུ་འདུད་པའོ། །སྙིང་པོ་ནི་འདི་ཡིན་ཏེ། ཀ་མ་ཡ་བཛྲ་ཞེས་པའོ། །རྡོ་རྗེ་ཁྲོ་བོའི་མཛུབ་བསྙམས་ཏེ། །བཀན་ནས་མཐེབ་མོ་སྤྲད་བྱས་ཏེ། །ཞེས་བྱ་བ་ལ་སོགས་པ་ནི། རྡོ་རྗེ་ཁྲོ་བོའི་མཛུབ་མོ་གཉིས་བསྙམས་ཏེ་བཀན་ཞིང་རྩེ་མོ་སྦྱར་བ་བྱས་ནས། ཡོངས་སུ་

བསྒྱུར་ཞིང་གཙུག་ཏོར་གྱི་ཕྱོགས་སུ་མཛུབ་མོ་གཉིས་ཀྱི་རྩེ་མོའི་ཕྱག་རྒྱ་བཞག་ལ། དེ་ནས་གཡོན་ཕྱོགས་སུ་གར་བྱ་བའི་སྦྱོར་བས་སྨད་པ་དང་། ཡང་གཡས་ཕྱོགས་སུ་གར་བྱ་བའི་སྦྱོར་བས་བསྟོད་དེ། སྙིང་གའི་ཕྱོགས་སུ་བཞག་ལ་ནྱ་ཊྱ་བཛྲ་ཞེས་བརྗོད་པར་བྱའོ། །ཕྱག་
རྒྱ་ཇི་ལྟ་བ་བཞིན་དུ་བཀྲོལ་ནས་མཉམ་པའི་ཐལ་མོས་མཉེས་པར་བྱ་བ་ནི་རེ་རེ་ཞིང་ཡང་བལྟ་བར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུ་ལས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་འགྲེལ་པའོ།། །།ཇི་ལྟར་བཅོམ་ལྡན་འདས་
རྣམ་པར་སྣང་མཛད་ཀྱི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ཇི་ལྟ་བ་དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་དང་། རིན་ཆེན་དང་། ཆོས་དང་། ལས་ཀྱི་ཧཱུཾ་མཛད་རྣམས་ཀྱང་རང་རང་གི་ཕྱག་རྒྱས་དཀྱིལ་འཁོར་བྲིས་ནས་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །དེ་ལ་རྡོ་རྗེ་ཧཱུཾ་མཛད་དབུས་སུ་བྲིས་ལ་མི་བསྐྱོད་པའི་གནས་སུ་
གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་སེམས་དཔའི་མཚན་མའི་ཕྱག་རྒྱ་བྲི་བ་དང་། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཁྲོ་བོ་རྒྱལ་པོ་དང་། དོན་ཡོད་གྲུབ་པའི་གནས་སུ་ཁྲོ་བོ་ཆགས་པ་དང་། འོད་དཔག་ཏུ་མེད་པའི་གནས་སུ་གཟུངས་ཀྱི་ཁྲོ་བོ་ལེགས་པའི་མཚན་མའི་ཕྱག་རྒྱ་བྲི་བར་བྱའོ། །དེ་དག་གི་ཕྱག་རྒྱ་ནི་འདི་ཡིན་
ཏེ། ཧཱུཾ་བཛྲི་མ་ཊ་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱིའོ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡེ་ཛྷི། ཨོཾ་བཛྲ་རོ་ཥ་ཎ་ཨཾ་ཀུ་ཤྱ་ཨ་ན་ཡ་སརྦྦ་ཛྷི། ཨོཾ་བཛྲ་རོ་ཥེ་ཀ་མ་བཛྲ་ནེ་ཝ་ཤ་མེ་ཨ་ཡ་ཧེ་ཛྷི། ཨོཾ་བཛྲ་ཏུཥྚ་ཀྲོ་དྷེ་ཏུ་ཝ་ཤ་ཡ་སརྦྦ་ཛྷི། ཞེས་བྱ་བ་ནི་ལྷག་མ་རྣམས་ཀྱིའོ། །དེ་བཞིན་དུ་དཀྱིལ་འཁོར་བྲིས་
ནས། དབུས་སུ་བཅོམ་ལྡན་འདས་རིན་ཆེན་ཧཱུཾ་མཛད་བྲི་བའི་ཕྱག་རྒྱ་ཧཱུཾ་བྷྲྀ་ཀུ་ཊི་བཛྲ་རཏྣ་ཞེས་བྱ་བ་འདིས་བྲིའོ། །མི་བསྐྱོད་པའི་གནས་སུ་གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་ཁྲོ་གཉེར། ཨོཾ་བཛྲ་བྷྲྀ་ཀུ་ཊི་ཀྲོ་དྷ་ཧ་ར་སརྦྦ་ཨརྠཉྫི་ཞེས་བྱ་བ་འདིས་བྲིའོ། །རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཉི་མ། ཨོཾ་བཛྲ་ཛྭ་ལ་མཱ་ལ་པྲ་བྷེ་མ་ཧཱ་ཀྲོ་དྷ་
ཨནྣེ་ཛྭ་ལ་ར་བེ་རོ་ཥ་ཛྷ། ཞེས་བྱ་བ་འདིས་བྲིའོ། །དོན་ཡོད་གྲུབ་པའི་གནས་སུ་ཁྲོ་བོ་རྡོ་རྗེ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན། ཨོཾ་བཛྲ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ཀྲོ་དྷེ་དེ་ཧེ་ནི་སརྦྦ་ཛི་ཞེས་བྱ་བ་འདིས་བྲིའོ། །འོད་དཔག་ཏུ་མེད་པའི་གནས་སུ་གཟུངས་ཀྱི་ཁྲོ་བོ་བཞད་པའི་ཕྱག་རྒྱ། ཨོཾ་བཛྲ་ཨ་ཏ་ཧ་སི་ནི་ཧ་ས་ཧ་ས་

ཊྚ་ཊྚ་ཧ་སི་ནི་མ་ར་ཛི་ཞེས་བྱ་བ་འདིས་བྲིའོ། །དེ་བཞིན་དུ་དཀྱིལ་འཁོར་བྲིས་ལ། དབུས་སུ་བཅོམ་ལྡན་འདས་ཆོས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཧཱུཾ་པདྨ་བཛྲ་ཧྲི་དྷ་ཞེས་བྱ་བ་འདིས་བྲིའོ། །མི་བསྐྱོད་པའི་གནས་སུ་ཁྲོ་བོ་རྡོ་རྗེ་དག་པ། ཨོཾ་བཛྲ་ཤུདྡྷ་ཀྲོ་དྷ་ཧ་ནི་མཱ་ར་ཡ་སརྦྦ་དུཥྚཱཾ་དི་ཞེས་བྱ་བ་འདིས་བྲིའོ། །རིན་ཆེན་
འབྱུང་ལྡན་གྱི་གནས་སུ་ཁྲོ་བོ་རྡོ་རྗེ་རྣོན་པོ། ཨོཾ་ཏཱིཀྵྞ་ཀྲོ་དྷེ་ཙྪིནྡ་བཛྲ་ཀོ་ཥེ་ན་སརྦྦཾ་དི་ཞེས་བྱ་བ་འདིས་བྲི་བར་བྱའོ། །དོན་ཡོད་གྲུབ་པའི་གནས་སུ་ཁྲོ་བོ་ཆེན་པོ་རྡོ་རྗེ་རྒྱུ། ཨོཾ་བཛྲ་ཧེ་ཏུ་མ་ཧཱ་ཀྲོ་དྷེ་པྲ་བཱི་ཤེ་ཙཀྲཾ་པཱ་བི་ཤ་ཡ་སརྦྦཾ་དི་ཞེས་བྱ་བ་འདིས་བྲིའོ། །འོད་དཔག་ཏུ་མེད་པའི་གནས་སུ་ཁྲོ་བོ་ཆེན་པོ་རྡོ་རྗེ་ལྕེ། ཨོཾ་
བཛྲ་ཛི་ཧྭཱ་མ་ཧཱ་ཀྲོ་དྷ་བ་ཤ་བཾ་ཙ་མ་མུ་ཛི་བྷི་ཞེས་བྱ་བ་འདིས་ཕྱག་རྒྱ་བྲིའོ། །དེ་བཞིན་དུ་དཀྱིལ་འཁོར་བྲིས་ལ། དབུས་སུ་བཅོམ་ལྡན་འདས་ལས་ཀྱི་ཧཱུཾ་མཛད་ཀྱི་ཕྱག་རྒྱའི་ཧཱུཾ་བཛྲ་ཀརྨྨ་ཨ་གྲི་ཀྲིག་ཅེས་བྱ་བ་འདིས་བྲིའོ། །མི་བསྐྱོད་པའི་གནས་སུ་ལས་ཐམས་ཅད་པ། ཨོཾ་སརྦྦ་མུ་ཁཾ་ཀརྨྨ་བཛྲ་ཎི་མ་
ཧཱ་ཀྲོ་དྷེ་ཀུ་རུ་སརྦྦ་ཧྞི། རིན་ཆེན་འབྱུང་ལྡན་གྱི་གནས་སུ་ཁྲོ་བོ་རྡོ་རྗེ་གོ་ཆ། ཨོཾ་བཛྲ་ཀ་བ་ཀྲོ་དྷེ་ར་ཀྲ་མཾ་ཧྚ་ཞེས་བྱ་བ་འདིས་བྲིའོ། །དོན་ཡོད་པར་གྲུབ་པའི་གནས་སུ་རྡོ་རྗེ་གཏུམ་པོ། ཨོཾ་བཛྲ་བནྡྷ་ཀྲོ་དྷེ་མ་ཧཱ་ཨཱ་ཤ་ནི་བཛྲ་དཾཥྚྭཱ་ཀ་རཱ་ལོ་གྲ་བྷི་ཥ་ཎ་བྷ་ཤ་པ་ཡ་ཧྞི་ཞེས་བྱ་བ་འདིས་བྲིའོ། །འོད་དཔག་ཏུ་མེད་
པའི་གནས་སུ་གཟུངས་ཀྱི་ཁྲོ་བོ་རྡོ་རྗེ་ཁུ་ཚུར་གྱི་མཚན་མའི་ཕྱག་རྒྱ། ཨོཾ་བཛྲ་ཀྲོ་དྷེ་མུཥྚི་བནྡྷ་ཧྞི་ཞེས་བྱ་བ་འདིས་བྲི་བར་བྱའོ། །དེ་ལ་རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་རྣམ་པ་བཞི་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོ་ལས་གསུངས་པའི་སྔགས་དང་ཕྱག་རྒྱ་རང་རང་གི་
རྣམ་པ་བཞི་གཟུང་བར་བྱའོ། །ལྷག་མ་རྣམས་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་གཟུངས་ཀྱི་དཀྱིལ་འཁོར་དུ་བཤད་པ་ཡིན་ནོ། །དེ་ལྟར་རས་དང་རྩིག་པ་དང་ནམ་མཁའ་ལ་བྲིས་པ་དེ་ཐམས་ཅད་ཀྱིས་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་དངོས་གྲུབ་ཐམས་ཅད་ཐོབ་པ་ཡིན་པར་ཤེས་
པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུ་ལས། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གྱི་བཤད་པ་རྫོགས་སོ།། །།དེ་ལྟར་བར་མ་ལ་དགའ་བའི་སེམས་ཅན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར། ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་གསུངས་ནས། ད་ནི་མདོར་བསྡུས་

པ་ལ་དགའ་བའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར། དེ་ནས་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ཞེས་བྱ་བ་ལ་སོགས་པ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་གསུངས་པ་ཡིན་ནོ། །དེ་ནས་ཞེས་
བྱ་བ་ནི་དེ་མ་ཐག་པ་སྟེ། དང་པོར་སྦྱོར་བའི་ཏིང་ངེ་འཛིན་གྱི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཚུལ་གྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་རྣལ་འབྱོར་བྱས་ལ། དེ་ལས་བཤད་པའི་རྣལ་འབྱོར་ཆེན་པོའི་སྒྲུབ་པ་བྱའོ། །
དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་བཅིངས་ཏེ། ནམ་མཁའི་ཕྱོགས་སུ་འདུག་ལ། སངས་རྒྱས་ཀྱི་ཞིང་འདི་དག་ཐམས་ཅད་ཨ་ཀཱ་རོ་མུ་ཁཾ་སརྦྦ་དྷརྨྨ་ཎཱཾ་ཨཱབྱ་ནུཏྤནྣ་ཏྭཱཏ་ཅེས་བྱ་བ་འདི་ཡིད་ཀྱིས་བརྗོད་པས་ནམ་མཁའ་དང་མཚུངས་པར་བསྒོམ་པར་བྱའོ། །དེ་ནས་འོག་ཏུ་ཡཾ་ལས་རླུང་
གི་དཀྱིལ་འཁོར། དེའི་སྟེང་དུ་བཾ་ལས་ཆུ། དེའི་སྟེང་དུ་སུཾ་ལས་གསེར་གྱི་ས་གཞི། ཡང་དེའི་སྟེང་དུ་ཡི་གེ་བཾ་ལས་རྒྱ་མཚོ་ཆེན་པོ། དེའི་དབུས་སུ་ཧཱུཾ་སུཾ་ཧཱུཾ་ཞེས་བྱ་བ་ལས་རིའི་རྒྱལ་པོ་རི་རབ་སྟེ། རིན་པོ་ཆེ་བཞིའི་རང་བཞིན་ཅན་ཟུར་བཞི་པ་རིན་པོ་ཆེ་དུ་མས་བརྒྱན་པ་སྟོང་གསུམ་པའི་སངས་རྒྱས་
ཀྱི་ཞིང་གི་ཚད་དང་མཉམ་པར་བསམ་པར་བྱའོ། །ཨོཾ་བཛྲ་དྀ་ཌྷོ་མེ་བྷབ་རཀྵ་སརྦྦཾ་སྭཱ་ཧཱ་ཞེས་བརྗོད་པ་དང་། རྡོ་རྗེ་བསྡམས་པ་བརྐྱང་བ་ས་ལ་རེག་པས་སྣ་ཚོགས་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེ་ཆེན་པོའི་རི་རབ་ཀྱི་རྩེ་མོར་ཡི་གེ་ཧཱུཾ་ལས་རྩེ་མོ་རྡོ་རྗེ་དང་། ནོར་བུ་དང་
རིན་པོ་ཆེ་ལས་བྱས་པའི་ཁང་བུ་བརྩེགས་པ་སྤྲུལ་ལ། ཡང་དག་པར་བསྲུངས་ཏེ། ཁང་བུ་བརྩེགས་པའི་དབུས་སུ་ཧཱུཾ་ག་ཧཱུཾ་ཞེས་བྱ་བས་གླང་པོ་ཆེའི་གདན་གཉིས་བསྐྱེད་ལ། དེའི་སྟེང་དུ་ཡི་གེ་ཨས་ཟླ་བའི་དཀྱིལ་འཁོར་གཉིས་བསྐྱེད་དེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱ་
བཅིངས་ཏེ། ཧཱུཾ་བཞི་བརྗོད་ནས། འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལས་རྡོ་རྗེ་ཧཱུཾ་མཛད་ཀྱི་གཟུགས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པ་ཕྱུང་ནས། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་

པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་རིགས་ཀྱི་གཟུགས་སུ་བྱིན་གྱིས་བརླབས་ནས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གྱུར་པ་གང་ཡིན་པ་རྣམས་
དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱས་ཏེ་རང་གི་དམ་ཚིག་ལ་བཞག་ནས། རྡོ་རྗེ་ཧཱུཾ་མཛད་ཀྱི་སྐུ་གཅིག་ཏུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་ཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ་གཡོན་བརྐྱང་བས་བཞུགས་
པ་ཡན་ལག་ཐམས་ཅད་ལས་བསྐལ་པའི་མེ་ཆེན་པོའི་འོད་དང་མཉམ་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྡོ་རྗེ་ཁྲོ་བོ་ཕྱུང་ནས་ཡང་བསྡུས་ཏེ་ཁང་པ་བརྩེགས་པའི་དབུས་སུ་སྔར་གྱི་གླང་པོ་ཆེའི་གདན་གྱི་སྟེང་དུ་བཞུགས་སོ་ཞེས་བྱ་བ་འདི་ནི་དང་པོར་སྦྱོར་
བའི་ཏིང་ངེ་འཛིན་ཡིན་ནོ། །ཕྱག་ན་རྡོ་རྗེ་ནི་བཤད་མ་ཐག་པའི་རྡོ་རྗེ་ཧཱུཾ་མཛད་དོ། །ཡང་ཞེས་བྱ་བ་ནི་ཕྱག་རྒྱ་བཞི་པའི་དཀྱིལ་འཁོར་ལ་ལྟོས་པས་ན་ཡང་ཞེས་བྱ་བ་སྨོས་སོ། །འདི་ཞེས་བྱ་བ་ནི་བློ་ལ་གནས་པའི་རྡོ་རྗེ་དམ་ཚིག་གི་ཁྲོ་བོ་འདི་གསུངས་སོ་ཞེས་བྱ་བའོ། །རང་ནི་བདག་ཉིད་དེ་ལས་
སྐྱེས་པའོ། །དམ་ཚིག་གི་ཁྲོ་བོ་ནི་འདའ་བར་མི་བྱ་བའི་ཁྲོ་བོ་སྟེ། རང་གི་རྡོ་རྗེ་དམ་ཚིག་གི་ཁྲོ་བོ་ནི་བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དེ་ཡི་གེ་ཧཱུཾ་ལས་དེ་སྐྱེད་པར་བྱེད་པའོ། །དེ་གསུངས་པ་ནི་བཤད་པའོ། །འདི་སྐད་སྟོན་པ་ཡིན་ཏེ། ཇི་སྐད་དུ་བཤད་པའི་གླང་པོ་ཆེའི་གདན་ལ་འདུག་ནས། བཅོམ་
ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་རང་གི་ཐུགས་ལས་རྡོ་རྗེ་ཧཱུཾ་མཛད་སྤྲུལ་ལ། ཡི་གེ་ཧཱུཾ་འདོན་ཅིང་མདུན་དུ་བསྐྱེད་དེ། གླང་པོ་ཆེའི་སྟེང་དུ་ཤར་ཕྱོགས་སུ་ཁ་བལྟས་ཏེ་གཞག་པར་བྱའོ་ཞེས་བྱ་བ་འདི་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་རྒྱལ་པོ་མཆོག་ཅེས་བྱ་བའི་ཏིང་ངེ་འཛིན་གཉིས་པ་ཡིན་ནོ། །འདིར་ཡང་
རྣལ་འབྱོར་པས་ཏིང་ངེ་འཛིན་ཡང་དེ་བཞིན་དུ་རྗེས་སུ་སྦྱངས་ནས། དེ་ནས་བསྡུ་བ་བྱས་ཏེ་ལས་ཀྱི་རྒྱལ་པོ་མཆོག་བསྒོམ་པ་སྔ་མ་བཞིན་དུ་ཤེས་པར་བྱའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུར་གསུངས་པའི་དངོས་གྲུབ་ཐམས་ཅད་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་

འཁོར་དུ་བཤད་པའི་དམ་ཚིག་དང་དབང་བསྐུར་བ་ཐོབ་པས་བསྒྲུབ་པར་བྱའོ་ཞེས་བསྟན་པའི་ཕྱིར། དེ་ནས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་དཔའ་བོ་གཅིག་ཏུ་བཤད་མ་ཐག་པའི་
དཀྱིལ་འཁོར་ནི་འདི་ཡིན་ནོ། །དེ་ནས་ཞེས་བྱ་བ་ནི་བཤད་མ་ཐག་པའི་སྟེ་སྔོན་དུ་བསྙེན་པ་བྱས་པའི་རྗེས་ཐོགས་ལ་ཞེས་བྱ་བའི་དོན་ཏོ། །དེ་ནས་རྒྱུ་དེའི་ཕྱིར་རོ། །གང་གི་ཕྱིར་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་འཇུག་པ་མེད་ན་མདོར་བསྡུས་པ་ལ་དགའ་བའི་དོན་གྲུབ་པར་མི་འགྱུར་བ་དེའི་ཕྱིར་
རབ་ཏུ་བཤད་པར་བྱའོ། །གསང་བའི་དཀྱིལ་འཁོར་དམ་པ་སྟེ། །ཞེས་བྱ་བ་ནི། དེ་ལ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དུམ་བུ་ལས་གསུངས་པའི་དངོས་གྲུབ་ཐམས་ཅད་ནི་རྡོ་རྗེ་ཧཱུཾ་མཛད་གཅིག་པུས་དངོས་གྲུབ་ཐམས་ཅད་བསྡུས་པར་གྱུར་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་ནི་
གསང་བས་ན་སྦ་བ་སྟེ། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རོ། །གསང་བ་ཡང་ཡིན་ལ། དཀྱིལ་འཁོར་ཡང་ཡིན་པས་ན་གསང་བའི་དཀྱིལ་འཁོར་ཏེ་འདི་ནི་དམ་པའོ། །དེའི་དོན་ནི་འདི་སྐད་སྟོན་པ་ཡིན་ཏེ། བཤད་མ་ཐག་པའི་ཚུལ་གྱིས་བཅོམ་
ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཏིང་ངེ་འཛིན་རྣམ་པ་གསུམ་བསྒོམས་པ་ནས་བརྩམས་ཏེ། ཧཱུཾ་ཞེས་བརྗོད་པས་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་བསྒོམས་ཏེ། ཉིན་རེ་ཞིང་ཐུན་བཞིའི་སྦྱོར་བས་ཟླ་བ་གཅིག་གམ། ཟླ་བ་དྲུག་གམ། ལོ་གཅིག་གི་བར་དུ་ཇི་སྲིད་མངོན་སུམ་དུ་མཐོང་བར་གྱུར་པ་དེ་སྲིད་
ཀྱི་བར་དུ་བསྒོམ་པར་བྱའོ། །དེའི་རྗེས་ལ་དཀྱིལ་འཁོར་བྲི་བར་བྱའོ། །རྡོ་རྗེ་དབྱིངས་དང་འདྲ་བས་ན། །ཞེས་བྱ་བ་ནི་སྤྲུལ་པའི་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་དང་འདྲའོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བ་སྟེ། །ཞེས་བྱ་བ་ནི་འདི་ལ་རྡོ་རྗེ་ཧཱུཾ་ཞེས་བྱ་བའི་མིང་བཏགས་པའོ། །དཀྱིལ་འཁོར་ཆེན་པོའི་ཚུལ་དུ་ནི། །
དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ། །ཞེས་བྱ་བ་ནི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཉེ་བའི་ཁྱམས་བོར་ནས། དེ་ལས་བཤད་པའི་ཕྱི་རོལ་གྱི་དཀྱིལ་འཁོར་བྲི་བར་བྱའོ། །དེའི་དབུས་སུ་ཞེས་བྱ་བ་ནི་དཀྱིལ་འཁོར་གྱི་དབུས་སུའོ། །ཅི་ཞིག་བྱ་ཞེ་ན།

ལེགས་བྲི་བ་ཞེས་བྱ་བ་སྨོས་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་རྡོ་རྗེའོ། །གང་ལ་ཞེ་ན། ཟླ་བའི་དཀྱིལ་འཁོར་ལའོ་ཞེས་བྱ་བ་སྨོས་ཏེ། གླང་པོ་ཆེའི་སྟེང་གི་ཟླ་བའི་དཀྱིལ་འཁོར་རོ། །ཅི་འདྲ་བ་ཞིག་ཅེ་ན། རྡོ་རྗེ་ཧཱུཾ་གི་ཕྱག་རྒྱ་ཆེ། །ལག་ན་འཛིན་པ་རྡོ་རྗེ་བཅས། །ཞེས་བྱ་བ་ནི་རྡོ་རྗེ་དང་བཅས་པའི་ཧཱུཾ་
མཛད་ཀྱི་ཕྱག་རྒྱ་ཆེན་པོ་ཅན་ནི་ཕྱག་རྒྱ་ཆེན་པོ་སྟེ། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ། །ལག་ན་འཛིན་པ་ནི་འཛིན་པ་སྟེ། ཕྱག་གིས་འཛིན་པས་ན་ལག་ན་འཛིན་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་ཆེན་པོ་རྡོ་རྗེ་དང་བཅས་པ་ཕྱག་གིས་འཛིན་པ་གང་ཡིན་པ་དེ་ལ་དེ་སྐད་ཅེས་བྱའོ། །
བརྐྱང་བསྐུམ་ཚུལ་དུ་གནས་པ་དང་། །ཞེས་བྱ་བ་ནི་བཤད་ཟིན་ཏེ། ཁ་དོག་གཟུགས་ནི་ཇི་བཞིན་བྱ། །ཞེས་བྱ་བ་ནི། ཨུཏྤལ་ཆེར་སྔོ་འཚེར་བའི་མདོག །སངས་རྒྱས་ཕྲེང་བ་ལ་སོགས་བརྒྱན། །མཆེ་བ་ཅུང་ཟད་ཕྱུང་བའི་ཞལ། །ཁྲོ་དང་བཅས་པས་འཛུམ་པ་ཡི། །ཞལ་
བཞི་ཕྱག་ནི་བརྒྱད་པ་སྟེ། །འབར་བའི་ཕྲེང་བ་འཁྲིགས་པའི་མདོག །གཡོན་པའི་ཞབས་ཀྱི་མཐིལ་གྱིས་ནི། །དབང་ཕྱུག་ཆེན་པོ་མནན་པར་བྱ། །གཡས་པའི་ཞབས་ཀྱིས་ཨུ་མ་ཡི། །ནུ་མའི་སྟེང་དུ་གནོན་པར་བྲི། །དེའི་སྙིང་པོ་ནི་འདི་ཡིན་ཏེ། ཡང་ན་ཞལ་གཅིག་ཕྱག་གཉིས་
པ་བྲི་བར་བྱའོ། །དེ་ནས་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །འདིར་ཞེས་བྱ་བ་ནི་བཤད་མ་ཐག་པའི་གསང་བའི་དཀྱིལ་འཁོར་རོ། །ཚོ་ག་ཐམས་ཅད་རྒྱས་པར་བྱ་སྟེ་ཞེས་བྱ་བ་ནི། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཤད་པའི་ཚུལ་གྱིས་སློབ་དཔོན་གྱི་
ལས་ཀྱི་ཆོ་ག་རྒྱས་པ་དང་། སློབ་མ་འཇུག་པའི་ཆོ་ག་རྒྱས་པར་བྱས་ནས་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ་ལ་དངོས་གྲུབ་སྒྲུབ་པ་བསྟན་པར་བྱའོ་ཞེས་བསྟན་པའི་ཕྱིར། རྡོ་རྗེ་ཧཱུཾ་ཞེས་བྱ་བ་གསང་བའི་ཕྱག་རྒྱའི་ཡེ་ཤེས་ལ་
བསླབ་པའོ་ཞེས་བྱ་བ་སྨོས་སོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བའི་གསང་བ་ནི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་རོ། །དེའི་ཕྱག་རྒྱ་ནི་ཁྲོ་བོའི་སོར་མོས་བསྒྲུབ་པའི་ཕྱག་རྒྱའོ། །དེའི་ཡེ་ཤེས་བསླབ་པ་ནི་བརྗོད་ཅིང་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དཀྱིལ་འཁོར་འདིར་ནི་ཞུགས་ནས་ཀྱང་། །

ཞེས་བྱ་བ་ནི། རང་ཉིད་རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་འདིར་ཞུགས་པའོ། །འཇིག་རྟེན་གསུམ་རྒྱལ་མཛུབ་མོ་ནི། །བུ་གར་བཅུག་ནས་བསྒྲུབས་ནས་ནི། །ཞེས་བྱ་བ་ནི་གཡོན་པའི་ཁྲོ་བོའི་ཁུ་ཚུར་གྱི་སྡིགས་མཛུབ་ཀྱིས་སྒྲུབ་པའོ། །ཇི་ལྟར་སྒྲུབ་ཅེ་ན། བུ་གར་བཅུག་
ནས་ཞེས་བྱ་བ་སྨོས་ཏེ། གཡོན་པའི་ཁྲོ་བོའི་མཛུབ་མོ་གཡས་པའི་ཁྲོ་བོའི་ཁུ་ཚུར་གྱིས་བྱང་ཆུབ་མཆོག་གི་ཚུལ་དུ་གཞག་ཅིང་བསྒྲུབ་པར་བྱའོ། །དེ་སྐད་དུ་ཡང་། རིག་པ་ལ་གནས་བསྒྲུབས་ན་ནི། །ཞེས་གསུངས་སོ། །ལས་ཀུན་རབ་ཏུ་བསྒྲུབ་པར་འགྱུར། །ཞེས་བྱ་བ་ནི་འཇིག་རྟེན་
གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པ་ལས་ཐམས་ཅད་ལ་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །འདི་སྐད་སྟོན་ཏེ། རྡོ་རྗེ་ཧཱུཾ་མཛད་ཀྱི་སྦྱོར་བས། ཧཱུཾ་བཛྲ་ས་མ་ཡ་ཀི་ཊ་ཞེས་བྱ་བའི་སྙིང་པོ་བརྗོད་ཅིང་ཐུན་བཞིའི་སྦྱོར་བས་ལོ་གཅིག་གི་བར་དུ་བསྒོམས་ལ། རང་གི་བྱ་བ་བྱས་ཏེ།
དེ་ནས་དཀྱིལ་འཁོར་བྲིས་ལ་འཇུག་པར་བྱའོ། །མཚན་ཐོག་ཐག་བཟླས་ཤིང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་མཛུབ་མོས་བསྒྲུབ་པར་བྱས་ན་དེས་འགྲུབ་པར་འགྱུར་རོ། །དེ་ལྟར་དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་བཤད་ནས། ད་ནི་ཕྱག་རྒྱ་ཆེན་པོ་བསྒྲུབ་པ་གསུངས་པ་ནི། དེ་
ནས་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་ཞེས་བྱ་བ་ནི་དེའི་རྗེས་ལ་ཞེས་བྱ་བའི་དོན་ཏོ། །རྡོ་རྗེ་ཧཱུཾ་ཞེས་བྱ་བ་ནི་གསང་བའི་ཕྱག་རྒྱ་ནི་ཕྱག་རྒྱ་ཆེན་པོའོ། །དེའི་ཡེ་ཤེས་བསླབ་པར་བྱའོ། །དཀྱིལ་འཁོར་ལེགས་པར་ཞུགས་ནས་ནི། །ཞེས་བྱ་བ་ནི། བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་བཤད་མ་
ཐག་པའི་ཕྱག་རྒྱ་གཅིག་པའི་དཀྱིལ་འཁོར་དུ་རང་ཉིད་ཀྱིས་བྲིས་ལ་འཇུག་པར་བྱའོ། །ཇི་ལྟར་འཇུག་ཅེ་ན། ལེགས་པ་ཞེས་བྱ་བ་བསྒོམ་པར་བྱ་སྟེ། འདི་སྐད་སྟོན་པ་ཡིན་ཏེ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ་ཞེས་བྱ་བའི་སྙིང་པོ་སྔར་བཤད་པའི་ཚུལ་གྱིས་བཟླས་པ་བྱེ་བ་བྱས་ལ་ལོ་གཅིག་ཙམ་དུ་སྙིང་པོ་བརྗོད་
ཅིང་སྔར་བཤད་པའི་ཚུལ་གྱིས་བསྒོམ་པ་བྱ་སྟེ། རྟགས་བྱུང་བ་ན་དཀྱིལ་འཁོར་བྲིས་ལ་འཇུག་